༄༅།། གཙང་ཆོས་ལུང་ཚོགས་པ་གླེང་བ།

༄༅།། གཙང་ཆོས་ལུང་ཚོགས་པ་གླེང་བ།

རིན་སྤུངས་ཉི་མ་དོན་གྲུབ།

ནང་དོན་གནད་བསྡུས།   དཔྱད་རྩོམ་འདིའི་ནང་ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰིའི་སྡོམ་རྒྱུན་འཛིན་པ་བོད་ཀྱི་ཚོགས་སྡེ་བཞི་ལས་གཙང་ཆོས་ལུང་ཚོགས་པའམ་གནུབས་ཆོས་ལུང་དགོན་གྱི་ཐོག་མའི་ཕྱག་བཏབ་པའི་སྐོར་དང་བར་གྱི་མཁན་རྒྱུད་ཇི་ལྟར་བྱོན་ཚུལ། བུ་དགོན་ཉང་སྟོད་སྤོས་ཁང་དགོན་གྱེས་ཚུལ། དགོན་ལུགས་ཀྱི་ཆོག་ག་ཕྱག་གསོལ། ཉམས་ཉེས་དང་ད་ལྟའི་གནས་བབ་བཅས་ལ་ཆོས་འབྱུང་ཁག་བསྡུར་བ་དང་ས་ཡུལ་དངོས་སུ་ཐེངས་མང་བསྐྱོད་པའི་ཐབས་ཟུང་དུ་འབྲེལ་ནས་གཙང་ཆོས་ལུང་ཚོགས་པའི་འཕེལ་གྲིབས་ལ་རང་བློས་གང་ཐུབ་ཀྱིས་དཔྱད་པ་བྱས་ཡོད།

བརྡ་ཆད་གཙོ་བོ།   ཁ་ཆེ་པན་ཆེན། ཆོས་ལུང་ཚོགས་པ། ཇོ་གདན། མཁན་རྒྱུད།

གླེང་གཞི།

 

རྒྱལ་པོ་འུ་དུམ་བཙན་པོས་སངས་རྒྱས་ཆོས་ལུགས་བསྣུབས་ཏེ་ཧ་ལམ་ལོ་ངོ་བརྒྱ་ལྷག་ཙམ་འདས་པའི་རྗེས་བླ་ཆེན་དགོངས་པ་རབ་གསལ་གྱིས་གཙོས་དབུས་གཙང་མི་བཅུ་ཡིས་བསྟན་པའི་མེ་རོ་སྨད་ནས་བསླངས་པ་དང་། ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཆེན་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙྰ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ཏུ་གདན་དྲངས་ཏེ་སྟོད་ནས་དམ་ཆོས་སྤེལ་བ་བཅས་བསྟན་པ་ཕྱི་དར་གྱི་དུས་སྐབས་འགོ་ཚུགས་ནས་ལོ་ངོ་ཉིས་རྒྱ་ལྷག་རྩམ་གྱི་རྗེས་སུ་ས་སྟེང་འདི་ན་འགྲན་ཟླ་བྲལ་བའི་ཁ་ཆེ་པཎ་ཆེན་ཤྰཀྱ་ཤྲྰི་བྷ་དྲ་བོད་དུ་ཕེབས་ནས་སྔགས་དང་མཚན་ཉིད་ཀྱི་ཆོས་མང་དུ་གསུངས་བ་དང་སྦྲགས། པཎ་ཆེན་གྱི་མཁན་རྒྱུད་འཛིན་པའི་ཚོགས་སྡེ་བཞི་ཕྱག་བཏབ་རྒྱུའི་ལུང་བསྟན་པ་སོགས་བྱང་ཕྱོགས་བོད་ཀྱི་ཡུལ་དུ་བསྟན་པའི་འགྲོ་དོན་རྒྱ་ཆེར་སྤེལ་ནས་རང་ཡུལ་དུ་བཞུད་རྗེས། ཇོ་གདན་བསྟན་གཅིག་གི་བརྟུལ་ཞུགས་འཛིན་པའི་བོད་ཀྱི་བུ་སློབ་མང་དུ་མཆེད་ཅིང་ཚོགས་སྡེ་བཞི་བཙུགས་པ་ལས་གཙང་ཆོས་ལུང་ཚོགས་པ་ནི་གཙང་རོང་གནུབས་ཡུལ་དུ་གནས་ཤིང་། ཚོགས་སྡེའི་དགོན་ཤུལ་གྱི་གཞི་རྒྱ་ཆེ་ལ་ཡུལ་མི་རྣམས་ཀྱིས་ད་ལྟའང་བརྩེ་གཅིག་དད་པའི་ཡུལ་དུ་བཟུང་བའི་དོན་དངོས་ཀྱི་བག་ཆགས་རིང་མོ་ལས། ཁོ་བོར་རང་ཡུལ་དུ་གནས་པའི་ཇོ་གདན་ཆོས་ལུང་ཚོགས་པའི་ཐོག་མའི་འབྱུང་ཁུངས་དང་། བར་གྱི་འཕེལ་གྲིབས། མཐའ་མའི་ཉམས་ཉེས་བཅས་ལ་རང་བློས་གང་ཐུབ་ཀྱིས་དཔྱད་པ་བྱ་རྒྱུའི་འདུན་པ་ངང་ཤུགས་སུ་འཆར་བ་བཞིན། ཆོས་འབྱུང་ཁག་དཔྱད་བསྡུར་དང་ས་ཡུལ་དངོས་ལ་ཐེངས་མང་བསྐྱོད་ནས་ཇི་བཞིན་ཐོབ་པའི་འབྲས་བུ་མཐའ་དག་ཡིག་ཐོག་ཏུ་ཕབ་པ་བྱས་པའོ།།

 

དང་པོ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲྰི་བྷ་དྲའི་མཛད་རྣམ་མདོར་བསྡུས།

 

        སྤྱིར་ན་ཁ་ཆེ་པཎ་ཆེན་ཤྰཀྱ་ཤྲྰི་བྷ་དྲའི་འཁྲུངས་འདས་དང་དུས་ནམ་ཞིག་ལ་བོད་ལ་ཕེབས་པ། ཕྱིར་ནམ་ཞིག་བྱོན་པ་སོགས་ལོ་རྒྱུས་སྨྲ་བའི་བཞེད་པ་མི་མཐུན་པ་སྣ་ཚོགས་ཡོད་མོད། འདིར་རང་ཉིད་ཀྱི་གཉགས་ཕུ་བསོད་ནམས་བཟང་པོས་མཛད་པའི་ས་སྟེང་འདི་ན་འགྲན་ཟླ་བྲལ་བའི་ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰི་བྷ་དྲའི་རྣམ་ཐར་དང་ཁྲོ་ཕུ་ལོ་ཙྰ་བ་བྱམས་དཔལ་གྱིས་མཛད་པའི་རྣམ་ཐར་གཞིར་བྱས་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དཔྱལ་ལོ་ཙྰ་བ་དང་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཤྰཀྱའི་བཙུན་པ་བསོད་ནམས་བཟང་པོ་རྣམས་ཀྱིས་ཟིན་བྲིས་ཐོར་བུ་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་ས་སྐྱའི་འཇམ་དབྱངས་རིན་ཆེན་གྱི་སློབ་མ་མངྒ་ལ་ཏིཥྴི་ཨོ་རྒྱན་གྱིས་ཡིག་ཐོག་ཏུ་ཕབ་པའི་ཁ་ཆེན་པན་ཆེན་གྱི་རྣམ་ཐར་རྒྱས་པ་ཁ་ཆེ་པན་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་བཞུགས་སོ་ཞེས་པ་དང་འགོས་ལོ་ཙྰ་བ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ་བཅས་གསུམ་གཞིར་བཟུང་ནས་ཁ་ཆེ་པན་ཆེན་ནི་རབ་བྱུང་གཉིས་པའི་མེ་མོ་ལུག་གི་ལོ་སྟེ་༡༡༢༧ལོར་ཡབ་ཚོང་དཔོན་ས་ཡ་དང་ཡུམ་སུམ་བྷ་ཀ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་བྱི་ལོ་སྟེ་༡༢༠༤ལོར་བོད་དུ་ཕེབས་ནས་ལོ་བཅུ་ཡི་རིང་གི་འགྲོ་དོན་བསྐྱངས་ཞིང་ཤིང་ཁྱི་༡༢༡༤ལོར་ཁ་ཆེའི་ཡུལ་དུ་ཕེབས་ནས་འགྲོ་བའི་བསྟན་པ་མཛད་རྗེས་མཐར་ཤིང་བྱ་ལོ་སྟེ་༡༢༢༥དགུང་ལོ་དགུ་བཅུ་གོ་དགུའི་ཚེ་ན་དགོངས་པ་མྱ་ངན་ལས་འདས། དེའང་ས་སྟེང་འདི་ན་འགྲན་ཟླ་བྲལ་བའི་ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰི་བྷ་དྲའི་རྣམ་ཐར་ལས་“མཚུངས་མེད་ཁྲི་སྟན་ཁ་ཆེའི་གྲོང་ཁྱེར་མཆོག། པྲ་བ་པུ་ར་དབང་ཕྱུག་ཆེ་གནས་སུ།། ཚོང་དཔོན་སམ་ཡ་སུམ་བྷ་ཀ་ཡི་སྲས།། ཛྷ་ཤོ་དྷ་རར་འཁྲུངས་ལ་ཕྱག་འཚལ་ལོ།།” ཡང་ཁ་ཆེ་པན་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་བཞུགས་སོ་ཞེས་པ་ལས་“ཐུབ་པ་ཆེན་པོ་ཞི་བའི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་ནས། ལོ་སྟོང་ཕྲག་གཅིག་དང་དྲུག་བརྒྱ་དགུ་བཅུ་རྩ་གཉིས་འདས་པའི་རྗེས་སུ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་གྲིབ་བརྟན་ཞེས་བྱ་བའི་དབུས་ན། པྲ་བ་པུ་ར་གྲོགས་མཆོག་ཞེས་བྱ་བའི་གྲོང་ཁྱེར་ན་ཡབ་ཚོང་དཔོན་སམ་ཡ་དང་ཡུམ་སུམ་བྷ་ཀ་ར་མེ་ཏོག་ཞེས་བྱ་བའི་སྲས་སུ་བདག་ཉིད་ཆེན་པོ་འདི་འཁྲུངས་པའི་ཚུལ་བསྟན” ཡང་དེབ་སྔོན་ལས་“བསྟན་པའི་ལོ་གྲངས་དེ་ལྟར་ཡིན་པས་ན་པན་ཆེན་འཁྲུངས་པའི་ལོ་ནི་མེ་མོ་ལུག་གི་ལོ་ལ་ཡིན།………”ཞེས་པ་དང་། “བོད་དུ་ཕེབས་པའི་ལོ་ནི་ཤིང་ཕོ་བྱི་བ་ཡིན་པ་ལོ་ཙྰ་བས་གསུངས་པས། ཤིང་ཕོ་བྱི་བ་ནི་རང་ལོ་བདུན་ཅུ་དོན་བརྒྱད་པའོ། དེ་ནས་ཆུ་མོ་བྱའི་བར་དུ་ལོ་བཅུ་བཞུགས་ནས་ཤིང་ཕོ་ཁྱི་ལ་བོད་ནས་ཐེགས། དེ་ནས་ལོ་འཁོར་འཁོར་བས་ཤོང་མོ་བྱའི་ལོ་ལ་ལོ་དགུ་བཅུ་རྩ་དགུ་ལོན……”དེ་བཞིན་གོང་གི་ཆོས་འབྱུང་གསུམ་དུ་གཞི་མཐུན་གྱིས་གསལ་བ་བཞིན། པན་ཆེན་འདི་ཉིད་ཆུང་ངུའི་མཚན་ལ་ཛ་ཤོ་བྷ་ར་ཞུ་བ་དང་དགུང་ལོ་ཉེར་གསུམ་པ་ལྕགས་རྟ་ལོ་སྟེ་༡༡༥༠ལ་རབ་ཏུ་བྱུང་། དགུང་ལོ་སུམ་ཅུ་པ་མེ་གླང་ལོ་སྟེ་༡༡༥༧ལ་སློབ་དཔོན་ཞི་འབྱུང་སྦས་པའམ་རྒྱ་གར་སྐད་དུ་ཥནྟྰ་ཀ་ར་གུཔྟ་ཞེས་པས་མཁན་པོ་མཛད་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དེའང་རྣམ་ཐར་ལས་“ཐུབ་དབང་ཡོངས་འདས་ལོ་ངོ་བརྒྱ་དྲག་བཅུ།། དྲུག་བཅས་དགུ་བཅུ་རྩ་གཉིས་མཐར་སོན་ནས།། ལྔ་བརྒྱའི་བསྟན་རོལ་ངུར་སྨྲིག་འཛིན་པའི་གཙོ།། འབྱོན་འགྱུར་དྲང་སྲོང་དེ་ཡི་རྣམ་ཐར་བརྗོད།།……….གང་འཁྲུངས་ལོ་ནི་སུམ་ཅུ་མཉམ་པ་ལ།། མཁན་སློབ་ཤན་ཏ་ཀ་ར་གུ་པ་དང་།། ད་ཤ་བྷ་ལ་ད་ན་ཀ་རར་བཅས།། བཅོ་བརྒྱད་དགེ་འདུན་བསྙེན་རྫོགས་ཕྱག་འཚལ་ལོ།།” ཞེས་པ་ལྟར་རོ། བདག་ཉིད་ཆེན་པོ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་སྦྱངས་པའི་ཡོན་ཏན་ལ་གནས་པར་མཛད་ཅིང་པཎ་ཆེན་དེ་བ་པུ་ནི་སོགས་པཎྡི་ཏ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང་མཁས་པའི་རྩེ་མོར་གསོན།

དེའང་རབ་བྱུང་གསུམ་པའི་ལྕགས་བྱ་ལོ་སྟེ་༡༢༠༡ལོ་ནས་བཟུང་སྟག་གཟིག་གི་ཡུལ་ནས་དུ་རུ་ཀའི་དམག་རྒྱ་གར་དུ་ཡོང་ནས་ཤར་ཕྱོགས་དང་ལྷོ་ཕྱོགས་ཙམ་མ་གཏོགས་ནུབ་བྱང་དབུས་ཡོངས་སུ་བཙན་བཟུང་བྱས་ཏེ་ནང་པའི་གཙུག་ལག་ཁང་མང་དུ་བཅོམ། པཎྡི་ཏ་དང་མཁས་པ། རབ་ཏུ་བྱུང་བ་སོགས་མང་པོ་ཞིག་རྒྱ་གར་ཤར་ཕྱོགས་ཀྱི་འབར་མ་སོགས་སུ་བྲོས་དགོས་བྱུང་བར་བརྟེན། རྒྱ་གར་དཔལ་ན་ལེནྡྲའི་མཁན་ཐོག་མཇུག་ཤོས་ཁ་ཆེ་པཎྡི་ཏ་ཤྰཀྱ་ཤྲྰི་སོགས་ཉུང་ཤས་ཤིག་རྒྱ་གར་བྱང་ཕྱོགས་བོད་དང་ཐག་ཉེ་བའི་སར་བྲོས་ཕེབས་ནས་དེར་བཞུགས་པའི་ཚེ་ཁྲོ་ཕུ་ལོ་ཙྰ་བ་བྱམས་པའི་དཔལ་གྱིས་གྲོ་མོ་བརྒྱུད་བོད་དུ་སྤྱན་དྲངས། སྐབས་དེར་ཁྲོ་ཕུ་ལོ་ཙྰ་བ་བྱམས་པའི་དཔལ་ནི་དགོངས་ལོ་སུམ་ཅུ་སོ་གཉིས་ལ་སླེབས་ཡོད་པ་དེའང་དུང་དཀར་ཚོག་མཛོད་ལས་“ཁྲོ་ཕུ་ལོ་ཙྰ་བ་ནི་མཚན་དངོས་ལ་ཤེས་རབ་ཚུལ་ཁྲིམས་དང་། མཚན་གྱི་རྣམ་གྲངས་སུ་བྱམས་པའི་དཔལ་ཡང་ཞུ། ཡབ་ཀུན་དགའ་རས་པའི་གཅུང་པོ་གནུབས་ཇོ་འཕན་དང་། ཡུམ་གསལ་བྱེད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྦྲུལ་ ༡༡༧༣ ལོར་སྐུ་འཁྲུངས” ཞེས་པ་ལྟར་ན་ཤིང་བྱི་ལོ་༡༢༠༤བར་ཏག་ཏག་ལོ་ངོ་སུམ་ཅུ་སོ་གཉིས་ལ་ཁ་གཏད་ཡོད་པ་དང་། རྗེ་བདག་བདག་ཉིད་ཆེན་པོ་དེ་ཉིད་དགུང་ལོ་དོན་བརྒྱད་ལ་བྱོན་ཡོད་པས་ན། པན་ཆེན་གྱི་ཐུགས་སུ་གཞོན་ནུ་ན་ཕྲ་བ་འདི་ལྟ་བུ་ཞིག་གིས་བོད་དུ་ཆོས་སྤེལ་བའི་ལོ་ཙྰ་མི་ཡོང་བས་སླར་རང་ཡུལ་དུ་ལྡོག་དགོས་སྙམ། རྣམ་ཐར་ལས“སྐྱེས་ཆེན་བརྩེ་བས་ཅུང་ཟད་བསྐྱོད་གྱུར་ཀྱང་།། སྐྱོ་བས་སླར་ལོག་བརྩམས་ཚེ་ཡུལ་དུས་དང་།། གང་ཟག་ངེས་པའི་ཕོ་ཉ་ལུང་བསྟན་ཅིང་།། བྱམས་ཆེན་འོད་ཟེར་འགྱུར་ལ་ཕྱག་འཚལ་ལོ།། ” དེ་ནས་པན་ཆེན་གྱི་སློབ་མ་པཎྡི་ཏ་ཛ་ཡ་ཤྲྰིས་ ཞུ་བ་བྱས་ནས་ཆོས་དྲི་བའི་གོ་སྐབས་བྱུང་བའི་ཚེ་ན་བདག་ཉིད་ཆེན་པོ་ཐུགས་ཤིན་ཏུ་དགྱེས་ཤིང་བོད་ལ་འདི་འདྲ་བའི་ཆོས་སྨྲ་བ་འོང་བ་ངོ་མཚར་ཆེ་གསུངས་ནས་མུ་མཐུད་བོད་དུ་ཆས་རྒྱུའི་ཞལ་བཞེས། དེ་ནས་ཕག་རིར་བརྒྱུད་ཆུ་མིག་ཏུ་བྱོན། ཆུ་མིག་ཏུ་དགེ་འདུན་ཤིན་ཏུ་མང་པོས་བསྐོར། ཁྲོ་ཕུ་བའི་བསུ་བ་འབྱོར། ཁྲོ་ཕུར་ཕེབས་ནས་མཁས་བཙུན་སྟོང་ཕྲག་ལ་ཆོས་གནང་། དེ་ནས་དབུས་གཙང་ཁུལ་གྱི་ས་ཕྱོགས་མང་པོར་ཕེབས་ནས་ཆོས་གསུངས་པ་སྟེ། སྣར་གྱི་གླ་མོ་ཆེ་དང་གཞུའི་སྙེ་མོ་བརྒྱུད་འཚུར་ཕུ་དང་ལྷ་ས། བསམ་ཡས། འཆིམས་ཕུ། འབྲི་གུང་བ་རྣམས་ཀྱིས་གདན་འདྲེན་པར་བྱོན་པས་འབྲི་གུང་བ་དང་མཇལ་བའི་རྟེན་འབྲེལ་མ་འགྲིག དེ་ནས་རྒྱ་མ། རིན་ཆེན་སྒང་། ར་སྒྲེང་། མཉལ་དང་ལོ་རོ། ལྷོ་བྲག བུ་གུ་དོ། ཐང་པོ་ཆེར་བྱོན། ལྷག་པར་དུ་ཐང་པོ་ཆེར་བྱོན་ནས་འབུལ་རྫས་མང་དུ་བྱུང་བ་ཐམས་ཅད་ཁྲོ་ཕུའི་བྱམས་ཆེན་བཞེངས་བར་བསྔོས། དེའང་པན་ཆེན་ཁོང་དབུས་གཙང་བསྐོར་ནས་སླར་ཁྲོ་ཕུར་འབྱོར་བའི་ཚེ་བྱམས་ཆེན་གྲུབ་པའི་རབ་གནས་གནང་རྒྱུའི་དུས་ལ་བཅར་ནའང་ཆ་རྐྱེན་གྱིས་མ་འདང་བས་སླར་ཡང་ཡུལ་ཁག་ཏུ་ཆོས་འཆད་པར་ཕེབས་པ་དེབ་སྔོན་ལས་གསལ་པོར་བཤད་ཡོད་པ་སྟེ།“ཁྱད་པར་ཆུ་མོ་སྤྲེའུའེ་ལོ་ལ་ལྷ་མོ་ཆེའི་རབ་གནས་རན་ནའང་ཆ་རྐྱེན་གྱིས་མ་ལྡང་བས། ཡང་པན་ཆེན་གྱིས་དབུ་གཡོར། གཉལ་ལོར། ལྷོ་བྲག་སོགས་སུ་བསྐྱར་དུ་བྱོན། ཡོ་བྱད་ཐམས་ཅད་བྱམས་ཆེན་གྱི་ཕྱོགས་སུ་ཕུལ། ” ཞེས་བཤད་པ་ལྟར་རོ། དེ་ནས་བྱམས་ཆེན་གྲུབ་པའི་རབ་གནས་ཡོངས་སུ་མཛད་རྗེས་བོད་ཀྱི་དགེ་འདུན་གྱིས་ཞུ་བ་མང་དུ་ཕུལ་ཀྱང་མ་གསན་པར་ཁ་ཆེའི་ཡུལ་དུ་བཞུད་པའི་དགོངས་པ་བསྟན་ཞིང་གུང་ཐང་བརྒྱུད་མངའ་རིས་སུ་བྱོན་ནས་ཁ་ཆེའི་ཡུལ་དུ་ཕེབས་པའོ།།

པན་ཆེན་འདི་ཉིད་བོད་དུ་བཞུགས་པའི་རིང་ལུང་དང་མཚན་ཉིད་ཀྱི་ཆོས་མང་དུ་གསུངས་ཤིང་བོད་ཀྱི་བསྟན་པ་ཕྱི་དར་གྱི་དུས་སུ་ནང་པའི་ཆོས་འདིའི་ཡར་འཕེལ་ལ་མཛད་རྗེས་ཆེན་པོ་བཞག་གནང་བ་དང་ལྷག་པར་དུ་རྗེ་བདག་ཉིད་ཆེན་པོ་ཁོང་བོད་དུ་འགྲོ་བའི་བསྟན་པ་སྤེལ་བའི་སྐབས་སུ་བྱུང་བའི་འབུལ་རྫས་རྒྱུ་ནོར་མཐའ་དག་ནི་ཁྲོ་ཕུ་བྱམས་ཆེན་བཞེངས་པར་བསྔོས་ཤིང་། ཁྲོ་ཕུ་བཀའ་རྒྱུད་ཀྱིས་ཁ་ཆེ་པན་ཆེན་ཤཀྱ་ཤྲྰི་ལ་བརྟེན་ནས་རང་ལུགས་ཀྱི་མིང་གྲགས་དང་ཆོས་ཕྱོགས་ཀྱི་དཔལ་འབྱོར་སོགས་གང་ས་ཅི་ཐད་ནས་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ལ་བག་ཆགས་དང་ཕན་པ་ངེས་ཅན་ཞིག་བཞག་ཡོད་པའི་དོན་དངོས་ལ་གཞིགས་ན། ཁྲོ་ཕུ་ལོ་ཙྰ་བ་བྱམས་པའི་དཔལ་གྱིས་བོད་སིལ་བུའི་དུས་ཀྱི་གྲུབ་མཐའ་འཕེལ་རྒྱས་ཀྱི་འགྲན་རྩོད་གནས་བབ་ཁྲོད་པན་ཆེན་གདན་དྲངས་པའི་དམིགས་པ་ལའང་བསམ་གཞིགས་ཀྱི་གནས་མང་དུ་ཡོད་པ་གོར་མ་ཆགས། པན་ཆེན་བོད་དུ་བཞུགས་རིང་བུ་སློབ་མང་དུ་བྱུང་ཡང་པན་ཆེན་གྱི་སྤྱན་སྔར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་སྟན་གཅིག་གི་བརྟུལ་ཞུགས་འཛིན་པར་ཁས་བླངས་པ་ནི་བྱང་རྡོར་གཉིས་ཁོ་ན་ཡིན་པ་དེའང་དེབ་སྔོན་ལས“སོ་སོའི་ཐར་པའི་བསླབ་པ་ལ་བཀོད་པ་གྲངས་མེད་ཀྱང་། པན་ཆེན་གྱི་སྤྱན་སྔར་བརྙེན་པར་རྫོགས་ནས། སྟན་གཅིག་གི་བརྟུལ་ཞུགས་འཛིན་པར་ཁས་བླངས་པ་ནི་རྡོ་རྗེ་དཔལ་དང་བྱས་ཆུབ་དཔལ་རྣམ་པ་གཉིས་ཡིན་ནོ” ཞེས་པ་ལྟར་རོ། ཕྱིས་ཁོང་གཉིས་ཀྱི་གཙོས་པན་ཆེན་གྱི་མཁན་རྒྱུད་འཛིན་པ་རྣམས་ཀྱིས་རིན་པོ་ཆེ་བོད་དུ་བཞུགས་རིང་གི་ལུང་བསྟན་པ་བཞིན་ཚོགས་སྡེ་བཞི་ཕྱག་བཏབ། དེ་ལས་སྟན་གཅིག་གི་བརྟུལ་ཞུགས་འཛིན་པ་ཞེས་པ་ནི་གཙོ་བོ་ཁ་ཆེ་པན་ཆེན་ནས་བརྒྱུད་པའི་ཇོ་གདན་ལ་གོ་དགོས་པ་ཡིན། ཇོ་གདན་ཞེས་པའི་ཐ་སྙད་འདིར་མཁས་པ་འགའ་ཡིས་ཇོ་ནང་ལུགས་ལ་གོ་བ་སོགས་འགྲེལ་ཚུལ་མི་འདྲ་ཡོད་མོད། སྤོས་ཁང་རིན་ཆེན་རྒྱལ་མཚན་གསུང་རབ་མྱུར་སྐྱོབ་ཁང་ནས་བསྒྲིགས་པའི་ཇོ་གདན་སྤོས་ཁང་དགོན་གྱི་ཆོས་སྤྱོད་རབ་གསལ་སྣང་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ་ཞེས་པའི་ནང་“ཇོ་གདན་ཞེས་པ་ཁ་ཆེ་པན་ཆེན་གྱི་སྐབས་ནས་འབོད་སྲོལ་མཆིས། ཡིག་རྙིང་ཐོག་ཇོ་གདན། ཇོ་བསྟན། ཇོ་སྟན་ཞེས་གསུམ་ཙམ་འབྲི་སྲོལ་སྣང་། གཙོ་བོའི་གོ་དོན་ནི་སྐབས་དེར་སྐྱེ་འགྲོ་ཡོངས་ཀྱིས་གཙུག་ཏུ་བཀུར་ཞིང་རྒྱལ་ཁམས་སྤྱིའི་མཆོད་གནས་བྱེད་པའི་ཇོ་བོ་ལྟ་བུ་གདན་གཅིག་གམ་བསྟན་གཅིག་གི་བརྟུལ་ཞུགས་འཛིན་པའི་དགེ་སློང་རྣམ་དག་གི་ཚོགས་པ་ཞིག་ལ་ཟེར” ཞེས་གསལ་པོར་འཁོད་ཡོད་ལ། གཞན་དུ་རང་ཉིད་དང་དགེ་བའི་བཤེས་གཉེན་ཆེན་པོ་སྟོང་ར་བ་ཐུབ་བསྟན་སྨོན་ལམ་མཆོག་ཞལ་མཇལ་བྱུང་བའི་དུས་སུའང་ཁོང་གིས་འདི་ལྟར་རང་འགྲེལ་དགོས་པའི་བཀའ་སློབ་གནང་བྱུང་།

 

གཉིས་པ། གཙང་ཆོས་ལུང་ཚོགས་པ་ཐོག་མར་ཕྱག་བཏབ་པའི་སྐོར།

 

     གཙང་ཆོས་ལུང་ཚོགས་པ་ནི་ཁ་ཆེ་པན་ཆེན་གྱི་སྡོམ་རྒྱུན་འཛིན་པ་བོད་ཀྱི་ཚོགས་པ་སྡེ་བཞིའི་ཡ་གྱལ་ཞིག་ཡིན་པ་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་རྟོགས་ཐུབ་པ་ཞིག་ཡིན་ལ། དུང་དཀར་ཚིག་མཚོད་ལས་ཀྱང“ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰི་བོད་དུ་ཕེབས་རྗེས་དགེ་སློང་གི་སྡོམ་རྒྱུན་མང་དུ་སྤེལ་གནང་བ་ལས་ཚོགས་སྡེ་བཞི་སྟེ། ༡ཚོགས་ཆེན་པ། ༢ཚོགས་པ་བྱི་རྫིང་། ༣ ཚོགས་དགེ་འདུན་སྒང་པ། ༤ཚོགས་ཆོས་ལུང་” ཞེས་གསུང་ཡོད། འོན་ཏེ་སྤྱིར་ཚོགས་པ་སྡེ་བཞིའི་ཕྱག་བཏབ་པའི་སྐོར་ལ་ཆོས་འབྱུང་ཁག་ཏུ་ལོ་རྒྱུས་རབ་རིབ་ཙམ་ལས་མི་གསལ་ལ། ལྷག་པར་དུ་གཙང་ཆོས་ལུང་ཚོགས་པ་འདི་དུས་ནམ་ཞིག་ལ་ཕྱག་བཏབ་པ་དང་སྐྱེ་བུ་སུ་ཞིག་གིས་ཕྱག་བཏབ་པ། ཕྱག་བཏབ་པའི་དགོས་པའམ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ལ་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་ཉུང་བས་ཁ་ཚོན་ཡོངས་སུ་གཅོད་པའི་གཏམ་ཞིག་བརྗོད་མ་སྤོབས་རུང་། འབྲེལ་ཡོད་ཀྱི་དཔྱད་གཞི་རགས་པ་རྣམས་བསྡུར་བ་བྱས་པར་གཞིགས་ན། གཙང་ཆོས་ལུང་ཚོགས་པ་ནི་ཁ་ཆེ་པན་ཆེན་གྱི་དངོས་སློབ་ལྷོ་བྲག་པ་བྱང་ཆུབ་དཔལ་གྱིས་ཕྱག་བཏབ་པ་ཡིན་པ་བཀའ་གདམས་ཆོས་འབྱུང་ལས“པན་ཆེན་དེའི་རྣམ་ཐར་འཛིན་པའི་སྲས་རྡོ་རྗེ་དཔལ་དང་བྱང་ཆུབ་དཔལ་གཉིས་ཀྱིས་སྟན་གཅིག་གི་བརྟུལ་ཞུགས་ལ་གནས་པའི་དགེ་འདུན་གྱི་སྡེ་གཉིས་བཙུགས་པ་ནི་ཚོགས་ཆེན་པ་དང་ཆོས་ལུང་པ་ཞེས་གྲགས” ཞེས་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས“གཙང་སོ་བ་གཤེགས་ནས་སློབ་མ་སོ་སོར་བསྐྱངས་པས་རྡོ་རྗེ་དཔལ་གྱི་རྗེས་སུ་སངས་རྒྱས་དཔལ། ཤེས་རབ་མགོན་པོ། སེང་གེ་རྒྱལ་མཚན། སངས་རིན་དང་བསོད་ནམས་དཔལ། འོད་ཟེར་དཔལ། ཆོས་ཀྱི་རྒྱན་མཚན། ཤེས་རབ་མགོན་པོ། སེང་གེ་རྒྱལ་མཚན། བསོད་ནམས་དབང་ཕྱུག་བཀྲ་ཤིས་སོགས་ཏེ་སྙེ་མོ་ཚ་མིག་ཏུ་བཞུགས་པས་ཚ་མིག་ཚོགས་པའམ་ཕྱིས་ཚོགས་ཆེན་པར་གྲགས” ཞེས་པར་ལྟར་ན། རྡོ་རྗེ་དཔལ་གྱིས་ཚོགས་ཆེན་པ་དང་ལྷོ་བྲག་བྱང་ཆུབ་དཔལ་གྱིས་ཆོས་ལུང་ཚོགས་པ་ཕྱག་བཏབ་པ་གསལ་པོར་ཐོང་ཐུབ། དེབ་ཐེར་ཁག་ཏུ་གཙང་ཆོས་ལུང་ཚོགས་པ་ཕྱག་བཏབ་པའི་ལོ་གྲངས་མངོན་པ་ནི་རྒྱ་བོད་ཚིག་མཛོད་ཆེན་མོའི་མཇུག་གི་བོད་ཀྱི་ལོ་རྒྱུས་འདས་པའི་ལོ་གྲངས་སྦྱར་བའི་རེའུ་མིག་གི་ནང་དུ“༡༢༥༥ཤིང་ཡོས། སྙེ་ཐང་མཁན་པོ་གྲགས་པ་སེང་གེ་ལས་འཕགས་པ་དགུང་ལོ་ཉེར་གཅིག་པ་བསྙེན་པར་རྫོགས། ཀམ་ཀམ་རིན་ཆེན་གཞོན་ནུ་འཁྲུངས། སྤྱན་ལྔ་གྲགས་འབྱུང་གཤེགས། གཅུང་དེ་མོ་འབྲི་གུང་གི་གདན་སར་འཁོད། ཆོས་ལུང་ཚོགས་པ་བཙུགས”ཞེས་གསལ་བ་དེ་ཁོ་ན་ཡིན་མོད། དེ་ནི་ཤིན་ཏུ་བདེན་པ་ཞིག་ལ་མངོན་བྱུང་བ་དེའང་ཆོས་ལུང་ཚོགས་པ་ཕྱག་བཏབ་པའི་དུས་ཚོད་ཤིང་ཡོས་༡༢༥༥ལོ་དེ་ནི་ས་སྐྱའི་འགྲོ་མགོན་འཕགས་པ་མདོ་ཁམས་སུ་སྙེ་ཐང་མཁན་པོ་གྲགས་པ་སེང་གེའི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས་པའི་ལོ་དེ་ཡིན།  དེའང་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས“སྤྱི་ལོ་༡༢༥༥བོད་རབ་བྱུང་བཞི་པའི་ཤིང་ཡོས་ལོར། འགྲོ་མགོན་འཕགས་པ་དགུང་ལོ་ཉེར་གཅིག་བཞེས་སྐབས་རྒྱ་དང་ཧོར་ཡུལ་གྱི་མཚམས་ཐེ་ལེ་ཞེས་བྱ་བར་ཕེབས་ནས། སྙེ་ཐང་ཆོས་རྗེ་གྲགས་པ་སེང་གེས་མཁན་པོ་དང་། ཇོ་གདན་པ་བསོད་ནམས་རྒྱལ་མཚན་གྱིས་སློབ་དཔོན། ཡར་རླུང་པ་བྱང་ཆུབ་རྒྱལ་མཚན་གྱིས་གསང་སྟོན་གནང་སྟེ། དད་འདུས་ཀྱི་དགེ་འདུན་ཉི་ཤུའི་དབུས་སུ་བསྙེན་པར་རྫོགས་ནས་མཁན་པོ་ལས་ཕར་ཕྱིན་དང་སློབ་དཔོན་ལས་སོ་ཐར་མདོ་རྩ། གསང་སྟོན་ལས་སྡེ་བདུན་ལ་སོགས་པ་མང་དུ་གསན་ནས་དོན་རྣམས་དཔྱིས་ཕྱིན་པར་མཛད” ཞེས་འཁོད་པ་ལས་མངོན་ཐུབ། འོན་ཏེ་འགྲོ་མགོན་འཕགས་པ་ཐོག་མར་བསྙེན་རྫོགས་སུ་ཡིས་དྲུང་དུ་བཞེས་འཆར་ཡོད་པའི་སྐོར་ལ་ལོ་རྒྱུས་མི་འདྲ་བ་མང་པོ་ཡོད་ཀྱང་རྒྱ་བོད་ཡིག་ཚང་ཆེན་མོ་ལས“ལྷོ་བྲག་པ་བྱང་ཆུབ་དཔལ་བ་ལ། ཆོས་རྒྱལ་འཕགས་པ་རྒྱ་བོད་མཚམས་སུ་བསྙེན་རྫོགས་མཛད་པའི་མཁན་པོ་ལ་གདན་འདྲེན་བྱུང་བས་འབྱོན་དུས། སྣར་ཐང་བ་མཁན་པོ་དབང་ཕྱུག་གྲགས་པ་གདན་ས་ལ་བསྐོས་བཞག བྱང་ཆུབ་དཔལ་བས་འདི་ཐུག་བྱོན།

འཕགས་པའི་བསྙེན་རྫོགས་མཛད་ཚར་ཟེར་ནས། ཡར་ཕེབས། ཟུར་དུ་བཞུགས་པས་སྡེ་གཉིས་བྱུང་བ་ཡིན” ཞེས་པ་ལྟར་ན་འགྲོ་མགོན་འཕགས་པས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཡུལ་ནི་ལྷོ་བྲག་པ་བྱང་ཆུབ་དཔལ་ཡིན་པ་དང་། མཁན་ཆེན་བྱང་ཆུབ་དཔལ་བས་འགྲོ་མགོན་གྱི་བཀའ་བཞིན་སྣར་ཐང་བ་མཁན་པོ་དབང་ཕྱུག་གྲགས་པ་གདན་ས་ལ་བསྐོས་ནས་ལམ་དུ་ཆས་པའི་ཚེ་ན། འཕགས་པ་བསྙེན་རྫོགས་མཛད་ཟིན་པ་གསན་ནས་སླར་ལོག་ཕེབས་ནས་སྣར་ཐང་བ་མཁན་པོ་གཞུའི་དགེ་འདུན་སྒང་དུ་རང་གནས་སུ་བཞག་སྟེ་དགེ་འདུན་སྒང་ཚོགས་པ་གྲུབ་པ་དང་། ལྷོ་བྲག་པ་བྱང་ཆུབ་དཔལ་རང་ཉིད་ཟུར་དུ་ཚོགས་པ་གསར་རྐྱང་ཞིག་བཙུགས་ནས་བཞུགས་པ་དེ་ནི་གཙང་ཆོས་ལུང་ཚོགས་པའོ། དེའང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས“མཁན་པོ་བྱང་ཆུབ་དཔལ་ས་སྐྱ་བ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཁན་པོ་ལ་གོང་དུ་གདན་འདྲེན་བྱུང་བས་གཙང་པ་དབང་ཕྱུག་གྲགས་གདན་སར་བསྐོས་ཏེ་ཧོར་ཡུལ་ལ་བྱོན་པས་འདམ་དུ་ཕེབས་པའི་ཚེ་འཕགས་པ་བསྙེན་རྪོགས་མཛད་ཟིན་པ་གསན་ནས་སླར་ལོག་སྟེ་ཚོགས་པ་གསར་དུ་བསྐྱངས་པས་སྡེ་གཉིས་བྱུང་སྟེ་མཁན་པོ་གཙང་པའི་རྗེས་སུ་དབོན་པོ་གཞོན་བྱང་དང་། འདུལ་ཚད་པ་བྱང་ཆུབ་བཟང་པོ། དོན་གྲུབ་དཔལ། ཡོན་ཏན་རྒྱལ་མཚན། དཔལ་གྲུབ་པ་ལ་སོགས་པ་བྱོན་ཏེ་གཞུའི་དགེ་འདུན་སྒང་དུ་བཞུགས་པས་དགེ་འདུན་སྒང་དུ་གྲགས། ………མཁན་ཆེན་བྱབ་ཆུབ་དཔལ་གྱིས་ཚོགས་གསར་དུ་བསྐྱངས་བ་ལ། བདེ་བ་དཔལ། བཀའ་བཞི་པ་གྲགས་གཞོན། བྱང་སེམས་བསོད་ནམས་གྲགས་པ། བསོད་ནམས་བཟང་པོ། གཞོན་ནུ་མགོན། གྲགས་པ་རྒྱལ་མཚན། གྲགས་པ་བཤེས་གཉེན་ལ་སོགས་པ་བྱོན་ཏེ་སྔར་སྟག་པ་ཇོ་སྟན་དུ་གྲགས་ཤིང་སྣུབས་ཆོས་ལུང་བཏབ་པ་ཕྱིན་ཆོས་ལུང་པར་གྲགས་སོ” གཞན་ཡང་དགོན་དེ་ཕྱག་བཏབ་པའི་དུས་ཚོད་ཀྱང་འགྲོ་མགོན་འཕགས་པ་བསྙེན་རྗོགས་ཀྱི་སྡོམ་པ་བཞེས་པའི་ལོ་དེ་རང་ལ་བབ་པ་སྟེ།  རྒྱ་བོད་ཡིག་ཚང་ཆེན་མོ་ལས“བླ་མ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བ་ནི་ཡབ་དགུང་ལོ་ང་གཉིས་པའི་དུས། ཤིང་མོ་ལུག་གི་ལོ་ལ་ཟླ་བ་གསུམ་པའི་ཚེས་དྲུག་གི་ཉིན་ལ་སྐུ་འཁྲུངས” ཞེས་འཁོད་ཡོད་ཅིང་འགྲོ་མགོན་འཕགས་པའི་ཡབ་བཟང་ཚྭ་བསོད་རྒྱལ་ནི་ཤིང་འབྲུག་གི་ལོ་སྟེ་༡༡༨༤ལོ་སྐུ་འཁྲུངས་བས་ན། དེའི་སྟེང་དུ་ལོ་ང་གཉིས་སྣོན་པ་ནི་ཤིང་མོ་ལུག་སྟེ་འགྲོ་མགོན་འཕགས་པའི་འཁྲུངས་ལོ་༡༢༣༦ཡིན་པ་དང་། དེ་ནས་བསྙེན་རྗོགས་ཀྱི་སྡོམ་པ་བཞེས་ལོ་ནི་འཕགས་པ་དགུང་ལོ་༢༡ལ་ཡིན་དུས། འཁྲུངས་ལོའི་སྟེང་ལ་ལོ་གྲངས་༢༡སྣོན་ཚེ་མེ་འབྲུག་ལོ་སྟེ་༡༢༥༦ལ་བབ་རུང་། ཟླ་བ་ཁ་ཤས་ཀྱི་དབྱེ་བ་ནི་ལོ་གྲངས་ཀྱི་རྩིས་སྲོལ་མི་འདྲ་བ་ལས་ཆོད་པ་ལས། ལོ་རྒྱུས་ཀྱི་དོན་དངོས་དོན་རྐྱེན་གཅིག་མཚུངས་སུ་གནས་པ་ཡིན།  གཞན་དུ་མཁན་རྒྱུད་གསུམ་བྱོན་ཚུལ་གྱི་རྣམ་ཐར་ཞེས་པ་ལས“ལྷོ་བྲག་བྱང་ཆུབ་དཔལ་ནི་ཆུ་མོ་ཡོས་ལ་འཁྲུངས་ཤིང་། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཕག་རིར་པན་ཆེན་དང་མཇལ། དགུང་ལོ་ཞེ་གཉིས་ལ་མཁན་ཐོག་ཏུ་ཕེབས” ཞེས་པ་ལྟར་ན་འཁྲུངས་ལོ་ཆུ་ཡོས་ལོ་ནི་༡༡༨༣ལ་བབ་པ་དང་། དགུང་ལོ་ཉི་ཤུ་རྩ་གཉིས་ཀྱི་ལོ་ནི་དེའི་སྟེང་ལོ་གྲངས་༢༢སྣོན་པའི་ཤིང་གླང་ལོ་༡༢༠༥ལ་བབ་པ་དེའང་པན་ཆེན་༡༢༠༤ལོར་གྲོ་མོ་བརྒྱུད་བོད་ལ་ཕེབས་པའི་ལོ་དུས་དང་ཡང་ཤིན་ཏུ་མཚུངས། དེ་ནས་དགུང་ལོ་ཞེ་གཉིས་ལ་མཁན་ཐོག་ཏུ་ཕེབས་ཞེས་པ་ནི་ཁོང་དང་རྡོ་རྗེ་དཔལ་ལྷན་དུ་ཚོགས་པ་གཅིག་སྐྱོང་བའི་དུས་སུ་ཁོང་ནི་སློབ་དཔོན་ལས་མཁན་པོ་མ་ཡིན་ཞིང་། ཚོགས་དགེ་འདུན་སྒང་གི་མཁན་ཐོག་དང་པོ་ཡང་གཙང་པ་མཁན་པོ་ཡིན་པས་ན། འདིར་བརྗོད་པའི་མཁན་ཐོག་ཏུ་ཕེབས་ཞེས་པ་དེའང་ཆོས་ལུང་གི་མཁན་པོ་ལ་ཕེབས་པ་ཁོ་རང་ལ་བརྗོད་པ་གསལ་པོ་ཡིན་པས། ཁོང་གི་འཁྲུང་ལོ་༡༡༨༣གི་སྟེང་དུ་ལོ་གྲངས་ཞེ་གཉིས་སྣོན་ཚེ་༡༢༥༥རང་ལ་བབ་པས། མདོར་ན་མཁན་ཆེན་ལྷོ་བྲག་པ་བྱང་ཆུབ་དཔལ་གྱིས་གཙང་ཆོས་ལུང་ཕྱག་བཏབ་པའི་ལོ་གྲངས་ནི་ཤིང་ཡོས་ལོ་སྟེ་༡༢༥༥རང་ལ་ཡིན་པར་ལོ་རྒྱུས་སྨྲ་བ་ཚོས་ཐེ་ཚོམ་རྩ་བ་ནས་མི་དགོས་པ་ཞིག་ཏུ་གྱུར་ཡོད།

 

གསུམ་པ། གཙང་ཆོས་ལུང་ཚོགས་པའི་མཁན་རྒྱུད་ཀྱི་སྐོར།

 

    གཙང་རོང་གནུབས་ཡུལ་ནི་ལོ་རྒྱུས་ཐོག་གནས་བབ་ངེས་ཅན་བཟུང་བའི་ས་ཞིག་ཡིན། དེའང་བོད་རྒྱལ་གཉའ་ཁྲི་བཙན་པོའི་དུས་ཀྱི་ཡབ་འབངས་རུས་དྲུག་ནས་འགོ་ཚུགས་པའི་ལོ་རྒྱུས་ཡོད། ཕྱིས་བསྟན་པ་ཕྱི་དར་གྱི་དུས་སུ་གསང་སྔགས་ཀྱི་རྗེས་འཇུག་པ་མང་དག་ཅིག གཙང་རོང་གནུབས་ཡུལ་ནས་འཁྲུངས་ཡོད་པ་སོགས་འདིར་སྐབས་བབ་ཀྱི་བརྗོད་བྱ་མ་ཡིན་པས་ན། ཡིག་ཉོགས་ལ་བསམ་ནས་ཇི་བཞིན་འབྲི་བར་མི་བྱ།  གཙང་ཆོས་ལུང་ཚོགས་པ་ནི་ད་ལྟའི་བར་ལ་ལོ་རྒྱུས་དུས་ཡུན་ལོ་ངོ་བདུན་བརྒྱ་དྲུག་ཅུ་རེ་གསུམ་ཙམ་སོང་བ་དང་། ཆོས་ལུང་མཁན་རྒྱུད་ཀྱི་སྐོར་ལ་དེབ་སྔོན་དང་རྒྱ་བོད་ཡིག་ཚང་ཆེན་མོ། ཇོ་གདན་སྤོས་ཁང་དགོན་གྱི་ཆོས་སྤྱོད་རབ་གསལ་སྣང་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ་ཞེས་པ་སོགས་ཀྱི་དེབ་ཐེར་ལ་ཤོད་སྲོལ་མི་འདྲ་བ་སྣ་ཚོགས་ཞིག་ཡོད་མོད། འདི་དག་ནི་ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་ཟིན་པས། ལོ་རྒྱུས་སྨྲ་བ་ཚོས་དཔྱད་གཞིར་ཡང་གཟིགས་ཐུབ་པ་ཡིན་པས་རེ་རེ་བཞིན་འབྲི་བའི་དགོས་པ་མི་སྣང་། འདིར་ཁོ་བོས་༢༠༡༦ལོར་གཙང་ཆོས་ལུང་ཚོགས་པའི་དབུ་མཛད་མཐའ་མ། དགུང་ལོ་དགུ་བཅུ་གོ་གསུམ་ལ་སོན་པའི་བགྲེས་སོང་མཐའ་མཁས་དངོས་གྲུབ་སྦྱིན་པ་ལགས་ལ་ས་ཡུལ་དངོས་སུ་བཅའ་འདྲི་བྱས་པའི་ཆོས་ལུང་ཚོགས་པའི་མཁན་རྒྱུད་ཀྱི་གསོལ་འདེབས་ཇི་བཞིན་བློ་འདོན་གནང་བ་གཞིར་བཟུང་། ཡིག་ཐོག་ཏུ་ཐོག་མར་ཕབ་པའི་རྨང་གཞིའི་ཐོག་མཁན་རྒྱུད་ཇི་ལྟར་བྱུང་བ་བརྗོད་པར་བྱའོ།

ཆོས་ལུང་ཚོགས་པའི་དབུ་མཛད་མཐའ་མ་མཐའ་མཁས་དངོས་གྲུབ་སྦྱིན་པས་ཇི་བཞིན་བློ་འདོན་གནང་བའི་གཙང་ཆོས་ལུང་ཚོགས་པའི་མཁན་རྒྱུད་གསོལ་འདེབས།  དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།   བདག་སོགས་སྤྱི་བོར་པད་མའི་གདན་བཞུགས་ལ། བཀའ་དྲིན་ཆེན་པོའི་སྒོ་ནས་ཆོས་གསུང་ཏེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བརྩལ་དུ་གསོལ། བཅོམ་ལྡན་ཐུབ་པ་ཉིད་དང་ཤ་རིའི་བུ། སྒྲ་ཅན་འཛིན་ཉིད་རབ་ཏུ་བཟང་པོ་དང་། ཀླུ་གྲུབ་སྙིང་པོ་གུ་ན་མི་ཏི་དང་། རཏྣ་མི་ཏྲ་དྷ་ཕ་ལ་དང་། གུ་ན་པ་ཏི་ཆོས་ཀྱི་ཕྲེང་བ་དང་། འབྱུང་གནས་སྦས་པ་ཆོས་ཀྱི་པཎ་ཆེན་དང་། ལྷོ་བྲག་པ་དང་མཁན་ཆེན་བདེ་བ་དཔལ། བཀའ་བཞི་པ་དང་བྱང་སེམས་བསོད་ནམས་གྲགས། བསོད་ནམས་བཟང་པོ་གཞོན་ནུ་མགོན་པོ་དང་། སེམས་དཔའ་ཆེན་པོ་གྲགས་པའི་རྒྱལ་མཚན་དང་། ནམ་མཁའ་རྒྱལ་མཚན་རིན་ཆེན་རྒྱལ་མཚན་དང་། མཉམ་མེད་ཆེན་པོ་རྒྱལ་བ་བཟང་པོ་དང་། ཐམས་ཅད་མཁྱེན་པ་བསོད་ནམས་རིན་ཆེན་དང་། རྣལ་འབྱོར་དབང་ཕྱུག་དོན་ཡོད་རྒྱལ་མཚན་དང་། ལྔ་བརྒྱའི་གཙུག་རྒྱན་རོལ་པའི་མཚན་ཅན་དང་། མཁྱེན་རབ་དབང་ཕྱུག་ཀུན་དགའ་བློ་གྲོས་དང་། བཀའ་སྲུང་པ་དང་སངས་རྒྱས་དཔལ་དང་ནི། རྩ་བའི་བླ་མ་ཚུལ་ཁྲིམས་མཁན་ཆེན་པ། འགྲོ་བའི་མགོན་པོ་ཀུན་དགའ་གཞོན་ནུ་དང་། སྡོམ་མཚོན་དམ་པ་ནམ་མཁའི་མཚན་ཅན་དང་། བསྟན་པའི་མངའ་བདག་བསོད་ནམས་དབང་པོ་དང་། མཁས་གྲུབ་ཆེན་པོ་ཀུན་དགའ་བཤེས་གཉེན་དང་། བྱང་ཆུབ་སེམས་དཔའ་གནམ་སྲས་དང་པོ་དང་།   སྒྲུབ་ཆུ་དབང་པོ་ལུང་རིག་རྒྱ་མཚོ་དང་།  འདུལ་བ་འཛིན་པ་དོན་ཡོད་རྒྱལ་མཚན་དང་། མཎྡལ་དམ་པ་ཀུན་དགའ་རབ་མཛེས་དང་། མཎྡལ་དམ་པ་བཤེས་གཉེན་བཟང་པོའི་མཆོག རྣམ་དག་མཁན་མཆོད་རྣམས་ལ་གསོལ་བ་འདེབས། ཐུགས་རྗེ་ཆེན་པོ་ལྡན་པ་རྣམས། བདག་དང་གཞན་གྱི་དུས་གསུམ་མཉམ།  རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། ཀུན་དགའ་སྙིང་པོ་ལ་ཕྱག་འཚལ།   བསོད་ནམས་དཔག་མེད་ལས་འཁྲུངས་པའི། མཁྱེན་པའི་ཡེ་ཤེས་མཆོག་དུ་གནས། འགྲོ་བའི་དོན་ལ་བརྩོན་པའི་གནས། བསོད་ནམས་རྩེ་མོ་ལ་ཕྱག་འཚལ། ཆོས་རྣམས་ཀུན་གྱིས་དོན་རྣམས་ཤེས། སངས་སྔགས་རྒྱ་མཚོའི་ཕ་རོལ་ཕྱིན། རྡོ་རྗེ་སེམས་དཔའ་ཀུན་དགྱེས་ཅིག  གྲགས་པ་རྒྱལ་མཚན་ལ་ཕྱལ་འཚལ་ལོ།

གོང་གི་གསོལ་འདེབས་ནང་གསལ་བའི་བཅོམ་ལྡན་ཐུབ་པ་ཉིད་དང་ཤ་རིའི་བུ། སྒྲ་ཅན་འཛིན་ཉིད་རབ་ཏུ་བཟང་པོ་དང་། ཀླུ་གྲུབ་སྙིང་པོ་གུ་ན་མི་ཏི་དང་། རཏྣ་མི་ཏྲ་དྷ་ཕ་ལ་དང་། གུ་ན་པ་ཏི་ཆོས་ཀྱི་ཕྲེང་བ་དང་། འབྱུང་གནས་སྦས་པ་ཆོས་ཀྱི་པཎ་ཆེན་དང་།ཞེས་པའི་བར་ནི་ཁ་ཆེ་པན་ཆེན་ཡན་གྱི་ཆོས་བརྒྱུད་འཛིན་པའི་བསླབ་བརྒྱུད་སྤྱི་ཡི་མཆོད་བརྗོད་དང་། མཇུག་གི་ཐུགས་རྗེ་ཆེན་པོ་ལྡན་པ་རྣམས་ཞེས་པ་ནས་གྲགས་པ་རྒྱལ་མཚན་ལ་ཕྱལ་འཚལ་ལོ། ཞེས་པའི་བར་ནི་ས་སྐྱའི་བླ་མ་ཀུན་དགའ་སྙིང་པོ་དང་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་བཅས་ལ་གསོལ་འདེབས་བསྟོད་པ་ཕུལ་བའི་ཤིས་ཚིག་ཡིན། བར་གྱི་ལྷོ་བྲག་པ་དང་མཁན་ཆེན་བདེ་བ་དཔལ་ཞེས་པ་ནས་མཎྡལ་དམ་པ་བཤེས་གཉེན་བཟང་པོའི་མཆོག་བར་ནི་ཆོས་ལུང་ཚོགས་པའི་མཁན་རྒྱུད་རིམ་བྱོན་ཉི་ཤུ་རྩ་དྲུག་གོ།

མཁན་རྒྱུད་དེ་རྣམས་སོ་སོས་གཙང་ཆོས་ལུང་ཚོགས་པ་ལོ་གྲངས་དུ་ཙམ་བསྐྱལ་ཡོད་དམ་ཞེས་ན། རྒྱ་བོད་ཡིག་ཚང་ཆེན་མོ་ལས“ཆོས་ལུང་པའི་ཐོག་མ་ནི་མཁན་ཆེན་བྱང་ཆུབ་དཔལ་བས་ལོ་བརྒྱད། སྙེ་མོ་དམག་ལམ་པ་བསོད་ནམས་སྟོབས་ཀྱིས་ལོ་དྲུག གཡག་སྡེ་པ་མཁན་པོ་བདེ་བ་དཔལ་གྱིས་ལོ་བདུན། ལྷན་མཛེས་པ་མཁན་པོ་གྲགས་པ་གཞོན་ནུས་ལོ་བརྒྱད། སྙེ་མོ་ཕུ་སུམ་པ་བསོད་ནམས་གྲགས་ཀྱིས་ལོ་བཞི། ཚོང་འདུས་པ་མཁན་པོ་བསོད་ནམས་བཟང་པོས་ལོ་གསུམ། སྙེ་མོ་རུ་མངས་པ་མཁན་པོ་གཞོན་ནུ་མགོན་པོས་ལོ་དྲུག ཉང་སྨར་བ་མཁན་པོ་གྲགས་པ་རྒྱལ་མཚན་པས་ལོ་བཅུ་བཞི། ” ཞེས་འཁོད་པ་ལས་མཁན་པོ་གཞན་རྣམས་ཀྱིས་ལོ་གྲངས་དུ་ཙམ་བསྐྱངས་པའི་སྐོར་ལ་གསལ་ཆ་མ་མཐོང་།  ཡིན་ནའང་མཁན་རྒྱུད་རྣམ་གསུམ་བྱོན་ཚུལ་གྱི་རྣམ་ཐར་དང་གོང་དུ་བརྗོད་པའི་ཚོགས་པ་བསྐྱངས་པའི་ལོ་གྲངས་ལའང་མི་མཐུན་པའི་ཆ་ཡང་མང་དུ་འདུག་པ། སྙེ་མོ་དམག་ལམ་པ་བསོད་ནམས་སྟོབས་ལྟ་བུ་ནི་མཁན་ཆེན་བདེ་བ་དཔལ་དགའ་བ་གདོང་དུ་གཡར་ཉིའི་དྲུང་དུ་ཕར་ཕྱིན་སྦྱོང་དུ་ཕེབས་པའི་དུས། བསོད་ནམས་སྟོབས་བཟང་པོས་དགེ་འདུན་གྱི་དབུ་མཛད་མཛད་པ་ཙམ་ལས་མཁན་ཐོག་དུ་མི་བརྩི་བ་ནི་གོང་གི་གསོལ་འདེབས་སུ་མེད་པ་ལས་ཀྱང་གསལ་པོ་མཐོང་བ་ཡིན། དེ་བཞིན་དུ་མཁན་ཆེན་བདེ་བ་དཔལ་གྱིས་ཚོགས་པ་བསྐྱངས་པའི་ལོ་གྲངས་ལ་ཡང་འདིར་ལོ་བདུན་འཁོད་པ་ལས། མཁན་རྒྱུད་རྣམ་གསུམ་བྱོན་ཚུལ་གྱི་རྣམ་ཐར་དུ། ཚོགས་པ་ལོ་ཉི་ཤུ་རྩ་བདུན་བསྐྱངས་ཞེས་པ་བྲིས་འདུག་པ་ཡང་སྙིང་ཅི་ཞིག་བདེན་པ་ཡིན་མིན་ནི་རང་ཅག་ཀུན་གྱི་ཞིབ་འཇུག་གི་ལས་གཞི་ཆེན་མོ་ཞིག་ཏུ་བབ་པ་གོར་མ་ཆགས། དེ་དོན་གཟུར་གནས་བློ་དང་ལྡན་པ་རྣམས་ཀྱིས་མུ་མཐུད་དཔྱད་པར་འཚལ།

 

བཞི་པ། གཙང་ཆོས་ལུང་ཚོགས་པ་ལས་ཇོ་གདན་སྤོས་ཁང་དགོན་གྱེས་པའི་སྐོར།

 

       ཉང་སྟོད་སྤོས་ཁང་དགོན་གྱི་མིང་ཆ་ཚང་ལ་ཇོ་གདན་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་ཞུ་ཞིང་། དེ་ནི་གཞིས་རྩེ་ས་གནས་པ་སྣམ་རྫོང་བྱང་སྟོད་ཤང་དུ་གནས་ཡོད།  དགོན་དེ་ནི་གཙང་ཚོས་ལུང་ཚོགས་པ་ལས་གྱེས་པ་ཞིག་ཡིན། དགོན་དེ་ཕྱག་བཏབ་པའི་དུས་ཚོད་ཁ་གསལ་མེད་ཀྱང་མཁན་ཆེན་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ་པ་ཞིག་ཡིན་པ་ཇོ་གདན་སྤོས་ཁང་དགོན་གྱི་ཆོས་སྤྱོད་རབ་གསལ་སྣང་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ་ཞེས་པའི་ནང“དེ་ནས་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་དབུ་བླ་གནང་ནས་རྒྱལ་རྩེའི་སྐུ་འབུམ་མཆོད་རྟེན་དང་སྤོས་ཁང་དགོན་བཏབ་ནས་མཐར་རབ་བྱུང་བདུན་པ་ལྕགས་ཁྱི་ལོ་སྤྱི་༡༤༣༠ལོར་སྐུ་མྱ་ངན་ལས་འདས་སོ” ཞེས་འཁོད་ཡོད་པ་དང་། མཁན་ཆེན་རིན་ཆེན་རྒྱལ་མཚན་ནི་གཙང་ཆོས་ལུང་ཚོགས་པའི་མཁན་ཐོག་དགུ་པ་ཡིན་ཞིང་། ཁོང་ནི་ས་བྱི་ལོ་༡༣༤༨ལོར་འཁྲུངས་པ་དང་ལྕགས་ཁྱི་ལོ་༡༤༣༠གཤེགས་པ། ཆོས་རྒྱལ་རབ་བརྟན་ཀུན་བཟང་ནི་ས་སྦྲུལ་ལོ་༡༣༨༩ལ་འཁྲུངས་ཤིང་ས་ཁྱི་ལོ་༡༤༡༨ལ་དགོངས་པ་རྫོགས་པར་གཞིགས་ན། ཁོང་གཉིས་ཡོན་མཆོད་ཀྱི་འབྲེལ་བ་བཙུགས་པ་དེའང་དུས་ཀྱི་ཆ་ནས་གཅིག་ཏུ་གནས་པ་ཞིག་ཡིན། འོན་ཏེ་གཙང་ཆོས་ལུང་ཚོགས་པ་པ་སྣམ་སྤོས་ཁང་དུ་སྤོ་དགོས་པའི་རྒྱུ་མཚན་གྱི་ཐད། ད་བར་གསལ་ཆ་ཞིག་མེད་ཁར་གཙང་རོང་གནུབས་ཡུལ་གྱི་ས་ཡུལ་དངོས་སུ་དབུ་མཛད་མཐའ་མཁས་དངོས་གྲུབ་སྦྱིན་པ་ལ་བཀའ་འདྲི་ཞུས་ཀྱང་། ཇོ་ནང་དམག་གི་སྐབས་སུ་རྙིང་མ་བ་གཏོར་ནས་ཆོས་ལུང་དགོན་དེ་སྤོས་ཁང་དུ་སྤོས་ཡིན་པ་ཤོད་སྲོལ་ཡོད་ཅེས་གསུང་བ་ལས་དེ་དོན་གསལ་པོ་མི་ཤེས་ཞེས་གསུང་བྱུང་། ཡང་འགའ་ཞིག་གིས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་བླ་མ་གོང་མས་བཀའ་སློབ་གནང་བ་བཞིན། ཡུལ་སྤོས་ཁང་དུ་སྤོས་ཞེས་པའང་བྲིས་འདུག་མོད། དེ་དོན་བཀའ་སློབ་ཀྱི་ཡིག་ཆ་ཞིག་མ་མཐོང་། གང་ལྟར་ཀྱང་དེའི་དུས་སུ་ནི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་ཕམ་པར་བྱས་ཤིང་དབུས་གཙང་དབང་དུ་བསྡུས་ཚར་ཏེ་ལོ་ངོ་བཅུ་གྲངས་ཁ་ཤས་ཀྱི་རྗེས་སུ་ཡིན་པས་ན། སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོའི་དབང་གིས་དེ་སྔོན་བཀའ་གདམས་གཙོ་བོར་བྱེད་ཅིང་ས་སྐྱ་པའི་ཆོས་ལུགས་ཉམས་བཞེས་བྱེད་མཁན་གཙང་ཆོས་ལུགས་ཚོགས་པ་དེའང་ཉང་སྟོད་སྤོས་ཁང་དུ་སྤོས་ནས་སྤོས་ཁང་རིན་རྒྱལ་ལུགས་སམ་ཇོ་གདན་སྤོས་ཁང་ཚོགས་པའི་ལུགས་ཞེས་པ་ཞིག་བཏོད་ནས་ཉང་སྟོད་དུ་བཞུགས་ཤིང་། ཆོས་ལ་དགའ་བའི་རྒྱལ་རྩེ་རབ་བརྟན་ཀུན་བཟང་གི་ཆོས་ཕྱོགས་ཀྱི་དགོངས་པ་བསྒྲུབ་ཅིང་ཆོས་རྒྱལ་ཁོང་སྐྱབས་བཅོལ་དུ་རེ་བའང་མིན་ནམ་སྙམ། དེའང་ཇོ་གདན་སྤོས་ཁང་དགོན་གྱི་ཆོས་སྤྱོད་རབ་གསལ་སྣང་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ་ཞེས་པ་ལས“སྤོས་ཁང་དང་ཆོས་ལུང་དགོན་དུ་མཁན་རབས་བཞི་བཅུ་ཙམ་བྱོན་པའི་ནང་ནས་མཁན་རབས་དང་པོ་ལྷོ་བྲག་མཁན་ཆེན་བྱང་ཆུབ་དཔལ་ནས་མཁན་རབས་དགུ་པ་མཁན་ཆེན་ནམ་མཁའ་རྒྱལ་མཚན་བར་གཙོ་བོ་བཀའ་གདམས་པའི་ཆོས་རྒྱུད་འཛིན་པའི་ཐོག་ས་སྐྱ་པའི་ཆོས་ལུགས་ཀྱང་ཅུང་ཟད་ཉམས་བཞེས་ཡོད་པར་སྣང་། མཁན་རབས་བཅུ་པ་འཇམས་དབྱངས་རིན་ཆེན་རྒྱལ་མཚན་ཞབས་ཀྱིས་མཁན་ཆེན་གོང་མ་རྣམས་ཀྱི་མན་ངག་རྣམས་གཞིར་བཟུང་ནས་སྤོས་ཁང་རིན་རྒྱལ་ལུགས་སམ་ཇོ་གདན་སྤོས་ཁང་ཚོགས་པའི་ལུགས་ཞེས་པ་དེ་སྲོལ་བཏོད” ཞེས་པའི་སྐད་ཆའི་ཤུགས་ལས་ཏག་ཏག་ཁོང་གི་དུས་ནས་སྔོན་དང་མི་འདྲ་བའི་རྣམ་པ་ཞིག་བཏོད་ཡོད་པ་རང་ཤུགས་སུ་མཐོང་ཐུབ་པ་ནི་སྤོ་དགོས་པའི་རྒྱུ་མཚན་དང་པོར་སེམས། ཡང་། ཕྱོགས་གཞན་ཞིག་ནས་བསམ་གཞིགས་སྐོར་ཚེ། ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་ཁྱིམ་རྒྱུད་རྣམས་དེ་སྔོན་ནས་གཙང་ཆོས་ལུང་ཚོགས་པ་དང་འབྲེལ་འདྲིས་ཤིན་ཏུ་ཟབ་པ་ཞིག་ཡིན། དེའང་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་ལས“དུད་རེངས་རྣམས་དབང་དུ་བསྡུས་པའི་ལྷ་སྡེ་མི་སྡེ་རྣམས་འཇགས་པར་བྱུང་བའི་སྟོབས་ཀྱིས་ས་སྐྱ་ནས་ཀྱང་ཐུགས་རྩིས་ཤིན་ཏུ་ཆེ་བར་བྱུང་། ཆུ་མོ་ལུག་གི་ལོ་ལ་དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་ཤོལ་བླ་རྩམ་རྩིགས། མཁན་ཆེན་རིན་པོ་ཆེ་བསོད་ནམས་བཟང་པོ་མཁན་ཐོག་ན་བཞུགས་པ་སོགས་ཆོས་ལུང་ཚོགས་པའི་དབྱར་གནས་བཏེག ཡོན་མཆོད་འགྲོགས་སྔ་འགྲོལ་ཟབ་པ་འདི་ཡིན” ཞེས་པའི་གོང་གི་ཚིག་དུམ་འདི་ནི་འཕགས་པ་དཔལ་བཟང་པོའི་དུས་སྐབས་སུ་བརྗོད་པ་ཡིན།  གཞན་ཡང་། “གཅུང་རིན་ཆེན་པས་གཉེར་མཛད། མཁན་ཆེན་རིན་པོ་ཆེ་གཞོན་ནུ་མགོན་པོས་ཐོག་མ་མཛད་པའི་ཆོས་ལུང་ཚོགས་པ་བཏེག ཡོས་ལོ་ལ་ཕག་རི་རྣམ་རྒྱལ་དཀར་པོ་བརྩིགས ” ཞེས་པ་འདི་ནི་འཕགས་པ་རིན་ཆེན་པའི་སྐབས་ལ་བརྗོད་པ་ཡིན། ཡང་།“ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་ཞལ་སྔ་ནས་ཐོག་དྲངས། ས་སྐྱའི་གདུང་རྒྱུད་རྣམས་རིམ་གྱིས་བྱིན་རླབས་དང་། དཀོན་མཆོག་རིན་པོ་ཆེ་རྣམས་ཀྱི་ཐུགས་རྗེ། དཔོན་ས་རང་ཉིད་ཀྱི་སྐུའི་བསོད་ནམས། དཔལ་ལྡན་ཆོས་ལུང་ཚོགས་པ་དང་བླ་མ་དབྱུང་པ་ལ་སོགས་པ་སྐུ་རིམ་པ་རྣམས་ཀྱི་ནུས་མཐུ་རྒྱུ་འབྲས་བསླུ་མེད་ཀྱི་བདེན་པ” ཞེས་པ་འདི་ནི་ནང་ཆེན་འཕགས་པའི་སྐབས་ལ་བརྗོད་པ་ཡིན། འདི་དང་འདི་ལྟ་བུ་ཆོས་འབྲེལ་གྱི་འབྲེལ་བ་ཟབ་པ་གསལ་བཤད་ཐུབ་པའི་གནད་མང་དུ་འདུག་པ་དེ་དག་རེ་རེ་བཞིན་མི་དྲངས། གང་ལྟར་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་ཕ་མེས་དུས་ནས་གཙང་ཆོས་ལུང་ཚོགས་པ་དང་ཡོན་མཆོད་ཀྱི་འབྲེལ་བ་ཟབ་པའི་སྟེང་ཆོས་རྒྱལ་རང་ཉིད་མེས་པོ་ཀུན་ལས་ཀྱང་ཆོས་ལ་དད་ཞེན་ཆེ་བའི་དོན་དངོས་ལ་གཞིགས་ན། སྔར་ནས་འབྲེལ་འདྲིས་ཆེ་བའི་གཙང་ཆོས་ལུང་ཚོགས་པའི་བུ་དགོན་ཞིག་ཆོས་རྒྱལ་སྐུ་ཉིད་ཀྱི་གམ་དུ་སྤོ་རུ་བཅུག་པ་དེའང་མི་འགྲིག་པ་ཡིན་མི་སྲིད་པ་དེ་རྒྱུ་མཚན་གཉིས་པའོ། གཞན་དུ་འགའ་ཞིག་གིས་སྐབས་དེར་ཇོ་གདན་གྱི་ཆོས་རྒྱུད་འཛིན་པ་འགའ་རེས་ཚུལ་ཁྲིམས་དམ་དུ་མི་སྲུང་བ། ཕག་གྲུ་སྲིད་དབང་འཛིན་པས་མཁྱེན་པས་ན། འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་རང་ཉིད་ལ་ཉེས་པ་ཕོག་དོགས་ཀྱིས་སྤྱང་ཇུས་སྤེལ་ནས་གཙང་ཆོས་ལུང་བསྐྱུར་ཏེ་སྤོས་ཁང་དུ་དགོན་པ་གསར་དུ་བཏབ་པར་བརྗོད་དོ།  གོང་གི་རྒྱུ་མཚན་དེ་རྣམས་བདེན་མིན་ཇི་ལྟར་ཡང་།  གཙང་ཆོས་ལུང་ཚོགས་པ་དེ་ཉང་སྟོད་སྤོས་ཁང་དུ་སྤོས་པའི་རྗེས། མ་དགོན་ཚོགས་ཆོས་ལུང་པས་བུ་དགོན་གྱི་རྣམ་པ་དང་། བུ་དགོན་སྤོས་ཁང་པས་མ་དགོན་གྱིས་རྣམ་པ་བཟུང་ནས་རིག་གནས་གསར་བརྗེ་བར་གནས་ཡོད་འདུག

 

ལྔ་པ། གཙང་ཆོས་ལུང་ཚོགས་པའི་ཆོ་ག་ཕྱག་སྲོལ་གྱི་སྐོར།

 

     ཆོས་ལུང་ཚོགས་པའི་ཆོ་ག་ཕྱག་སྲོལ་སྐོར་ལ་འབྲེལ་ཡོད་ཀྱི་ཡིག་ཆ་གང་ཡང་མཐོང་རྒྱུ་མེད་ཅིང་དེབ་ཐེར་ཁག་ཏུ་འང་གསལ་ཆ་མེད་པས་ན། འདིར་དབུ་མཛད་མཐའ་མཁས་དངོས་གྲུབ་སྦྱིན་པ་ལགས་ལ་བཅའ་འདྲི་ཞུས་པ་ལྟར་འབྲི་བར་བྱ། ཁོང་གིས་གསུང་དོན་ལ་གཙང་ཆོས་ལུང་ཚོགས་པའི་སྲུང་མ་ནི་དཔལ་ལྡན་ལྷ་མོ་ཡིན་པ་དང་། གཞན་དུ་མགོན་པོ་གུ་རུ། ཆོས་སྐྱོང་གདོང་དམར་བ། རྒྱལ་ཆེན་རྣམ་ཐོས་སྲས་བཅས་དང་། རྟེན་གཙོ་བོ་ནི་བྱང་སེམས་བསོད་ནམས་གྲགས་པའི་འཇིམ་སྐུ་ཞལ་དམར་མདངས་ཅན། ཡུལ་ལྷ་གཞིས་བདག་ནི་དགེ་བསྙེན་ཆོས་དཔལ་བཟང་པོ་ཞུ་བ་ཞིག་ཡིན་གསུང་། ཡུལ་ལྷ་དགེ་བསྙེན་ཆོས་དཔལ་བཟང་པོའི་སྐོར་ཞིག་ཉང་སྟོད་སྤོང་ཁང་དགོན་གྱི་གསེར་སྐྱེམས་གཏོང་ཚུལ་ནང་དུའང་གསལ་འདུག་པ་དེ་ནི་སྤོས་ཁང་དགོན་ནི་ཆོས་ལུང་ཚོགས་པའི་བུ་དགོན་ཡིན་པས་མཐུན་པའི་ཆ་མང་པོ་ཞིག་འོང་སྲིད་སྙམ། དེའང་ཇོ་གདན་སྤོས་ཁང་དགོན་གྱི་གསེར་སྐྱེམས་བཞུགས་སོ་ཞེས་པའི་ནང་“རང་ལུགས་ཀྱི་གསེར་སྐྱེམས་ནི། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི།། མཐུ་ལྡན་སྲུང་མ་རྣམས་ཀྱི་སྤྲུལ་པ་ཡུམ།།……….གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི།། དགེ་བསྙེན་ཆོས་པའི་བཟང་པོའི་སྤྲུལ་པའི་ཡུམ།།” ཞེས་འཁོད་ལྟར་རོ།།

ཆོས་ལུང་ཚོགས་པའི་ཆོ་ག་ཕྱག་གསོལ་གྱི་ངོས་ནས་བཤད་ན། སྔོན་དུས་ཆོས་ལུང་ཚོགས་པར་དབྱར་གསོལ་རེ་དང་དགུན་གསོལ་རེ་གཏོང་སྲོལ་ཡོད་འདུག་པ་དེ་དགོན་པའི་ཐོག་ཁའི་སྟེང་དུ་གཏོང་དགོས་པ་དང་། དེ་མིན་གྱི་གསོལ་ཁ་ཚང་མ་ནི་ཡུལ་ལྷ་དགེ་བསྙེན་ཆོས་དཔལ་བཟང་པོའི་སྐུ་མདུན་དུ་གཏོང་དགོས་པ་ཡིན་འདུག དེ་དག་ལས་ཀྱང་ཆེས་ཆེ་བའི་ཆོས་ཕྱོགས་ཀྱི་ཆོ་ག་གཉིས་ཡོད་པ་གཅིག་ནི་སྨན་བླ་མདོ་མཆོག་ཡེ་ཤེས་དབང་རྒྱལ་གྱི་གསོལ་ཁ་ཡིན་འདུག ཆོ་ག་དེའི་དུས་ཚོད་ནི་ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བཅོ་ལྔ་བར་ཡིན་ཞིང་། དེའི་རིང་ཚོགས་པའི་དགེ་འདུན་ཡོངས་ཀྱིས་སྨན་བླ་མདོ་མཆོག་ཡེ་ཤེས་དབང་རྒྱལ་གྱི་ཞལ་ཐང་མདུན་དུ་སྨན་བླའི་བཀྲ་ཤིས་བཏོན་ནས་ཕྱག་མཆོད་འབུལ་བ་དང་། ཚེས་བཅུ་དྲུག་ནས་སྨན་བླ་རྣམ་བརྒྱད་ཀྱི་གསོལ་ཁ་གནང་བཞིན་ཡོད་འདུག གཙང་ཆོས་ལུང་ཚོགས་པར་སྨན་བླའི་ཆོ་ག་འདི་ལྟ་བུ་ཞིག་ཡོད་པ་དུས་རབས་བཅོ་ལྔ་པའི་ལོ་རྒྱུས་སྐབས་དུའང་གསལ་འདུག་པ་སྟེ།འབྲི་གུང་ཆོས་འབྱུང་ལས“སློབ་མ་མཆོག་རྣམས་ཀྱིས་ནམ་མཁར་འཇའ་འོད་ཀྱི་དབུས་སུ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མཆོད་རྫས་ཐོགས་ནས་རྗེ་གཤེགས་པ་དངོས་སུ་མཇལ་བ་ཆེས་མང་། རང་གཞན་གྱི་དགེ་འདུན་གྲངས་མང་གིས་རྒྱུད་སྡེ་རྒྱ་མཚོར་བརྟེན་པའི་མཆོད་འབུལ། ཏིང་འཛིན་གྱི་མཆོད་འབུལ། ཆོས་ལུང་ཚོགས་པས་སྨན་བླའི་ཆོ་ག་སོགས་མཛད” ཞེས་འཁོད་འདུག གཞན་ཞིག་ནི་བོད་ཟླ་བཞི་པའི་ནང་དུ་དོན་ཡོད་ཞགས་པའི་ལྷ་ལྔའི་དཀྱིལ་འཁོར་ཤིན་ཏུ་ཆེ་བ་ཞིག་བཞེངས་ནས་གཟུངས་དྲུག་གི་ཆོ་ག་ཉིན་ལྔ་གནང་བཞིན་ཡོད་འདུག ཉིན་དྲུག་པའི་སྟེང་ཡུལ་གྱི་འོང་སྐོར་དང་སྦྲགས་ནས་ཆོས་ལུང་ཚོགས་པའི་དགེ་སློང་གིས་འབངས་མི་སེར་ལ་འཁྲུས་གསོལ་གནང་ཞིང་། ཆོས་ལུང་ཚོགས་པའི་ཕྱོགས་དྲུག་ལ་གཏོར་མཆོད་བཏང་རག་འཕུལ་ནས་ལོ་ཆུ་རྟག་ཏུ་ལེགས་པ་དང་། གེགས་དང་བར་ཆད་མེད་པའི་གསོལ་སྨོན་གནང་བཞིན་ཡོད་འདུག དེ་ནས་ཚེས་དྲུག་གི་ཉིན་དགུང་གི་མཚམས་ནས་ཆོས་ལུང་དགོན་གྱི་རི་འདེབས་ཀྱི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཁང་དང་ཉེ་བའི་སྤང་སྟེང་དུ། དཔོན་གྲས་ཀྱིས་གུར་གཅིག་དང་། མཆོད་ཡོན་དབོན་པོའི་གུར་གཅིག གཞན་རྣམས་གུར་མེད་པར་སྤང་སྟེང་དུ་བསྐོར་ནས་སྡོད་བཞིན་ཡོད་འདུག དེ་མིན་དབུ་མཛད་མཐའ་མཁས་དངོས་གྲུབ་སྦྱིན་པས་གསུང་དོན་ལ། རིག་གནས་གསར་བརྗེའི་སྐབས་ཆོས་ལུང་ཚོགས་པ་ཐོར་བཤིག་ཏུ་འགྲོ་བའི་དུས། རྒྱུ་ལྕགས་རིགས་ལས་གྲུབ་པའི་རྐང་གསུམ་རྣམ་པའི་བསྲེགས་ཆས་ཆེ་ཆུང་ལྕགས་ཐག་གི་ཕྲེང་བར་རྒྱུས་པ་མང་པོ་ཞིག་མཐོང་བྱུང་གསུང་བ་དང་སྦྲགས། ཁོང་གིས་རང་ཉིད་ཆུང་ངུའི་དུས་སུ་རིན་སྤུངས་ཆོས་སྡེ་གླིང་དགོན་གྱི་བླ་མ་དཀར་པོ་ཞུ་བ་ཤིན་ཏུ་རྩ་ཆེ་བ་ཞིག་སྐུ་མྱ་ངན་ལས་འདས་རྗེས། ཆེད་དམིགས་སུ་བཀར་ནས་ཆོས་ལུང་ཚོགས་པར་སྤོས་བསྲེག་གནང་བར་ཕེབས་པའི་སྐོར་ཞིག་གསུང་ནས། གནས་དེར་སྔོན་དུས་སྦྱིན་བསྲེག་གི་ཆོ་ག་དར་འཕེལ་ཆེན་པོ་ཡོད་པའང་གོ་མྱོང་གསུང་།

 

དྲུག་པ།  གཙང་ཆོས་ལུང་ཚོགས་པའི་གནས་ཡུལ་དང་ད་ལྟའི་གནས་བབ་སྐོར།  

 

      གཙང་ཆོས་ལུང་ཚོགས་པ་ནི་གཙང་རོང་གནུབས་ཡུལ་དུ་གནས་ཡོད། དེའང་ད་ལྟའི་རིན་སྤུངས་རྫོང་བྱེ་བ་ཤང་གནུབས་གྲོང་ཚོ་ཞེས་པ་དེར་གནས་ཡོད། གྲོང་ཚོ་འདི་ནི་ལྷ་ས་ནས་རྒྱལ་ལམ་༣༡༨བརྒྱུད་ནུབ་ཕྱོགས་སྤྱི་ལེ་༡༨༥ཙམ་དང་གཞིས་རྩེ་ནས་རྒྱལ་ལམ་༣༡༨བརྒྱུད་ཤར་ཕྱོགས་སྤྱི་ལེ་༨༥ཙམ་གྱི་མཚམས་སུ་གནས་ཡོད། གནས་དེའི་བྱང་ཕྱོགས་མཚམས་སུ་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོའི་འཁྲུངས་ཡུལ་ཡིན། དེའང་ད་ལྟའི་གནུབས་གྲོང་ཚོ་དང་ཆུ་མོ་ཡར་ཀླུང་གཙང་པོས་བཅད་པ་ཙམ་ལས་དོན་དངོས་ཐོག་གཅིག་ཏུ་སྦྲེལ་བ་ཞིག་ཡིན། ད་ལྟའི་གནུབས་གྲོང་ཚོ་དེ་རིན་སྤུངས་རྫོང་གི་ས་གནས་གཞན་དང་བསྡུར་ན་ཆུ་སྣ་དང་ཤིང་སྣ་འཛོམས་པ། ཡུལ་ལུང་གི་ཕུ་ལ་སྨན་ཆུ་དང་ནགས་ཀྱིས་ཁེངས་པ། ཕྱོགས་བཞིའི་རི་ཡི་འདབས་སུ་གྱང་རྙིང་དང་བརྩིགས་ཤུལ་རྙིང་པ་ཡང་མང་དུ་མཐོང་རྒྱུ་ཡོད་པ་ཡིན། ལྷག་པར་དུ་ཆོས་ལུང་ཚོགས་པ་གནས་ཡུལ་ནི་ད་ལྟའི་གནུབས་མདའ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གནས་ཡུལ་གྱི་ཤར་ངོས་སྤྱི་ལེ་ཕྱེད་ཙམ་གྱི་རི་འདབས་སུ་ཡོད་ཅིང་། རི་ཡི་རྩེ་མོར་སློབ་དཔོན་རིན་པོ་ཆེའི་སྒྲུབ་གནས་རྩ་ཆེན་དང་བར་དུ་སྤང་དང་ཆུ་མིག དེ་བཞིན་ལྷ་ཤིང་ཤུག་པ་སོགས་ད་ལྟའང་མཐོང་རྒྱུ་ཡོད། སྔར་དུས་སུ་ཆོས་ལུང་ཤུག་པའི་གསེབ་ན་ཞེས་ཡུལ་མི་རྣམས་ཀྱིས་ད་ལྟའི་ཆོས་ལུང་ཚོགས་པ་གནས་ཡུལ་ལ་གནའ་བོའི་དུས་སུ་ཤུག་པའི་ནགས་ཀྱིས་ཚོམས་ཤིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་བཞིན་འདུག དེའང་༢༠༡༧ལོར་རང་ཉིད་ཆོས་ལུང་ཚོགས་པའི་དབུ་མཛད་མཐའ་མ་བགྲེས་སོང་མཐའ་མཁས་དངོས་གྲུབ་སྦྱིན་པ་ལ་བཀའ་འདྲི་ཞུ་སྐབས། ཁོང་གཞོན་ནུའི་དུས་ཆོས་ལུང་ཚོགས་པའི་གཡས་གཡོན་གྱི་ས་འོག་ནས་ཤིང་ཤུག་པའི་འཚིག་རོའམ་ཤུག་སྡོང་བཅད་པའི་རྩ་བ་གང་ས་གང་ནས་མཐོང་རྒྱུ་འདུག་པས། དེར་སྔོན་དུས་མེ་སྐྱོན་བྱུང་བའམ་ཡང་ན་ཅི་ཞིག་གི་རྐྱེན་ཡིན་པར་བསམ་གཞིགས་ཡང་ཡང་གནང་མྱོང་གསུང་བྱུང་།

༢༠༡༧ལོའི་ཟླ་བ་༣པའི་ནང་རང་ཉིད་ཀྱིས་ཆོས་ལུང་ཚོགས་པའི་ཞིབ་འཇུག་གི་དགོས་མཁོ་ལ་གཞིགས་ནས་རང་སྐྱོང་ལྗོངས་གནའ་རྫས་རྟོག་ཞིབ་ཁང་གི་རྒན་འཇད་མི་ཤར་རྒན་དབང་འདུས་ལགས་དང་བཅས་འབྲེལ་ཡོད་མི་སྣ་གདན་འདྲེན་ཞུ་བའི་སྐལ་བ་བཟང་པོ་ཞིག་བྱུང་བར། ཆོས་ལུང་ཚོགས་པའི་ད་ལྟའི་གནས་བབ་ཀྱི་འཛུགས་སྐྲུན་བཀོད་པའི་ཐད་ལ་ཚན་རིག་དང་མཐུན་པའི་བརྟག་ཞིབ་ཀྱིས་གཞི་གྲངས་མི་ཉུང་བ་ཞིག་ཐོན་པ་དེས་དཔྱད་རྩོམ་འདིའི་ལེགས་གྲུབ་ལ་ཕན་པ་ངེས་ཅན་བྱུང་། སྤྱིར་ན་ཆོས་ལུང་ཚོགས་པ་དེའང་རིག་གནས་གསར་བརྗེའི་དུས་སུ་ཡོངས་སུ་ཉམས་ཉེས་བྱུང་བ་ཞིག་ཡིན་ཞིང་ད་ལྟའི་ཆ་ལ་གནའ་ཤུལ་གྱི་གྱང་རོ་ཙམ་ལས་གང་ཡང་ལྷག་མེད་པ་ཞིག་ཡིན། ས་ཡུལ་དངོས་སུ་བསྐྱོད་ནས་དགོན་སྡེའི་གཞི་ཁྱོན་དང་འཛུགས་སྐྲུན་བཀོད་པ་ལ་བརྟག་ཞིབ་བྱས་པར་གཞིགས་ན། དགོན་སྡེ་འདི་ཡི་སྤྱིའི་འཛུགས་སྐྲུན་བཀོད་པ་ནི་བྱང་ནས་ལྷོ་ལ་གཏད་ཅིང་། རྟེན་གཙོ་ལྷ་ཁང་དང་འདུ་ཁང་།  གྲ་ཚང་། ཆོས་སྐྱོང་ལྷ་ཁང་། གསང་ཁང་། རུང་ཁང་། གྲྭ་ཤག་བཅས་ལས་གྲུབ་ཅིང་། ད་ཡོད་གྱང་ཤུལ་གྱི་གཞི་ཁྱོན་ནི་ཤར་ནུབ་ལ་རིང་ཚད་རྨིད་༢༣.༧༠དང་། ལྷོ་ནུབ་ལ་ཞེང་ཚད་རྨིད་༡༨.༤བཅས་ཁྱོན་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་༤༣༦.༠༨ཙམ་ཞིག་འདུག  འདུ་ཁང་དང་ལྷ་ཁང་གི་གྱང་ཤུལ་དུ་ཕྱིས་སུ་བསྐྲུན་པའི་མཛོད་ཁང་གི་རྣམ་པ་ཞིག་གནས་པ་དང་གྲ་ཚང་བཞི་ཡོད་པ་རྣམས་དགོན་པའི་གཡས་གཡོན་གྱི་ཕྱོགས་བཞི་ལ་རེ་རེ་གནས་འདུག གྲ་ཤག་དང་རུང་ཁང་ནི་ལྟེ་བའི་གྱང་ཤུལ་གྱི་ཤར་ལྷོའི་མཚམས་ཀྱི་རྨིད་༥ཙམ་དུ་གནས་ཡོད་པ། ཆོས་སྐྱོང་ལྷ་ཁང་ནི་རྟེན་གཙོ་ལྷ་ཁང་གི་ལྷོ་ནུབ་ངོས་སུ་གནས་པ། ཆོས་སྐྱོང་ལྷ་ཁང་གི་ནུབ་ངོས་ཀྱི་གྱང་རོ་ད་ལྟའང་མཐོང་རྒྱུ་ཡོད་པ་དེར་རིང་ཚད་རྨིད་༦.༤དང་། གྱང་རོའི་མཐོ་ཚད་ལ་རྨིད་༤.༣ཙམ་འདུག རྟེན་གཙོ་ལྷ་ཁང་ནི་གསང་ཁང་གི་ལྷོ་ངོས་སུ་གནས་ཤིང་དེ་ནི་རྒྱུ་ཆ་བྲག་རྡོ་དང་རྡོ་གཡམ་ལས་གྲུབ་པའི་ཁང་པ་ཞིག་ཡིན་ཞིང་། ད་ལྟ་ནུབ་ངོས་ཀྱི་གྱང་རོའི་ཆ་ལྷག་ཙམ་ལས་མཐོང་རྒྱུ་མེད་པ་དེར་རིང་ཚད་རྨིད་༢.༧༩དང་། མཐོ་ཚད་རྨིད་༠.༨༠ནས་༣.༡༤ཙམ་འདུག གསང་ཁང་ནི་དགོན་ཤུལ་གྱང་རོའི་དབུས་སུ་ཁ་བྱང་ནས་ལྷོ་ལ་ཕྱོགས་པའི་རྣམ་པར་གནས་ཤིང་། གསང་ཁང་ལ་སྒོ་གཉིས་ཡོད་པ་དེ་གཉིས་ཀ་ལྷོ་ངོས་གྱང་གི་དབུས་དང་ཤར་གྱི་མཚམས་སུ་བཏོན་ཡོད་པ་གསལ་པོར་མཐོང་ཐུབ་པ་ཞིག་ཡོད་པ་མ་ཟད། གསང་ཁང་གི་ཕྱོགས་བཞིའི་གྱང་གོག་ད་ལྟའང་ཅུང་ལྷུ་ལག་ཚང་བའི་ངང་ནས་གནས་ཡོད་པ་དེར། ཤར་ནུབ་ལ་རིང་ཚད་རྨིད་༡༡.༢དང་ལྷོ་བྱང་ལ་ཞེང་ཚད་རྨིད་༩ .༢༣ཙམ་འདུག

དགོན་ཤུལ་གྱི་ལྷོ་ངོས་རི་འདབས་སུ་མཆོད་རྟེན་གཉིས་ནུབ་ནས་ཤར་ལ་ཕྱོགས་པའི་རྣམ་པས་གནས་ཡོད་པ་དེ་ལས། ཤར་ངོས་ཀྱི་མཆོད་རྟེན་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་ཡུལ་མི་རྣམས་ཀྱིས་ཉམས་བཟོ་བྱས་ནས་ད་ལྟ་ཅུང་ཆ་ཚང་བའི་ངང་ནས་མཐོང་ཐུབ་པ་དང་། ནུབ་ངོས་ཀྱི་མཆོད་རྟེན་ནི་གྱང་ཤུལ་ཙམ་ལས་ལྷག་མེད། དགོན་ཤུལ་གྱི་ལྷོ་ངོས་རྨིད་༣༠༠ཙམ་གྱི་རི་འདབས་སུ། ཛམ་བྷ་ལ་དཀར་པོར་གྲགས་པའི་རྡོ་བརྐོས་ཆེན་མོ་ཞིག་ཡོད་པ་དེར་མཐོ་ཚད་རྨིད་༤དང་ཞེང་ཚད་རྨིད་༢ཙམ་འདུག་པ་དེར་ཡུལ་མིས་ལོ་ལྟར་དཀར་རྩི་བྱུགས་བཞིན་ཡོད་འདུག དེ་སྔོན་དགོན་ཤུལ་གྱི་བྱང་ངོས་སུའང་ཛམ་བྷ་ལ་ནག་པོར་གྲགས་པ་ཞིག་ཡོད་འདུག་མོད། བཅིངས་འགྲོལ་བཏང་ཚུན་དུ་ད་ལྟའི་ཆོས་ལུང་དུ་ཆུ་རུད་ཤུགས་ཆེན་ཞིག་དོན་ནས་ཛམ་བྷ་ལ་ནག་པོ་ཡར་རླུང་གཙང་པོར་འཁྱེར་བ་དོན་དངོས་ཡིན་པ་ཡུལ་མི་རྣམས་ཀྱིས་གསུང་བཞིན་འདུག དེ་མིན་གཞན་དུ། དགོན་ཤུལ་གྱི་མཐའ་འཁོར་དང་གྲོག་རོང་སོགས་གང་སར་གནའ་སྔ་མོའི་རྫ་གཡམ་གྱིས་ཁེངས་ཡོད་པ་དང་། མཆོད་རྟེན་གྱི་ལོགས་དང་རྩིག་པའི་གསེང་དུ་རྒྱུ་རྫ་ལས་གྲུབ་པའི་རྒྱལ་བ་མི་འཁྲུག་པའི་སྐུ་འདྲ་དང་མཆོད་རྟེན་ཆ་བརྒྱད་སོགས་ཀྱི་རྣམ་པའི་ཚ་ཚ་མི་ཉུང་བ་མཐོང་རྒྱུ་འདུག་པ་དེ་རྣམས་ལ་ལོ་ངོ་བདུན་བརྒྱའི་གཡས་གཡོན་གྱི་ལོ་རྒྱུས་ལྡན་ཡོད་པ་ས་ཡུལ་དངོས་ལ་ཕེབས་མཁན་གྱི་གནའ་རྫས་རྟོག་ཞིབ་མི་སྣས་མགྲིན་གཅིག་ཏུ་གསུང་བྱུང་།  ད་ཆ་ཆོས་ལུང་ཚོགས་པའི་གནའ་ཤུལ་གནས་ཁུལ་དུ་དུས་ཁྱིམ་འགའ་ཞིག་ཆགས་འདུག་པ་དེ་རྣམས་ཕལ་ཆེ་བའི་གྲོང་མིང་ནི་ཆོས་ལུང་ཚོགས་པ་ཐོར་བའི་རྗེས་སུ་དེ་སྔོན་གྱི་གྲ་ཚང་དང་གཟིམ་ཤག་གི་མིང་རྣམས་གྲོང་མིང་ལ་བཏགས་པ་ཤ་སྟག་རེད་འདུག དཔེར་ན། གྲོང་མིང་ལ་སྒང་འོག་དང་ལྷུན་གྲུབ་སྒང་། ཤར་གླིང་སྒང་། ཁང་ཆེན་བཅས་འབོད་པ་བཞི་ནི་དེ་སྔོན་ཆོས་ལུང་ཚོགས་པའི་གྲ་ཚང་བཞི་ཡིན་པ་དང་།  གྲོང་མིང་དགའ་ལྡན་གཡང་རྩེ་ནི་དེ་སྔོན་ཆོས་ལུང་ཚོགས་པའི་གཟིམ་ཤག་གལ་ཆེན་ཞིག་ཡིན་འདུག་གོ།

 

མཇུག་བསྡུ་བའི་གཏམ།

 

ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰིའི་སྡོམ་རྒྱུན་འཛིན་པ་གཙང་ཆོས་ལུང་ཚོགས་པ་འདི་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་སྟེ་སྤྱི་ལོ་༡༢༥༥ལོར་སྟན་གཅིག་གི་བརྟུལ་ཞུགས་འཛིན་པར་ཁས་བླངས་པའི་ཁ་ཆེ་པན་ཆེན་གྱི་ཐུགས་སྲས་གཉིས་ལས་ལྷོ་བྲག་པ་བྱང་ཆུབ་དཔལ་གྱིས་ཕྱག་བཏབ་པ་ཞིག་ཡིན། ཆོས་ལུང་ཚོགས་པར་མཁན་རྒྱུད་ཇི་ཙམ་བྱུང་བའི་སྐོར་ལ་དེབ་ཐེར་ཁག་གི་ཤོད་སྲོལ་མི་འདྲ་རུང་། ཁོ་བོས་གཙང་ཆོས་ལུང་ཚོགས་པའི་དབུ་མཛད་མཐའ་མ་མཐའ་མཁས་དངོས་གྲུབ་སྦྱིན་པ་ལགས་ཀྱིས་བློ་འདོན་གནང་བའི་ཆོས་ལུང་ཚོགས་པའི་མཁན་རྒྱུད་གསོལ་འདེབས་གཞིར་བཟུང་། མཁན་པོ་ཉི་ཤུ་རྩ་དྲུག་གི་མཚན་བྱང་ཚང་མ་མ་ལུས་ཡིག་ཐོག་ཏུ་ཕབ་པར་བྱས་ཡོད་ཅིང་། ཆོས་ལུང་མཁན་ཆེན་རིན་ཆེན་རྒྱལ་མཚན་གྱི་དུས་སྐབས་སུ་ཆོས་ལུང་ཚོགས་པ་ལས་ཉང་སྟོད་ཇོ་གདན་སྤོས་ཁང་གྱེས་པ། ཆོས་ལུང་ཚོགས་པའི་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་སྲོལ་གཙོ་བོ་ནི་བོད་ཟླ་བཅུ་གཉིས་པའི་སྨན་བླ་མདོ་མཆོག་ཡེ་ཤེས་དབང་རྒྱལ་གྱི་གསོལ་ཁ་དང་། བོད་ཟླ་བཞི་པའི་གཟུངས་དྲུག་གཉིས་ཡིན་པ། གནའ་རྫས་རྟོག་ཞིབ་ཀྱི་ཐབས་ལམ་ལ་བརྟེན་ནས་ཆོས་ལུང་ཚོགས་པའི་འཛུགས་སྐྲུན་གྱི་བཀོད་པ་ལ་དཔྱད་པ་བཅས་ཀྱི་ཐོག་ནས་ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰི་ཆོས་རྒྱུད་འཛིན་པའི་བོད་ཀྱི་ཚོགས་པ་སྡེ་བཞི་ལས་གཙང་ཆོས་ལུང་ཚོགས་པའི་ལོ་རྒྱུས་ཀྱི་རིན་ཐང་དང་ཤེས་དཔལ་གྱི་གཟི་བྱིན་གླེང་བར་བྱས་པའོ།།

 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག         ༢༠༡༨ ལོའི་དུས་དེབ་བཞི་པ་ལས་བཏུས། 

བརྒྱུད་སྐུལ།

མཆན་སྤེལ།