༄༅།།དབུས་གཙང་ཕྱོགས་ཀྱི་གནས་ཡིག་རགས་ཙམ་བཀོད་པ་ཉམ་མིང་ཟིན་བྲིས།

༄༅།།དབུས་གཙང་ཕྱོགས་ཀྱི་གནས་ཡིག་རགས་ཙམ་བཀོད་པ་ཉམ་མིང་ཟིན་བྲིས།

རེབ་ཚ་དཀོན་རྒྱམ།      རྒྱལ་མོ་དགོན།

 

༄༅།།དེང་སང་བོད་མི་སུ་ཞིག་ཡིན་རུང་ཆ་རྐྱེན་ཅུང་འཛོམས་པོ་ཡིན་གཤིས་ཕྱོགས་སོ་སོའི་གནས་ཆེན་ཀུན་ལ་མཇལ་ཏུ་འགྲོ་མཁན་ཡང་ཇེ་མང་ནས་ཇེ་མང་ཡིན་ལ་ལྷག་པར་ཏུ་ཨ་མདོའི་ཕྱོགས་ནས་ཇོ་ཤཱཀ་རྣམ་གསུམ་མམ་རྣམ་བདུན་ལ་རྐང་འཕྲུལ་གང་རུང་གི་སྒོ་ནས་མཇལ་ཏུ་འགྲོ་མཁན་ཡང་མང་བོ་ཡོད་རུང་།   ཇི་ལྟར་བགྲོད་དགོས་འདུག་དང་ཇི་ཞིག་མཇལ་རྒྱུ་ཡོད་མེད་སོགས་ཕལ་ཆེར་རྨོངས་པར་ཆགས་ཡོད་རྐྱེན་རང་ཉིད་ཀྱི་མཐོང་ཐོས་ཁབ་མིག་ལས་འཁུམས་པ་ཙམ་གྱིས་དེ་མཚུངས་ཀྱི་མཇལ་བ་དག་ལ་ཕན་འདོད་ཀྱི་ཡུ་བར་འཐམ་ནས་འདིར་འབྲི་ཁུལ་ཙམ་བྱས་ན། ཐོག་མར་ཇོ་ཤཱཀ་རྣམ་གསུམ་ནི་ལྷ་ལྡན་གཙུག་ལག་ཁང་གི་ནང་དུ་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནི་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ། འཕགས་པ་ཐུགས་རྗེ་ཆེན་པོ་སྟེ་གསུམ། བཤད་སྲོལ་གཞན་ཞིག་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་ཚབ་ཏུ་རྩེ་ཕོ་བྲང་པོ་ཏཱ་ལའི་ནང་བཞུགས་པའི་ཇོ་བོ་ལོ་ཀེ་ཤྭ་ར་ཡིན་ཟེར་བའང་ཡོད། ཇོ་ཤཱཀ་རྣམ་པ་བདུན་ནི་གཙུག་ལག་ཁང་གི་ནང་དུ་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནི་དང་། ར་མོ་ཆེའི་ནང་བཞུགས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ། གཙུག་ལག་ཁང་གི་ཇོ་བོ་མི་འགྲོ་གསུང་འབྱོན་དང་ཇོ་བོ་ར་མ་རྒྱལ་མོ། འཕགས་པ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན། པོ་ཏཱ་ལའི་ནང་གི་ཇོ་བོ་ལོ་ཀེ་ཤྭ་ར་དང་། རྭ་སྒྲེང་དགོན་པར་བཞུགས་པའི་ཇོ་བོ་འཇམ་དཔལ་རྡོ་རྗེ་བཅས་ཡིན།

 

གཙུག་ལག་ཁང་གི་ནང་ནས་རྒྱུན་པར་མཇལ་ཆོག་པའི་ལྷ་ཁང་དང་མཆོད་རྟེན་ནི་གང་དག་ཡོད་ཅེ་ན།   རྗེ་རང་བྱུང་ལྔ་ལྡན་དང་ བྱམས་པ་ཁྲུས་མཛད་ལྷ་ཁང་། རྗེ་ང་འདྲ་མ།   འོད་དཔག་མེད་ལྷ་ཁང་།  སྲོང་བཙན་ཡབ་ཡུམ་དང་། བཞད་པའི་རྒྱལ་ཆེན་རྣམ་གཉིས།  གྲལ་མགོ་ནས་ཇོ་བོ་ལ་ཁ་གཏད་པའི་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དང་།  རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ།   སློབ་དཔོན་གྱི་སྐུ་བཅས་དང་།   འདུ་ཁང་ཕུག་ན་ཇོ་བོ་ཤཱཀྱ་མུ་ནིའི་གཙོ་སྐུ་དང་རྒྱབ་ལོགས་ན་ཇོ་བོ་མི་འགྲོ་གསུང་འབྱོན་དང་།  ཐུབ་པའི་སྐུ་གསུམ་ཇོའི་ཁང་ཕུག་ན་བཞུགས་ལ།   དེ་ནས་སྒོའི་གཡོན་ཕྱོགས་ན་ནག་ཚོ་ལོ་ཙཱ་བ་རྒྱལ་བའི་འབྱུང་གནས་དང་།  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།   འབྲོམ་སྟོན་པ་རྒྱལ་པའི་འབྱུང་གནས་གསུམ་བཞུགས་པའི་ཕྱིའི་གྱང་ངོས་ན་རྗེ་བཙུན་སྒྲོལ་མ་གསུང་འབྱུང་མ་གསེར་སྐུ་དང་བཅས་མཇལ་ཐུབ་ལ།  དེ་ནས་སྤྱན་རས་གཟིགས་སེང་གེའི་སྒྲའི་ལྷ་ཁང་།  རྡོ་གོང་བྱིན་ཅན་སྨོན་ལམ་ཡང་དག་གི་སྒོས་ཉན་ན་ཤག་ཤག་གི་ཆུ་སྒྲ་ཐོས་འོང་ས།    སྨན་ལྷ་གསེར་སྐུ་ཅན།   ཐོག་ཁང་དུ་དྲེལ་བཅིབ་མེད་པའི་ལྷ་མོ་དང་མ་གཅིག་དཔལ་ལྡན་ལྷ་མོ་མགོན་ཆོས་བྱིན་ཅན་རྣམས་དང་། ཡང་འོག་གི་ཛེ་ཏཱ་རི་ལུགས་ཀྱི་ཚེ་དཔག་ལྷ་ཁང་དང་། ཇོ་བོ་ར་མ་རྒྱལ་མོ།   ལྷོ་སྒོ་མེ་ལོང་མ།  སངས་རྒྱས་རབས་བདུ་ལྷ་ཁང་དང་།  ས་སྐྱ་གོང་མ་རྣམ་ལྔའི་ཕྱིའི་གྱང་ངོས་ཀྱི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་རང་བྱོན་ཅན།   ཚེ་དཔག་ལྷ་ཁང་།   སྤྱན་རས་གཟིགས་ཀྱི་སྤྱན་རང་གྲུབ་ཨོ་ཨཱ་ཧཱུཾ་གྱི་ཡི་གེ་རང་གྲུབ།   དེ་ནས་མཐུ་སྨོན་ལྷ་ཁང་གི་རྒྱལ་བོ་སྲུང་བཙན་སྒམ་པོའི་སྐུ་འཁོར་སོགས་དང་། གྲལ་མགོ་རུ་པན་ཆེན་སྐུ་ཕྲེང་བཅུ་བའི་སྐུ་ཞིག་ཁྲི་ཐོག་ཏུ་བཞེངས་ལ་་རྒྱབ་ན་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། གྲལ་བར་གྱི་གཡས་གཡོན་ཏུ་བྱམས་ཆེན་གྱི་སྐུ་དང་སློབ་དཔོན་གྱི་སྐུ་ཆེན་གཉིས་བཞུགས་ལ་གྲལ་བར་ནས་ཕྱིར་བལྟས་ན་ཁ་རྒྱུན་དུ་གྲགས་པའི་རྒྱ་གར་ནས་འཕུར་འོང་བ་རེད་ཅེས་བཤད་སྲོལ་ཡོད་པའི་ཇོ་བོ་ཞིག་མཇལ་རྒྱུ་ཡོད། འཁྱམ་རའི་ནང་ན་ཀླུ་འབུམ་མི་རྒོད་ཀྱི་ཕྱག་མཛུབ་ཀྱིས་འཕང་བའི་ཀ་བའི་སྟེང་གི་རྡོ་ངོ་མཚར་ཅན་དང་གྱང་ངོས་ཀྱི་རྗེའི་སྐུ་རང་བྱོན་གསུང་འབྱོན་མ་སོགས་གཅིག་ཀྱང་མ་ལུས་པ་རེ་རེ་གླེང་ན་འདིར་མི་ཤོང་བ་ལྟ་བུར་གྱུར་འདུག་པས་འཇོག་པར་བྱ།

ར་མོ་ཆེའི་གཙུག་ལག་ཁང་ནི་བོད་རང་སྐྱོང་ལྗོངས་ཁོངས་ལྷ་སའི་གྲོང་ཁྱེར་དུ་ཡོད་པའི་ལྷ་ཁང་རྙིང་པ་ཞིག་སྟེ།    ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་གནས་ཤིང་། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོས་དུས་རབས་བདུན་པའི་ནང་བཞེངས། རྟེན་གཙོ་བོ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་བྱུང་བའི་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་ཚད་དང་མཚུངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་གཙོ་འཁོར་རྣམས་བཞུགས། འདི་ནི་སྤུ་རྒྱལ་སོ་ལྔ་པ་མང་སྲོང་མང་བཙན་གྱི་སྐུ་དུས་སུ་རྒྱ་བོད་དམག་འཁྲུག་བྱུང་བའི་དོན་རྐྱེན་སོགས་ཀྱིས་ཇོ་བོ་མི་བསྐྱོད་རྡོ་རྗེ་ར་མོ་ཆེ་གཙུག་ལག་ཁང་དུ་གདན་དྲངས་པའི་ལོ་རྒྱུས་ཡོད། ཐོག་མར་རྒྱ་བཟས་རྒྱ་ནག་གི་ལྷ་ཁང་གི་བཟོ་བཀོད་དང་མཐུན་པར་སྒོ་འཕར་ཤར་ཕྱོགས་སུ་བསྟན་ཏེ་བཞེངས་གནང་ཡོད་ཀྱང་། བར་སྐབས་མེ་སྐྱོན་ཐེངས་འགའ་ཤོར་བའི་རྐྱེན་གྱིས་བཟོ་དབྱིབས་ཀྱི་བཀོད་པ་བཅས་བོད་ཀྱི་གནའ་བོའི་དགོན་པའི་བཟོ་བཀོད་ཀྱི་རྣམ་པ་མཚོན་ཡོད་ཅིང་། དེ་དག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སོགས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐབས་ཉམས་གསོ་གནང་བ་ལས་བྱུང་། རྗེ་བཙུན་ཀུན་དགའ་དོན་གྲུབ་གཙོ་བོར་བཞུགས་པའི་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་ཡོངས་ཀྱིས། སྐྱིད་ཆུའི་ཆུ་ལོག་བཟློག་པའི་བཀའ་དྲིན་གསབ་ཆེད། ར་མོ་ཆེ་གཙུག་ལག་ཁང་དང་ནང་གི་རྟེན་གསུམ་བཅས་པ་རྒྱུད་སྟོད་གྲྭ་ཚང་ལ་འབུལ་གནང་མཛད། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྐབས་སུ་གཏོར་སྐྱོན་ཐེབས་ཀྱང་ཉམས་གསོ་བྱས་ཡོད་པ་བཅས་ད་ལྟའི་བར་གཙུག་ལག་ཁང་ཆེན་མོའི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ ༢༡༠༠ ལྷག་ཙམ་ཟིན་ཡོད། འོག་ཤོད་ནི་འདུ་ཁང་དང་ལྷ་ཁང་བཅས་ཁག་གཉིས་ལས་གྲུབ་པ་དང་ཕྱི་རོལ་གྱི་མཐའ་འཁོར་དུ་སྐོར་ལམ་ཕྱི་ནང་གཉིས་ཡོད་པ་ལས་སྐོར་ལམ་ཕྱི་མར་མ་ཎི་འཁོར་ལོ་བཙུགས་པ་སོགས་རྟེན་དང་བརྟེན་་པ་བཞུགས་སོ། །

པོ་ཏཱ་ལར་སོང་ན་བྱང་ཆུབ་ཐར་ལམ་དང་ཕུན་ཚོགས་བགྲོད་ལམ་གཉིས་ཡོད་ལ་འདི་གཉིས་ནི་ཆོས་སྲིད་ལུགས་ཀྱི་ལམ་ཁ་གཉིས་ཡིན་པར་འདུག    བྱང་ཆུབ་ཐར་ལམ་དུ་སོང་ན་ཕོ་བྲང་དཀར་བོའི་ནང་ཕེབས་ས་ཡིན་ལ་དེར་སོང་ན་ཤིང་སྐས་གསུམ་གཤིབས་ཅན་ཞིག་ལ་འཛེག་དགོས་ཏེ་དེར་བགྲོད་མ་ཐག་ཡར་སོང་བའི་གཡོན་ཕྱོགས་ན་རྒྱལ་དབང་ལགས་ཀྱི་ཇ་ཡིག་ཡོད་ལ་དེ་ལ་སུམ་སྐས་མགོའི་ཇ་ཡིག་ཅེས་ཟེར།    ཡར་སོང་ན་གཟིམ་ཆུང་དགའ་ལྡན་སྣང་གསལ་ཡོད་ལ་ཚོམས་ཆེན་འདིའི་ནང་སྔ་བོད་ས་གནས་སྲིད་གཞུང་གི་རིམ་བཞི་ཡན་གྱི་དཔོན་རིགས་ཁག་གི་དྲུང་ཇ་འཚོགས་ས་དང་།དད་ལྡན་མཇལ་པ་མང་བོར་མཇལ་ཁ་གནང་ས་ཞིག་ཡིན།

དེ་ནས་གཟིམ་ཆུང་ཆོས་སྲིད་ཕུན་ཚོགས་ཀུན་གཟིགས་ཡོད་ལ།   འདི་ནི་གོང་ས་མཆོག་གིས་རྒྱུན་ཏུ་ཡི་དམ་ཆོས་སྲུང་ཁག་ལ་འཕྲིན་ལས་བཅོལ་ས་ཡིན་ལ་འདིའི་ནང་ན་གསེར་ཟངས་ལས་གྲུབ་པའི་དཔལ་ལྡན་ལྷ་མོ་དང་གནས་ཆུང་ཆོས་སྲུང་ཁག་བཞུགས་ཡོད།

དེ་ནས་གཟིམ་ཆུང་འཆི་མེད་རྣམ་རྒྱལ་ནི་གོང་ས་མཆོག་གི་གསན་སྦྱོང་གནང་ས་དང་རྒྱུན་བཞུགས་མཛད་ས་འདི་ཡིན།

དེ་ནས་བྱམས་ཁང་ལྡན་ཕུན་ཚོགས་འཁྱིལ་ནི་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་བཞུགས་གནས་དགའ་ལྡན་ཕུན་ཚོགས་འཁྱིལ་བ་དེ་ཡིན་ལ་སྐུ་ཚེའི་སྨད་ལ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོ་སྐུ་བརྙན་གསར་བཞེངས་མཛད་དེ་དེར་རུ་བཞུགས་གསོལ་མཛད་ཅིང་མཚན་ཡང་ཞལ་བསྒྱུར་བྱས་ཏེ་བྱམས་ཁང་དགའ་ལྡན་ཕུན་ཚོགས་འཁྱིལ་ཞེས་གསོལ།

དེ་ནས་བློས་བསླངས་ཁང་ཡོད་ལ་ལྷ་ཁང་འདི་ནི་དེ་སྔ་རྒྱལ་བའི་གཟིམ་ཤག་ཕུན་ཚོགས་བཀོད་པ་ཡིན་ལ།  ཕྱིས་སུ་སྤྱི་ལོ1749ལོར་རྒྱལ་དབང་བདུན་པ་མཆོག་གི་ཐུགས་བཀོད་ལྟར་གསེར་ཟངས་ལས་གྲུབ་པའི་གསང་འདུས་འཇིགས་གསུམ་གྱི་བློས་བསླངས་འདི་གསར་བསྐྲུན་མཛད་པ་ཞིག་ཡིན་ནོ།།

དེ་ནས་གཟིམ་ཆུང་ས་གསུམ་རྣམ་རྒྱལ་འདིའི་ནང་བོད་རྒྱ་མན་སོགས་ཡིག་རིགས་བཞི་ལས་བཀོད་པའི་མན་ཇུ་གོང་མ་བདེ་སྐྱོང་རྒྱལ་བོ་སྐུ་ཚེ་བརྟན་པའི་སྨོན་བྱང་དང་མན་ཇུའི་ཡི་གེའི་མཚལ་པར་བཀའ་འགྱུར་དང་རྒྱལ་དབང་སྐུ་ཕྲེང་བདུན་པའི་བཞུགས་ཁྲི་སོགས་ཡོད་དོ།།

དེ་ནས་ལྷ་ཁང་འཆི་མེད་བདེ་ལྡན་འཁྱིལ་ནི་དེ་སྔ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་གཟིམ་ཤག་བཀའ་གདམས་འཁྱིལ་ཞེས་པ་དེ་ཡིན་ལ་ཕྱིས་སུ་1782ལོར་སྐུ་ཕྲེང་བརྒྱད་པ་མཆོག་གིས་ལྷ་ཁང་དུ་བཅོས་སྒྲིག་མཛད་པ་ཞིག་ཡིན་ལ་ནང་ན་ད་སྐབས་སྐུ་ཕྲེང་དྲུག་པའི་བཞུགས་ཁྲི་ཡོད་དོ།།

དེ་ནས་འཕགས་པ་ལྷ་ཁང་ནི་སྤྱི་ལོ་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་པོ་ཏཱ་ལའི་ལྟེ་བར་བཞེངས་པ་ཞིག་ཡིན་ལ་ལྷ་ཁང་དབུས་སུ་སྐུ་རྒྱུ་ཙན་དན་ལས་གྲུབ་པའི་ཇོ་བོ་ལོ་ཀེ་ཤྭ་ར་བཞུགས་ཡོད་པ་ཡིན་ནོ།།

གཡོན་ཕྱོགས་ན་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་གསེར་གདུང་དགེ་ལེགས་གཟི་འབར་བཞུགས་ལ་འདི་ནི་སྤྱི་ལོ་1805ལོར་བྱང་ཆུབ་མཆོད་རྟེན་བཟོ་དབྱིབས་སུ་གསར་དུ་མཛད་ལ་མཐའ་བསྐོར་གྱི་ཀུན་དགའ་རྭ་བའི་ནང་གསེར་བྲིས་ཀྱི་བཀའ་འགྱུར་པོད་115བཞུགས་ཡོད་དོ།།

ཚེ་དཔག་ལྷ་ཁང་ནང་གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་ལྷ་དགུ་སོགས་དང་།    རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་བཞུགས་ཁྲི་བཅས་ཡོད་དོ།།

ཀུན་བཟང་རྗེས་འགྲོ་ཁང་གི་ནང་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་དབང་བོའི་སྐུ་དང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཞུགས་སོ།།

ལམ་རིམ་ལྷ་ཁང་ནང་ན་གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོ་ཆེའི་སྐུ་དང་རྒྱ་ཆེན་སྤྱོད་རྒྱུ་དང་ཟབ་མོ་ལྟ་རྒྱུད་ཀྱི་འཕགས་པ་རྣམས་ཀྱི་སྐུ་བརྙན་ཡོད་དོ།།

རིག་འཛིན་ལྷ་ཁང་ནང་རྒྱུད་དངུལ་ལད་གྲུབ་པའི་སློབ་དཔོན་སོགས་ཀྱི་སྐུ་བརྙན་བཞེངས་ཡོད་དོ།།

རྒྱལ་དབང་སྐུ་ཕྲེང་ལྔ་བའི་གསེར་སྡོང་འཛམ་གླིང་རྒྱན་གཅིག་ནི་སྲིད་འདིར་དཀོན་པའི་རིན་པོ་ཆེའི་ཕྲ་ཁྲི་སྐོར་གྱིས་རྒྱན་ཡོད་ལ་གླང་ཆེན་ཀླད་ཐིག་ནས་ཐོན་པའི་མུ་ཏིག་ནི་ཆེས་རྩ་ཆེར་གྱུར་ཡོད།    འདིའི་ནང་རྒྱལ་དབང་སྐུ་ཕྲེང་བཅུ་བའི་གསེར་གདོང་ཁམས་གསུམ་རྒྱན་མཆོག་དང་།   སྐུ་ཕྲེང་བཅུ་གཉིས་པའི་གསེར་གདོང་ཚེ་སྦྱིན་འོད་འབར་བཅས་བཞུགས་ཡོད་དོ།།

དེ་ནས་འཁྲུངས་རབས་ལྷ་ཁང་ནང་རིན་ཆེན་མང་བོ་ལས་གྲུབ་པའི་ཐུབ་པ་མཆོག་གི་སྐུ་དང་རྒྱལ་དབང་ལྔ་བ་མཆོག་གི་སྐུ་བརྙན་སོགས་བཞེངས་ཡོད་དོ།།

མདོར་ན་འདིར་བཞུགས་པ་ནི་གསེར་གདོང་འཛམ་གླིང་རྒྱན་གཅིག་དང་།  རྒྱལ་དབང་སྐུ་ཕྲེང་བདུན་པའི་གསེར་གདུང་བཀྲ་ཤིས་འོད་འབར། སྐུ་ཕྲེང་བརྒྱད་པའི་གསེར་གདུང་དགེ་ལེགས་གཟི་འབར།དགུ་བ་དང་བཅུ་བ་ སྐུ་ཕྲེང་བཅུ་གཅིག་པའི་གདུང་རྟེན་དང་། བཅུ་གཉིས་པ་དང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་གདུང་དགེ་ལེགས་འདོད་འཇོ་སྟེ་འདིར་བཞེངས་པའི་སྐུ་གདུང་གི་ཕྲ་རྒྱན་ཆེས་མང་བ་ནི་འདི་ཡིན་རབས་གླེང་བ་དང་བཅས་སོ།།

རྗེ་རིན་པོ་ཆེས་ཕྱག་དཔེ་ཞལ་འདོན་བརྒྱད་སྟོང་གླེགས་བམ་བྱིན་ཅན།  སྲོང་བཙན་ཡབ་ཡུམ་གྱི་སྐུ་དང་།   ཐམས་ཅད་མཁྱེན་པའི་གཟིམ་ཤག་དང་དཔེ་ཁང་སོགས་ངོ་མཚར་དང་གདུང་སྨོན་གྱི་གནས་སུ་གྱུར་ཡོད།    དཀྱིལ་ན་ཆོམས་ཆེན་ཉི་འོད་འཁྱིལ་བ་ཡོད་ལ་འདི་ནི་སྤྲུལ་སྐུ་རྣམས་ཐུགས་ཐག་གཅོད་ས་ཡིན་རབས་གསུངས།།     ཞོར་དུ་ཞུ་མཆིད།  རྒྱལ་དབང་སྐུ་ཕྲེང་དང་བོའི་གདུང་རྟེན་ནི་བཀྲ་ཤིས་ལྷུན་པོར་བཞུགས་ལ།  གཉིས་པ་ནས་བཞི་བའི་བར་གྱི་གདུང་རྟེན་འབྲས་སྤུངས་དགོན་པར་བཞུགས།   སྐུ་ཕྲེང་དྲུག་པའི་གདུང་རྟེན་མཚོ་སྔོན་གསེར་ཁོག་དགོན་དུ་བཞུགས་ཡོད་དོ།།

ལྕགས་པོའི་རིའམ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ནི་རྒྱལ་དབང་ལྔ་བའི་སྐབས་བསྐྲུན་པ་ཞིག་ཡིན་ལ་ བོད་ཀྱི་རི་ཆེན་བཞིའི་ཡ་གྱལ། ལྷ་ས་རྩེ་ཕོ་བྲང་གི་འཁྲིས་ཀྱི་ལྷོ་ནུབ་མཚམས་སུ་ཡོད་པའི་རི་ཆུང་ཞིག་ཡོད་པ་དེའི་སྟེང་ན་ལྷ་ཁང་བཞེངས་ཡོད།

ནོར་བུ་གླིང་ག་ནི་པོ་ཏཱ་ལ་ནས་ཡར་སོང་ན་ཐག་ཉེ་ལ།   ནོར་བུ་གླིང་གའི་ནང་ན་རྒྱལ་དབང་སྐལ་བཟང་རྒྱ་མཚོས་བཞེངས་པའི་སྐལ་བཟང་ཕོ་བྲང་སོགས་ཡོད་ལ་འདི་ནི་ཕོ་བྲང་སྔ་ཤོས་ཤིག་ཡིན་ལ་ཁོང་གིས་1755ལོར་གསར་བསྐྲུན་མཛད་དེ་ཁོང་གི་མཚན་ཟུར་ཕོ་བྲང་ལ་ཐོགས་པར་བཞེད་པ་དང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྒྱ་བསྐྱེད་དེ་ནང་ན་ཚོམས་ཆེན་དང་གཟིམ་ཤག་ཕྱག་དཔེ་ཁང་དང་མགོན་ཁང་བཅས་ཡོད་དོ།།

དེ་ནས་གྲུ་འཛིན་ཕོ་བྲང་ཡོད་ལ་འདི་ན་དུས་རབས་བཅོ་བརྒྱད་པའི་སྐབས་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་བཞེངས་ལ་ཐོག་བརྩེགས་ཉིས་ལྡན་གྱི་བོད་ལུགས་བཟོ་བསྐྲུན་གནང་ཡོད་པ་ཞིག་ཡིན།   ཉིས་ཐོག་གི་ཚོམས་ཆེན་དབུས་སུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ཚེ་དཔག་མེད།  ་སངས་རྒྱས་སྨན་བླ་སོགས་དང་།   ཉིས་ཐོག་ནི་དེ་སྔ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་འཇིགས་བྱེད་བསྙེན་ཆེན་ལ་བཞུགས་མྱོང་བའི་གནས་ཁྱད་པར་ཅན་ཡིན་ནོ།།

དེ་ནས་སྤྱན་བསལ་ཕོ་བྲང་ཡོད་ལ་འདི་སྤྱི་ལོ1922ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་ཆེད་དུ་མངགས་བསྐྲུན་གནང་བ་དང་1926ལོར་ཕོ་བྲང་གསུམ་བརྩེགས་ཅན་འདི་ལེགས་བསྐྲུན་མཛད་ལ་ཚོམས་ཆེན་དབུས་སུ་ཁོང་གི་བཞུགས་ཁྲི་དང་དགུལ་ལས་གྲུབ་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་འདྲ་སྐུ་བཅས་བཞུགས་ཡོད།

དེ་མིན་རྟག་བརྟན་མི་འགྱུར་ཕོ་བྲང་སོགས་གཙོ་བོ་རྒྱལ་དབང་སྐུ་ཕྲེང་རེས་མོས་ཀྱི་དབྱར་བཞུགས་གནང་སའི་གནས་ཡིད་དགའ་བ་ཞིག་ཡིན་དེང་སང་གཅན་གཟན་སྣ་ཚོགས་དང་རི་དྭགས།  ཕྱུག་རིགས་སོགས་ཡང་མང་དུ་གསོས་ཡོད་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་དུས་དབྱར་གྱི་བཞུགས་གནས་སུ་བསྐལ་བཟང་ཕོ་བྲང་སོགས་བཞེངས་པ་ནས་ཕྱིས་སུ་ཨར་རྒྱག་སོགས་ཀྱིས་ཁང་པ་ཇེ་རྒྱས་སུ་སོང་ཡོད་ལ་འདི་ནི་རྩེ་ཕོ་བྲང་གི་གཡས་ཕྱོགས་སུ་ཡོད།

སེ་ར་དགོན་པའམ་སེ་ར་ཐེག་ཆེན་གླིང་ནི་བྱམས་ཆེན་ཆོས་རྗེ་ཀྱིས་ཕྱག་འདེབས་མཛད་པ་ཡིན་ལ་ཚོགས་ཆེན་འདུ་ཁང་གི་བྱིན་ཅན་གྱི་ལྷ་སྐུ་མཆོད་གསུམ་དང་རྟ་མགྲིན་རང་བྱོན་སོགས་དེ་མིན་རྒྱབ་རིའི་ངོས་ཀྱི་སེ་ར་ཆོས་སྡིངས་ནི་རྗེ་ཙོང་ཁ་པའི་སྒྲུབ་ཁང་ཡིན་ཞིང་། རབ་བྱུང་བདུན་པའི་མེ་ཕག་ཕྱི་ལོ་ 1407ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་རྗེ་ཙོང་ཁ་པ་མཇལ་བར་ཕེབས་ས་དང་། རྗེ་རིན་པོ་ཆེའི་རྩ་ཤེས་ཊྲིཀྐ་ཆེན་དང་དཔལ་གསང་བ་འདུས་པའི་རིམ་ལྔ་གསལ་སྒྲོན་སོགས་གསུང་ས་དང་མགོན་པོ་ཕྱག་དྲུག་པས་ཞལ་གཟིགས་གནང་ས་སེ་འབྲས་དགའ་གསུམ་ཕྱག་མ་གཏབ་གོང་ནས་རྗེ་སྐུ་མཚམས་ལ་བཞུགས་སའི་གནས་ཁྱད་པར་ཅན་ད་དུང་མཁས་གྲུབ་རྗེས་བླ་མ་ཐོག་མར་མཇལ་ས་དང་རྗེ་ཤེས་རབ་སེང་གེས་སྟོང་ཉིད་རྟོགས་སའི་གནས་ཁྱད་པར་ཅན་ཞིག་ཡིན།

རིའི་ལྟག་རྒྱབ་ན་སེ་ར་རྩེ་དང་ར་ཁ་བྲག་གཉིས་ཡོད་ལ་སེ་ར་རྩེ་ནི་སྒྲུབ་ཁང་བ་དགེ་ལེགས་རྒྱ་མཚོའི་སྒྲུབ་ཕུག་རྗེ་རིན་པོ་ཆེ་དང་རྒྱལ་ཚབ་རྗེའི་སྒྲུབ་ཕུག་ཀྱང་གནས་འདི་རུ་ཡོད་དོ།།    ར་ཁ་བྲག་ནི་སེ་ར་དགོན་པའི་རྒྱབ་རིའི་ཤར་ངོས་སུ་ཡོད། རབ་བྱུང་བདུན་པའི་མེ་ཕག་ཕྱི་ལོ་ 1407ལོར་རྗེ་ཙོང་ཁ་པ་གནས་འདིར་བཞུགས་ཏེ་དྲང་ངེས་ལེགས་བཤད་སྙིང་པོ་ལྗགས་རྩོམ་མཛད་ཅིང་། རྒྱ་ནག་གོང་མ་ཡུང་ལོའི་གསེར་ཡིག་པ་རྣམས་ལ་མཇལ་འཕྲད་གནང་ས་ཡང་ར་ཁ་བྲག་འདི་ཡིན། ཕྱི་ལོ་ 1420ལོར་བྱམས་ཆེན་ཆོས་རྗེས་རྗེ་ཙོང་ཁ་པའི་དགོངས་རྫོགས་མཆོད་འབུལ་གནས་འདི་ནས་མཛད། ལོ་དེ་ནི་རྗེ་བླ་མ་སྐུ་གཤེགས་པའི་ཕྱི་ལོ་ཡིན། དུས་རབས་བཅོ་བརྒྱད་པའི་ནང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོས། གཞི་གསུམ་གྱི་ཕྱག་ལེན་བཙུགས་ཏེ་སྒྲུབ་སྡེ་གོང་འཕེལ་དུ་བཏང་། ཕྱི་ལོ་ 1959ལོར་དགེ་འདུན་པ་ཞལ་གྲངས་བཅུ་དགུ་བཞུགས། དགོན་བདག་སེ་ར་རྩེ་སྒྲུབ་ཁང་བླ་བྲང་ཡིན། ཕྱི་ལོ་ 1375ལོའི་གོང་དུ་ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་རི་ཁྲོད་ཀྱང་འདི་ནས་བཞུགས་པ་བཅས་ཡིན་ལ་གནས་འདི་ནི་ཡིད་དགའ་བ་ཞིག་ཡིན་ནོ།།

འབྲས་སྤུངས་དགོན་ནི་ཆོས་སྡེ་ཆེན་པོ་བོད་གངས་ཅན་གྱི་རི་བོ་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་ཞུ་བ་དེ་ཡིན། ལྷ་སའི་ནུབ་ངོས་སུ་རབ་བྱུང་བདུན་པའི་མེ་སྤྲེལ་ 1416 ལོར་རྗེ་ཙོང་ཁ་པའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་མཆོག་གིས་ཕྱག་བཏབ་ལ་འཇམ་དབྱངས་ཆོས་རྗེ་ཉིད་དགུང་གྲངས་སོ་བདུན་པ་མེ་སྤྲེལ་ལོ་ནས་རབ་བྱུང་བརྒྱད་པའི་ས་འབྲུག་ཕྱི་ལོ་ 1448ལོ་བར།  ལོ་སོ་གཉིས་རིང་མཚན་ཉིད་ཀྱི་གཞུང་དང་སྔགས་ཀྱི་འཆད་ཉན་མཛད། ཆོས་རྗེ་གཤེགས་རྗེས་སློབ་དཔོན་དཔལ་ལྡན་སེང་གེ་ནས་སློབ་དཔོན་ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་བར་དང༌། དེ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གདན་སའི་མཁན་པོར་མཛད་ནས་སྐུ་ཚབ་ཏུ་གྲྭ་ཚང་སོ་སོའི་མཁན་པོ་ཟུར་དུ་བསྐོས།

 

ཆོས་སྡེ་ཆེན་པོ་འདི་ཉིད་ལྷ་སའི་ནུབ་ངོས་དགེ་འཕེལ་རི་བོའི་འདབ་རོལ་ཏུ་ཆགས་ཤིང་། མཐའ་བསྐོར་དུ་སྲུང་མའི་རྟེན་མཁར་མང་པོས་བསྐོར་པའི་དབུས་སུ། གསེར་འོད་འཕྲོ་བའི་རྒྱ་ཕིབས་དང་། གཉྫིར་གདུགས་དང་། རྒྱལ་མཚན་དུ་མས་བརྒྱན་པའི་གཙུག་ལག་ཁང་དང་།  གྲྭ་སྤྱིལ་བཅས་ལྕགས་རི་གཅིག་གིས་ཡོངས་སུ་བསྐོར་ཏེ་གཡས་ན་དགའ་ལྡན་ཕོ་བྲང་ནང་གི་མཆོད་རྟེན་རྒྱལ་དབང་སྐུ་ཕྲེང་གཉིས་པ་ནས་ལྔ་བའི་བར་གྱི་སྐུ་གདུང་དང་དཔལ་ལྡན་ལྷ་མོའི་མགོན་ཁང་བཅས་ཡོད་དོ།

ཚོགས་ཆེན་འདུ་ཁང་ཆེན་མོ་ནི་ཀ་རིང་ཉེར་བཞི་དང་ཀ་ཐུང་བརྒྱ་དང་ལྔ་བཅུ་ཅན་ཞིག་ཡིན་ལ་ནང་ན་རྗེ་སྐུ་གསུང་བྱོན་མ་དང་།   འཇམ་དབྱངས་ཆོས་རྗེའི་སྐུ་དམར་གདུང་།   གཞན་མཁས་བཙུན་ཡོན་ཏན་རྒྱ་མཚོ་དང་པན་ཆེན་བསོད་ནམས་གྲགས་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རང་སེལ་བཞུགས་པའི་རྟེན་སོགས་མང་ངོ་།།

ལྟག་རྒྱབ་ན་འཇམ་དབྱངས་ལྷ་ཁང་ཆུང་བ་ཞིག་ཡོད་ལ་ནང་ན་འཇམ་དབྱངས་ཆོས་རྗེས་རང་བྱོན་ཡོད།   འདི་ནི་དེང་མ་འདིར་དགེ་འདུན་པ་བདུན་འཚོགས་པས་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་འཕེལ་བའི་རྟེན་འབྲེལ་འགྲིག་གསུང་ས་ལྷ་ཁང་འདི་ཡིན་ས་རེད།   གཡས་ན་བླ་མ་དབུ་མ་བའི་གདུང་རྟེན་དང་།   གཡོན་ན་ཡོད་པའི་གདུང་རྟེན་བློ་གསལ་གླིང་གི་ཁྲི་རབས་ཞིག་གི་གདུང་རྟེན་ཡིན་རབས་གསུངས་ཡང་འབུམ་ཕྲག་གསུམ་པའི་གདུང་རྟེན་ཡིན་རབས་ཀྱང་གསུངས་ཚུལ་ཡོད་དོ།།

སྔགས་པ་གྲྭ་ཚང་ན་ར་ལོ་ཙཱ་བའི་དམར་གདུང་དང་འཇིགས་བྱེད་རང་བྱོན་བཞུགས།

བློ་གསལ་གླིང་གི་འདུ་ཁང་ཕུག་ན་བྱང་ཆུབ་མཆོད་རྟེན་དང་རྗེ་ཡབ་སྲས་གསུམ།  རྗེ་བཙུན་བྱམས་པའི་སྐུ་སོགས་ཡོད་དོ།།

དགོན་འདི་ནི་འབྲས་ས་ལུ་སྤུངས་པའི་དབྱིབས་དང་འདྲ་བས་འབྲས་སྤུངས་ཞེས་བཏགས་པར་གསུངས། གཞན་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་གཉིས་སུ་མེད་པར་བསྙད་དེ། དཔལ་ལྡན་འབྲས་སྤུངས་ཞེས་བཏགས་པར་བཤད་པའང་སྣང་ལ། དབྱིབས་དང་བརྗོད་བྱ་གང་གི་ཆ་ནས་ཀྱང་དོན་ལ་གནས་པར་མངོན་ནོ། །

དགེ་འཕེལ་རི་ཁྲོད་ཅེས་པ་ནི་དགོན་པའི་རྒྱབ་རིའི་མགུལ་མཚམས་སུ་ཆགས་ཡོད། ཐོག་མར་སྒྲུབ་སྡེ་འདི་ཚལ་པ་ཁྲི་དཔོན་ཀུན་དགའ་རྡོ་རྗེས་ཕྱག་བཏབ། ཕྱིས་གོང་ས་ལྔ་པ་ཆེན་པོ་སོགས་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ཕལ་ཆེ་བ་གནས་འདིར་ཕེབས་ཏེ་བཞུགས་མྱོང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཕྱག་བཏབ་པར་བཤད་པའང་སྣང་། མདོར་ན་འདི་སྐྱེས་ཆེན་དམ་པ་མང་བོའི་བཞུགས་གནས་རི་ཁྲོད་གྲགས་ཅན་ཞིག་ཡིན་ལ་ལྷག་པར་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་སྟེ་ཁོང་གིས་གྲུབ་མཐའ་རྩ་བ་ལྗགས་རྩོམ་གནང་ས་ཡང་གནས་འདི་ཡིན་ནོ།   དེང་སང་དགེ་འཕེལ་རི་ཁྲོད་ཅེས་པའི་ལྷ་ཁང་གཅིག་དང་ནང་རྟེན་གཙོ་བོ་བྱམས་ཆེན་ཞིག་ཡིན།   ཡར་ཅུང་སོང་ན་ཁོང་གི་སྒྲུབ་ཕུག་དང་ནང་ན་དཔལ་ལྡན་སད་རྒྱུ་དགོན་དུ་བཞུགས་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་བརྙན་ཞིག་དང་ཕྱི་ན་རྡོ་ཁྲི་རྡོ་སྟེགས་སོགས་ཡོད།   འོག་ན་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཤག་ལྷ་ཁང་གཅིག་དང་བཅས་ཡོད་དོ།།

དེ་ནས་དགའ་ལྡན་དགོན་པ་ནི་སྟག་རྩེ་རྫོང་གི་མངའ་ཁོངས་ལྷ་ས་ནས་ཡར་སོང་ན་སྤྱི་ལེ་ཉི་ཤུ་ལྷག་གི་མཚམས་ན་ཡོད། ལ་འདབ་གྱི་གུང་ཐང་སྡེ་བ་ནས་ལམ་གྱི་ཁུག་པ་ཉི་ཤུ་ལྷག་བརྒྱུད་ན་དགའ་ལྡན་དགོན་པར་ཐོན། ཐོག་མར་མཐའ་བསྐོར་ལ་སོང་ན་ཀླུ་རང་བྱོན་མཚར་ཏུ་བསྒྲིགས་ཡོད་ལ་གསང་འདུས་ལྷོ་སྒོ་རང་བྱོན་དང་སྒྲོལ་མའི་ཡུམ་རང་བྱོན། དཔག་བསམ་གྱི་ཤིང་རང་བྱོན། ཕ་དམ་པ་སངས་རྒྱས་རང་བྱོན། བྱ་སྐྱིབས་བཞིའི་ནང་གི་ནག་པོ་སྐོར་གསུམ་རང་བྱོན་སོགས་དང་རྗེ་ཙོང་ཁ་བས་མ་ཡུམ་དྲན་པས་ཨ་ཡིག་རང་བྱོན་སོགས་ཡོད། དགོན་ནང་གི་རྗེའི་སྒྲུབ་ཁང་དང་གསེར་གདོང་ཆེན་མོ། ་ཇོ་བོ་རྗེའི་རྒྱ་གར་ནས་གདན་དྲངས་པའི་མཆོད་རྟེན་བྱིན་ཅན་སོགས་གཙོར་བཞུགས་ཡོད་ལ་རེ་རེར་ཡང་བགྲང་མི་ནུས་པས་སོ།

དེ་ནས་གསང་སྔགས་དགོན་པ་ནི་མཁས་གྲུབ་རྗེའི་ཕྱག་བཞེས་མཛད་པའི་མགོན་པོ་ཕྱག་དྲུག་པ་དང་གཡས་གཡོན་དཔལ་ལྡན་ལྷ་མོ་དང་དམ་ཅན་ཆོས་རྒྱལ་སོགས་བཞེངས་ཡོད།

མར་གྲོ་གོང་དཀར་རྫོང་གི་ལམ་སྣེ་ནས་སྟག་རྩེ་ཟམ་ཆེན་བརྒྱུད་དེ་སྟག་རྩེ་རྫོང་ཁོངས་སུ་བྲག་ཡར་བ་ལ་འགྲོ་དགོས་ལ་དེ་རུ་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་དང་སློབ་དཔོན་རིན་པོ་ཆེའི་སྒྲུབ་ཁང་། མཁའ་འགྲོ་ཡེ་ཤེས་ཚོ་བརྒྱད་དགུང་ལོ་བརྒྱད་ཐོག་གི་ཞབས་རྗེས་སོགས་ཡོད། ད་དུང་ཇོ་རྔོག་འབྲོམ་གསུམ་གྱི་གསོལ་ཐབས་རང་བྱུང་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་སྒྲུབ་ཕུག་སྲུང་བཙན་སྒྲུབ་ཕུག སྤྱན་རས་གཟིགས་རང་བྱོན། སྒྲོལ་མ་རང་བྱོན་དང་གུ་རུའི་སྒྲུབ་ཁང་ནང་གི་ཞབས་རྗེས་་་ འོག་ན་རྗེ་བཙུན་སྒྲོལ་མའི་གསང་ཆབ་དྭངས་མ་རང་འབབས་དང་བཅས་སོ།།

ལུང་མདོ་ན་བེ་རོ་ཙཱ་ནའི་སྒྲུབ་ཕུག་ཡོད། ནང་ན་བེ་རོ་ཙཱ་དང་དཀའ་བ་དཔལ་རྩེག་ ཅོག་རོ་ཀླུའི་རྒྱལ་མཚན་གསུམ་གྱི་སྐུ་བཞུགས།

ལྷ་སའི་གྲོང་ཁྱེར་ནས་གུང་ཐང་ལུང་བར་བརྒྱུད་དེ་ཟངས་རི་རྫོང་ཁོངས་སུ་སོང་ན་རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་ཡ་གྱལ་རྗེ་ཉིད་དགོང་ལོ་38ཐོག་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད་སའི་གནས་སུ་རྗེ་སྐུ་དང་ཁོང་གིས་གསར་དུ་བཞེངས་པའི་བྱམས་པ། རྡོ་ཕྱག་འཆང་ཅན། རྩམ་རྡོ་དང་ཞབས་རྗེ་སོགས་ལ་མཇལ་ཐུབ། གནས་དེར་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པའི་འཁྲུངས་ཡུལ་ཡིན་ལ་ཁོང་ཆུང་ངུའི་དུས་སུ་མ་ཡུམ་དང་བྲལ་རྐྱེན་འོ་མ་བབས་པའི་ཙནྡན་གྱི་ཀ་བ་ད་དུང་འདུ་ཁང་གི་ཉིས་ཐོག་ནང་ན་མཇལ་རྒྱུ་ཡོད་ལ་དེ་མིན་རྒྱལ་དབང་ཁོང་གི་སྐུ་དང་གསུང་རབ་ལྷ་ཁང་། སྒྲོལ་མ་ལྷ་ཁང་སོགས་ཉིས་ཐོག་ནང་ཡོད།

དེ་རྫོང་དེའི་མངའ་ཁོངས་སུ་ རྒྱབ་རི་སྒྲོལ་མ་ཉེར་གཅིག་གི་བྲག་རང་བྱོན་གྱིས་བསྐོར་བའི་འོལ་ཁ་ཆོས་ལུང་ནི་རྗེ་རིན་པོ་ཆེ་དགུང་ལོ་41ཐོག་རྟེན་འབྲེལ་བསྟོད་པ་གསུང་སའི་གནས་ཁྱད་པར་ཅན་ནམ་ཕྱག་འབུམ་ཐར་སོ་དྲུག་དང་མནྜལ་ཕུལ་ཏེ་ཉམས་ལེན་བྱེད་སའི་གནས་ཁྱད་པར་བ་ཅན་ཞིག་ཡིན་ལ།  དེར་མནྜལ་འབུལ་སའི་རྡོ་བྱིན་ཅན་དང ་ད་དུང་ གླང་བོ་ཆེའི་མཆེ་བ་ ལྷ་མ་ཡིན་གྱིས་ཁོང་ལ་འབུལ་བའི་རྟ་རྭ་ཅོ་ཅན། མཁའ་འགྲོ་ཡེ་ཤེས་ཚོ་བརྒྱད་དགོང་ལོ་དྲུག་ཐོགི་ཞབས་རྗེས་ རྗེ་ང་འདྲ་མ་ ཕྱག་འཆང་གི་རྡོ་སོགས་དང་། དགོན་པའི་ལྟག་རྒྱབ་ན་ཕ་བོང་ཞིག་སྟེ་ཁོང་ངལ་གསོའི་སྐབས་སུ་དགའ་ལྡན་དགོན་པ་འདེབས་ས་མཚན་ལམ་དུ་འབབ་སའི་རྡོ་བྱིན་ཅན། དེ་མིན་རྗེའི་མཚམས་ཁང་དང་རྗེ་རྟག་པ་ལྷ་བརྒྱད་ཀྱི་མཚམས་ཁང་སོགས་དང་དགོན་དེའི་རྒྱབ་ངོས་སུ་དུང་དཀར་གཡས་འཁྱིལ་གྱི་ངོ་མཚར་བའི་དབྱིབས་རང་གསལ་སོགས་ངོ་མཚར་བའི་གནས་ཁྱད་པར་ཅན་སོགས་ཡོད།

དེ་ནས་ཅུང་ཡར་སོང་ན་རྗེ་རིན་པོའི་ཚ་ཙཱ་དགུ་བརྒྱ་དགུ་བཅུ་གོ་དགུ་དཔར་ས་དང་ཁོང་སྐུ་ངལ་དུས་སུ་སྐེ་ཡི་ཤུག་ཅིག་ཐང་ལ་ལྷུང་བ་ད་ལྟ་རྡོ་ངོས་སུ་མཇལ་རྒྱུ་ཡོད་པའི་ཆོས་ལུང་དགོན་པ་ཡོད། གནས་དེར་གནས་ཆུ་གསུམ་འབབ་དང་རྗེ་ཁོང་གི་བླ་མའི་ཞབས་རྗེས་་དང་། ཁོང་གི་ཞབས་རྗེས།  རྗེ་བཙུན་སྒྲོལ་མའི་སྐུ་རང་བྱོན་སོགས་མཇལ་རྒྱུ་ཡོད།

ལུང་མདོ་རུ་ཟངས་རི་འཁར་དམར་དགོན་པ་སྟེ་མ་ཅིག་ལབ་སྒྲོན་གྱི་གནས་ཤིག་ཡོད། གནས་དེར་མ་ཅིག་ལབ་སྒྲོན་དང་སྲས་ཀྱི་མཆོད་རྟེན་བྱིན་ཅན་དང་། མ་ཅིག་ལབ་སྒྲོན་གྱི་གདུང་མཆོད་ཕུལ་བའི་རྡོའི་བརྒྱ་གོང་ལེབ་གཅིག་མ་སོགས་ཡ་མཚན་དག་ཡོད་དོ།།

དེ་ནས་རྩེ་ཐང་རྫོང་གི་ཡུམ་བུ་ལྷ་མཁར་ལ་སོང་ན་བདེ།   འདི་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་རིང་ལ་ཕོ་བྲང་གི་ཚུལ་དུ་བཞེངས་པར་གྲགས་པ་དེ་ཡིན། ས་གནས་ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་གི་ཉེ་འདབས་སུ་ཡོད་ཅིང་། བོད་ཀྱི་སྐུ་མཁར་སྔ་ཤོས་ཡང་འདི་ཡིན་པར་གྲགས།    གནས་འདི་ནས་བཙན་པོ་རིམ་བྱོན་གྱིས་སྒྲུབ་པ་སྤྱོད་ས་ཡིན་ལ་རྩྭ་པདྨའི་གདན་མ་གཏོགས་ཅི་ཡང་མེད་པའི་ཕུག་གནས་ཡོད།   ནང་ན་བོད་རྒྱལ་རིམ་བྱོན་གྱི་སྐུ་འབག་དང་མགར་བློན་འགའ་རེ་དང་བཅས་པ་བཞེངས་ཡོད།  ཕོ་བྲང་གི་རྩེའི་རྩིག་པའི་གཡས་ངོགས་ན་ཁྲ་ཆུང་ཞིག་འདུག་ལ་དེ་ནས་བལྟས་ན་ཕུག་གསུམ་གྱི་ཡ་གྱལ་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་ཡར་ཀླུང་ཤེལ་གྱི་བྲག་གི་ཐད་ཀ་ཡིན་ཟེར།   བོད་ཀྱི་ལོ་རྒྱུས་དག་ལས་གཉན་པོ་གསང་བར་གྲགས་པའི་མདོ་སྡེ་ཟ་མ་ཏོག་སོགས་བཞུགས་ཡུལ་ནི་གནས་འདི་ཡིན་པར་གསུངས་ཀྱང་།  ད་ལྟ་མཇལ་མཐོང་མི་འདུག་པས་བཤད་ཚུལ་ལྟར་ན།   རྒྱལ་དབང་ལྔ་བའི་སྐབས་འདི་ནས་རྩེ་ཕོ་བྲང་ལ་གདན་དྲངས་པས་ཕྱིས་ལྷ་ཁང་གི་རྣམ་པར་བསྒྱུར་འདུག་པར་གྲགས།       ས་གནས་འདི་རུ་གནས་གསུམ་དང་རྟེན་གསུམ་ཕུག་གསུམ་ཞེས་གྲགས་པ་འཛོམས།     ལྟག་རྒྱབ་ཀྱི་རི་བོ་ཆེ་ནི་ཚེ་རིང་ཆེ་ལྔའི་ནང་ཚན་ཇོ་མོ་བཀྲ་ཤིས་ཚེ་རིང་གི་རི་ཡིན་ལ་དེའི་རྒྱབ་ལོགས་ན་ཡར་ལ་ཤམ་པོའི་གངས་རི་ཡོད་རབས་ཟེར།   མདུན་རིའི་རྒྱབ་ལོགས་ནི་འཕྱོངས་རྒྱས་རྫོང་ཡིན་བོད་རྒྱལ་བཙན་པོ་དག་གི་བང་སོ་གནས་ས་དེ་ཡིན་ལ་རྒྱལ་དབང་ལྔ་བའི་འཁྲུངས་ཡུལ་ཀྱང་དེའི་ཕྱོགས་ཡིན་ཞེས་སྐད།     ཡར་སོང་ན་མཚོ་སྣ་ཞེས་པའི་ས་ཆ་ཡིན་ལ་དེ་ནི་འཐའ་མཚམས་ཤིག་རེད་ཅེས་ཟེར།

རྫོང་དེ་རུ་ད་དུང་ཁྲ་འབྲུག་དགོན་པ་ཡོད་ལ་འདི་ནི་རྩེ་ཐང་མགོན་པོ་རིའི་རྩར་ཆགས་ཡོད་པ་ཞིག་ཡིན།    དགོན་འདིར་བཞུགས་པའི་རྡོ་ལས་གྲུབ་པའི་རྒྱལ་བ་རིགས་ལྔ་ནི་རྡོ་སྐུ་ཡི་ཐོག་མ་ཡིན་ལ་རིག་གསར་སྐབས་ཆགས་འཇིག་མ་བྱུང་བ་རེད་ཟེར།   ཁྲ་འབྲུག་སྒྲོལ་མ་གསུང་འབྱོན་མ་དང་མུ་ཏིག་ལས་གྲུབ་པའི་སྒྲོལ་མ་དཀར་མོ་འདི་ནི།    སྣེ་གདོང་རྒྱལ་བོའི་བཙུན་མོ་ལ་རྟེན་སྒྲོལ་མ་གསུང་འབྱོན་ཞིག་ཡོད་ལ་སྐབས་ཤིག་སྐུ་ལ་གསེར་ཞིག་འབུལ་བས་གསུང་མ་བྱོན་པས་ཧ་ཅང་འགྱོད་བཤགས་ཀྱི་ཚུལ་ཏུ་མོའི་རྒྱན་ཆའི་མུ་ཏིག་ཡོད་ཚད་ལས་སྒྲོལ་མ་འདི་བཞེངས་པ་ཞིག་ཡིན་ནོ།།    ཆོས་རྒྱལ་སྲུང་བཙན་སྒམ་པོ་ཐོག་མར་བཞུགས་སའི་ཁང་མིག་ནང་ད་དུང་རྒྱ་བཟའི་ཐབ་ཀ་སོགས་ལ་མཇལ་རྒྱུ་ཡོད།   ཆོས་རྒྱལ་སྲོང་བཙན་སྒམ་པོ་དག་ཞིང་གནང་རྗེས་སྐུ་ལུས་ལ་གསེར་འབུལ་བའི་གསེར་ལྷག་གིས་བྲིས་པའི་སློབ་དཔོན་ཐོན་མིས་ཕྱག་བྲིས་མ་ཎི་གསེར་ཡིག་ཡོད།     དུས་གསུམ་སངས་རྒྱས་ལས་འདས་པའི་སངས་རྒྱས་མར་མེ་མཛད་རྩེ་ཕོ་བྲང་ན་བཞུགས་ལ་མ་འོངས་པའི་སངས་རྒྱས་གཙང་བཀྲ་ཤིས་ལྷུན་པོར་བཞུགས་སངས་རྒྱས་ཤཱཀྱ་ཐུབ་པ་འདིར་བཞུགས་པའོ།།     ཕུག་གསུམ་རྟེན་གསུམ་དུ་གྲགས་པའི་རྟེན་གསུམ་གྱི་ནང་གི་ཡར་ལུང་ཤེལ་བྲག་གི་གུ་རུ་ང་འདྲ་མ་ཡང་དགོན་འདིར་བཞུགས་ལ་འདི་ནི་གོད་ཆག་སྐབས་ཆག་འཇིགས་ཅི་ཡང་བྱུང་མེད་པའི་རྟེན་ཞིག་སྟེ་རྗེས་སུ་ལྷ་ས་ནས་འདིར་གདན་དྲངས་པ་ཞིག་ཡིན་ཟེར་རོ།།

འཕྱོངས་རྒྱས་རྫོང་གི་བཙན་པོ་དག་གི་བང་སོ་ཡོད་སར་འགྲོ་འདོད་ན་འདི་ནས་སོང་ན་སྤྱི་ལེ་སུམ་ཅུ་ལྷག་ལས་མེད།    གནས་འདིར་སྤྱིར་བང་སོ་ཉི་ཤུ་ལྷག་ཡོད་མོད་དེང་སང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོའི་སྟེང་ལྷ་ཁང་བཞེངས་འདུག     གཞན་རྣམས་ཀྱི་བང་སོར་ཅི་ཡང་བཞེངས་མེད་ལ་ཤུལ་ཙམ་རེ་ཡོད་པ་ནི།   གོང་ན་ཁྲི་སྲོང་སྡེ་བཙན་གྱི་བང་སོ་དང་དེའི་འོག་ན་ཁྲི་གཙུག་སྡེ་བཙན་གྱི་བང་སོ།   ཚུར་རོལ་ན་མུ་ནེ་བཅན་པོའི་བང་སོ་དང་བར་ན་མང་སྲོང་མང་བཙན་གྱི་བང་སོ།   མར་ཕྱོགས་ན་འདུས་སྲོང་མང་བོ་རྗེའི་བང་སོ་དང་ཁྲི་སྡེ་གཙུག་བརྟན་གླང་དར་མ་སོགས་ཀྱི་བང་སོའི་ཤུལ་རེ་ཡོད་པ་ལས་གཞན་མི་སྣང་ངོ་།།

བསམ་ཡས་དགོན་ནི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་བསམ་ཡས་ཡུལ་ཚོ་ཧས་པོ་རིའི་འདབས་སུ་གནས་ཤིང༌།བོད་ཤིང་ཡོས་སྤྱི་ལོ་ 775ལོར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྨང་གཞི་བཏིང་ནས་མེ་ཡོས་སྤྱི་ལོ་ 787ལོར་ཡོངས་སུ་ལེགས་བསྒྲུབས་ཟིན་ཅིང༌།གཙུག་ལག་ཁང་གི་དབུས་སུ་རིའི་རྒྱལ་པོ་རི་རབ་ལ་དཔེ་བླངས་ཏེ་དབུ་རྩེ་ལྷ་ཁང་ཆེན་མོ་བཞེངས། སྟེང་གི་གཡས་གཡོན་དུ་ཉི་མ་ལྷ་ཁང་དང༌།ཟླ་བ་ལྷ་ཁང་བཞེངས།གླིང་བཞི་གླིང་ཕྲན་བརྒྱད་མཚོན་པའི་ཆེད་དུ་ཕྱོགས་བཞི་མཚམས་བརྒྱད་དུ་ལྷ་ཁང་བཅུ་གཉིས་བཞེངས།ཕྱོགས་བཞིར་མཆོད་རྟེན་བཞི་དང་ལྕགས་རིའི་སྟེང་དུ་མཆོད་རྟེན་ཆུང་ངུ་བརྒྱ་དང་བཅུ་མེད་བརྒྱད་བཞེངས།སྒོ་བཞིར་རྡོ་རིང་བཞི་བཙུགས་ཚུལ་ལོ་རྒྱུས་སུ་འཁོད་ཀྱང་དེང་སང་སྒོ་བཞིའི་རྡོ་རིང་མིང་གི་ལྷག་མར་གྱུར་ཟིན་ལ།རྡོ་རིང་འདི་ནི་བསམ་ཡས་གཙུག་ལག་ཁང་གི་དབུ་རྩེའི་མདུན་ངོས་སུ་བཙུགས་པའི་གནའ་བོའི་རྡོ་རིང་དེ་ཉིད་ཡིན།   ཚོགས་ཆེན་འདུ་ཁང་ནང་ན་ཀློང་ཆེན་རབ་འབྱམས་པའི་སྐུ་དང་སློབ་དཔོན་ཞི་བ་འཚོ།  གུ་རུ་གསུང་བྱོན་མ་དང་།  ཕུག་གི་རྟེན་གཙོ་བོ་ཇོ་བོ་བྱང་ཆུབ་ཆེན་པོ་རྡོ་སྐུ་རང་བྱོན་དང་།   རྗེ་བཙུན་མི་ལ་རས་པ།    རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བཞུགས་ཁྲི་    ཚོགས་ཆེན་འདུ་ཁང་གི་གཡས་ཕྱོགས་ན་བྱ་དཀར་བོ་ཞིག་ཡོད་ལ་འདི་ནི་བསམ་ཡས་དགོན་པ་མེ་ལ་ཤོར་སྐབས་གོ་གཉེར་ལ་བརྡ་གཏོང་མཁན་བྱ་དེ་ཡིན་པས་ཟམ་ཡས་ལ་ཡོང་ན་བྱ་དེ་ངེས་པར་མཇལ་དགོས་པའི་ལོ་རྒྱུས་ཡོད།  དེ་ནས་ཉི་མ་ལྷ་ཁང་དང་།   རྟ་མགྲིན་ལྷ་ཁང་།    སྒྲ་བསྒྱུར་གླིང་།   ལོ་ཆེན་བེ་རོ་ཙ་ནའི་ཕྱག་མཁར་བྱིན་ཅན།     མཆོད་རྟེན་དཀར་བོ་སྟེ་ངོ་མཚར་དཔལ་ཡོན་མཆོད་རྟེན་དང་།  བྱམས་པ་གླིང་དང་བསམ་གཏན་གླིང་།  མཆོད་རྟེན་ནག་པོ་ནི་མྱ་འདས་མཆོད་རྟེན་ཡིན།   དེ་ནས་སྣ་ཚོགས་གླིང་ །  སེམས་བསྐྱེད་གླིང་ །  མཆོད་རྟེན་སྔོན་པོ་ནི་ཆོས་འཁོར་མཆོད་རྟེན་ དང་།    གཞན་རྣམ་དག་ཁྲིམས་ལྡན་གླིང་།   སད་མི་བདུན་རབ་ཏུ་བྱུང་བའི་གནས་སམ་འདུ་ཁང་གི་ཐོག་མར་གྱུར་བ་སོགས་ཡོད་དོ།།     མཆོད་རྟེན་དམར་བོ་ནི་བདེ་བཤེགས་མཆོད་རྟེན་ཞིག་ཡིན་ནོ།།

དེ་ནས་རྡོ་རྗེ་བྲག་དགོན་པར་མཇལ་ཏེ་ད་ལྟའི་གནམ་གྲུའི་ཐང་ཤར་ཕྱོགས་ནས་བཞག་སྟེ་འགྲོ་དགོས་ལ་དེ་ནས་སྤྱི་ལེ་འགའི་མཚམས་སོང་ན་ལྕག་ལམ་ཆུ་བོ་རི་ཞེས་པ་ཞིག་ལ་ཐུག      འདི་ནས་ད་དུང་གཞིས་ཀ་རྩེ་ལ་སྤྱི་ལེ་ཉིས་བརྒྱ་ཡོད། དེ་ནས་ཡར་སོང་ན་་ཐོན་མི་འཁྲུངས་ས་ཐོན་པ་སྡེ་བ་ཞེས་པ་དེར་ཐུག་ལ་ལམ་འགྲམ་ན་ཐོན་མིའི་སྐུ་ཞིག་བཞེངས་ཡོད་གི་་ཡར་མར་ན་སྒོ་ཆེན་གཉིས་བཞེངས་ཡོད་པས་ངོས་འཛིན་སླ།   ཕལ་ཆེར་ས་འདི་སྙེ་མོ་རྫོང་གི་མངའ་འོག་ཡིན་ལས་ཆེ།

དེ་ནས་ས་སྐྱ་དགོན་པ་ནི་སྤྱི་ལོ་1073ལོར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་འདེབས་མཛད། འཁོན་ཞེས་པ་ནི་ནང་མ་རིག་པ་དང་རིག་པ་ཡེ་ཤེས་གཉིས་འཁོན་ནས་ཆད་པའི་གདུང་རྒྱུད་ལ་འཁོན་ཞེས་པ་དང་།  ཕྱིའི་འོད་གསལ་ལྷ་དང་སྲིན་པོ་གཉིས་འཁོན་ནས་ཆད་པས་ཡང་འཁོན་ཞེས་ཐོགས་པ་ཡིན་ནོ།  སྤྱིར་ས་སྐྱ་ཞེས་པའི་སྒྲ་བཤད་ནི་དགེ་ལེགས་ཡོན་ཏན་འབྱུང་བའི་ས།   སྡིག་པ་དྲི་མ་སྤངས་བའི་སྐྱ་ཡིན་པས་དེ་ལྟར་ཟེར་སྲོལ་ཡོད་དོ།  སའི་དབྱིབས་ནི་གླང་ཆེན་འཕྲེད་དུ་ཉལ་བ་ཞིག་ཡིན།  རྗེ་རིན་པོ་ཆེ་གདན་ས་འདིར་ཕེབས་ཏེ་ཕར་ཕྱིན་མཛད། རྗེ་རེད་མདའ་བའི་མདུན་དུ་མངོན་པ་ཀུན་བཏུས་སོགས་གསན་ས་ཡང་ཡིན། ད་ལྟ་གནའ་བོའི་རིག་གནས་སྤྱི་དང་རྟེན་རྙིང་མང་བོ་བཞུགས། ས་ཆེན་ཀུན་དགའ་སྙིང་བོ་ལོ་བཅུ་གཉིས་ཐོག་གི་ཞབས་རྗེས་དང་།    རྟེན་འགང་ཆེན་ཡོན་རྒྱལ་རབས་སྐབས་སུ་བཞེངས་པའི་ཐུབ་པའི་སྐུ་རྒྱབ་ལོགས་ན་སངས་རྒྱས་སྟོང་སྐུ་བཞུགས་པ་སོགས་དང་།  སྐུ་རྟེན་གཙོ་བོ་ཐུབ་དབང་འཛམ་གླིང་གཡས་བཞག    གསུང་རྟེན་པོ་ཏི་ལྕགས་ལུང་མ།   ཐུགས་རྟེན་མཆོད་ལྡོང་འཛམ་གླིང་འོད་གསལ།   ས་སྐྱ་པན་ཊི་ད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་པའི་སྐུ་ངོ་མཚར་ཅན།   སངས་རྒྱས་བཅོམ་ལྡན་འདས་མ་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་སྐབས་ཀྱི་དུང་གི་སྐྱེ་བའི་ཤུབས་དུང་དཀར་གཅིག་དང་། འདི་ནི་ཐོག་མར་སངས་རྒྱས་ཀཡིས་ཆོས་འཁོར་བསྐོར་དུས་ལྷ་དབང་རྒྱ་བྱིན་གྱིས་སངས་རྒྱས་ཉིད་ལ་འབུལ་ཅིང་།  ཕྱིས་སུ་རྒྱ་གར་རྒྱལ་བོས་རྒྱ་ནག་གོང་མ་ལ་འབྲེལ་འདྲིས་ཀྱི་ཆེད་དུ་ཞིས་ཨན་ནས་ཕུལ་བ་ཞིག་ཡིན་མོད།   རྗེས་སུ་ཧོར་གསེར་ཆེན་རྒྱལ་བོས་འགྲོ་མགོན་འཕགས་པར་དབང་ཡོན་ལ་དུང་འདི་ཕུལ་བ་ཡིན་ལ་འདི་ལ་ཐོས་གྲོལ་ཟེར་ཞིང་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་ལ་མཐོང་གྲོལ་ཟེར།    འདི་གཉིས་ལ་བོད་ཀྱི་ནོར་བུ་གཉིས་ཞེས་གྲགས།   དེ་མིན་གསེར་དངུལ་ཀྱིས་བྲིས་པའི་བཀའ་བསྟན་ཆོས་བརྩེགས་ལྕགས་རི་མ་ཡོད་ལ་ལོ་རེར་བཀའ་བསྟན་ཚར་རེ་ཀློག་གི་ཡོད་པར་གསུངས།  སངས་རྒྱས་ཀྱི་སྐུ་རྒྱ་གར་ཤར་བླུ་གཅིག་དང་སྒྲོལ་མ་གསུང་འབྱོན་མ་ ཚོགས་ཆེན་འདུ་ཁང་གི་ཕུག་ན་ཡོད།   གླང་ཆེན་མཆེ་བ་ དང་ཁྱུང་ཆེན་གྱི་སྡེར་མོ་སོགས ་ད་དུང་ནག་པོ་ཁྲག་འཛག་ཀ་བ་དང་གསེར་ཅན་ཀ་བ་འབྲོང་ཕོ་ཀ་བ་དང་སྟག་ཕོ་ཀ་བ་སོགས་ཀ་བ་རེ་རེ་ལ་ལོ་རྒྱུས་རེ་རེ་འདུག་ཀྱང་བྲིས་མེད།   གང་ལྟར་ལྷ་ཁང་འདི་ལ་སྤྲུལ་པའི་ལྷ་ཁང་ཆེན་མོ་ཞེས་གསོལ།     གཞན་དང་མི་འདྲ་ས་ཞིག་ནི་རི་དྭགས་ཆོས་འཁོར་གྱི་ཚབ་ཏུ་རྨ་བྱ་ཁ་སྤྲོད་བཞེངས་ཡོད་འདི་ནི་ཐབས་ཤེས་དང་ལམ་འབྲས་མཚོན་བྱེད་ཡིན་རབས་འདུག

ཚོགས་ཆེན་སྐས་གདང་ཞེ་གཅིག་ཅན་གྱི་ཐོག་ཁང་འཛེག་ཚེ་སྨོན་ལམ་ལོག་པས་སྲིན་མོའི་སྐྱེས་པ་བླངས་པ་དམ་ལ་བཏགས་པའི་སྲུང་མ་ཡང་ཡོད་དོ། ཚད་མ་རྣམ་འགྲེལ་རྒྱ་གར་གྱི་སྐད་དུ་ཕར་བསྒྱུར་ཡོད་པའི་གླེགས་བམ་གཅིག་ཡོད་ལ་བསྒྱུར་མཁན་ས་སྐྱ་པན་ཊི་ད་ཁོང་རེད།   དེ་བས་རྒྱ་བསྟན་བོད་ལ་བསྒྱུར་མཁན་མང་ན་ཡང་།།   བོད་ཆོས་རྒྱ་ལ་བསྒྱུར་མཁན་ས་སྐྱ་བ་ཞེས་གྲགས་པ་འདི་ལས་བྱུང་བ་ཡིན་ནོ།།    འགྲོ་མགོན་འཕགས་པས་གསེར་ཆེན་ལ་ཀན་སུའུ་བོ་བེའུ་གྱི་ལྷོ་དབང་གི་སྡེ་ནས་ཀྱེ་རྡོར་གྱི་དབང་གནང་སྐབས་ཀྱི་རྡོ་དྲིལ་བྱིན་ཅན།  ཁོང་ཀན་སུའུ་ལ་ཕེབས་སྐབས་ཀྱི་ཆིབས་སྒ་ཆ་ཚང་་དང་དབུ་ཞྭ་སོགས་ཡོད།   ཁོང་དགུང་ལོ་རེ་གསུམ་ཐོག་ཀན་སུའུ་ལ་ཕེབས་དགོས་པས་སློབ་མ་རྣམས་ཀྱིས་་ཞབས་བརྟན་ལ་བཞེངས་པའི་ཐུབ་པའི་སྐུ་ཞིག་ལོ་ངོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཟེར།   ཐུབ་དབང་དར་བླུ་མ་ཞེས་པ་ཞིག་འདུག་འདི་ཡོན་རྒྱལ་རབས་སྐབས་དར་ཞིག་འབུལ་བ་བཞེས་སོང་བས་དར་བླུ་མ་ཞེས་ཐོགས་འདིའི་སྔོན་བོད་ལ་ཁ་བཏགས་ཞེས་པ་དར་མེད་པས་འདི་ནས་བཟུང་དར་རབས་འདུག    ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཞིག་དང་།  ད་དུང་བོད་ཡུལ་འདིར་ཕྱག་རྗེས་མང་ན་ཡང་རི་མོ་དང་བཅས་པ་གསལ་ཡོད་པ་ཉུང་ཉུང་ཡིན་མོད་འགྲོ་མགོན་ཚང་གི་ཕྱག་རྗེས་རི་མོ་དང་བཅས་པ་བབས་ཡོད་པ་ཞིག་འདུག    ས་སྐྱའི་ངོ་མཚར་རྟེན་བཞི་ནི་འཇམ་དབྱངས་གཟི་འོད་འབར་བ་དང་།  འདི་ནི་ཕུར་བ་ལྷ་ཁང་གི་རྟེན་གཙོ་བོར་བཞུགས།   གཡུ་ཡི་སྒྲོལ་མ་སེམས་དཔའ་སུམ་རྩེག་འདི་ནི་བ་རི་ལོ་ཙཱ་བའི་ཞབས་གཡོག་སྒྲུབ་མཁན་བུ་མོ་ཆུང་ཆུང་ཞིག་ཆུ་ལེན་དུ་འགྲོ་སྐབས་ཁྱི་ཞིག་རྒྱུགས་པས་བུ་མོ་བྲོས་ཏེ་ཁོང་གི་སྐེའི་གཡུ་ཡི་སྒྲོལ་མ་ལ་འཐམ་པས་དེར་འཐིམས་སོང་བས་སྒྲོལ་མ་སེམས་དཔའ་སུམ་བརྩེགས་ཞེས་པ་ཡིན་ནོ།།   རྣམ་རྒྱལ་མཆོད་རྟེན་གསལ་བཤད་རྗེས་ན་ཡོད།   ཐུབ་སྐུ་འཛམ་གླིང་གཡས་བཞག་སོགས་ཡིན།

དཔལ་ས་སྐྱ་བའི་ཕྱིའི་ཕོ་བྲང་གི་མདོག་རིགས་གསུམ་མགོན་པོས་མཚོན་ལ་གཞན་ནི་མཁྱེན་བརྩེ་ནུས་གསུམ་གཞན་ཡུ་དམ་རྡོ་རྗེ་ཕུར་བའི་ཞལ་གསུམ་གྱི་མདོག་གིས་མཚོན་པར་གསུངས་ཚུལ་ཡོད་དོ།།

ཨ་མདོ་བླ་མ་གྲགས་པ་བཟང་བོའི་སྐུ་དམར་གདོང་ཕྱི་ལོག་གི་མཆོད་རྟེན་ཞིག་གི་ནང་དུ་བཞུགས་ཡོད།

ས་སྐྱའི་ཕར་རིའི་ངོས་ན་དགོན་འདི་ཐོག་མར་འཁོན་དཀོན་མཆོག་རྒྱལ་བོས་ཕྱག་འདེབས་མཛད་སའི་གནས་ཡོད་ལ་དེང་སང་འཇམ་དབྱངས་ཕུག་པ་ཞེས་པའི་སྒྲུབ་ཕུག་ཅིག་ཡོད་ལ་འདི་ནི་ས་ཆེན་ཀུན་དགའ་སྙིང་བོས་ཟླ་དྲུག་གི་རིང་ལ་རྗེ་བཙུན་འཇམ་དབྱངས་སྒྲུབ་སའི་བྲག་ཕུག་ཡིན་པས་དེ་ལྟར་གསོལ།     གཡོན་ཕྱོགས་ན་ས་སྐྱའི་སྒྲུབ་ཆུ་ཡོད་ལ་འདི་ནི་ཐོག་མར་རྡོ་རྗེ་ཕག་མོ་སྤྲུལ་པས་གནས་འདིར་འདུག་ཆོག་ཀྱང་ས་འདི་ན་འཐུང་ཆུ་མེད་པས་དེ་ཁག་པོ་འདུག་གསུངས་ཚེ།  ས་ཆེན་ཀུན་དགའ་སྙིང་བོས་དེ་སྐྱོན་ཆེར་མེད་ཁྱེད་ཚང་བཞུགས་ཏེ་ཆོས་བྱེད་ཐུབ་ན་ཆུ་འབྱུང་ནི་རེད་ཅེས་གསུངས་ཏེ་ཆུ་མིག་འདི་བརྡོལ་སོང་བ་རེད་ཅེས་བཤད་སྲོལ་ཡོད།     དེ་མིན་ས་ཆེན་ཀུན་དགའ་སྙིང་བོ་དང་།   ས་སྐྱ་ཀུན་དགའ་རྒྱལ་མཚན།  རྗེ་བཙུན་བསོད་ནམས་རྩེ་མོ།  རྗེ་བཙུན་གྲགས་པ་རྒྱལ་མཚན།   བཀྲ་ཤིས་གྲགས་པ་རྒྱལ་མཚན་སོགས་ཀྱི་སྐུ་གདུང་མཆོད་རྟེན་བཞེངས་ཡོད་ལ།    འོག་ན་རྣམ་རྒྱལ་མཆོད་རྟེན་ཞིག་ཡོད་ལ་འདི་ནི་ས་སྐྱའི་ངོ་མཚར་རྟེན་བཞིའི་ཡ་གྱལ་ཡིན་ལ་རྟེན་འདི་ནི་ས་ཆེན་ཀུན་དགའ་སྙིང་བོའི་བླ་མ་བ་སྐད་གཉིས་སྨྲ་བའི་དབང་བོ་བ་རི་ལོ་ཙཱ་བས་རྒྱ་གར་ནས་བྱང་ཆུབ་ལོ་མ་སོགས་དེ་བཞིན་གཤེགས་པ་དང་པཎ་གྲུབ་དུ་མའི་རིང་བསྲེལ་དང་སངས་རྒྱས་འོད་སྲུང་གི་རྣམ་སྦྱར་སོགས་རྟེན་རྫས་མང་བོ་དྲངས་ཏེ་རྟེན་འདི་བཞེངས་པ་ཞིག་ཡིན་ལ་རིག་གནས་གསར་བརྗེའི་གོད་ཆག་གི་སྐབས་ཕྱིའི་བཀོད་པ་ལ་ཉམས་ཆག་བྱུང་ཡང་ནང་གི་གཟུངས་གཞུགས་ལ་གནོད་ཅི་ཡང་ཐུབ་མེད་པས་ཉམས་གསོ་སྐབས་ངོ་མཚར་བའི་གཟི་འོད་དང་བཅས་ས་འོག་ནས་འཁྲུངས་པའི་ལོ་རྒྱུས་ཡ་མཚན་ཡོད་དོ།།

ས་སྐྱའི་ལམ་འབྲས་ཀྱི་གདམས་ངག་གི་སྙིང་བོ་ནི་ཞེན་པ་བཞི་གྲུབ་ཟེར་ལ་དེ་དག་ནི།   ཚེ་འདི་ལ་ཞེན་ན་ཆོས་པ་མིན།  འཁོར་བར་ཞེན་ན་ངེས་འབྱུང་མིན།  ཟློག་དོན་ལ་ཞེན་ན་བྱང་སེམས་མིན།  འཛུམ་པ་བྱུང་ན་ལྟ་བ་མིན།   ཞེས་ས་སྐྱ་གོང་མ་དག་གི་ཉན་བརྒྱུད་ཀྱི་གདམས་པ་ཡིན་ནོ།།

དེ་ནས་མར་འོང་སྟེ་ས་སྐྱ་དགོན་པའི་དགོན་ལྷག་གདོང་དགའ་ཆོས་སྡེ་ནི་སྤྱི་ལོ་1337ལོར་ས་སྐྱའི་གྲུབ་ཆེན་བདེ་ལེགས་བཟང་བས་ཕྱག་འདེབས་མཛད་ལ་དགོན་འདིའི་འདུ་ཁང་གི་ཐོག་ཁང་ནང་ན་སྲིན་པོ་ཞིག་དམ་ལ་བཏགས་འདུག་དེ་ནི་ས་སྐྱ་གོང་མའི་སྐབས་ཤོར་ཟིན་པ་གནས་འདིར་བསྐྱར་དུ་བཏགས་པ་ཞིག་ཡིན་རབས་འདུག་ཀྱང་གསལ་ཁ་ཆེར་མེད།

དེ་ནས་ཕྱིར་ལམ་དེད་ན་སྣར་ཐང་དགོན་པར་ཐུག་ལ་དེ་ནི་སྤྱི་ལོ་1153ལོར་སྣར་ཐང་གདན་རབས་དང་བོ་དགེ་བཤེས་ཤ་ར་བའི་དངོས་སློབ་གཏུམ་སྟོན་བློ་གྲོས་གྲགས་པས་ཕྱག་འདེབས་མཛད། རྗེ་རིན་པོ་ཆེ་འདིར་ཕེབས་ནས་བླ་མ་ལོ་ཙཱ་བ་དོན་བཟང་བ་ལས་མངོན་པ་དང་རྣམ་འགྲེལ་གསན་ལ། དབྱར་ཆོས་སྟེང་སྣར་ཐང་དུ་རྣམ་འགྲེལ་དང་། མངོན་པ་གོང་འོག ་འདུལ་བ་མདོ་རྩ་བཅས་དཀའ་ཆེན་བཞིའི་གྲྭ་སྐོར་མཛད། ད་ལྟ་དགེ་འདུན་པ་དྲུག་ཅུ་ལྷག་བཞུགས།      རྟེན་གཙོ་བོ་ནི་རྒྱ་གར་ནས་གནང་བའི་ཐུབ་སྐུ་ཞིག་འདུག་པ་དེ་བྱེད་གི་ཡོད་པ་རེད་ཟེར།   སྣར་ཐང་ཞེས་འདོགས་དོན་ནི།   མཉམ་མེད་ཇོ་བོ་རྗེ་དཔལ་ཨ་ཏི་ཤ་སྤྱི་ལོ1043ལོར་ཕར་རིའི་ོས་བརྒྱུད་དེ་ཕེབས་སྐབས་ལ་ཁོང་གིས་གཟིགས་ཏེ་ས་འདི་ནི་གླང་ཆེན་གྱི་སྣ་མར་ལ་དཔྱངས་པ་དང་འདྲ་བའི་ཐང་ཞིག་དང་བྲག་རྡོག་པོ་ཞིག་འདུག་ཁོང་གི་གཉེན་ཉེ་མངགས་ཏེ་ལྟས་ཚེ་བྲག་ཅིག་ལ་གསེར་སྦྲང་བཅུ་དྲུག་བསྐོར་བ་རྒྱག་གིན་འདུག་གཞན་ཅང་མེད་པར་ཞུས་དུས།  ཁོང་གིས་ཁྱོད་ཀྱི་སྣང་བ་མ་དག་རེད་སྦྲང་མ་བཅུ་དྲུག་ནི་གནས་བརྟན་བཅུ་དྲུག་རེད་མ་འོངས་པ་ན་གནས་འདི་ནི་གནས་བརྟན་བཅུ་དྲུག་གི་གདན་སར་འགྱུར་རྒྱུ་རེད་ཅེས་ལུང་བསྟན་ཡོད་པས་དགོན་འདི་ལ་སྣར་ཐང་དགོན་ཞེས་ཐོགས།     སྔོན་ཆད་དཔར་ཤིང་ཁྲི་ལྷག་བཞུགས་མྱོང་།  གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་དང་།   བཅུ་གཉིས་པ་མཆིམས་བློ་བཟང་གྲགས་ཡིན།   སྣར་ཐང་གདན་རབས་བརྒྱད་པ་བཅོམ་ལྡན་རིག་རལ་གྱི་བླ་མའི་ཞབས་རྗེས་ཡོད་ཁོང་གིས་ཉི་མ་མིག་གིས་མ་མཐོང་བར་ལོ་བཅུ་གཉིས་ལ་སྒྲུབ་པ་མཛད་པའི་སྒྲུབ་རྟགས་ལ་ཞབས་རྗེས་འདི་དག་བྱུང་བ་ཡིན།   དགོན་འདིའི་མཐའ་འཁོར་གྱི་ལྕགས་རི་ཆེན་པོ་འདི་མཆིམས་བློ་བཟང་གྲགས་ཀྱིས་སྤྲུལ་པའི་འབྲོང་གཉིས་སོགས་བཀོལ་ཏེ་བཞེངས་པ་ཞིག་ཡིན་ལ་འབྲོང་གཉིས་ཀྱི་རྭ་དང་རྨུག་པ་ད་དུང་འདུ་ཁང་ནང་ན་མཇལ་རྒྱུ་ཡོད།           དགོན་འདི་ནི་བཀྲ་ཤིས་ལྷུན་པོའི་མ་དགོན་ཡིན་རབས་འདུག་རྗེ་རིན་པོ་ཆེའི་སྐུ་སྐབས་ལ་ཅུང་ཉམས་པ་བྱུང་ཡང་རྗེསུ་པཎ་ཆེན་སྐུ་ཕྲེང་ལྔ་བ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐབས་སུ་དར་རྒྱས་སུ་སོང་།  དགེ་འདུན་པ་ཁྲི་འདུས་ཀྱང་རྒྱུན་པར་དགེ་འདུན་པ་སུམ་སྟོང་ཡས་མས་བཞུགས་རབས་འདུག      རྗེ་དགེ་འདུན་གྲུབ་གྱི་འཁྲུངས་ཡུལ་ཀྱང་ས་འདི་དང་།   ཁོང་ཐོག་མ་དགོན་འདིའི་གྲྭ་རྒྱུན་ཡིན་ལ་ཁོང་གི་ཕྱག་བྲིས་མ་ཎི་སོགས་ད་ལྟ་མཇལ་རྒྱུ་ཡོད།   ཁོང་གི་བླ་མ་རྗེ་ཤེས་རབ་སེང་གེ་དང་།  འདུལ་ནག་པ་དཔལ་ལྡན་བཟང་བོ་ཡང་གདན་ས་འདིའི་གྲྭ་རྒྱུན་ཡིན་ནོ།   སངས་རྒྱས་གླིང་ཆེན་སྐྱེས་པ་བཞེས་སྐབས་ཀྱི་མཆེ་བ་སོགས་དེ་མིན་བཅོམ་ལྡན་རིག་པའི་རལ་གྲིས་སྟོད་མངའ་རི་ནས་བར་དབུས་གཙང་བར་གྱི་བསྟན་བཅོས་བོད་ཡིག་ཏུ་བསྒྱུར་བ་ཐམས་ཅད་སྣར་ཐང་འདི་རུ་བཞུགས་པར་གསུངས་པ་སོགས་ངོ་མཚར་བ་སྣ་ཚོགས་ཡོད་དོ།།

གཙང་བཀྲ་ཤིས་ལྷུན་པོའི་དགོན་ནི་དབུས་གཙང་དུ་ཡོད་པའི་དགེ་ལུགས་པའི་གདན་ས་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན། གཞིས་ཀ་རྩེའི་གྲོང་ཁྱེར་དང་འདབས་འབྲེལ་ཡོད་པ་ལྟ་བུར་ཡིན། རབ་བྱུང་བརྒྱད་པའི་མེ་ཡོས་ཕྱི་ལོ་ 1447ལོར་རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱིས་ཐོག་མར་ཕྱག་བཏབ། དགོན་མིང་ཆ་ཚང་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཞེས་ཟེར།   གཙུག་ལག་ཁང་ལྟེ་བའི་སྦུག་གི་གཙང་ཁང་ཀ་བ་དྲུག་དང་འདུ་ཁང་ཀ་བ་བཞི་བཅུ་ཞེ་བརྒྱད། གཟིམས་ཁང་རྒྱལ་མཚན་མཐོན་པོ་ཀ་བ་ཉི་ཤུ་རྩ་བཞིའི་རྒྱ་ཁྱོན་བཅས་ཡོད་ལ།     རྟེན་གཙོ་བོ་ཐུབ་དབང་བདུད་འདུལ་མའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གསར་བཞེངས་མང་ལ།

བྱམས་ཁང་ཆེན་མོ་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོ་མཆོག་གིས་རབ་བྱུང་ནཅོ་ལྔ་བའི་ཤིང་སྟག་ལོར་གསར་བཞེངས་གནང་བ་དང་།   ལྷ་ཁང་འདིའི་མཐོ་ཚད་ལ་ཐོག་བརྩེགས་བདུན་ཙམ་དང་།  རྒྱལ་བ་བྱམས་པ་མགོན་པོའི་སྣང་བརྙན་གྱི་མཐོ་ཚད་ལ་སྤྱི་ཁྲེ་26、2ཡོད་ལ།  པདྨའི་བཞུགས་ཁྲིའི་མཐོ་ཚད་ལ་སྤྱི་ཁྲེ 3、8 གསེར་རྒྱ་མ་279དང་ཟངས་སྤྱི་རྒྱ་ཁྲི23དེ་བཞིན་དུ་གཟི་དང་གཡུ་བྱུ་རུ་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲས་རྒྱན་ཡོད།   རྒྱལ་བ་བྱམས་པའི་སྣང་བརྙན་འདི་ནི་འཛམ་གླིང་ཐོག་གསེར་ཟངས་ལས་གྲུབ་པའི་སྣང་བརྙན་མཐོ་ཤོས་ཞིག་ཡིན་ལ་དད་ལྡན་རནམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཡོད་དོ།།

པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོའི་གསེར་སྡོང་སྲིད་གསུམ་རྣམ་རྒྱལ་མཆོད་སྡོང་ལྷ་ཁང་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོར་གསར་བཞེངས་གནང་བ་ཞིག་དང་།  ལྷ་ཁང་འདིའི་ནང་ལྷ་བབས་མཆོད་རྟེན་གྱི་མཐོ་ཚད་ལ་11、55ལས་གྲུབ་ཅིང་དེའི་ནང་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་སྐུ་གདུང་ཟ་མ་ཏོག་རིལ་བོར་བཞུགས་ཡོད་དོ།།

མཆོད་ཁང་དཀྱིལ་ལྷ་ཁང་ནང་ན་པཎ་ཆེན་སྐུ་ཕྲེང་བཞིབ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་སྐུ་གདུང་ཟ་མ་ཏོག་རིལ་བོར་བཞུགས་ཡོད་ལ་འདི་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་གསར་དུ་བཞེངས་ལ་ལྷ་ཁང་འདིའི་ནང་གི་ལྷ་བབས་མཆོད་རྟེན་མཐོ་ཚད་ལ་ཁྲེ་ཙེ་11ལྷག་ཙམ་ཡོད་དོ།།

དེ་ནས་མཆོད་ཁང་ཤར་པཎ་ཆེན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་ཡོད་ལ་འདི་ནི་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་87ལོར་མགོ་ཚུགས་ཏེ་89ལོར་མཇུག་སྒྲིལ་པ་ཞིག་ཡིན་འདིའི་ནང་བཞུགས་པའི་སྐུ་གདུང་ནི་པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་ཡིན་ནོ།།

འདིར་ཡོད་པའི་རྡོ་རྣམས་སྨན་རྡོ་ཏག་ཏག་ཡིན་ལ་ཚང་མ་གཏེར་ཁ་ནས་ལངས་པ་ཤ་སྟག་རེད་ཅེ་བཤད་ལ།    ལྷག་པར་དུ་ཆོས་རྭའི་ནང་གི་རྡོ་རྣམས་མུ་ཏིག་ལས་གྲུབ་པར་སྣང་ལ་རྒྱལ་བ་དགེ་འདུན་གྲུབ་གྱིས་དངོས་སུ་གཏེར་ལས་ལངས་པ་ཡིན་ལ་འདི་དག་གིས་ནད་གྲོལ་བ་སོགས་ཀྱི་འགསུངས་རྒྱུན་སྣ་ཚོགས་ཡོད།

དགོན་འདིའི་འཆད་ཉན་ནི་རྒྱུན་དུ་གཞུང་ཆེན་པོ་ལྔའི་འཆད་ཉན་སློབ་ཁྲིད་གཙོར་འདོན་མཛད་པར་བརྟེན་དངོས་སློབ་མཁས་པའི་དབང་པོ་བཅུ་ཕྲག་གསུམ་ལྷག་ཙམ་དང་གྲྭ་ཚོགས་ཀྱང་ཐོག་མར་ཞལ་གྲངས་བརྒྱ་དང་བཅུ་སྐོར་ལས་མེད་ཀྱང༌། སྐུ་ཚེའི་སྨད་དུ་གྲྭ་གྲངས་ཆིག་སྟོང་དྲུག་བརྒྱ་ཙམ་དུ་འཕེལ་ཞིང༌། ཞལ་སློབ་མཁས་པའི་དབང་པོ་རྣམས་ཀྱིས་ཟུར་ཆོས་སློབ་དཔོན་མཛད་པ་ལས་ཐོག་མར་གྲྭ་ཚང་གསུམ་དང་རྗེས་སུ་རྒྱུད་པ་གྲྭ་ཚང་བཅས་གྲྭ་ཚང་བཞི། མི་ཚན་ཉི་ཤུ་རྩ་བདུན་ཡོད་པ་སོགས་ཀྱི་ལོ་རྒྱུས་ཡོད་དོ།།

དེ་ནས་ཞ་ལུ་དགོན་པ་ནི་སྤྱི་ལོ་1003ལོར་རྗེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་འདེབས་མཛད། རྗེ་རིན་པོ་ཆེ་དགུང་ལོ་བཅུ་དགུའི་ཐོག་ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ་བའི་དྲུང་དུ་བདེ་མཆོག་མེེེཻ་ཏྲི་བཅུ་གསུམ་མའི་དབང་གསན་ས་ཡིན། རྟེན་གཙོ་ཇོ་བོ་ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་ཡིན་ཟེར། ད་ལྟ་དགེ་འདུན་པ་བརྒྱ་ལྷག་བཞུགས་ཡོད།   གཞིས་ཀ་རྩེ་ནས་འདིས་བར་སྤྱི་ལེ་ཉི་ཤུ་ལྷག་འདུག་ཞ་ལུ་དགོན་གྱི་རྟེན་འགང་ཆེན་རྒྱལ་བ་རིགས་ལྔ་དང་མ་ཎི་རང་གྲུབ་ མཆོད་རྟེན་རང་གྲུབ་ སྤྱན་རས་གཟིགས་རང་བྱོན་ རྡོར་སེམས་གསུང་འབྱོན་མ་ ཞ་ལི་ལོ་ཙ་བ་ཆོས་སྐྱོང་བཟང་བོའི་གསེར་སྐུ་སོགས་དང་སྟོན་པ་ཐུབ་པའི་དབང་བོ་གྲོང་ཁྱེར་ལ་སོ་ནམ་ཕེབས་པའི་སྣང་བརྙན་ཐུབ་དབང་གྲོང་ཁྱེར་མ་ཞེས་པ་སོོགས་མཇལ་རྒྱུ་ཡོད།

ཞ་ལུ་དགོན་ནས་རྒྱལ་རྩེ་ལ་སོང་ན་སྤྱི་ལེ་བརྒྱད་ཅུ་ཡོད་དོ།།

རྒྱལ་རྩེའི་ཚོགས་ཆེན་འདུ་ཁང་ནང་ན་ཇོ་བོ་བྱང་ཆུབ་ཆེན་པོ་དང་སངས་མར་མེ་མཛད། རྗེ་བཙུན་བྱམས་མགོན་སོགས་དང་ཐོག་ཁང་ནང་དུ་སྒྲོལ་མ་གསུང་འབྱོན་མ་སོགས་བཞུགས་ཡོད།     རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་བང་རིམ་དང་བོར་སྟོན་པ་གཙོ་འཁོར་གསུམ་གཙོ་བས་བཞུགས།   གཡས་ཀྱི་དང་བོ་འོད་ཟེར་ལྷ་ཁང་ ༢འབྱུང་གདུལ་ལྷ་ཁང་ ༣དག་བྱེད་ལྷ་ཁང་༤བཟློག་བྱེད་ལྷ་ཁང་། ༥བདེ་བ་ཅན་ལྷ་ཁང་།༦ལོ་གྱོན་མའི་ལྷ་ཁང་། ༧རྟ་མགྲིན་ལྷ་ཁང་། ༨མི་གཡོ་བའི་ལྷ་ཁང་། དེ་ནས་གཟའ་ཡམ་དང་མར་མེ་མཛད་ནོར་རྒྱུན་མ་མགོན་པོ་སྟག་གཞོན་ རྒྱལ་མཚན་རྩེ་མོ་དགའ་ལྡན་རྣམ་སྲས་རྩ་ཆེའི་མགོན་ཁང་རྣམ་རྒྱལ་ལྷ་ཁང་བཅས་ཀྱིས་བསྐོར།

བང་རིམ་གཉིས་པ་དང་བང་རིམ་གསུམ་པ་བང་རིམ་བཞི་བ་བང་རིམ་ལྔ་བ་སོགས་ལ་མཇལ་རྒྱུ་མང་ཡང་འདིིར་བཀོད་མེད་དོ།།

དགོན་པའི་ཐང་ན་རྒྱལ་རྩེའི་དཔའ་བོ་དྲན་གསོའི་རྡོ་རིང་ཞིག་ཀྱང་བཞེངས་ཡོད་ཡོད་འདི་ནི་རྒྱལ་རྩེའི་མི་དམགས་ཀྱིས་དབྱིན་འགོག་བྱས་རྗེས་བཞེངས་ལ།

སྤྱི་ལོ1903ལོའི་ཟླ་12བར་བྱིན་ཇིས་མཐའ་མཚམས་ལ་ཁ་གྱར་ཏེ་དབྱིན་དམག་ཆིག་སྟོང་ལྷག་གྲོ་མོ་ནས་འཛུལ་ཏེ་རྒྱལ་རྩེ་དགྲ་དམག་གི་ལག་ཏུ་ཤོར་སྐབས་དཔའ་ངར་ལྡན་པའི་རྒྱལ་རྩེའི་མི་དམངས་ཀྱིས་བོད་མདའ་དང་།  རྫས་མགྱོགས་།   གྲི་མདུང་།   འུར་རྡོ་སོགས་ཀྱིས་འགོག་རྒོལ་དྲག་པོ་བྱས་ཏེ་ཁྱོད་ཤི་ང་གསོན་གྱིས་དམག་འཐབ་བྱས་མཐར་རྫས་མདེལ་སོགས་ཀྱི་འོག་ནས་ཁོ་ཚོ་ལ་མ་དོ་བས་དཔའ་བོ་མང་བོའི་སྲོག་ཤོར་ཞིང་ལྷག་ལུས་རྣམས་ཤི་ཡང་མགོ་མི་སྒུར་ཞེས་གཡང་གཟར་ནས་མཆོངས་ཏེ་རང་སྲོག་བློས་བཏང་བའི་རྡོ་རིང་ཞིག་ཡིན།

དེ་ནས་མར་འོང་ན་་གནས་ཆེན་ཁམས་བཟང་གི་གངས་རིའི་འདབ་རོལ་བརྒྱུད་དེ་ཡར་འབྲོག་གཡུ་མཚོ་དང་གཙང་གམ་པ་ལའི་རི་ལ་འཛེག་ནས་ཆུ་ཤུལ་རྫོང་ཁོངས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་བ་ཆེན་མོས་ཕྱག་གཏབ་པའི་ཆོས་འཁོར་ཡངས་རྩེ་དགོན་ཞེས་པ་ཡོད་དོ།།

དེ་ནས་སྙེ་ཐང་སྒྲོལ་མ་ལྷ་ཁང་ལ་འགྲོ་དགོས་ལ་འདི་ཆུ་ཤུར་རྫོང་དུ་སུང་རྒྱལ་རབས་ཀྱི་སྐབས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཕྱག་བཏབ་ལ་ནང་དུ་ཁོང་གི་ཐུགས་རྟེན་སྒྲོལ་མའི་སྐུ་བརྙན་བཞུགས་པས་སྒྲོལ་མ་ལྷ་ཁང་ཞེས་མཚན་ཐོགས།   སྙེ་ཐང་ཞེས་པ་ནི་ཇོ་བོ་རྗེ་གནས་འདིར་ཕེབས་སྐབས་སྟོན་འབྲས་སྙེ་མས་ཁེངས་པའི་ཐང་ཞིག་གཟིགས་སྟབས་སྙེ་ཐང་ཞེས་པ་གཅིག་དང་།   ཡང་ན་  སྐུ་མཉེལ་བོ་བྱུང་སྟབས་མཉེལ་ཐང་ཞེས་པ་གསུང་ཚུལ་མི་འདྲ་བ་གཉིས་ཡོད་དོ།།    འདིའི་རྟེན་གཙོ་བོ་སྒྲོལ་མ་གསུང་འབྱོན་མ་དང་། གཞན་རྣམ་རྒྱལ་མཆོད་རྟེན་དང་།   ན་རོ་བའི་བཀའ་གསམས་མཆོད་རྟེན།   ཇོ་བོ་རྗེ་ང་འདྲ་མ།  བྱེ་མའི་ཁྲི།    དགེ་འདུན་པའི་གཡོ་བྱད་ཆ་ཚང་བཅུ་གསུམ་བཞུགས་པའི་མཆོད་རྟེན།   འབྲོམ་སྟོན་པའི་ན་བཟའ་བཞུགས་པའི་མཆོད་རྟེན།   རྒྱལ་དབང་གི་གཟིམ་ཤག་དང་བཞུགས་ཁྲི་སོགས་ཡོད་དོ།།     མདུན་དུ་གོམ་པ་ཉིས་བརྒྱ་ལྷག་སོང་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་གདུང་མཆོད་རྟེན་དང་རྗེ་རིན་པོ་ཆེའི་བླ་མ་བསོད་ནམས་རྒྱལ་མཚན་ཚང་གི་སྐུ་གདུང་མཆོད་རྟེན་གཉིས་ཡོད།

འདི་ནས་ཡར་སྤྱི་ལེ་གཉིས་ཙམ་སོང་ར་སྟོད་དགོན་པ་ཡོད་ལ།   དགོན་འདི་ནི་རབ་བྱུང་གསུམ་པའི་ཤིང་གླང་ལོར་རྒྱ་འཆིང་རུ་བ་ཟེར་བས་བཏབ་པའི་དགོན་རྙིང་འདི་སྐབས་དེའི་དབུས་གཙང་གདན་ས་ཆེན་པོ་དྲུག་གི་གྲས་ཤིག་ཏུ་གྲགས་ཤིང་། རྔོག་ལོ་བློ་ལྡན་ཤེས་རབ་ཀྱིས་གདན་ས་མཛད། ཕྱིས་མཚན་ཉིད་རིག་པ་བསྡུས་ཚད་ཀྱི་རྩོད་གྲྭ་ཞིག་ཏུ་གྱུར།  འདི་ལ་ར་སྟོད་བདེ་བ་ཅན་ཡང་ཟེར།   ཚོགས་ཆེན་འདུ་ཁང་གི་ཕུག་ན་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་བསྙེན་རྫོགས་ཀྱི་ཐུབ་སྐུ་ཞིག་དང་རྗེ་རིན་པོ་ཆེའི་བཞུགས་ཁྲི་ཡོད་ལ་ཁོང་གིས་གནས་འདི་རུ་ལེགས་བཤད་གསེར་ཕྲེང་གི་མཇུག་ལྗགས་རྩོམ་གནང་ས་ཡང་འདི་ཡིན་ནོ།།

དགོན་འདིའི་མདུན་རིའི་ངོས་ན་རྗེའི་བླ་མ་བསོད་ནམས་རྒྱལ་མཚན་བཞུགས་སའི་གནས་ཤིག་ཀྱང་ཡོད་རབས་གསུང་སོང་།  ཐང་ན་བོད་ལྗོངས་ནང་བསྟན་སློབ་གླིང་ཡོད་དོ།།

དེ་ནས་རྭ་སྒྲེང་དགོན་ལ་སོང་ན་དགའ་ལྡན་དགོན་པའི་འདབ་རོལ་བརྒྱུད་དེ་མར་གྲོང་གོང་དཀར་རྫོང་གཡོན་ཏུ་བཞག་སྟེ་

སེ་ལི་རྒོད་ཚང་གཡས་སུ་བསྐྱུར་ནས་སྟག་ལུང་དགོན་དུ་སོང་ན་བདེ། དགོན་ནང་ན་སྟག་ལུང་མ་ཞབས་རྩེ་གསུམ་གྱི་སྐུ་བཞེངས་ཡོད་ལ་དེ་དག་ནི་སྟག་ལུང་མ་རིན་པོ་ཆེ་དང་། ཞབས་དྲུང་རིན་པོ་ཆེ། རྩེ་སྤྲུལ་རིན་པོ་ཆེ་བརྟན་པ་བཀྲ་ཤིས་གསུམ་ཡིན།      རྩེ་སྤྲུལ་ཚང་གི་སྐུ་མར་གདུང་ཡང་འདུ་ཁང་ཅུང་ཆེ་བ་ཞིག་ཏུ་བཞུགས་ཡོད་ལ་ཁོང་དགོན་དེའི་དགོན་བདག་རེད་ཟེར།      རྟེན་གཙོ་བོ་ནི་རྒྱལ་བ་མི་འཁྲུག་པ་ཡིན་གསུངས། སྟག་ལུང་མ་རིན་པོ་ཆེས་རྒྱལ་ཁབ་ལ་ངོ་རྒོལ་བྱས་པས་དགོན་འདི་ནི་ད་དུང་ཉེས་ཅན་གྱི་གྲས་ན་ཡོད་སྐད་ཐོས། ཕྱིར་ལམ་སེ་ལི་རྒོད་ཚང་དུ་མཇལ། གནས་འདི་རུ་ ཚོང་དཔོན་ནོར་བུའི་མདའ་གཉིས་ཡོད་ལ་མདའ་གཅིག་རྒྱ་ནག་དར་རྩེ་མདོོ་ནས་བྱ་རྒོད་གཅིག་གིས་ཁུར་འོང་བར་བཤད། ཧ་ཅང་བགྲོད་པར་དཀའ་བའི་བྲག་གཟར་འཛེག་ན་སྟག་ལུང་ཐང་བ་རིན་པོ་ཆེའི་སྒྲུབ་ཁང་དང་ཁོང་གི་ཞབས་རྗེས་སྒྲོལ་མ་ལྷ་ཁང་དང་ཐང་བ་ཚང་མཚམས་ཁང་མཚམས་ཐོའི་རྡོ་ཕ་བོང་བཅས་ཡོད་ལ་ཆེའི་མཐོ་སའི་རི་རྐེད་ཀྱི་ལྷ་ཁང་ནང་དུ་ཚོང་དཔོན་ནོར་བཟང་གི་མདའ་མི་འདྲ་བ་གཉིས་ཡོད་ལ་སངས་རྒྱས་ཆོས་སྐུ་ཡར་བྱོན་གཙོ་སྐུ་བཞུགས་ཡོད།

རྭ་སྒྲེང་དགོན་པ་ནི་རྗེ་རིན་པོ་ཆེ་དགུང་ལོ་46ཐོག་ལམ་རིམ་ཆེན་མོ་གསུང་སའམ་བཀའ་གདམས་ཆོས་ལུགས་ཀྱི་དགོན་པ་དང་པོ། རབ་བྱུང་དང་པོའི་མེ་བྱ་ལོར་འབྲོམ་སྟོན་པས་བཏབ། རབ་བྱུང་བཅུ་གཉིས་པའི་ས་རྟ་ལོར་རྒྱལ་དབང་བདུན་པས་རང་གི་དགེ་རྒན་དགའ་ལྡན་ཁྲི་པ་ངག་དབང་མཆོག་ལྡན་དགོན་བདག་ཏུ་མངའ་གསོལ། དེ་ནས་བཟུང་ཁོང་གི་སྐུ་ཕྲེང་ཚང་མར་རྭ་སྒྲེང་སྤྲུལ་སྐུ་ཞེས་པའི་མཚན་ཐོགས། དགོན་འདིར་ཇོ་བོ་འཇམ་དཔལ་རྡོ་རྗེ་བཞུགས་ཡོད་ལ། རྒྱབ་རིའི་ངོས་ཀྱི་ཤུག་སྡོང་ཚང་ཚིང་གིས་བསྐོར་བའི་དབུས་སུ་རྗེ་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་མོ་ཕྱག་བྲིས་མཛད་ས་དང་འཆད་ཁྲིད་གནང་སའི་ལྷིང་འཇགས་ཀྱི་གནས་ཁྱད་པར་ཅན་སོགས་ཡོད་དོ།།

སྨྲས་པ།

བརྩེ་བས་ཞག་སྒྲོན་རྐང་གཅིག་སྦར་བའི་མཐུས།།

མ་རིག་མདུན་གྱི་མུན་ཙམ་སེལ་འདོད་ཅིང་།།

གནས་ཡིག་ཕྱོགས་སྟོན་ཙམ་ཞིག་འཁྱུག་པ་འདིས།།

དད་ལྡན་གསར་མཇལ་འདོད་བློ་ཚིམས་གྱུར་ཅིག།།

སྟོན་པ་བླ་ན་མེད་པའི་བསྟན་པ་དང་།།

མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས།།

དགེ་བ་འདི་ཡང་འགྲོ་བ་མ་ལུས་པ།།

བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ།།

དབུས་གཙང་ཕྱོགས་ན་འདི་ལས་གཞན་གནས་ཁམས་ཆེན་མེད་སོང་བ་དང་འདིར་བཀོད་པའི་དགོན་པ་རེ་རེའི་ནང་ན་ལྷ་སྐུ་མཆོད་གསུམ་ཡང་འདི་མ་གཏོགས་བཞུགས་མེད་པ་ཡེ་ནས་མ་ཡིན་པར་གཙོ་བོའམ་ཡང་ན་རགས་ཙམ་བཀོད་པ་ལས་རྒྱ་ཆེར་དང་ཡོངས་རྫོགས་ནི་ཕྲན་གྱི་བློ་མིག་དོག་པོར་མི་ཤོང་བས་འདི་ཙམ་གྱིས་དགོས་མཁོ་ཆེ་བ་དག་ལ་ཕན་པར་འགྱུར་འདོད་ནས་དངོས་ཟིན་ཙམ་འདིར་བྲིས་པ་ལགསོ།།
ཡོང་ཁུངས། བཀྲ་ཤིས་འཕྲིན་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།