༄༅། །ནག་ཆུའི་རྫོང་ཁག་ངོ་སྤྲོད།

༄༅། །ནག་ཆུའི་རྫོང་ཁག་ངོ་སྤྲོད།

ནག་ཆུ་རྫོང་།

ནག་ཆུ་རྫོང་ནག་ཆུ་ས་ཁུལ་གདང་ལ་དང་གཉན་ཆེན་ཐང་ལྷའི་བར་དུ་གནས་ཡོད།ལྷོ་འདམ་གཞུང་རྫོང་དང་འབྲེལ་བ་དང་། བྱང་སྙན་རོང་དང་ཨ་མདོ་རྫོང་གཉིས་དང་འབྲེལ་བ།ཤར་འབྲི་རུ་དང་ལྷ་རི་རྫོང་གཉིས་དང་འབྲེལ་བ།ནུབ་དཔལ་མགོན་རྫོང་དང་འབྲེལ་ཡོད།ཆ་སྙོམས་ས་བབ་མཐོ་ཚད་སྨི་4450ཡན་ཟིན་ཡོད།ཤར་ནུབ་དབར་གྱི་བར་ཐག་རིང་ཤོས་སྤྱི་ལེ་233དང་ལྷོ་བྱང་དབར་གྱི་བར་ཐག་རིང་ཤོས་སྤྱི་ལེ་185ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.6ཡོད།

ནག་ཆུ་རྫོང་ཁོངས་སུ་གྲོང་རྡལ་3དང་།ཤང་9 སྲིད་འཛིན་གྲོང་ཚོ(ཡུལ་མི་ཨུ་ལྷན)160བཅས་ཡོད།སྤྱིའི་མི་འབོར་ཁྲི་9ཡོད།

ནག་ཆུ་རྫོང་གི་གཏེར་ཐོན་ཐོན་ཁུངས་གཙོ་བོ་འཐི་དང་།ཞ་ཉེ། ཏི་ཚ། མུ་སི། གསེར། ཆུ་ཤེལ། རྡོ་ཀ་མ་རུ། ཟངས། རྡོ་རྨ་བྱ།ལྕགས་ཁབ་ལེན་གཏེར་ཁ། རྡོ་ནག་སོགས་རིགས་19ཡོད།བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིགས་68ཡོད་པའི་ནང་འོ་འཐུང་སྲོག་ཆགས་ཀྱི་རིགས་28དང་བདག་ཏུ་མ་བཟུང་བའི་འདབ་ཆགས་རིགས་32ཡོད།རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་ཁོངས་སུ་བཅུག་པའི་གྲས་སུ་གཙོད་མགོ་ཆེན་དང་། གླ་བ།སྲམ། དབྱི། རྐྱང་། དྲེད་མོང་། ངང་པ། ཁྲུང་ཁྲུང་སྐེ་ནག བྱ་གླག་མགོ་ཁྲ་སོགས་ཡོད།རི་སྐྱེས་རྩི་ཤིང་གི་རིགས་189ཡོད་པའི་ནང་སྨན་རྒྱུར་སྤྱོད་ཆོག་པའི་གྲས་སུ་དབྱར་རྩྭ་དགུན་འབུ་དང་།ཨ་བྷི་ཥ། གངས་ལྷ་མེ་ཏོག སོ་ལོ་དམར་པོ་སོགས་ཡོད། ཆུ་ནུས་དང་། ས་འོག་ཚ་ནུས། ཉི་ནུས།རླུང་ནུས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

 

སྦྲ་ཆེན་རྫོང་།

སྦྲ་ཆེན་དེ་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད་དང་།ནག་ཆུ་ས་ཁུལ་གྱི་ཤར་རྒྱུད། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་བཅས་སུ་གནས་པ་དང་།བྱང་ངོས་མཐོ་ལ་ལྷོ་རྒྱུད་དམའ་བ། རྫོང་དེའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ།ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ། མཁའ་རླུང་ཉུང་བ། དགུན་གྲང་དབྱར་བསིལ།ཉི་འོད་འགྱེད་འཕྲོ་ཆེ་བ། ཉི་མ་ཕོག་ཡུན་རིང་བ། ལོ་རེར་དྲོད་ཚད་བལྟོས་བཅས་སུ་ཆེ་བ།སད་མི་རྒྱག་པའི་དུས་ཚོད་ཐུང་བ། དགུན་དུས་གངས་ལྷག་མང་བ་བཅས་རེད།

སྦྲ་ཆེན་རྫོང་ཁོངས་སུ་གྲོང་རྡལ་3དང་།ཤང་7 སྲིད་འཛིན་གྲོང་ཚོ་162བཅས་ཡོད།མཆན། གངས་ཆེན་ཤང་གི་སྲིད་འཛིན་གྲོང་ཚོ་7མཚོ་སྔོན་གྱི་ས་ཁོངས་སུ་ཡོད། མི་འབོར་ཁྲི་4(2003ལོ)ཡོད།

སྦྲ་ཆེན་རྫོང་དུ་གཏེར་རྫས་གཙོ་བོ་རྡོ་སོལ་དང་།ལྕགས། ཀེ་སོགས་ཡོད།བདག་ཏུ་མ་བཟུང་བའི་རྩི་ཤིང་ཐོན་ཁུངས་གྲས་སུ་དབྱར་རྩྭ་དགུན་འབུ་དང་། ཨ་བི་ཁ་ཞན་པ།རྫ་ཡུངས། མྱང་རྩི་སྤྲས་སོགས་ཡོད།

བདག་དུ་མ་བཟུང་བའི་སྲོག་ཆགས་གཙོ་བོ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་ཤ་བ་མཆུ་དཀར་ཡོད་པ་དང་ནག་ཆུའི་ཤར་རྒྱུད་ཀྱི་རྫོང་ཁག་གི་རི་མཐོ་གཟང་གཟར་ཁྲོད་དུ་རང་བྱུང་རྡོ་ཞུན་བྲག་ཕུག་མང་པོ་ཡོད་པའི་ནང་ནས་དམངས་ཁྲོད་དུ་བྲག་ཕུག་གཅིག་གི་རིང་ཚད་སྤྱི་ལེ་100ལྷག་ཙམ་དང་གཞན་ཞིག་གི་རིང་ཚད་སྤྱི་ལེ་200ལྷག་ཙམ་ཡོད་ཅེས་ཤོད་སྲོལ་ཡོད་པས་ཚན་རིག་བརྟག་ཞིབ་དང་མྱུལ་དཔྱད་བྱ་རྒྱུར་རིན་ཐང་ཆེན་པོ་ལྡན་ཡོད།

འབྲི་རུ་རྫོང་།

འབྲི་རུ་རྫོང་ནག་ཆུ་ས་ཁུལ་གྱི་ཤར་རྒྱུད་དང་གདང་ལ་དང་གཉན་ཆེན་ཐང་ལྷའི་བར་གནས་པ་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་རྒྱུག་ཁོངས་སུ་གཏོགས་པ་དེར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་11456ཡོད།རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་3.3དང་། རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་1566ནགས་ས་རྒྱ་ཁྱོན་མུའུ་ཁྲི་30བཅས་ཡོད།རྫོང་ཁོངས་སུ་ཤང་11དང་གྲོང་མི་ཨུ་ཡོན་ལྷན་ཁང་176ཡོད།སྤྱི་ལོའི་སྔོན་གྱི་དུས་རབས་4པར་བོད་ཀྱི་གནའ་རབས་རུ་ལག་12ཀྱི་ཡ་རྒྱལ་སུམ་པ་ཚོ་པ་དར་བ་དང་འབྲི་རུ་སྐབས་དེ་དུས་ཚོ་པ་དེའི་ཁོངས་སུ་གཏོགས།སྤྱི་ལོའི་སྔོན་གྱི་དུས་རབས་7པར་སྲོང་བཙན་སྒམ་པོས་སུམ་པ་ཟླ་སྒྲིལ་བཏང་ནས་བོད་གཅིག་གྱུར་བཟོས་ཡོད།འབྲི་རུ་སུམ་པ་རུ་ལག་གི་དོ་དམ་བྱེད་ཁོངས་སུ་གཏོགས་པ་དང་1732ལོར་བོད་སྡོད་བློན་ཆེན་གྱིས་ཐད་ཀའི་དོ་དམ་བྱེད་ཁོངས་སུ་གཏོགས།ལྕགས་ཕག་ལོའི་གསར་བརྗེ་ལངས་རྗེས་བཀའ་ཤག་ས་གནས་སྲིད་གཞུང་གིས་དོ་དམ་བྱེད་ཁོངས་སུ་གཏོགས།1941ལོར་བཀའ་ཤག་ས་གནས་སྲིད་གཞུང་གིས་ཧོར་སྤྱི་ཁྱབ་མེད་པ་བཟོས་ཏེ་རྫོང་6བཙུགས་པ་དེ་ནས་བཟུང་འབྲི་རུ་དངོས་སུ་རྫོང་ལ་གྱུར་ཡོད།1951ལོའི་ལོ་མཇུག་ཏུ་འབྲི་རུ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་ནས་ད་བར་ནག་ཆུ་ས་ཁུལ་གྱིས་དོ་དམ་བྱེད་ཁོངས་སུ་གཏོགས།རྫོང་སྲིད་གཞུང་འབྲི་རུ་གཞོང་དུ་གནས་ཡོད།

འབྲི་རུ་རྫོང་ཁོངས་སུ་གྲོང་རྡལ་2དང་།ཤང་8 སྲིད་འཛིན་གྲོང་ཚོ་196བཅས་ཡོད།  སྤྱིའི་མི་འབོར་ཁྲི་5ཡོད།

འབྲི་རུ་རྫོང་ལ་གཏེར་ཐོན་ཐོན་ཁུངས་གྲས་སུ་ཞ་ཉེ་དང་།ཏི་ཚ། གསེར། ཟངས། རྡོ་སོལ། སྣུམ་ལྡན་རྡོ་གཡམ། གཡང་ཊི་སོགས་ཡོད། ཆུ་ཚན་དང་ས་འོག་ཚ་ནུས་ཁུལ་བརྒྱ་ལྷག་ཙམ་ཡོད་པ་དེའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ཟིན་གྱི་ཡོད།

བདག་ཏུ་མ་བཟུང་བའི་སྲོག་ཆགས་གཙོད་དང་།གཉན། ཁྲུང་ཁྲུང་སྐེ་ནག གླ་བ། ཤྭ་བ། གཟིག དགོ་བ། གནའ་བ། ཝ་མོ། སྤྱང་ཁྱི། བྱ་ཝང་།ལྷ་བྱ་གོང་མོ། བྱ་རྒོད། ཉའི་རིགས་སོགས་ཡོད།རི་སྐྱེས་རྩི་ཤིང་དབྱར་རྩྭ་དགུན་འབུ་དང་། ཨ་བྷི་ཥ། རྫ་ཡུངས་སོགས་ཡོད།

ལྷ་རི་རྫོང་།

ལྷ་རི་རྫོང་བོད་ཀྱི་དབུས་ཤར་རྒྱུད་དང་།ནག་ཆུ་ས་ཁུལ་གྱི་ཤར་ལྷོའི་རྒྱུད།གདང་ལ་དང་གཉན་ཆེའི་ཐང་ལྷའི་བར་དུ་གནས་ཡོད་པ་དེར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་13056ཡོད།ཤར་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་དང་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་དང་འབྲེལ་བ་དང་།ལྷོ་འདམ་གཞུང་རྫོང་དང་། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་དང་འབྲེལ་བ།བྱང་འབྲི་རུ་རྫོང་དང་འབྲེལ་ཡོད།རྫོང་མི་དམངས་སྲིད་གཞུང་ཨར་རྩ་གྲོང་རྡལ་དུ་གནས་ཡོད།

ལྷ་རི་རྫོང་ཁོངས་ཡོངས་སུ་གྲོང་རྡལ་2དང་།ཤང་8 ཡུལ་མི་ཨུ་ལྷན་2 སྲིད་འཛིན་གྲོང་ཚོ་120བཅས་ཡོད།སྤྱིའི་མི་འབོར་ཁྲི་3ཡོད།

ལྷ་རི་རྫོང་མངའ་ཁོངས་ནང་གཏེར་ཐོན་ཐོན་ཁུངས་གསེར་དང་།ཞ་ཉེ། ཆུ་ཤེལ་སོགས་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་གཙོད་དང་། དགོ་བ། གནའ་བ། གཉན།སྤྱང་ཁྱི། རི་བོང་། ཝ་མོ། དབྱི། འཕར་བ། གཟིག ཤྭ་བ། གླ་བ། སྤྲེའུ།དྲེད་མོང་སོགས་ཡོད། རི་སྐྱེས་རྩི་ཤིང་དབྱར་རྩྭ་དགུན་འབུ་དང་། ཨ་བྷི་ཥ། གངས་ལྷ་མེ་ཏོག་སོགས་ཡོད།རྫོང་དེའི་དཔལ་འབྱོར་ནི་འབྲོག་ལས་གཙོ་བོ་ཡིན་པ་དང་འདེབས་འཛུགས་ལས་རིགས་ཕྲན་ཙམ་ཡོད།གཙོ་བོ་འབྲི་གཡག་དང་། ལུག ར། རྟ། བོང་བུ། དྲེལ་སོགས་གསོ་ཚགས་བྱེད་ཀྱི་ཡོད།འདེབས་འཛུགས་ལས་རིགས་གྲས་སུ་ནས་དང་། དཔྱིད་གྲོ སྲན་མ། པད་ཁ། ཞོག་ཁོགལ་ཕུག་སོགས་ཡོད། ནགས་ཤིང་གཙོ་བོ་ཐང་ཤིང་དང་། ཤུག་པ། གསོམ་ཤིང་། ཤིང་སྟག་པ།བེ་དོ་བཅས་ཡོད། དཔལ་འབྱོར་ནགས་ཤིང་གྲས་སུ་སྟར་ཁ་དང་ཤིང་ཏོག་ལི་སོགས་ཡོད།

དཔལ་མགོན་རྫོང་།

དཔལ་མགོན་རྫོང་བོད་བྱང་ཐང་གི་གནམ་མཚོ་དང་གསེར་གླིང་མཚོའི་བར་གནས་པ་དེའི་ས་བབ་མཐོ་ཚད་སྨི་4700ཟིན་པ་དང་།བྱང་ཐང་གི་ས་མཐོའི་མཚེའུའི་གཤོངས་ས་ཁུལ་ལ་གཏོགས་པ། ས་བབ་སྙོམས་པ། རྩྭ་ཐང་རྒྱ་ཆེ་བ།བྱང་ངོས་མཐོ་ལ་ལྷོ་རྒྱུད་དམའ་བ། རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་28383ཟིན་པ།གནམ་གཤིས་གྲང་བ། མཁའ་རླུང་དཀོན་པ། དུས་བཞི་གསལ་པོ་མེད་པ། དགུན་རིང་དབྱར་ཐུང་།གངས་ལྷག་མང་བ་བཅས་རེད།

དཔལ་མགོན་རྫོང་ཁོངས་སུ་གྲོང་རྡལ་4དང་།ཤང་6 སྲིད་འཛིན་གྲོང་ཚོ་95 གྲོང་མི་ཨུ་ཡོན་ལྷན་ཁང་134བཅས་ཡོད། མི་འབོར་ཁྲི་3(2003ལོ)ཡོད།

དཔལ་མགོན་རྫོང་ལ་གཏེར་རྫས་ཐོན་ཁུངས་གཙོ་བོའི་གྲས་སུ་ཚ་ལ་དཀར་པོ་དང་།བྱེ་གསེར། གཤའ། ཀེ་ལྕགས། ཚྭ། སྣུམ་ལྡན་རྡོ་གཡམ། གཡང་ཊི། ལྷང་ཚེར།ཆུ་ཤེལ་སྨུག་པོ་སོགས་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་གྲས་སུ་རྐྱང་དང་།ཁྲུང་ཁྲུང་སྐེ་ནག གཙོད། དོམ། གླ་བ། གསའ། གོང་མོ། གནའ་བ། གཡི། ཝ་མོ་སོགས་ཡོད།སྨན་རྫས་རྩི་ཤིང་གྲས་སུ་སུམ་ཅུ་ཏིག་དང་། ར་མཚེ། གུར་གུམ།རི་མཐོའི་ཀླུ་བདུད་རྡོ་རྗེ་སོགས་སྣ་ཁ་40ལྷག་ཙམ་ཡོད།

ཨ་མདོ་རྫོང་།

ཨ་མདོ་རྫོང་བོད་ཀྱི་བྱང་རྒྱུད་དང་སྐད་གྲགས་ལྡན་པའི་གདང་ལའི་རི་རྒྱུད་ཀྱི་ལྷོ་བྱང་གཉིས་སུ་གནས་པ་དེ་ཤར་མཚོ་སྔོན་ཞིང་ཆེན་གྱི་འབྲི་སྟོད་རྫོང་དང་།རྫ་སྟོད་རྫོང་། བོད་ལྗོངས་སྙན་རོང་རྫོང་བཅས་དང་། ནུབ་དཔལ་མགོན་རྫོང་དང་མཚེའུ་གཉིས་དམིགས་བསལ་སྲིད་འཛིན་ཁུལ།བྱང་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་བཅས་དང་འབྲེལ་ཡོད།རྫོང་དེ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་10ཙམ་ཡོད་པ་དང་རྫོང་གྲོང་རྒྱལ་ལམ་109པའི་སྤྱི་ལེ་3420ནས་3430བར་གནས་པ་དེ་ནག་ཆུ་ས་ཁུལ་གནས་ཡུལ་ནག་ཆུ་གྲོང་རྡལ་དང་བར་ཐག་སྤྱི་ལེ་135དང་།རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་464 གོར་མོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་703བཅས་ཆོད་ཅིང་།འགྲིམ་འགྲུལ་སྟབས་བདེ་ལ་བོད་ཀྱི་བྱང་སྒོ་ཆེ་མོ་ཡིན།

ཨ་མདོ་རྫོང་ཁོངས་སུ་གྲོང་རྡལ་4དང་།ཤང་9 སྲིད་འཛིན་གྲོང་ཚོ(གྲོང་ལྷན)79བཅས་ཡོད།ཐེངས་ལྔ་པའི་མི་འབོར་ཡོངས་བཤེར་གྱི་གྲངས་གཞིར་གཞིགས་ན། རྫོང་དེ་ཡོངས་ལ་མི་འབོར་32843ཡོད།

ཨ་མདོ་རྫོང་ལ་རྒྱུན་དུ་མཐོང་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གྲས་སུ།འབྲོང་དང་། རྐྱང་། གཙོད། གནའ་བ། གཉན། དགོ་བ། ཝ་མོ། སྤྱང་ཀི། གཡི། དྲེད་མོང་། གསའ།བྲག་སྲམ། རི་བོང་སོགས་ཡོད། བྱ་རིགས་གཙོ་བོ་དི་དི་གུ་གུ་དང་ཕུག་རོན་རིགས་དང་།ཁྲུང་ཁྲུང་ཡ་ཙེའི་རིགས། རི་བྱའི་རིགས་དང་འཛམ་གླིང་ལ་སྐད་གྲགས་ཆོད་པའི་གོང་མོ་དང་།ཁྲུང་ཁྲུང་སྐེ་ནག ངང་དཀར་བཅས་ཡོད།ཨ་མདོར་གཙང་པོ་དང་མཚེའུ་མང་ལ་ཉ་རིགས་ཀྱང་མང་པོ་ཡོད། གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་ཅིང་།མིག་སྔར་ཤེས་རྟོགས་བྱུང་བའི་གཏེར་རྫས་སྣ་ཁ་30ལྷག་ཙམ་ཡོད།

སོག་རྫོང་།

སོག་རྫོང་བོད་བྱང་ཤར་རྒྱུད་དང་།ནག་ཆུ་ས་ཁུལ་གྱི་བྱང་ཤར་རྒྱུད།རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་སོག་གཙང་པོ་རྒྱུག་ཁོངས་སུ་གནས་ཡོད།རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་5986ཡོད། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་4.1དང་།ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་35.9 རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་52བཅས་ཡོད། རྫོང་ཁོངས་སུ་ཁུལ་1དང་།གྲོང་རྡལ་1 ཤང་11 གྲོང་མི་ཨུ་ལྷན་141བཅས་ཡོད།

སོག་རྫོང་ཁོངས་སུ་གྲོང་རྡལ་2དང་།ཤང་8 སྲིད་འཛིན་གྲོང་ཚོ་141བཅས་ཡོད། སྤྱིའི་མི་འབོར་ཁྲི་3.1ཙམ་ཡོད།

སོག་རྫོང་དུ་གཏེར་ཐོན་ཐོན་ཁུངས་གཙོ་བོ་ཞ་ཉེ་དང་།རྡོ་སོལ། མུ་ཟི། རྡོ་ཞོ་སོགས་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་གཙོ་བོ་གླ་བ་དང་།ཤྭ་བ། གཟིག དྲེད་མོང་། སྤྲེའུ། གནའ་བ། དགོ་བ།སྲམ་བཅས་དང་འདབ་ཆགས་རིགས་ཧ་ཅང་མང་པོ་ཡོད་པ་དང་། དབྱར་རྩྭ་དགུན་འབུ་དང་། ཨ་བྷི་ཥ།གངས་ལྷ་མེ་ཏོག རྩྭ་ཀླུ་བདུད་རྡོ་རྗེ་སོགས་རི་སྐྱེས་རྩི་ཤིང་མང་པོ་ཡོད།

ཤན་རྩ་རྫོང་།

ཤན་རྩ་རྫོང་བོད་ཀྱི་དབུས་རྒྱུད་དང་གངས་དཀར་ཏི་སི་དང་བོད་བྱང་ཐང་གི་མཚེའུ་ཆེ་གྲས་ཨང་གཉིས་པ་སེར་གླིང་མཚེའུ་ཡི་བར་དུ་གནས་ཡོད།རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4ཙམ་ཡོད་པ་དང་མཚེའུ་འབྲིང་གྲས་རྒྱུག་ཁོངས་ཀྱིས་23%ཟིན་ཡོད།རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་2400ཡོད་པ་དེས་40%ཙམ་བཟུང་བ་དང་།རི་ཁུལ་དང་བྱེ་ཐང་སོགས་ཀྱིས་37%ལྷག་ཙམ་བཟུང་ཡོད།ནག་ཆུ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པ་ནས་ད་བར་རྫོང་མི་དམངས་སྲིད་གཞུང་གངས་བཟང་མདོར་གནས་ཡོད།1977ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད་རྫོང་མངའ་ཁོངས་ནང་གི་ཆུས་7དང་ཀུང་ཧྲེ་1འོམ་བུ་དང་མཚེའུ་གཉིས་དོན་གཅོད་ཁྲུའུ(རྫོང་རིམ་པའི་ཚན་པ)གཉིས་ལ་དབྱེ་བ་དང་ཚང་མ་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཐད་ཀར་འགོ་ཁྲིད་བྱེད་ཁོངས་སུ་གཏོགས་ཡོད།

རྫོང་ཁོངས་སུ་གྲོང་རྡལ་2དང་།ཤང་6 སྲིད་འཛིན་གྲོང་ཚོ་73བཅས་ཡོད།སྤྱིའི་མི་འབོར་ཁྲི་2ཡོད།

ཤན་རྩ་རྫོང་དུ་ཉ་རིགས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།གཙོད་དང་། རྐྱང་། གཉན། གསའ། ཁྲུང་ཁྲུང་སྐེ་ནགཁྲུང་ཁྲུང་མགོ་ཁྲ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཡོད་ཅིང་། དེ་དག་ཁྲོད་རྒྱལ་ཁབ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཁོ་ན་རིགས་20ལྷག་ཙམ་ཡོད།གངས་ལྷ་མེ་ཏོག་དང་ལྕ་བ་སོགས་རི་སྐྱེས་རྩི་ཤིང་ཐོན་ཁུངས་ཡོད།མངའ་ཁོངས་ནང་གི་སྐེ་རིང་མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་700ལྷག་ཙམ་ཟིན་པ་དང་སེར་གླིང་མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1865ཟིན་ཡོད།གསེར་དང་། ལྕགས། ཞ་ཉེ། ཟངས། ཚྭ། ཚ་ལ་དཀར་པོ། ལཱིན་སོགས་གཏེར་ཐོན་ཐོན་ཁུངས་ཡོད།ས་འོག་ཚ་ནུས་ཐོན་ཁུངས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ཡོད།རླུང་ནུས་དང་ཉི་ནུས་ཐོན་ཁུངས་ནི་བོད་བྱང་ཐང་ས་མཐོའི་ཡོངས་ཁྱབ་ཀྱི་ཐོན་ཁུངས་དེ་བས་ཡིན།

སྙན་རོང་རྫོང་།

འདི་ག་ཚགས་པར་ཁང་དུ་སྙན་རོང་ནས་གློག་འཕྲིན་འབྱོར་གསལ།ཉེ་ཆར་སྙན་རོང་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྙན་རོང་རྫོང་སློབ་འབྲིང་དང་སློབ་ཆུང་དུ་དུག་རྫས་འགོག་པའི་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ལུས་ཁམས་དང་སེམས་ཁམས་འཚར་ལོངས་ཡོང་བཞིན་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཆ་མཚོན་ན།མཚར་སྣང་ཆེ་བ་དང་། ཡིན་མིན་གསལ་འབྱེད་ཀྱི་ནུས་པ་ཆུང་བ།དུག་རྫས་འགོག་པའི་སེམས་ཁམས་ཀྱི་འཛིང་རགས་བརྟན་པོ་མེད་པ།དུག་རྫས་སྐོར་གྱི་ཤེས་རྒྱ་ཡངས་པོ་མེད་པ་མ་ཟད།ད་དུང་དུག་རྫས་ཀྱི་གནོད་སྐྱོན་ཕོག་སླ་པོའང་ཡོད།དེས་ན་བྱེད་སྒོ་སྤེལ་རིང་ཉེན་རྟོག་པས་སློབ་མ་ཚོར《བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོའི་སློབ་དེབ》(དམའ་རིམ་སློབ་འབྲིང་དཔར་མ)དང《བོད་ཀྱི་དུག་རྫས་སྔོན་འགོག་སློབ་གསོའི་སློབ་དེབ》(སློབ་ཆུང་དཔར་མ)སྤྲད་པ་དང་དེ་བཞིན་དུག་རྫས་ཀྱི་རིགས་སྣ་དང་གནོད་པ་དང་།དུག་ཚོང་མཁན་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་མགོ་སྐོར་བཏང་ནས་དུག་རྫས་ཇི་ལྟར་འཐེན་དུ་འཇུག་པ།ཇི་ལྟར་བྱས་ཏེ་དུག་རྫས་ཀྱི་བསླུ་བྲིད་འགོག་པར་བྱེད་དགོས་པ་སོགས་ཀྱི་དུག་རྫས་གཏན་འགོག་ཤེས་བྱ་བཅས་ངོ་སྤྲོད་བྱས་ནས་ཁོང་ཚོར་དུག་རྫས་འགོག་པའི་འཛིང་རགས་བརྟན་པོ་ཞིག་སྐྲུན་རོགས་བྱས་ཡོད་པ་རེད།

དུག་རྫས་གཏན་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ་བརྒྱུད་སློབ་མ་ཚོས་དུག་རྫས་ཀྱི་གནོད་འཚེ་ཤེས་རྟོགས་བྱུང་བ་དང་།དུག་རྫས་གཏན་འགོག་དང་དུག་རྫས་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་སོང་བ།དུག་རྫས་ཀྱི་གནོད་པ་སྔོན་འགོག་ནུས་ལྡན་བྱེད་པའི་རྨང་གཞི་བརྟན་དུ་སོང་བ་མ་ཟད།ད་དུང་གླེང་ཕྱོགས་ཀྱི་རྣམ་པོ་ཟབ་མོ་ཞིག་ཀྱང་ཆགས་ཡོད་པ་རེད།

ཉི་མ་རྫོང་།

ཉི་མ་རྫོང་1983ལོའི་ཟླ་10ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་ཡོད།རྫོང་མི་དམངས་སྲིད་གཞུང་ཉི་མ་གྲོང་རྡལ་དུ་གནས་ཡོད།རྫོང་དེ་བོད་ཀྱི་བྱང་རྒྱུད་དང་ནག་ཆུ་ས་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་པ་དེར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་15ཡོད།རྫོང་དེ་ཡོངས་སུ་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་1.8ཡོད་པའི་ཁྲོད་ནས་བེད་སྤྱོད་བྱེད་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་1.01དང་རྩྭ་ཐང་འགན་གཙང་གི་རྒྱ་ཁྱོན་མུའུ་ཁྲི་7756.09ཡོད།

2011ལོར་རྫོང་ཁོངས་སུ་རྫོང་རིམ་པ་གཞོན་པའི་དམིགས་བསལ་སྲིད་འཛིན་ཁུལ་1དང་།གྲོང་རྡལ་1 ཤང་13 སྲིད་འཛིན་གྲོང་ཚོ་77བཅས་ཡོད།2009ལོའི་ལོ་མཇུག་ཏུ་སྤྱིའི་མི་འབོར་27375(དེའི་ཁྲོད་འབྲོག་པ་26141ཡོད)ཡོད།

ཉི་མ་རྫོང་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་རྩ་ཆེ་བའི་གྲས་སུ་གཙོད་དང་།རྐྱང་། འབྲོང་། གསའ། ཁྲུང་ཁྲུང་སྐེ་ནག དྲེད་མོང་། ལྷ་བྱ་གོང་མོ། དགོ་བ། གནའ་བ།གཉན། ཁྲུང་ཁྲུང་མགོ་ཁྲ། ཆུ་བྱ་ཐལ་མདོགངང་སེར་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་20ལྷག་ཙམ་ཡོད།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་ལས་ཡོད་པས“བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རང་བྱུང་གླིང”ཞེས་བརྗོད།གཏེར་ཐོན་ཐོན་ཁུངས་ཀྱི་སྣ་ཁ་མང་བ་དང་།ཁྱབ་རྒྱ་ཆེ་བ།འདུས་ཚད་མང་བ།སྤུས་ཚད་ལེགས་པ་མ་ཟད།ལྷག་པར་དུ་ལིས་གཏེར་དང་།གསེར།ཚྭ་དང་བུལ་ཏོག་སོགས་གཏེར་ཐོན་ཐོན་ཁུངས་དེ་དག་སྔོག་འདོན་བྱེད་སླ་ལ་མ་གནས་ཀྱང་དམའ་པོ་ཡོད།

མཚེའུ་གཉིས་རྫོང་།

མཚེའུ་གཉིས་རྫོང་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དང་ནག་ཆུ་ས་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད།དེ་སྔ་མཚེའུ་གཉིས་དོན་གཅོད་ཁྲུའུ་ཡིན་ཞིང་། བོད་བྱང་ཐང“མི་མེད་ལུང་སྟོང་ཁུལ”གསར་སྤེལ་བྱ་ཆེད་1976ལོར་གསར་དུ་བཙུགས་པའི་སྲིད་འཛིན་ས་ཁོངས་ཤིག་ཡིན།2012ལོའི་ཟླ་11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་མཚེའུ་གཉིས་རྫོང་བཙུགས་ཤིང་།2013ལོའི་ཟླ་7པར་མཚེའུ་གཉིས་རྫོང་སྲིད་གཞུང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཡོད།

མཚེའུ་གཉིས་རྫོང་གི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་116637.18(ཤན་རྩ་རྫོང་གི་རྒྱ་ཁྱོན་ཚུད)ཡོད།སྤྱིའི་མི་འབོར་8000ལྷག་ཙམ་ཡོད། རྫོང་ཡོངས་སུ་ཁུལ་གཉིས་དང་།ཤང་བཞི། གྲོང་ཚོ་ཨུ་ལྷན་19བཅས་ཡོད།

མཚེའུ་གཉིས་བོད་བྱང་ཐང་མི་མེད་ལུང་སྟོང་ཁུལ་དུ་གནས་ཡོད།བྱང་ཨའར་ཅིན་ཧྲན་རི་བོ་དང་ཁུ་ཁུ་ཤི་རི་རྒྱལ་ཁབ་རིམ་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རང་བྱུང་སྲུང་སྐྱོང་ཁུལ་གཉིས་དང་འབྲེལ་ཡོད།དེ་ནི་སྔར་ནས་བཟུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཡིན།དེ་གའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་ཆེ་བ་རྒྱལ་ཁབ་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པས་ལྟ་སྐོར་གྱི་རིན་ཐང་དང་ཚན་རིག་རྟོག་ཞིབ་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།ཁུལ་དེར་གསའ་དང་དྲེད་མོང་སོགས་རྩ་ཆེའི་སྲོག་ཆགས་ཡོད་ལ་གསེར་དང་། ཚ་ལ་དཀར་པོ།འཐི་གཏེར། ཆུ་ཤེལ། ལྕགས་གཏེར། ཟངས་གཏེར།ཁིར་གཏེར་སོགས་གཏེར་ཐོན་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

 

ཡོང་ཁུངས། རེ་བའི་འོད་སྣང་།

བརྒྱུད་སྐུལ།

མཆན་སྤེལ།