༄༅།།རོལ་མོའི་བསྟན་བཅོས་ཞེས་བྱ་བ་བཞུགས་སོ། །

༄༅།།རོལ་མོའི་བསྟན་བཅོས་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན།

ལེའུ་དང་པོ།

 

༄༅།།བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམས་ཀྱི་གསུང་གི་རྣམ་འཕྲུལ་ལས། །བྱུང་བའི་རྡོ་རྗེ་དབྱངས་ཅན་ལ་བཏུད་ནས། །རོལ་མོའི་སྦྱོར་བས་གཞན་ལ་ཕན་པ་ཡི། །དྲི་མེད་གཞུང་འདི་བདག་གིས་བཤད་པར་བྱ། །དད་ལྡན་རྣམས་ཀྱི་མཆོད་པ་དང་། །བཀྲེན་པ་རྣམས་ཀྱི་འཚོ་བ་དང་། །ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ། །དེ་ཀུན་རོལ་མོ་མཁས་ལས་འབྱུང་། །བློ་ངན་གཟུགས་ཀྱིས་ཕོངས་པའང་རུང་། །རིགས་ངན་ནོར་དང་བྲལ་ཡང་བླ། །རོལ་མོའི་ཆ་ལ་མཁས་གྱུར་ན། །ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས། །གང་ན་ཐོད་དང་སྐྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། ། དེས་ན་རོལ་མོ་བསྔགས་པ་ཡིན། ། འགའ་ཞིག་འགའ་ལ་མི་མཛེས་ཤིང་། ། ལ་ལ་གཞན་ལ་མཛེས་མ་ཡིན། ། མཁས་རྨོངས་སྐྱེས་པ་བུད་མེད་སོགས། ། ཀུན་ལ་མཛེས་པ་རོལ་མོ་ཡིན། ། དཀོན་མཆོག་མཆོད་ཕྱིར་འདུས་པ་དང་། ། ཕན་ཚུན་བལྟ་ཕྱིར་འདུས་པ་དང་། ། ཕུན་སུམ་ཚོགས་པ་མཐོང་བའི་ཚེ། ། མཁས་པས་རོལ་མོ་བརྩམ་པར་བྱ། ། ལྷན་ཅིག་སྐྱེས་དང་རྐྱེན་གཞན་ལས། ། བྱུང་བའི་རོལ་མོ་གཉིས་སུ་འདོད། ། དེ་དག་རྣམ་པ་ཐ་དད་པའི། ། དབྱེ་བས་དཔག་མེད་འགྱུར་བར་བཤད། ། དེ་ལ་ལྷན་ཅིག་སྐྱེས་པ་ཡི། ། ང་རོ་རྣམ་པ་བཞི་ཡིན་ཏེ། ། འདྲེན་པ་དང་ནི་བཀུག་པ་དང་། ། བསྒྱུར་བ་དང་ནི་ལྟེངས་ཉིད་དོ། ། དེ་དག་འདྲེན་པའི་དབྱེ་བ་ཡིས། ། ཐ་དད་འགྱུར་བའང་བཤད་པར་བྱ། །དྲང་པོ་བསྒྲེང་དང་བཀུག་པ་དང་། ། བསྟོད་དང་སྨད་པའི་ང་རོས་དྲང་། ། ཁུགས་ལ་རྐྱང་དང་བརྩེགས་པ་སྟེ། ། དེ་ལ་གཉིས་གསུམ་བཞི་སོགས་སོ། ། བསྒྱུར་ལ་མགྲིན་ལྕེ་སྣ་ལྡན་ཏེ། ། དེ་ལ་རིང་དང་ཐུང་གཉིས་སྦྱར། ། ལྟེངས་ལ་རིང་དང་ཐུང་བ་སྟེ། ། དེ་ལ་ཁྱད་པར་ཐོག་མཐའ་རགས། ། མདའ་གཞུ་ཡི་ནི་འཕྲུལ་འཁོར་ལྟར། ། རང་སྒྲ་རྐྱང་པས་མི་ནུས་ཕྱིར། ། དེ་དག་ཚོགས་པའི་སྦྱོར་བ་ཡིས། ། རྣ་བ་བདེ་བར་བྱེད་པ་ཡིན། ། དེ་ལ་རྐྱང་པ་མ་འདྲེས་པ། ། ཚོགས་པ་སྤེལ་བའི་སྦྱོར་བ་སྟེ། ། དེ་ཡང་སྦྱོར་དང་དངོས་གཞི་དང་། ། མཇུག་ལ་གཉིས་གསུམ་བཞི་པོ་སྤེལ། ། སོ་སོར་སྤེལ་དང་བསྲེས་སྤེལ་བས། ། སྤེལ་བ་དེ་ཡང་གཉིས་སུ་འགྱུར། ། སོ་སོར་སྤེལ་བ་ཐ་དད་དེ། ། བསྲེས་སྤེལ་ཐ་དད་གཉིས་གཅིག་འགྱུར། ། དྲངས་ནས་བཀུག་དང་བཀུག་དྲངས་ལ། ། བསྒྱུར་ལྟེངས་ལྟེངས་བསྒྱུར་སྦྱར་བ་དང་། ། དྲངས་ནས་བསྒྱུར་དང་བསྒྱུར་དྲངས་ལ། ། བཀུག་ལྟེ ངས་ལྟེངས་བཀུག་སྦྱར་བ་དང་། ། དྲངས་ནས་ལྟེངས་དང་ལྟེངས་ནས་དྲངས། ། བཀུག་བསྒྱུར་བསྒྱུར་བཀུག་སྦྱར་བ་དང་། ། རང་སྒྲ་རྐྱང་པས་དྲངས་པ་ལ། ། གཞན་སྒྲ་བརྩེགས་པ་སྦྱར་བ་དང་། ། རང་ཉིད་ཡོངས་སུ་བརྩེགས་པ་ལ། ། གཞན་སྒྲ་རྐྱང་པ་སྦྱར་བ་དང་། ། རང་ཉིད་ཡོངས་སུ་དྲངས་པ་ལ། ། རང་ཉིད་ཡོངས་སུ་སྦྱར་བ་དང་། ། རང་ཉིད་བརྩེགས་པ་དེ་ཉིད་ལས། ། བརྩེགས་པའི་དོན་གཞན་སྦྱར་བར་བྱ། ། དེ་ལྟར་སྦྱར་བ་དེ་དག་ལའང་། ། རང་ངམ་གཞན་ནམ་བསྲེས་པ་དག།གཉིས་གསུམ་བཞི་སོགས་ཅི་རིགས་པར། ། དེ་དག་རྣམས་ཀྱི་རྗེས་སུ་བླང་། །དེ་ཡང་དབྱེ་ན་རྣམ་གཉིས་ཏེ། ། བསྟན་བྱ་མེད་པའི་ང་རོ་དབྱངས། ། དབྱངས་དང་ལྡན་པར་འགྱུར་མོད་ཀྱང་། ། དོན་ལྡན་སྟོན་པ་ཚིག་ཡིན་ཏེ། ། འདི་ཡང་སོ་སོའམ་སྤེལ་བ་ཡི། ། ཚུལ་ལ་ཞིབ་པའི་བློ་ཡིས་དཔྱད། ། དབྱངས་ཀྱི་དྲངས་ལ་ཚིག་གིས་དགུག ། དབྱངས་ཀྱིས་བསྒྱུར་ལ་ཚིག་གིས་ལྟེ ངས། ། དབྱངས་ཀྱིས་དྲངས་ལ་ཚིག་དྲངས་དང་། ། དབྱངས་ཀྱིས་བཀུག་ལ་ཚིག་བཀུག་དང་། །དབྱངས་ཀྱིས་བསྒྱུར་ལ་ཚིག་བསྒྱུར་དང་། ། དབྱངས་ཀྱིས་ལྟེངས་ལ་ཚིག་ལྟེངས་དང་། ། དེ་དག་བཟློག་སྟེ་བླང་བའོ། ། དེ་ལ་མཚམས་སྦྱོར་དབྱངས་ཉིད་དམ། །ཡང་ན་ཚིག་གིས་སྦྱར་བར་བྱ། ། ཡང་ན་མཚམས་སྦྱོར་མེད་པ་རུ། ། རང་ཉིད་སྦྱར་ཏེ་བླང་བར་བྱ། ། དེ་ཡང་རིམ་དང་ཅིག་ཅར་དང་། ། མྱུར་དང་བུལ་བའི་རྩོལ་བ་དང་། ། བསྒྲིམས་དང་ཀློད་པའི་ང་རོ་དང་། ། བཏེག་པ་དང་ནི་བཅུམ་པ་རྣམས། ། ཕོ་མོ་མ་ནིང་འདྲེ ན་པ་ལ། ། རྐྱང་པའམ་སྤེལ་བས་ང་རོ་དྲངས། ། དེ་ལ་ཕོ་སྒྲ་བརྗིད་པ་སྟེ། ། མོ་ཡི་སྒྲ་ལ་སྙན་པ་འབྱུང་། ། མ་ནིང་སྒྲ་ནི་བཙུན་པ་ཡིན། ། དེ་བཞིན་ཕོ་སྒྲ་གསལ་ལ་ངར། ། མོ་ཡི་སྒྲ་ནི་ཕྲ་ཞིང་འདར། ། མ་ནིང་འགྱུར་ཞིང་མཉེན་པ་དགོས། ། དེ་ལྟར་སྒྲ་སྦྱོར་དེ་དག་ཉིད། ། སྦྱོར་བའམ་དངོས་གཞི་མཇུག་རྣམས་ལ། ། སོ་སོ་བ་འམ་སྤེལ་བ་ལས། ། མེད་ཅེས་མཁས་རྣམས་ངེས་པར་བྱ། ། དེ་ལྟའི་དབྱེ་བ་དེ་དག་ཀྱང་། ། འདྲེན་པའི་དུས་སུ་འདྲོངས་པ་དང་། ། བསྒྱུར་ཚེ་འགྱུར་དང་འགུགས་པ་ཡི། ། དུས་སུ་ཁུགས་དང་ལྟེངས་ལ་འཇམ། ། ཐམས་ཅད་དུ་ནི་མཉེན་པ་དང་། ། ཕོ་མོ་ལ་སོགས་སྒྲ་དག་ལ། ། རང་སྒྲ་ལེགས་པར་ཕྱིན་པ་དང་། ། ཚིག་གི་དུས་སུ་ཚིག་གསལ་ཞིང་། ། དབྱངས་ལ་དབྱངས་ཉིད་གསལ་བ་དང་། ། དེ་དག་བསྲེས་ཚེ་ལེགས་འདྲེ ་ལ། ། འདྲེ ས་ནས་སོ་སོར་གསལ་བའོ། ། དབྱངས་མཁན་རྣམས་ཀྱིས་ཐམས་ཅད་དུ། ། གང་ལས་འདྲེན་དང་གང་དུ་དགུག །གང་དུ་བསྒྱུར་དང་གང་དུ་ལྟེངས། ། གང་དུ་འཇོག་དང་གང་གིས་སྦྱོར། ། གང་བསྟོད་གང་དུ་སྨད་པར་བྱ། ། གང་བསྒྲིམས་གང་དུ་ལྷོད་པར་བྱ། ། གང་དུ་དབྱངས་ཡིན་གང་དུ་ཚིག། གང་དུ་མྱུར་དང་གང་དུ་དལ། །གང་ཞིག་ཕོ་སྒྲ་གང་དུ་མོ། ། གང་དུ་མ་ནིང་སྒྲ་དྲངས་དང་། ། གང་དུ་བསྲེས་སྤེལ་བྱ་བ་རྣམས། ། ཚིགས་བཅད་རིམ་པ་གང་ལེན་པ། ། དེ་ལ་ས་མཚམས་མཁས་པར་བྱ། ། དེ་ལྟར་ཤེས་ནས་རྐྱེན་ལ་བརྟག། འདྲེ ན་པའི་རྐྱེན་དུ་ཨ་ཨ་སོགས། །བསྒྱུར་བའི་རྐྱེན་དུ་ལ་ལོ་སོགས། ། བཀུག་པའི་རྐྱེན་དུ་ཨའི་སོགས། ། ལྟེ ངས་པའི་རྐྱེན་དུ་ཨ་ཨ་སོགས། ། འདྲེན་པ་ལ་སོགས་དེ་དག་ལ། ། རིང་བ་དང་ནི་ཐུང་བ་དང་། ། རྐྱེན་དང་ས་མཚམས་གཅོད་པ་དང་། ། དྲག་ཞན་ལ་སོགས་ངེས་པ་དང་། ། མ་ངེས་པ་ཡང་ཤེས་པར་བྱ། ། དེ་ལྟར་ཤེས་ནས་སློབ་མ་ལའང་། ། འདི་དག་འདི་ཡི་གནས་ཡིན་ཞེས། ། སོ་སོར་ཕྱེ་ལ་བསླབ་པར་བྱ། ། དེ་ལྟར་སོ་སོའི་དབྱངས་ཤེས་ནས། ། སྤྱི་ཡི་སྦྱོར་བ་ཉིད་བཤད་བྱ། ། མཆོད་དབྱངས་བསྒྱུར་བ་གཙོ་བོ་སྟེ། ། གླུ་ལ་འདྲེན་པ་གཙོ་བོ་ཡིན། ། རྟོགས་བརྗོད་ལ་ནི་བསྒྱུར་ཐུང་ངོ་། །རྗེས་སུ་བརྗོད་ལ་བསྒྱུར་འདྲེ ན་ཐུང་། ། སྤྱིར་ནི་ཀུན་ལ་ཀུན་འཇུག་ཀྱང་། ། འདི་དག་གཙོ་བོར་འདྲེན་པར་མཐོང་། ། དེ་ལྟར་དབྱངས་སྦྱོར་ཤེས་རྣམས་ལ། །མཚོན་པར་བྱེད་པའི་དཔེ་གཞན་བཤད། ། མདའ་གཞུ་ལྕགས་ཀྱུ་གཤོལ་མདའ་དང་། ། གདུགས་དང་བསེ་རུ་རྡོ་རྗེ་ནས། ། རྦ་རླབས་འཁོར་ལོ་འདྲ་བ་སྟེ། ། གང་ཞིག་འདྲེ ན་པའི་དབྱངས་རྣམས་ལ། ། དཔེ་འདི་བདེན་པར་ཁོ་བོས་མཐོང་། ། དེ་ལྟར་བསྡུས་ཏེ་རྒྱས་བཤད་པ། ། འདི་ལས་སྤྲོས་པ་གཞན་མེད་དོ། ། རྣམ་པར་སྤྲོས་ན་མཐའ་ཡས་ཏེ། ། རྣམ་པར་རྟོག་པས་འབྱེད་ཕྱིར་རོ། ། དེས་ན་བློ་གྲོས་ལྡན་པ་ཡིས། ། དང་པོར་སློབ་དཔོན་མཁས་བསྟེན་ཏེ། ། ཕྱི་ནས་རང་གིས་ལེགས་བརྟགས་ན། ། དྲི་ཟའི་དབང་པོ་ལྟ་བུར་འགྱུར། ། རོལ་མོའི་བསྟན་བཅོས་ལས་དབྱངས་ཀྱི་ལེའུ་སྟེ་དང་པོའོ །། །།

 

ལེའུ་གཉིས་པ།

 

དེ་ནས་ཚིག་གི་སྦྱོར་བ་ཡང་། ། ཁྱེད་ལ་བརྩེ་བའི་བསམ་པས་བཤད། །ཆེན་པོ་རྣམས་ལ་བསྟོད་པ་དང་། ། དམན་པ་རྣམས་ལ་སྨད་པ་དང་། ། མཉམ་པ་རྣམས་ལ་འགྲན་ཚིག་དང་། ། ཀུན་ལ་དགའ་བའི་གླུར་བླང་ངོ་། ། དེ་དག་སོ་སོའི་རྣམ་གཞག་ཀྱང་། ། མདོར་བསྡུས་ནས་ནི་བཤད་པས་ཉོན། ། ཡོན་ཏན་ཤེས་རབ་བསླབ་པ་རིགས། ། ན་སོ་ནོར་གྱིས་ཆེ་བ་དྲུག། རིམ་བཞིན་ཁྱད་པར་ཞུགས་པས་ན། ། བཀུར་བའང་ཐ་དད་ཡིན་ཞེས་གསུངས། ། ཡོན་ཏན་ཅན་ལ་དད་པས་བཀུར། ། ཤེས་རབ་ཅན་ལ་ལུགས་དྲིས་པས། ། བསླབ་པས་རྒན་ལ་ཕྱག་གིས་ཏེ། ། རིགས་ཀྱིས་རྒན་ལ་ཞེ་སས་སོ། ། ན་སོས་རྒན་ལ་བསྙེན་བཀུར་གྱིས། །ནོར་གྱིས་རྒན་ལ་ངོ་དགས་བཀུར། ། ཆེ་ལ་ཡོན་ཏན་མེད་གྱུར་ཅིང་། ། དྲེ གས་པ་ཅན་ལ་བློ་མེད་པ། ། རབ་ཏུ་བྱུང་བ་བསླབ་པ་ཉམས། ། སྐྱེ་བོའི་བདག་པོ་རིགས་དམན་པ། ། ཚོགས་ཀྱི་གཙོ་བོ་ལོ་གྲངས་གཞོན། ། ཕྱུག་པོ་སེར་སྣའི་དབང་གྱུར་པ། ། མང་པོའི་ནང་ན་གནོང་པའི་གནས། ། གཞན་ལ་བརྙས་ན་སྨད་པར་བྱ། ། བདག་དང་ཡོན་ཏན་མཚུངས་པ་ཡི། ། རང་ཕྱོགས་བསྟོད་ན་འགྲན་པའི་གནས། ། ཚུལ་མིན་བརྗོད་ན་བཟློག་སྟེ་བརྗོད། ། དེ་ལ་སྨད་སྒྲ་མི་འཇུག་གོ།ཤེས་བྱའི་གནས་ལ་རབ་མཁས་ཤིང་། ། ལམ་གྱི་དམིགས་པ་མ་ལོག་པས། །ཐམས་ཅད་མཁྱེན་པ་ཐོབ་འགྱུར་བ། ། འདི་ནི་མཁས་རྣམས་དགའ་བྱེད་ཡིན། །རྒྱལ་པོ་སྲིད་དང་མཛངས་ལ་ལུགས། ། དཔའ་ལ་གཡུལ་ངོ་བུད་མེད་རྒྱན། །ཚོང་པ་ཟོང་དང་ཞིང་པ་ཞིང་། ། ཚུལ་བཞིན་མིན་པས་རྨོངས་པ་དགའ། ། མདོར་ན་སོ་སོའི་བྱ་བ་ལ། ། བློ་དང་ལྡན་པས་མཐུན་འཇུག་བརྗོད། ། ཐུབ་པས་ཀྱང་ནི་དེ་སྐད་གསུངས། ། སེམས་ཅན་རྟེན་པར་བྱེད་པའང་ཡིན། ། དེ་ལྟར་བསྟོད་སོགས་ཡུལ་ཤེས་ནས། ། ཇི་ལྟར་བསྟོད་དང་སྨད་པ་དང་། ། འགྲན་དང་དགའ་བར་བྱེད་པ་ཡི། ། ཚིག་སྦྱོར་གནད་ཀྱང་ང་ཡིས་བཤད། ། དེ་ཡང་དབྱེ་ན་རྣམ་གཉིས་ཏེ། ། ངོ་བོ་འམ་ནི་དཔེ་ཡིས་སོ། ། རང་དང་རང་གི་ཆོས་བཤད་པས། །ངོ་བོ་དེ་ཡང་གཉིས་སུ་འགྱུར། ། རང་གི་ངོ་བོ་ལུས་ངག་དང་། ། ཡིད་ཀྱི་ཡོན་ཏན་བརྗོད་པ་ཙམ། ། ལུས་ངག་ཡིད་ལས་གཞན་པ་ཡི། ། འབྱོར་དང་དབང་ཐང་རིགས་ཡོན་ཏན། ། བརྩེ་དང་སྙན་པར་སྨྲ་ལ་སོགས། ། བསྟོད་པར་བྱེད་ན་རང་གི་ཆོས། ། ཕྱོགས་གཅིག་གམ་ནི་ཕལ་ཆེར་གྱིས། ། འདྲ་བའི་ཡོན་ཏན་ལེགས་བརྟགས་ཏེ། ། དེ་འདྲ་ཁྱོད་ཉིད་ཡིན་ནོ་ཞེས། ། མཚུངས་པར་སྦྱོར་བ་དཔེ་ཡིན་ནོ། ། དེ་དག་བཟློག་པས་སྨད་པ་དང་། ། འགྲན་པའང་བདེ་བླག་ཤེས་པར་འགྱུར། ། དེ་ཡང་ས་གསེར་རྒྱ་མཚོ་ཀླུ། ། རླུང་དང་རྣམ་ཐོས་བུ་ལ་སོགས། །གཞན་ནི་ཁྲོན་སྟེང་ཆུ་བུར་འདྲ། ། ཀིམ་པའི་འབྲས་བུ་ཐོ་ཡོར་བཞིན། ། ནེ་ཙོ་བྱི་བ་འདྲ་བར་འདོད། ། དེ་བཞིན་ཉི་ཟླ་གསེར་དང་དངུལ། ། དགེ་སྡིག་སྣང་མུན་གཡས་དང་གཡོན། ། རྒྱལ་བློན་ལ་སོགས་འགྲན་ཟླ་ལས། ། ཅིག་ཤོས་ལྷག་པའི་དཔེ་བརྗོད་བྱ། ། དེ་ལྟར་དེ་དག་སོ་སོ་འམ། ། ཐམས་ཅད་སོ་སོར་སྦྱར་བར་བྱ། །དེ་ལྟར་སྦྱོར་བ་དེ་དག་ཀྱང་། ། ཐོག་མར་བསྟོད་སོགས་ཡུལ་བརྟགས་ཏེ། ། དེ་རྗེས་ཚིག་ལ་བརྟག་པར་བྱ། ། གཞན་དུ་གཞི་མ་གྲུབ་པ་ཡི། ། ཁྱད་པར་བརྗོད་པ་རབ་ཏུ་དཀའ། ། དེ་ལྟར་ཤེས་པའི་མཁས་པ་ཡིས། ། མཁས་པའི་བྱ་བ་ཡིན་པས་ན། ། མཆོད་པ་ལ་ནི་སྙན་ངག་སྦྱར། ། ཕལ་ཆེར་རྨོངས་པ་འདུ་བས་ན། །གླུར་བླངས་པ་ལ་འདོད་རྒྱལ་ཚིག། སྒོམ་ཆེན་སྦྱངས་པ་ཆུང་བས་ན། ། འདོད་རྒྱལ་སྦྱར་བ་རྟོགས་བརྗོད་ལ། ། གཞན་གྱི་རྗེས་འཇུག་ཡིན་པས་ན། ། རྗེས་སུ་བརྗོད་ལ་གང་སྣང་སྦྱར། ། རྐང་པ་གཉིས་ནས་དྲུག་པའི་བར། ། ངག་དོན་འབྲེལ་ན་ཚིགས་བཅད་གཅིག། དེ་ལ་རྗེས་སུ་བསྔགས་ལ་སོགས། ། ཇི་ལྟར་བདེ་བའི་རྣམ་གཞག་བྱ། ། དབྱངས་དང་བཅས་ལ་ཕལ་ཆེར་ནི། ། ཡི་གེ་མཉམ་མམ་མི་མཉམ་ཡང་། ། ཚིགས་སུ་བཅད་པའི་རྣམ་གཞག་འཇུག། བདེ་འཇམ་དོན་ལ་ཚིགས་བཅད་དམ། ། ཡང་ན་རྐྱང་པ་ཅི་བདེར་སྦྱར། ། ཀུན་གྱིས་གོ་ཞིང་བརྗོད་པ་བདེ། ། དོན་དང་མཐུན་པ་དཔེས་འགྲིག་ལ། ། སྔ་ཕྱི་མི་ཟློས་མི་འགལ་ཟླ། །དབྱེ་བསྡུ་ཤེས་ན་མཁས་པ་ཡིན། ། དེ་འདྲ་གང་གིས་ཤེས་པ་དེ། ། སྦྱངས་པའི་སྟོབས་ལས་འབྱུང་བ་སྙམ། ། འདིར་ནི་ཚིག་སྦྱོར་མདོར་བསྡུས་ཡིན། ། རྒྱས་པར་ཁོ་བོས་གཞན་དུ་བཤད། ། བློ་དང་ལྡན་པས་དེ་བསྟེན་ཏེ། ། འབད་པས་ནན་ཏན་བྱས་ནས་ཀྱང་། ། ཕྱི་ནས་རང་གིས་ལེགས་སྦྱངས་ན། ། ཀུན་དགའ་ལྟ་བུའི་མཁས་པར་འགྱུར། ། རོལ་མོའི་བསྟན་བཅོས་ལས་ཚིག་སྦྱོར་བའི་ལེའུ་སྟེ་གཉིས་པའོ།། །།

 

ལེའུ་གསུམ་པ།

 

དབྱངས་དང་ཚིག་གི་དོན་ཤེས་པས། ། ཕྱི་ནས་སྦྱོར་བ་རབ་ཏུ་བརྩམ། །རང་དང་རྗེས་སུ་འཚམ་པ་ཡི། ། གྲོགས་པོ་ཉེ་བར་བཞག་པར་བྱ། ། གླུ་ནི་ཀུན་ཏུ་བསྒྱིངས་ཚུལ་གྱིས། ། ལངས་ལ་ལག་པ་འགྲམ་པར་བཞག། མཆོད་ལ་ཁྲུས་བྱས་མིག་ཕབ་སྟེ། ། དང་བས་སྐྱིལ་ཀྲུང་བཟང་པོ་བཅའ། ། རྟོག་བརྗོད་ལག་པའི་བརྡ་སྤྲོད་པའི། ། ཙོག་པུའམ་བཟང་པོའི་འདུག་སྟངས་ཡིན། ། བཤགས་པ་ཀུན་ཏུ་གནོང་ཚུལ་གྱིས། ། པུས་བཙུགས་ཐལ་མོ་སྦྱར་ཏེ་འདུད། ། དེ་བཞིན་བསྟོད་ལ་སྤྲོ་བའི་ཚུལ། ། སྨད་དང་འགྲན་ལ་ཐིགས་པའི་ཚུལ། ། རྟོགས་པ་བརྗོད་ལ་གོ་བའི་ཚུལ། ། རྗེས་སུ་གདམས་ལ་མན་ངག་ཚུལ། ། བཤགས་ལ་ཉམ་ཐག་ཚུལ་ཡིན་ཏེ། ། དགའ་ལ་དགའ་བའི་ཚུལ་ཡིན་ནོ། ། རྐང་པ་ལ་སོགས་རྗེས་བསྟུན་ལ། ། དེ་དང་རྗེས་མཐུན་དབྱངས་ཉིད་དོ། ། དེ་ལྟར་བརྗོད་ན་འཇིག་རྟེན་དང་། །རྗེས་སུ་མཐུན་ཞིང་མཛེས་པར་འགྱུར། ། སྤྱིར་ནི་འཇིག་རྟེན་འདི་ན་ཡང་། །ཡུལ་དང་དུས་ཀྱི་བྱེ་བྲག་དང་། ། རྒན་དང་གཞོན་ནུའི་དབྱེ་བ་དང་། ། སྐྱེས་དང་བུད་མེད་ལ་སོགས་པའི། ། ཁྱད་པར་ཉིད་ཀྱིས་མི་འདྲ་བའི། ། དབྱངས་ཀྱི་སྦྱོར་བ་དུ་མ་མཐོང་། ། དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། ། གཙང་པ་འཚེར་ཞིང་གསལ་བ་ཡིན། ། བཙིར་ཞིང་མདུད་པ་མངའ་རིས་པ། ། ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་། ། དེ་ལྟར་དེ་དག་རྣམས་ལ་ཡང་། ། སོ་སོར་ཕྱེ་ན་རྣམ་པ་མང་། ། མདོར་ན་སྐད་གདངས་བྱེ་བྲག་གིས། ། རང་ལ་ལྷན་ཅིག་སྐྱེས་པ་ཡི། །འགྱུར་གྱི་བྱེ་བྲག་ཤེས་པར་བྱ། ། སློབ་དཔོན་གཞན་གྱིས་བསྒྱུར་ན་ནི། ། ཚོན་རྩི་བཞིན་དུ་བསྒྱུར་དུ་རུང་། ། སྔོན་གྱི་དབྱངས་མཁན་ཚིག་ལ་མཁས། ། ད་ལྟ་རྣམས་ནི་དབྱངས་ལ་སྦྱོང་། ། ཕྱི་མའི་དུས་ཀྱི་དབྱངས་མཁན་རྣམས། ། མི་མཁས་བློ་ཆུང་གླུ་ལ་དགའ། ། ཅི་ཡང་མེད་ཀྱང་འཚེར་འགྱུར་སྙམ། ། གཞོན་ནུའི་ཚེ་ན་འགྱུར་ཁུགས་བདེ། ། དར་ལ་བབ་ན་མགྲིན་པ་བཟང་། ། རྒན་པར་འགྱུར་ནས་ཚིག་ལ་མཁས། ། ཕལ་ཆེར་བུད་མེད་རྣམས་ཀྱི་ཕྲ། ། སྐྱེས་པ་རྣམས་ཀྱི་སྦོམ་པ་ཡིན། ། གཞོན་ནུའི་ཚེ་ན་ཕྲ་བ་སྟེ། ། དར་ལ་བབ་ན་སྦོམ་པར་འགྱུར། །རྒན་པ་རྣམས་ཀྱི་མགྲིན་པ་ཞུམ། །བ་ཚྭ་ཅན་གྱི་ཆུ་འཐུང་ཞིང་། ། སྣུམ་བག་ཅན་གྱི་ཁ་ཟས་ཟ། ། ལྷགས་པ་ཅན་གྱི་གནས་འདུག་པའི། ། མི་རྣམས་ཕལ་ཆེར་མགྲིན་པ་སྦོམ། ། དེ་ལས་བཟློག་པ་ཕྲ་བ་ཡིན། ། རྣ་བར་སྙན་པར་འགྱུར་ཁུགས་དང་། ། གཅོད་མཚམས་དང་ནི་ངག་སྙན་པ། ། སྡེབས་མཁས་པ་ལས་བྱུང་བ་ཡིན། ། དེ་ཡང་སྦྱངས་པའི་སྟོབས་ལས་འབྱུང་། ། མདོར་ན་ཐོག་མའི་སློབ་དཔོན་གྱི། ། རྗེས་སུ་ཕྱི་མ་འཇུག་པར་འགྱུར། ། དེ་ནས་དབྱངས་ཀྱི་སྦྱོར་བ་རྣམས། །དཔེ་ཡི་མིང་གིས་བཤད་པར་བྱ། །འདྲེན་པ་དཔག་བསམ་ལྗོན་ཤིང་སྟེ། །བཀུག་པ་མེ་ཏོག་འཁྲི་ཤིང་ཡིན། ། དབུས་ཞན་ཆུ་ཀླུང་དལ་འགྲོ་བ། ། འགྱུར་ཁུགས་རྒྱ་མཚོའི་ཟླ་བར་བཤད། ། ཚོགས་སུ་སེང་གེའི་ང་རོ་སྟེ། ། དབེན་པར་བུང་བ་རོལ་བའི་ཚུལ། ། མཁས་པའི་མདུན་སར་ནེ་ཙོའི་དབྱངས། ། རྨ་བྱའི་འཇོ་སྒེག་རྨོངས་ནང་དུ། ། སྐྱོ་ཚེ་དང་བ་ཀུན་འདྲེན་པ། ། རྗེས་སུ་དགའ་བ་འདོད་ལྷའི་མདའ། ། མཆོད་ལ་དགེ་བའི་མེ་ཏོག་སྟེ། ། བ་ཚྭའི་ཆུ་ཀླུང་སྡིག་སྦྱོང་ལ། ། རང་ཕྱོགས་བསྟོད་ན་ལྷ་ཡི་རྔ། ། ཕ་རོལ་སྨོད་ན་འཁོར་ཟིལ་གནོན། ། ཀུན་ཏུ་སྙན་པ་དྲི་ཟའི་དབྱངས། ། སྤེལ་བ་མེ་ཏོག་ཕྲེང་ལྡན་ཡིན། ། དེ་ལ་སོགས་པའི་རྣམ་པ་ཡིས། ། འདྲེན་པའི་ཁྱད་པར་ལེགས་བརྟགས་ཏེ། ། དབྱངས་ཀྱི་སྦྱོར་བ་གཞན་ལ་ཡང་། ། ཇི་ལྟར་འཚམ་པ་སྦྱར་བར་བྱ། ། དེ་ལྟར་ཤེས་པའི་མཁས་པ་ལ། །ཀུན་ཏུ་འཇུག་པའི་གདམས་ངག་བཤད། ། དལ་བ་ལ་ནི་མི་འཚམས་ཤིང་། །མྱུར་བ་ལ་ནི་མ་བརྡབས་ལ། ། འབྲེལ་བའི་ཚེ་ན་མ་འདྲེ ས་པ། ། དབུགས་འཇམ་མ་ཞུམ་སྤོབས་པའི་གནད། ། དབྱངས་སྦྱོར་མང་ན་དོན་གོ་ཆུང་། ། བདེ་འབྱམ་མང་ན་ཐ་མལ་སྐྱོ། ། ཧ་ཅང་ཐལ་ན་མཁས་པས་ཁྲེལ། ། རན་པར་སྤེལ་བ་དུས་ཀྱི་གནད། ། ཀུན་ལ་མཁས་པས་རང་ཉིད་སྤྲོ། ། འགྱུར་ཁུགས་འབྱོངས་པས་ངག་ལ་བྱམས། ། ཚིག་སྦྱོར་ལེགས་པས་གཞན་ལ་སྙན། ། འཇམ་ཞིང་འཕྲོད་པ་སྦྱངས་པའི་གནད། ། ཧ་ཅང་རྒོད་དང་ཐིམས་པ་དང་། ། དོན་མ་རྟོགས་དང་མི་སྤྲོ་བ། ། གཞན་དུ་ཡེངས་པ་བློ་ཡི་སྐྱོན། ། ཟུར་མ་ཕྱིན་དང་ཟློས་པ་དང་། ། ཚིག་ལྷད་ཅན་དང་མི་གསལ་བ། ། གཅོད་མཚམས་ནོར་བ་ཚིག་གི་སྐྱོན། ། དབྱངས་ལ་འཕེལ་འགྲིབ་རྟབ་པ་དང་། ། ཧ་ཅང་མགྱོགས་བུལ་བཙིར་ནས་འདོན། །བཅོས་ཤིང་སྨྲ་བ་གདངས་ཀྱི་སྐྱོན། ། རྣམ་འགྱུར་ཡ་ཡོ་བཞིན་སྡུད་དང་། ། མི་ལྟ་བ་དང་ཕྱུགས་ལྟར་བལྟ། །གཟིར་དང་འཚབ་པ་ལུས་ཀྱི་སྐྱོན། ། སྔོན་ལ་འགྲོ་དང་ཕྱིས་ནས་འཐེན། ། ཆེ་དང་ཆུང་དང་མི་བསྲེ་དང་། ། མཁས་འདོད་བྱེད་པ་གྲོགས་ཀྱི་སྐྱོན། ། ཀུན་ཏུ་གཡེངས་དང་ཕན་ཚུན་སྨྲ། ། ཆེད་ཆེར་མི་འཛིན་མ་རངས་དང་། ། དོན་གོ་མེད་པ་ཉན་པའི་སྐྱོན། ། ཚིག་ལ་རྨོངས་ལ་བརྙས་པའི་རྒྱུ། ། དབྱངས་སྦྱོར་མེད་ན་བཞད་གད་རྒྱུ། ། དུས་ཚོད་མེད་ན་སྐྱོ་བའི་རྒྱུ། །དགོས་པ་མེད་ན་སྡིག་པའི་རྒྱུ། ། མཁས་པ་འདུས་ཤིང་མང་པོས་བསྐོར། །གྲོགས་པོ་ངན་ཞིང་འགྲན་ཟླ་མང་། ། སྦྱངས་པ་ཆུང་ཞིང་སྤོབས་པ་ཞན། ། བློ་གྲོས་ངན་པ་སྡུག་པའི་རྒྱུ། ། དེ་ལྟར་མི་མཐུན་ཕྱོགས་མང་ན། ། ཇི་ལྟར་གྱུར་ཀྱང་དོར་བར་བྱ། ། གལ་ཏེ་ཐམས་ཅད་ཕུན་ཚོགས་གྱུར། ། མཁས་པས་དགེ་བ་སྤེལ་ཕྱིར་བླང་། ། དེ་ལྟར་ཤེས་ནས་རྐྱེན་གཞན་ལས། ། བྱུང་བའི་རོལ་མོ་རྣམས་ལ་འབད། ། གླིང་བུ་པི་ཝང་རྫ་རྔ་དང་། ། ཁར་རྔ་རྔ་ཟླུམ་རྔ་བོ་ཆེ། ། རྔ་ཕྲན་ཆ་ལང་ཀ་ཎ་ཊི། ། དུང་དང་རྒྱུད་མངས་ལ་སོགས་པ། ། ཇི་སྙེད་སིལ་སྙན་སྦྱོར་བཤད་པ། ། དེ་སྙེད་ལ་ནི་མཁས་པར་བྱ། ། ཕྱི་ནས་རོལ་མོ་ཀུན་འདུས་པའམ། ། སོ་སོ་ཉིད་ཀྱིས་རྣམ་པར་རྩེན། ། དབུས་འགྱུར་ཚལ་ན་གཏམ་རྒྱུད་ཀྱི། ། ཟློས་གར་བྱེད་པས་ཐམས་ཅད་སྦྱོར། ། མཐའ་འཁོབ་འདི་ན་དེ་ལྟ་བུ། ། བྱེད་པའང་ལྟ་ཞོག་ཐོས་པའང་དཀོན། ། འདིར་ཡང་གཞུང་མངས་དྭོགས་པས་ན། ། སིལ་སྙན་སྦྱོར་བ་ངས་མ་བཤད། ། གལ་ཏེ་དོན་དུ་གཉེར་རྣམས་ལ། ། ཕྱི་ནས་གཞན་དུ་བཤད་པར་བྱ། ། འདི་ནི་ཀུན་ཏུ་གཡེང་བ་དང་། ། ཀྱལ་བའི་རྒྱུ་ཕྱིར་རྒྱལ་བས་བཀག།འོན་ཀྱང་དཀོན་མཆོག་མཆོད་པ་དང་། ། གཞན་གྱི་དོན་ལ་ཉེས་པ་མེད། ། དེས་ན་མགོན་མེད་ཟས་སྦྱིན་གྱིས། ། ཞུས་ཚེ་དགེ་སློང་རྣམས་ལ་གནང་། ། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། ། དེ་ནི་གང་ཡང་ཡོད་མིན་གསུངས། ། དྲུག་ལས་སྐྱེ་སོགས་གླུའི་སྦྱོར་བ། ། རྒྱལ་བས་གསུངས་པ་དུ་མ་མཐོང་། ། གལ་ཏེ་ཁྱོད་ཀྱང་གླུའི་སྦྱོར་བ། ། དེ་ཉིད་ཁྱད་པར་རིགས་ཤེ་ན། ། སྐད་དང་གདངས་ཀྱི་ཁྱད་པར་གྱིས། ། བོད་ཀྱི་སྒྲ་ལ་འཇུག་པར་དཀའ། ། དེས་ན་དྲུག་ལས་སྐྱེས་སོགས་ཀྱི། ། གླུ་ཡི་སྦྱོར་བ་འདིར་མ་བཤད། ། ལྐོག་མ་ཉེད་པ་ལ་སོགས་པ། ། ཐུབ་པས་ཇི་སྙེད་གསུངས་པ་གང་། ། བོད་ཀྱི་སྒྲ་དང་མཐུན་པ་རྣམས། ། འདི་ཡི་ནང་ན་འདུ་ཤེས་བྱོས། ། རོལ་མོའི་བསྟན་བཅོས་ལས་སྦྱོར་བ་གཏན་ལ་དབབ་པ་སྟེ་ལེའུ་གསུམ་པའོ།། །།

 

མཛད་བྱང་།

 

དེ་ལྟར་ཤེས་བྱ་ཀུན་ལ་སྔོན་སྦྱངས་མཐུས། ། འདིར་ནི་བློ་གྲོས་རྣམ་པར་གསལ་ཐོབ་པ། ། དཔལ་ལྡན་དགེ་བསྙེན་ཀུན་དགའ་རྒྱལ་མཚན་གྱིས། ། གྲོགས་པོ་དགའ་བ་སྤེལ་ཕྱིར་བཀོད་པ་ཡིན། ། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། ། དེ་ལྟར་དགོངས་ནས་རྒྱལ་དང་དེ་སྲས་ཀྱིས། ། ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུངས། །གང་དག་མ་འོངས་དུས་ན་འགྲོ་བ་ཡི། ། སྒྲོན་མ་ལྷ་མིའི་བླ་མར་བྱའོ་ཞེས། །བརྩོན་པ་དམ་པའི་གནས་ལ་ཁས་འཆེ་བའི། ། རྒྱལ་བའི་སྲས་དེས་མཆོག་ཏུ་ཤེས་བྱ་སྦྱང་། ། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ། ། འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། ། རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི། ། དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་མེད། ། དེ་ལྟར་གཞན་དོན་ལ་དགྱེས་རྒྱལ་བ་ཡི། །སྲས་ཀྱི་འཇུག་ཡུལ་ཕྱོགས་ཙམ་ཕྱེ་བ་ལས། ། བསོད་ནམས་གྲུབ་པ་གང་ཡོད་དེ་ཡིས་བདག། འགྲོ་ལ་ཕན་མཛད་ཆོས་ཀྱི་རྒྱལ་པོར་ཤོག།རིག་པའི་གནས་ཀྱི་བྱེ་བྲག་གསལ་བར་བྱེད་པ་རོལ་མོའི་བསྟན་བཅོས་མདོ་ཙམ་བཤད་པ་ཞེས་བྱ་བ་ཤེས་བྱའི་གནས་ཡོངས་སུ་གྲགས་པ་ཕལ་མོ་ཆེ་བློའི་ཡུལ་དུ་བྱས་པའི་པཎྜི་ཏ་ལོ་གཞོན་ཡང་། བློ་གྲོས་རྒན་པ་ཤཱཀྱའི་དགེ་བསྙེན་ཀུན་དགའ་རྒྱལ་མཚན་གྱིས། རིག་པའི་འབྱུང་གནས་དཔལ་ས་སྐྱའི་དགོན་པར་སྦྱར་བའོ།། །།

བརྒྱུད་སྐུལ།

མཆན་སྤེལ།