༄༅། །མལ་གྲོ་གུང་དཀར་རྫོང་ཞེས་པའི་མིང་གི་བྱུང་ཚུལ་ལ་དཔྱད་པ།

༄༅། །མལ་གྲོ་གུང་དཀར་རྫོང་ཞེས་པའི་མིང་གི་བྱུང་ཚུལ་ལ་དཔྱད་པ།

༅།། མལ་གྲོ་གུང་རྫོང་ཞེས་པར་དཔྱད་པ།

                             དབུ་རུ་དོན་འདུར།

 

༄༅།། ལ་གྲོ་གུང་དཀར་རྫོང་ཞེས་པའི་མིང་གི་བྱུང་ཚུལ་ལ་དཔྱད་པ། 

[ནང་དོན་གནད་བསྡུས]རྩོམ་ཡིག་འདིའི་ནང་དུ་མལ་གྲོ་གུང་དཀར་རྫོང་གི་མིང་གི་བྱུང་ཚུལ་ལ་དཔྱད་པ་བྱས་ནས་རང་གི་ལྟ་བ་བཏོན་ཡོད།

[བརྡ་ཆད་གཙོ་བོ] མལ་གྲོ། མཚོ་མ་དྲོས་པ། ཀླུ་མལ་གྲོ་གཟི་བྱིན།  བླ་མཚོ། རྗེ་རིན་པོ་ཆེ།   གུང་མཁར།

༡ ལོ་རྒྱུས་ཡིག་རིགས་ཀྱི་གསལ་ཁ། 

མལ་གྲོ་གུང་དཀར་རྫོང་ནི་ལྷ་ས་སྐྱིད་ཆུའི་ཤར་ཕྱོགས་དབུས་སྟོད་མལ་གྲོ་ཞེས་པའི་ས་ཆར་ཆགས་ཤིང་། ཐོག་མར་དུས་རབས་འདི་ལྟ་བུ་ཞིག་ལ་དེ་ལྟར་ཐོགས་པའི་རྒྱུ་མཚན་གསལ་པོ་མི་ཤེས་ཀྱང་ཏུན་ཧོང་གཏེར་ཡིག་ནང་དུ”བཙན་པོ་གནམ་རི་སློན་བཙན་གྱིས་དབས་དབྱི་ཚབ་ཀྱི་བྱ་དགར་མལ་ཏྲོ་ཕྱོགས་ནས་བྲན་ཁྱིམ་སྟོང་ལྔ་བསྩལ་ཏོ”ཞེས་འཁོད་པར་གཞིགས་ན་དུས་རབས་བདུན་པའི་གོང་ནས་ཡུལ་དེར་མལ་ཏྲོ་ཟེར་བ་ནི་རྩོད་མེད་རེད། མལ་ཏྲོ་ཟེར་བ་ནས་རིམ་བཞིན་མལ་དྲོ་དང་མལ་གྲོ་སོགས་འབྲི་སྲོལ་ཆགས་པ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་གཞན་དང་རིགས་བསྒྲེ་ན་ཆོག 

 

༢ ངག་རྒྱུན་སྣ་ཚོགས།

ཡི་གེ་འབྲི་སྟངས་ཀྱི་ཐད་ནས་ངག་རྒྱུན་དུ་མཚོ་མ་དྲོས་པའི་ནང་དུ་ཀླུ་གཟི་ཅན་ཟེར་བ་ཞིག་ཡོད་པ་བོད་དབུས་ཁུལ་མལ་དྲོར་གནས་པས་མ་དྲོས་ཀྱི་སྒྲ་ཟུར་ཆགས་ནས་མལ་གྲོར་འབོད་ཞེས་དང་།ཀླུ་མལ་གྲོ་གཟི་ཅན་གྱི་གནས་ཡུལ་ཡིན་པས་ཀླུ་མིང་ཡུལ་ལ་ཐོགས་པར་འདོད་པ་ཡང་ཡོད། ཡང་རེ་འགས་རྗེ་ཙོང་ཁ་བ་ཆེན་པོ་འབྲི་གུང་ནས་དགའ་ལྡན་ལ་ཕེབས་པའི་ལམ་བར་དུ་ཡུལ་མལ་གྲོར་གནས་ཚང་གཡར་ནས་ཞག་ཞུགས་གནང་བས་དུད་ཚང་དེས་ཀ་ཕིབས་ནང་གཟིམ་ས་བཅོས་པར་བརྟེན་ནམ་མཁར་སྐར་ཚོགས་བཀྲ་བས་གུང་དཀར་བ་དང་གཟིམ་ཆས་མཐུག་པོ་བྱུང་བས་མལ་དྲོ་བར་བརྟེན་མལ་དྲོ་གུང་དཀར་ཞེས་འབོད་སྲོལ་ཆགས་པར་བཤད།

༣རང་ཉིད་ཀྱི་ལྟ་ཚུལ་ལམ་དཔྱད་འབྲས།

དུས་རབས་བདུན་པའི་གོང་ནས་མལ་ཏྲོ་ཞེས་འབོད་པར་བསམ་ན་རྗེ་རིན་པོ་ཆེ་ནི་སྤྱི་ལོ་༡༣༥༧ལོར་འཁྲུངས་པས་མིང་དེ་བྱུང་ནས་ཉུང་མཐར་ཡང་ལོ་ངོ་བརྒྱད་བརྒྱ་ལྷག་གི་བར་ཐག་ཡོད་པས་དུས་ཚོད་ཀྱི་ཆ་ནས་འགལ་བ་ཡོད་པ་རེད། དེར་བརྟེན་རྗེ་རིན་པོ་ཆེས་མལ་ཡང་དྲོ།གུང་ཡང་དཀར་ཟེར་བ་ནི་འཕྱིས་སུ་རྟོགས་བཟོ་བྱས་པ་ལས་བདེན་པ་མིན་པ་གསལ་པོ་རེད།   མལ་ཏྲོ་ཞེས་བཙན་པོ་གནམ་རི་སྲོང་བཙན་གྱི་གོང་ནས་འབོད་སྲོལ་ཡོད་པ་དང་།    དེ་ནི་མཚོ་མ་དྲོས་པའི་ནང་དུ་ཀླུ་གཟི་བྱིན་གནས་ཞེས་པའི་མཚོ་མ་དྲོས་པའི་སྒྲ་ཟུར་ཆགས་ནས་མལ་ཏྲོར་འབོད་ཞེས་པ་དེ་དོན་དངོས་དང་མཚམས་པ་སྟེ་མཚོ་མ་དྲོས་པའི་སྒྲ་ཟུར་ཀླུ་ལ་ཐོག་ནས་ཀླུ་མལ་ཏྲོ་གཟི་བྱིན་ཟེར་བ་དང་།   ཀླུ་མལ་ཏྲོ་གཟི་ཅན་གྱི་མིང་ཟུར་ཡུལ་ལ་ཐོག་ནས་ཡུལ་མལ་ཏྲོ་ཟེར་བ་བྱུང་བར་སྙམ། ད་ལྟ་མལ་ཏྲོ་མ་ཆུའི་འགོ་ཁུངས་གཟི་བྱིན་བླ་མཚོར་ཐུག་པ་དང་གཟི་བྱིན་བླ་མཚོ་ནི་ཀླུ་མལ་ཏྲོ་གཟི་བྱིན་གྱི་བླ་མཚོ་ཡིན་པ་ཤེས་གསལ་རེད།    མཐར་གཏུགས་ནས་བཤད་ན་གཟི་བྱིན་བླ་མཚོ་དེ་མཚོ་མ་དྲོས་པ་ཡིན་པ་དང་།  དེར་གནས་པའི་ཀླུ་ནི་མལ་ཏྲོ་གཟི་བྱིན་ཡིན་པ་རིག་འདེད་ཐུབ་པས་མལ་གྲོ་ཟེར་བའི་ཐོག་མའི་མིང་གི་བྱུང་་སྟངས་ནི་མཚོ་མ་དྲོས་པའི་སྒྲུ་ཟུར་ཀླུ་ལ་ཆགས་པ་དང་།    ཀླུ་མིང་ཡུལ་ལ་ཆགས་ནས་མལ་ཏྲོ་ཞེས་བྱུང་བ་དང་།    དེ་ནས་རིམ་བཞིན་མལ་དྲོ་དང་མལ་གྲོ་སོགས་ཀྱི་འབྲི་སྲོལ་བྱུང་བར་སྙམ།   ད་ལྟ་ནི་མང་ཆེ་བས་མལ་གྲོ་ཞེས་འབྲི་བཞིན་པ་དེ་ག་རང་བྲིས་ན་འགྲིག་པ་ལས་དག་དང་མ་དག་གི་རྩོད་པ་བྱེད་དགོས་དོན་མི་འདུག་སྙམ།

གུང་དཀར་ཞེས་པའི་རྫོང་གི་གནས་ཡུལ་དེར་དེ་སྔ་ཀླུ་མལ་གྲོ་གཟི་ཅན་གྱི་མཁར་ཞིག་ཡོད་པ་དང་།མཁར་གདོང་གྲོང་ཚོ་ཞེས་པའི་རྒྱུ་མཚན་དག་ལ་བསམ་ན་ཡང་མཁར་ཞིག་ཡོད་པ་རྒྱུ་མཚན་དུ་བྱས་ནས་གུང་མཁར་ཞེས་འབོད་པ་དང་རིམ་བཞིན་སྒྲ་འགྱུར་ནས་གུང་དཀར་ཞེས་སུ་ཆགས་པར་སྙམ་ཡང་ཁ་ཚོན་གཅོད་ནུས་པའི་དཔྱད་གཞི་གང་ཡང་ལག་སོན་མ་བྱུང་།    འཕྱིས་སུ་རིམ་བཞིན་མལ་གྲོ་གུང་དཀར་ཞེས་པའི་འབྲི་སྲོལ་དེ་གཅིག་གྱུར་ཐོག་སྤྱོད་སྲོལ་བྱུང་བ་དང་རང་ཉིད་ཀྱི་བརྟག་དཔྱད་བྱས་པར་གཞིགས་ན་ཡང་རྒྱུ་མཚན་དེ་ག་ཆེ་བར་་མཐོང་བས་ད་ཆ་མལ་ཏྲོ་ནས་མལ་དྲོ་དང་མལ་གྲོ་ཞེས་གང་རུང་འབྲི་བ་ལས་དེ་ལ་མཐའ་གཅིག་ཏུ་འབྲི་སྲོལ་འདི་རེད་ཅེས་ཁ་ཚོན་གཅོད་ཐབས་མེད།    ད་ལྟ་དེ་གཉིས་གང་ཞིག་སྤྱད་ཀྱང་ཐོག་མའི་སྒྲ་ཟུར་ཆགས་པ་གཅིག་མཚུངས་ལས་དག་དང་མ་དག་གི་རྩོད་པ་བྱས་ཀྱང་དགོས་པ་ཆུང་བར་མཐོང་ངོ་།  ས་ཆ་དེ་བཙན་པོ་གནམ་རི་སྲོང་བཙན་གྱི་གོང་དུ་ཟིང་པོ་རྗེའི་མངའ་ཁོངས་ཡིན་པ་དང་།  གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེ་གཏོར་བའི་རྗེས་བཙན་པོའི་མངའ་འོག་ཏུ་བཅུག་ནས་དབས་དབྱི་ཚབ་ཀྱི་བྱ་དགར་གནང་བར་སྙམ། སྲོང་བཙན་སྒམ་པོའི་དུས་སུ་རུ་ཆེན་དབྱེ་བའི་སྐབས་སུ་དབུས་གཙང་རུ་བཞིའི་གྲས་དབུས་རུ་མལ་གྲོ་དཔོན་གྱི་ཁོངས་སུ་གཏོགས།  བོད་ཁྲི་སྐོར་བཅུ་གསུམ་གྱི་སྐབས་རྒྱ་མ་ཁྲི་སྐོར་གྱི་ཁོངས་སུ་གཏོགས་པ་དང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་བཟུང་སྐབས་རྒྱ་མ་དང་འབྲི་གུང་གཉིས་ཀ་མལ་གྲོ་གུང་དཀར་རྫོང་གི་ཁོངས་སུ་གཏོགས་པར་གྲགས། ད་ལྟ་རྫོང་ཡོངས་སུ་ཤང་བདུན་དང་གྲོང་བརྡལ་གཅིག་ཡོད་པ་སྟེ།  རུ་ཐོག་དང་། བཀྲ་ཤིས་སྒང་། རྨམ་པ། ཉི་མ་ལྕང་ར། རྩེ་ཞོལ།    ཐང་སྐྱབས། རྒྱ་མ་བཅས་སོ། གུང་དཀར་གྲོང་བརྡལ་ནི་ད་ལྟའི་མལ་གྲོ་གུང་དཀར་རྫོང་གི་ཆབ་སྲིད་དང་། དཔལ་འབྱོར།རིག་གནས་བཅས་ཀྱི་ལྟེ་བ་ཡིན་ཞིང་རྫོང་སྲིང་གཞུང་གི་མཐའ་འཁོར་དུ་རྫོང་སློབ་འབྲིང་དང་། རྫོང་སློབ་ཆུང་།རྫོང་མི་དམངས་སྨན་ཁང་།  རྫོང་དངུལ་ཁང་སོགས་བྱ་གཞག་ཚན་པ་སྣ་ཚོགས་དང་།དེ་བཞིན་ལས་ཁུངས་དང་། ཚོང་ཁང་། ཟ་ཁང་ཆེ་ཆུང་སྣ་ཚོགས་ཤིང་ཡུལ་མིའི་སྡོད་ཁང་ཤིན་ཏུ་མང་བ་བཅས་མི་ཚོགས་སྟུག་པའི་གྲོང་བརྡལ་ཆེན་པོ་ཞིག་ཆགས་ཡོད་དོ།

དཔྱད་གཞིའི་ཡིག་རིགས།

༡ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡིས་ཕྲེང་བ།   སྟོད་ཆ།  སྨད་ཆ།

༢ བོད་ཀྱི་ལོ་རྒྱུས་པད་མ་ར་གའི་ལྡེ་མིག

༣ མལ་གྲོའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིག

རྫོང་གི་པར་རིས་མིག་གི་དགའ་སྟོན།

༢༠༢༠ལོའི་ཟླ་༡༡༩ཉིན

བརྒྱུད་སྐུལ།

མཆན་སྤེལ།