༄༅། །ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་མཁན་རིན་པོ་ཆེ་༸རྗེ་བཙུན་དཀའ་ཆེན་ཤེས་རབ་ཆོས་དར་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་དོན་གཉིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

༄༅། །ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་མཁན་རིན་པོ་ཆེ་༸རྗེ་བཙུན་དཀའ་ཆེན་ཤེས་རབ་ཆོས་དར་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་དོན་གཉིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།
རྩོམ་པ་པོ། དགེ་བཤེས་བློ་བཟང་རྣམ་རྒྱལ།
བློ༵་ཆེན་མཁྱེན་བརྩེ་བཟ༵ང་པོའི་འཕྲིན་ལ༵ས་རྣམས།   །
ལྗོངས་འདིའི་བསྟན་པའི་བདག་པོར་མ་གྲུབ་ན།   །
གནས་འདིར་སུ་ལ་གཞན་དོན་ལྷུ༵ན་གྱིས་གྲུ༵བ།   །
ཆོ༵ས་ཀྱི༵་རྒྱ༵ལ་མཚ༵ན་གང་དག་གཏན་མདུན་སྐྱབས།   །
ཤེ༵ས་བྱའི་གནས་ཀུ༵ན་ཀུ༵ན་མཁྱེན་ཇི་བཞིན་ཤེ༵ས།   །
ར༵བ་བྱམས་ཐུགས་རྗེ༵ས་རྗེ༵ས་འཇུག་སྐྱོང་བའི་ར༵བ།   །
ཆོ༵ས་ཀུན་གནས་ལུ༵གས་ལུ༵གས་བཟང་མཐའ་བྲལ་ཆོ༵ས།   །
ད༵ར་མཛད་སྐྱབས་མཆོ༷ག་མཆོ༵ག་གསུམ་བར་དུ་ད༵ར།   །

སྲིད་པའི་རྩ་བ་དུག་གི་སྡོང་པོ་འདི།   །
རྟེན་འབྲེལ་ཤེ༵ས་ར༵བ་མཚོན་གྱིས་བཅད་ཤུལ་ནས།   །
གཟུགས་སྐུ་དཔག་བསམ་ལྗོན་པའི་འབྲས་ལྡན་སྐུས།   །
ཆོ༵ས་ཀྱི་ལོངས་སྤྱོད་ད༵ར་མཛད་ཆེན་པོར་འདུད།   །
རྣམ་ཀུན་ཐབས་མཁས་དེད་དཔོན་ཆེན་པོ་ཡིས།   །
རྣམ་འགྲེལ་དབུ་ཕར་འདུལ་མཛོད་རྒྱ་མཚོ་ནས།   །
རྣམ་བྱང་ནོར་བུའི་ཕྱོགས་ལ་འཁྲིད་མཁས་པའི།   །
རྣམ་འདྲེན་བླ་མ་གང་རྣམས་རྒྱལ་གྱུར་ཅིག།།
བདག་སྙིང་པད་མ་འདབ་བརྒྱད་ཟེའུ་འབྲུའི་དབུས།   །
མཁྱེན་བརྩེའི་ལུས་སྟོབས་རྫོགས་པའི་བཅོམ་ལྡན་གང་།   །
ནམ་ཡང་བདག་གི་གཉུག་མའི་རྣམ་ཤེས་དང་།   །
དབྱེར་མེད་བདེ་བར་རོལ་ཅིག་བླ་མ་ལགས།   །
བདག་ཅག་ཐ་མལ་སྣང་བར་ཤར་བ་ཡང་།   །
དག་པ་འབའ་ལས་མ་དག་སྐབས་བསྐལ་ལ།   །
ཉན་རང་འཕགས་པ་སར་གནས་རྣམས་ལས་ཀྱང་།   །
ཁྱད་འཕགས་ལྡན་ན་སངས་རྒྱས་དམ་པ་ལགས།   །
རྩིང་ཞིབ་རིགས་པའི་ཡིད་ཀྱིས་ཅི་ཞིག་མི་དམིགས་པའི།   །
ཚུགས་ཐུབ་ཀུན་འབྱུང་དུག་གསུམ་འཁྲུལ་རྒྱུའི་འཇུག་ཡུལ་དུ།   །
རྟེན་འབྲེལ་ངེས་ཤེས་དེས་མཁྱེན་མཁྱེན་བརྩེའི་གཏེར་ཆེན་ཁྱེད།   །
སློབ་དཔོན་སྟོན་མཆོག་ངོ་བོར་ཡོད་དོ་གསོལ་མཆོད་བསྟོད།   །
སྒྲོ་སྐུར་མཐའ་གཉིས་གཡང་ལས་ཚུར་ཕྱོགས་ནས།   །
འཕགས་མཆོག་འདུས་པའི་སྤྱོད་ཡུལ་བདེན་པ་དག།
བདག་གིས་དད་པའི་ས་བོན་བརྟས་ཕྱིར་དང་།   །
འདི་རུ་ཁ་སྐོང་ཚུལ་གྱིས་གསོལ་འདེབས་འབྲི།   །
དམ་པའི་རང་མདངས་གསལ་བའི་དན་རྟགས་སུ།   །
ཁྱེད་སྐུ་བྱིས་པའི་དུས་ནས་ཐ་མལ་པའི།   །
སྤྱོད་ཚུལ་ཀུན་ལ་སྙིང་མེད་ཆུ་ཤིང་བཞིན།   །
གསལ་བར་མཁྱེན་མཛད་ཁྱེད་ལ་གསོལ་བ་འདེབས།   །
བཀྲ་ཤིས་ངོ་མཚར་ཁྲིམས་གཙང་འདུས་པའི་གཞིར།   །
མཁས་གྲུབ་གསེར་རིའི་འཕྲེང་བའི་དབུས་ན་ནི།   །
ལྟ་སྤྱོད་རྣམ་དག་ཉི་ཟླས་ཆེས་མཛེས་པའི།   །
བཤེས་གཉེན་ལྷུན་པོའི་དབང་པོར་གསོལ་བ་འདེབས།   །
བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་དེ།   །
གངས་གཡག་རྔ་མ་ཇི་བཞིན་སྲོག་བསྡོས་མཛད།   །
ཐོས་བསམ་གནས་ལ་ཐུགས་རེ་གཅིག་བསྒྲིམས་པར།   །
དམ་པའི་བཤེས་ཀྱིས་བསྔགས་ལ་གསོལ་བ་འདེབས།   །
དུས་ངན་རླུང་ཤུགས་ཇི་ལྟར་ཆེ་ན་ཡང་།   །
འདུལ་བའི་སྤྱོད་ཚུལ་རྣམས་ལས་མི་གཡོ་བའི།   །
འགྱུར་མེད་དམ་པའི་ངང་ཚུལ་དག་གིས་ཀང་།   །
འགྲོ་བའི་ངལ་གསོར་གྱུར་ལ་གསོལ་བ་འདེབས།   །
ཆོས་བརྒྱད་རྡུལ་བྲལ་ཐུགས་ཡིད་གོ་འབྱེད་ངོས།   །
ངེས་འབྱུང་བྱང་སེམས་བདེ་འབྱུང་གཙུག་རྒྱན་གྱི།   །
ཟེར་བརྒྱས་སྲིད་གསུམ་གྲོང་གི་ཚ་གདུང་རྣམས།   །
ཞི་བྱེད་རྒྱལ་སྲས་ཆེན་པོར་གསོལ་བ་འདེབས།   །
ཁྱད་པར་གསུམ་ལྡན་རང་བཞིན་སྟོང་པའི་དབྱིངས།   །
འཁོར་བ་དོང་ནས་སྤྲུགས་པའི་ངེས་དོན་དུ།   །
ཐལ་འགྱུར་རྣམ་དཔྱོད་བློ་ཡིས་གཟིགས་པ་ན།   །
ཐུགས་དམ་ཤེར་མདོར་མཛད་ལ་གསོལ་བ་འདེབས།   །
གངས་ཅན་འདྲེན་པ་མཚན་མོའི་མགོན་པོ་དེས།   །
ཐུགས་ཡིད་དག་པའི་དབྱིངས་ནས་དཔྱད་མཐའ་རུ།   །
བཤད་གྲྭའི་ཁྲི་ལ་དབང་བའི་ཐུགས་ཐམ་དངོས།   །
ཕྱག་ནས་དངོས་སུ་ཟིན་ལ་གསོལ་བ་འདེབས།   །
མི་འཇིགས་སེངྒེའི་ཁྲི་ལ་དབང་བསྒྱུར་ནས།   །
མདོ་སྔགས་ཀུན་གི་སྙིང་པོ་བསྡུ་བའི་གནད།   །
བཤད་པ་བཞི་ཡིས་བཤད་སྲོལ་རྨད་བྱུང་ཞེས།   །
མཁས་ཀུན་མ་གྲོས་གཅིག་ལ་གསོལ་བ་འདེབས།   །
རིགས་སྨྲའི་ཞིང་སར་རྒྱུ་ཡི་ཐེག་པའི་སྟེང་།   །
འབྲས་བུའི་ཐེག་པའི་དབང་བཞིས་རྒྱས་བཏབ་ནས།   །
སྡོམ་གསུམ་མྱུ་གུའི་འགལ་རྐྱེན་སེལ་ཐབས་ལ།   །
རང་རང་ཆོ་གས་འདོམས་ལ་གསོལ་བ་འདེབས།   །
རྣམ་དག་ཚུལ་ལྡན་གདུལ་བའི་འཛིན་མ་ལ།   །
ཐོས་བསམ་ལྗོན་པའི་རྩ་བ་ལེགས་བཙུགས་ནས།   །
བཤད་དང་སྒྲུབ་པའི་མེ་ཏོག་བཀྲ་བ་ཡི།   །
ཕུན་ཚོགས་འབྲས་བུར་འགོད་ལ་གསོལ་བ་འདེབས།   །
དབེན་གསུམ་ལ་སོགས་རྫོགས་པའི་རིམ་པ་རྣམས།   །
ཐུགས་ཡིད་དག་པའི་ངོས་སུ་མཛེས་ན་ཡང་།   །
མི་མངོན་སྦས་པས་ཉན་ཐོས་བརྟུལ་ཞུགས་འཛིན།   །
མདོ་སྔགས་གྲོགས་སུ་ཤར་ལ་གསོལ་བ་འདེབས།   །
འཁོར་འབངས་གདུལ་བྱའི་བསོད་ནམས་དམན་པས་ན།   །
རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུད་པའི་ཚེ།   །
མི་བདེའི་སྐབས་བྲལ་གསལ་འདེབས་མི་དགོས་པར།   །
འོད་གསལ་ཆོས་སྐུར་བསྲེས་ལ་གསོལ་བ་འདེབས།   །
བདེ་སྟོང་ཡེ་ཤེས་རྒྱས་པའི་མངོན་མཚན་ཅན།   །
སྔར་ལས་བཞིན་གྱི་དཀྱིལ་འཁོར་མདངས་གསལ་ཞིང་།   །
སྤྲིན་བྲལ་ནམ་མཁར་ཉི་འོད་རབ་ཏུ་འཚེར།   །
སྐུ་གསུམ་མངོན་དུ་གྱུར་ལ་གསོལ་བ་འདེབས།   །
བདག་ལ་སྦངས་ཡོན་ཉིན་མོའི་སྐར་མར་གྱུར།   །
དེ་བས་སྐྱེས་སྟོབས་ཡོན་ཏན་རུས་སྦལ་སྤུ།   །
ཀུན་གི་དབུས་སུ་སྤྱི་བོ་ཆེས་མི་དམའ།   །
ཁྱོད་ཀྱི་འབངས་སུ་གྱུར་པ་གཅིག་པུའི་དྲིན།   །
འདི་ནས་ཚེ་རབས་འཕྲེང་བའི་སྐྱེ་བ་རྣམས།   །
ཁྱོད་ཀྱི་འཁོར་གི་གཙོ་བོར་བདག་གྱུར་ནས།   །
ཁྱོད་གསུང་ཉན་ཅིང་བཀའ་བཞིན་སྒྲུབ་པ་ཡིས།   །
ཁྱོད་མཉེས་འབའ་ཞིག་བསྒྲུབ་པར་བྱིན་གིས་རློབས།   །
དགེ་བ་འདི་ཡིས་མ་རྒན་རིགས་དྲུག་འགྲོ།   །
ཚེ་རབས་ཀུན་ཏུ་མཚན་ལྡན་བཤེས་གཉེན་གྱིས།   །
རྗེས་བཟུང་ས་ལམ་ཉམས་རྟོགས་མཐར་ཕྱིན་ནས།   །
རང་གཞན་རྫོགས་བྱང་ས་རུ་མྱུར་འཕྲད་ཤོག།།
ཅེས་བདག་ལ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀུན་ནས་གསུངས་པའི་བླ་མ་དམ་པར་མ་གྱུར་པ་མེད་པ་བཀའ་དྲིན་འགྲན་ཟླ་བྲལ་བའི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་ཤེས་རབ་ཆོས་དར་དཔལ་བཟང་པོའི་རྗེས་དྲན་གྱི་ཚུལ་དུ་བྲིས་པའོ།། །།

བརྒྱུད་སྐུལ།

མཆན་སྤེལ།