༄༅། །བཙན་པོ་སྲོང་བཙན་སྒམ་པོས་བཞེངས་པའི་མཆོད་རྟེན་དང་པོ་མཆོད་རྟེན་དབུ་ལྔའི་ལོ་རྒྱུས།

༄༅། །བཙན་པོ་སྲོང་བཙན་སྒམ་པོས་བཞེངས་པའི་མཆོད་རྟེན་དང་པོ་མཆོད་རྟེན་དབུ་ལྔའི་ལོ་རྒྱུས།

གཡག་དཀར་པོ།

ཟུར་བརྗོད་མདོར་བསྡུས།
མིང་། མཆོད་རྟེན་དབུ་ལྔ།
བཏབ་ཡུལ། ལྷོ་ཁ་ཁྲ་འབྲུག
བཞེངས་མཁན། བཙན་པོ་སྲོང་བཙན་སྒམ་པོ།
བཏབ་དུས། དུས་རབས་བདུན་པ།

༡ ཆགས་ཡུལ།

མཆོད་རྟེན་དབུ་ལྔ་དེ་ནི་གཡོ་རུའི་ཕྱོགས་བཞིའི་མཚམས་ཤར་སྐོང་ལྷ་ནག་པོ། བྱང་རྨ་ལའི་རྒྱུ། ནུབ་ཁ་རག་སྤྱི་སྟོད། ལྷོ་ཤ་འུག་སྟག་མགོ བྱས་པའི་དབུས་གཡོ་རུ་ཁྲ་འབྲུག་གི་ས་འདིར་ཆགས་ཡོད།(ད་ཆ་ས་མིང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཞེས་པའི་ས་ཆ་འདིར་ཆགས་ཡོད།)

 

༢ བཞེངས་པའི་དམིགས་ཡུལ།

ས་ཆ་དེར་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཆོད་རྟེན་དེ་འདྲ་ཞིག་བཞེངས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཨ་ཡ་བོན་པོ་ཅོ་ཚུག་དང་སྲ་ཚུག་གཉིས་ཀྱིས་ཀླུ་བདུད་བསད་པའི་སྡིག་བཤགས་ཀྱི་ཆེད་དུ་བཞེངས་པ་ཡིན་ཏེ། བཀའ་འཆེམས་ཀ་ཁོལ་མའི་ཤོག་གྲངས་༢༩༨ ལས་“དེ་ནས་ཀླུ་བདུད་སྦྲུལ་མགོ་ལྔ་པའི་སྐེ་བཅད་ནས་བསད་པའི་སྡིག་བཤགས་ལ། ཆེར་མི་ཨ་ཡ་བོན་པོ་ཡབ་སྲས་བཞིས་མཚོ་དམར་བོ་དེ་ཐབས་དང་རྫུ་འཕྲུལ་གྱིས་བསུབས་ནས། དེའི་སྟེང་དུ་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་མཆོད་རྟེན་རྩེ་ལྔ་པ་ཅིག་བཞེངས།”ཞེས་གསུངས་སོ།།
མཆོད་རྟེན་འདི་སྡིག་བཤགས་ཀྱི་ཆེད་དུ་བཞེངས་པ་ཡིན་པ་ན། རྒན་རབས་ཚོས་གསུང་རྒྱུན་ལ་ཡང་མཆོད་རྟེན་གཞན་ལ་བསྐོར་སོགས་བྱས་པ་ལས་མཆོད་རྟེན་འདི་ལ་ཕྱག་འཚལ་བསྐོར་བ་བྱས་ན་སྡིག་བཤགས་ཀྱི་མཆོག་ཏུ་འགྱུར་ཞིང་། ས་གདོན་དང་གནམ་གདོན་སོགས་ཀྱི་འཇིགས་པ་ལས་སྐྱོབས་ཀྱི་རེད་གསུང་གི་འདུག

༣ ནང་གི་གཟུངས་གཞུག་སྐོར།

མཆོད་རྟེན་འདི་ཡི་གཟུངས་གཞུག་ལ་རིན་པོ་ཆེ་སྣ་ལྔ་ལ་རང་བྱོན་དུ་གྲུབ་པའི་རྒྱལ་བའི་སྐུ་འདྲ་དང་བོད་རྒྱལ་གདུང་རབས་ཉེར་བརྒྱད་ལྷ་ཐོ་ཐོ་རེ་གཉན་བཙན་སྐབས་སུ་འབྱུང་བའི་མདོ་སྡེ་ཟ་མ་ཏོག་དང་སྤང་སྐོང་ཕྱག་བརྒྱ་སོགས་ཁ་ཅིག་ཕུལ་ཡོད་དེ། བཀའ་འཆེམས་ཀ་ཁོལ་མའི་ཤོག་གྲངས་༢༩༨ ལས་“དེའི་ནང་དུ་རིན་པོ་ཆེ་སྣ་ལྔ་ལ་རང་བྱོན་དུ་གྲུབ་པའི་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ་བཞུགས། རིན་པོ་ཆེ་སྣ་གསུམ་ལས་གྲུབ་པའི་ཇོ་བོ་རིགས་གསུམ་མགོན་པོ་བཞུགས།
སྔོན་གྱི་མེས་པོ་ཐོ་ཐོ་རེའི་གཉན་ཤེལ་གྱི་ཕྱག་ཏུ་བྱུང་བའི། གསེར་གྱི་བྱང་བུ་ལ་བཻཌཱུརྱ་སྔོན་པོས་བྲིས་པའི་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་༌། འབི་མ་ལའི་སྤང་སྐོང་ཕྱག་བརྒྱ་བ་དང་༌། ཀླུའི་སྤང་སྐོང་ཕྱག་བརྒྱ་བ་དང་༌། ཤེལ་གྱི་མཆོད་སྡོང་བང་རིམ་བཞི་བ་དང་༌། དེ་རྣམས་བཞུགས་”ཞེས་གསལ་པོ་གསུངས་ཡོད།

༤ རབ་གནས་མཛད་པ་པོའི་སྐོར།

མཆོད་རྟེན་འདི་ལ་རབ་གནས་མཛད་མཁན་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་དངོས་དང་ཆེར་མི་ཨ་ཡ་བོན་པོ་ཡབ་སྲས་རྣམས་ཡིན་ཏེ། བཀའ་འཆེམས་ཀ་ཁོལ་མའི་ཤོག་གྲངས་༢༩༨-༢༩༩ལས་“རྒྱལ་པོ་ཆེན་པོ་དང་༌། ཆེར་མི་ཨ་ཡ་བོན་པོ་ཡབ་སྲས་ཀྱིས་རབ་གནས་མཛད་པས། མཆོད་རྟེན་ལ་འཇའ་ཁ་དོག་སྣ་ལྔ་པ་དང་གསུམ་པ་སྐྱེས་ནས་གདུགས་ལྟ་བུར་གྱུར་ཏོ། །དེ་རྒྱ་ཆེ་བར་མཆེད་ནས་དབུས་གཙང་རུ་བཞིའི་ནམ་མཁའ་ལ་ཁྱབ་པར་བྱས་ནས་ངོ་མཚར་ཆེ་བར་གྱུར་ཏོ།”ཞེས་གསུངས་སོ།། མཆོད་རྟེན་འདིའི་ཉེ་འགྲམ་དུ་རབ་གནསམཛད་སྐབས་ཀྱི་བཞུགས་ཁྲི་གཉིས་ཡོད།

༥ མཆོད་རྟེན་འདིའི་དྲུང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ངོ་མཚར་བའི་རྫུ་འཕྲུལ་སྟོན་གནང་བའི་སྐོར།

 

མཆོད་རྟེན་འདི་ཡི་དྲུང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རབ་ཏུ་བྱུང་བ་རྣམ་གཉིས་ཀྱིས་ངོ་མཚར་བའི་རྫུ་འཕྲུལ་སྣ་ཚོགས་སྟོན་གནང་བའི་ལོ་རྒྱུས་ཡིད་རབ་ཏུ་དང་བ་སྐྱེད་དགོས་པ་ཞིག་ཡོད་དེ།
བཀའ་འཆེམས་ཀ་ཁོལ་མའི་༢༩༩-༣༠༡ནང་“རྒྱལ་པོ་སྲོང་བཙན་སྒམ་པོ་དེ་ཁྲ་འབྲུག་གི་གཙུག་ལག་ཁང་ན་བཞུགས་ཡོད་པ་ལ། མཆོད་རྟེན་དབུ་ལྔའི་རྩ་ན་བཙུན་པའི་ཆ་བྱད་ཅིག་ཤིག་འཐུ་ཡིན་འདུག་པ་གཟིགས་པས། རྒྱལ་པོས་ནི་བཙུན་པའི་གཟུགས་ཅིག་བྱུང་ཡང་ཕྱག་འཚལ། བཙུན་པའི་གཟུགས་རེ་འདུག་པ་ལ་ཡང་དད་པ་མོས་པར་བྱེད་པར་དམ་བཅས་པ་ཡིན་པས་ན། རྒྱལ་པོས་བློན་པོ་ལ་ཆིབས་སྣ་གཏད་ནས་ཕོ་བྲང་གི་སྒོ་རྩར་བྱོན་ནས། རྒྱལ་པོས་བཙུན་པའི་ཆ་བྱད་དེ་ལ་ཕྱག་མཛད་དེ། ཁྱོད་རབ་ཏུ་བྱུང་བའི་རྟགས་ཙམ་ལས་མེད་པ་ལ། ང་རྗེ་ས་བདག་རྒྱལ་པོ་ཙམ་གྱིས་ཕྱག་བཙལ་བ་འདི་ངོ་མཚར་མི་ཆེ་འམ་གསུངས་པས།
བཙུན་པ་དེས་ཕྱག་གཡོན་པའི་སོར་མོ་ལྔས་མཆོད་རྟེན་རྩེ་ལྔ་པ་དེ་བླངས་ནས་ནམ་མཁའ་ལ་འཕྱར་བྱས་ཏེ། འདི་ཡང་ངོ་མཚར་མི་ཆེ་འམ། རབ་ཏུ་བྱུང་བའི་རྟགས་ཙམ་ལ་ཡང་ལྷ་དང་མི་ཐམས་ཅད་ཀྱིས་ཕྱག་འཚལ་བའི་འོས་ཡིན། དེ་ལྟ་བུའི་རབ་ཏུ་བྱུང་བ་ནི་མཐོང་བར་དཀའ་བ་ཡིན་ནོ། ། ཁྱེད་རང་རྒྱལ་བློན་བཞི་བོ་མིན་པ་སུ་ཐོ་ཏོད་ཀྱིས་ང་མི་མཐོང༌། ང་ལ་ལུས་སྟོབས་དེ་ལྟར་ཡོད་པས་ན་དེ་ཡོད་ངོ་མཚར་མི་ཆེ་འམ་གསུངས་པས། རྒྱལ་པོ་སྐྱེངས་ནས་དབུའི་དར་ཐོད་བཤིགས་ནས་འོད་དཔག་མེད་བསྟན་ནས། འོ་ན་ངའི་འདི་ངོ་མཚར་མི་ཆེ་འམ་གསུངས་པས། རབ་བྱུང་བཙུན་པ་དེ་ན་རེ་ཁྱེད་ཀྱིས་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་གཅིག་ཏུ་དྲིལ་ཤེས་ནས་བསྒོམས་པ་ཡིན་པར་འདུག་པས་ངོ་མཚར་ཤིན་ཏུ་ནས་ཆེ་སྟེ། རྒྱལ་པོ་ཁྱེད་ལ་ཡི་དམ་གྱི་ལྷ་ང་གཅིག་བུ་ལས་མི་འདུག་པ་གསུངས་ནས། རབ་བྱུང་བཙུན་པ་དེས་སྐུ་རག་གསེབ་ནས་གྲི་གུག་བཏོན་ནས་ཁོང་རང་གི་བྲང་གཤགས་ཁ་ཕྱེ་ནས། ངའི་འདི་ངོ་མཚར་མི་ཆེ་འམ་གསུངས་ནས། རབ་བྱུང་བཙུན་པ་དེས་སྐ་རག་གསེབ་པའི་ལྷ་ཚོགས་ཁྲ་ལམ་མེ་པ་ཡོད་པ་དེ་བསྟན་པས། རྒྱལ་པོ་ཆེན་པ་དང༌། ནང་བློན་སྣ་ཆེན་པོ་དང༌། བློན་པོ་ཆེན་པོ་མགར་དང༌། ཐོན་མི་ང་དང་དེ་བཞིས། རབ་བྱུང་བཙུན་པའི་ཐུགས་ཀ་ནས་ལྷ་བཞི་བཅུ་ཞེ་གཉིས་འདུག་པ་མཐོང་ངོ་གསུང་སྐད། ཡང་རྒྱལ་པོས་སྐུ་ལུས་ཕྱག་སྟོང་སྤྱན་སྟོང་ཞལ་བཅུ་གཅིག་པར་སྤྲུལ། ཕྱག་རེ་རེ་ལ་བསྐལ་བ་བཟང་པོའི་སངས་རྒྱས་རེ་རེ་བཀོད་ནས། རབ་བྱུང་བཙུན་པ་དེ་ལ་བསྟན་པས། བཙུན་པ་དེ་ན་རེ་དབུ་རྒྱལ་མཚན་དུ་འགྲུབ་པར་འདུག་ཤིན་ཏུ་ལེགས་སོ་གསུང་སྐད། རྒྱལ་པོ་ཆེན་པོའི་གསུང་ནི་ལྷ་འདི་རྣམས་ནི་ཀུན་བཟང་ཡབ་ཡུམ་དང༌། རིགས་ལྔ་ཡབ་ཡུམ་གྱིས་གཙོ་མཛད་པའི་བདེ་གཤེགས་བཞི་བཅུ་ཞེ་གཉིས་ཀྱི་ཕོ་བྲང་ཡིན། ངའི་གདུང་རྒྱུད་ཁྲི་སྲོང་ལྡེའུ་བཙན་ལ། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཆོས་ཀྱི་བཀའ་བབས་ནས། ཁ་བ་ཅན་གྱི་སེམས་ཅན་ལ་འགྲོ་དོན་ཕན་ཐོགས་ཡུན་རིང་དུ་འབྱུང་བའི་རྟགས་ཡིན་གསུང་ངོ༌། ། དུས་དེའི་རབ་བྱུང་བཙུན་པས་མཆོད་རྟེན་རྩེ་ལྔ་ཕྱག་གི་སོར་མོས་ནམ་མཁའ་ལ་འཕྱར་ཐུབ་པ་དེ། སྲོང་བཙན་སྒམ་པོ་ང་སྔོན་ལྷོ་ཕྱོགས་རི་པོ་ཏ་ལ་ན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་ཡོད་པའི་དུས་ན། ངའི་སྐྱེ་བ་མང་པོ་ནས་ངའི་རྩ་བ་བླ་མ་ཡི་དམ་གྱི་ལྷ་མགོན་པོ་འོད་དཔག་མེད་དེའི་སྤྲུལ་པ་ཡིན། ད་རེས་ངེད་རང་རྒྱལ་བློན་རྣམས་མགོན་པོ་འོད་དཔག་མེད་དང་ཞལ་མངོན་སུམ་དུ་མཇལ་བས་ངོ་མཚར་ཤིན་ཏུ་ཆེའོ་གསུང་བ་སོགས། ཨཱརྱ་པ་ལོའི་སྤྲུལ་པ་ཡིན་ངེས་སོ། ། ཞེས་འཁོད་ཡོད།

༥ མཆོད་རྟེན་འདི་བཞེངས་ལ་སྔ་བའི་སྐོར།

ཁ་བའི་ལྗོངས་འདིར་མཆོད་རྟེན་ཇི་སྙེད་ཅིག་བཞེངས་ཡོད་ཀྱང་དེ་ཚོའི་ནང་ནས་བཞེངས་ལ་སྔ་བ་ནི་མཆོད་རྟེན་རྩེ་ལྔ་པ་འདི་ཡིན་པ་བཀའ་འཆེམས་ཀ་ཁོལ་མའི་ཤོག་གྲངས་༣༠༡ནང་དུ་གསུངས་ཡོད་དེ། དེ་ཉིད་ལས་“དེ་ལྟར་བོད་ཁ་བ་ཅན་དུ་མཆོད་རྟེན་བཞེངས་པ་ལ་ཁྲ་འབྲུག་གི་མཆོད་རྟེན་རྩེ་ལྔ་པ་འདི་སྔ་བ་ཡིན་ནོ།”ཞེས་གསུངས།

༦ ཉམས་གསོའི་སྐོར།


རྒྱལ་མཆོག་ལྔ་པའི་གསུང་འབུམ་༼ ཇ་༢༽ པའི་ནང་རྒྱལ་མཆོག་ལྔ་པ་ལུང་གི་ཟིན་པའི་སྐོར་གསུང་སྐབས། གསུང་འབུམ་དེའི་ཤོག་གྲངས་༢༢༦ནང་སྣང་རྩེ་བའི་ལུང་བསྟན། ཁྲ་འབྲུག་མཆོད་རྟེན་སྲིན་མོའི་ཁ་གནོན་འདི༔ཞིག་གསོ་མེད་པ་རང་འགྱེལ་བྱུང་བའི་དུས༔ སྲོང་བཙན་ཕྱོགས་ཀྱི་ཟ་ཧོར་བརྒྱུད་པ་ཡིས༔ བསྟན་པ་དབུས་གཙང་ཡོངས་ལ་གཅུ་བར་འགྱུར༔ ཞེས་གསུངས་པ་ལྟར་དུས་རབས་བཅུ་དྲུག་ནང་རྒྱལ་དབང་ལྔ་པ་ཆེན་པོས་བསྐོ་གཞག་མཛད་པའི་སྡེ་སྲིད་བློ་བཟང་སྦྱིན་པས་འགན་ཁུར་བཞེས་ནས་ཉམས་གསོ་གནང་བ་ཡིན།

 

བརྒྱུད་སྐུལ།

མཆན་སྤེལ།