༄༅། །བཞད་བཀྲ་ཤིས་དགེ་འཕེལ་དགོན་གྱི་ལོ་རྒྱུས་རགས་བསྡུས།

༄༅། །བཞད་བཀྲ་ཤིས་དགེ་འཕེལ་དགོན་གྱི་ལོ་རྒྱུས་རགས་བསྡུས།
 བཀྲ༵་ཤིས༵་དགེ༵་ལེགས་དུ་མར་འཕེལ༵་བའི་རྡུལ།།
མི་ཟད་ཕུང་པོར་བརྩེགས་པའི་ཀེ་ལ་ཤ།།
འདོད་རྒུའི་བསིལ་བ་སྟེར་བའི་ཆུ་རྒྱུན་ཅན།།
བཞད་ལྗོངས་ནོར་འཛིན་སྒེག་མོའི་ཕང་བར་བརྗིད།།
ཅེས་པ་འདི་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེས་གསུངས། དགོན་འདི་ནི་གཙང་གཞིས་རྩེ་གྲོང་ཁྱེར་ནས་སྤྱི་ལེ་དགུ་བཅུ་ལྷག་ཙམ་གྱི་བར་དག་ན་གནས་པའི་བཞད་མཐོང་སྨོན་རྫོང་ཁོངས་ན་ཡོད། བོད་ཡུལ་འདི་ལ་ཆོལ་ཁ་གསུམ་ཡོད་པས་ཆོལ་ཁ་དང་པོ་དེའི་ནང་ནས་གཡས་རུའི་ཆ་ཤས་སློབ་དཔོན་ཆེན་པོ་པདྨ་སཾབྷ་བས་ཡུལ་ཕྱོགས་འདིའི་དགེ་མཚན་ཡོངས་སུ་ལྡན་པ་རྡོ་རྗེའི་ཐུགས་ཀྱི་མེ་ལོང་དྲི་མ་མེད་པར་གསལ་རྗེས་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ཤིས་པའི་མཚན་ལ་ཁྱད་པར་ཅན་གཟིགས་རྐྱེན་འཛུམ་ཞལ་ལྷུག་པར་གྲོལ་བའི་རྒྱུ་མཚན་གྱིས་བཞད་ཅེས་གྲགས།
དེའི་ནང་ནས་༧ཆོས་གྲྭ་ཆེན་པོ་བཞད་བཀྲ་ཤིས་དགེ་འཕེལ་འདི་ཉིད་ཐོག་མར་སྟོད་འབྲུག་གི་རིང་ལུགས་གཙང་མར་འཛིན་པ་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་བརྙེས་པའི་གྲུབ་ཐོབ་ཀུན་འཕེལ་ཞེས་པ་དེ་ཉིད་ཀྱིས་བོད་རབ་ལོ་ལྔ་པ་སྟེ་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ལ་ཐོག་མར་སྒྲུབ་པ་མོའི་སྡེ་ཞིག་བཏབ་སྟེ་རང་ཉིད་ཀྱི་མཚན་ཟུར་ཅན་བཀྲ་ཤིས་དགེ་འཕེལ་ཞེས་མཚན་བརྟགས། དེ་རྗེས་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་བ་གྲུབ་ཆེན་བརྩེ་འདུལ་བ་ཐུགས་རྗེ་བྱང་ཆུབ་ཀྱི་ད་ལྟའི་དགོན་གནས་ས་འདིར་མེ་ཏོག་ཨུཏྤལ་ལ་མང་པོ་འཁྲུངས་པའི་གཟིགས་སྣང་བྱུང་བའི་དེ་ནི་མ་འོངས་པ་ན་གནས་འདིར་ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་ཅིང་ནང་གསང་སྔགས་ཟབ་མོའི་ཉམས་རྟོགས་དང་ལྡན་པའི་བཀའ་གདམས་ཀྱི་རྣམ་ཐར་སྐྱོང་བའི་དགེ་འདུན་གྱི་སྡེ་ཁྱད་པར་ཅན་བྱུང་བའི་ལྟས་སུ་མངོན་ཞེས་ལུང་བསྟན།
རབ་བྱུང་བདུན་པའི་ནང་བྱང་བདག་པོ་ཆེན་པོ་དཔལ་ལྡིང་པའི་ཞལ་ངོ་ནམ་མཁའ་དབང་རྒྱལ་བཞད་མཐོང་སྨོན་གཉེར་པར་བཀོད་སྐབས་དེས་སྦྱིན་བདག་གི་གཙོ་བོ་མཛད་དེ་རྗེ་ཤེས་རབ་སེང་གེའི་དངོས་སློབ་ཤེས་རབ་མགོན་པོའམ་རྗེ་མགོན་པོ་དཔལ་དུ་གྲགས་པ་དེས་དགོན་འདི་ཉིད་ཆོས་ལུགས་བློ་བཟང་རྒྱལ་བ་གཉིས་པའི་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་འདུས་སྡེ་ཞིག་ཏུ་གྱུར། རབ་བྱུང་བཅུ་པའི་ནང་རྗེ་ཤེས་རབ་དཔལ་འབྱོར་གྱི་བླ་མ་མཛད་སྐབས་༧པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱན་མཚན་དཔལ་བཟང་པོ་མཆོག་སྤྱན་དྲངས་ཏེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་སྐོར་ཏེ་མདོ་སྔགས་གཉིས་ཡ་མ་བྲལ་བར་ཉམས་ལེན་གྱི་གཙོ་བོར་མཛད་པའི་ཆོས་གྲྭ་ཞིག་ཡིན། དེའི་ཁོངས་སུ་རྟོགས་པ་ནི་དངུལ་ཆུ་ཡབ་སྲས་གསུམ་ལ་སོགས་པ་ས་ལམ་གྱི་རྟོགས་པ་མཐོན་པོར་གཤེགས་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བར་མ་ཆད་བྱུང་བའི་གནས་མཆོག་འདིར་རྒྱལ་ཡོངས་སྤྱི་དང་འདྲ་བར་རིགས་གསར་སྐབས་རྩ་གཏོར་སུ་ཕྱིན་ཡོད། ད་ལམ་བཞུགས་སུ་གསོལ་བ་ནི་ལྷ་ཁང་ཆེ་ཆུང་བཅུ་ཙམ་དང། དངུལ་ཆུའི་གསུང་འབུམ་ཤིང་དཔར། ནང་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནེ་སོགས་འགྲོ་བའི་བསོད་ནམས་ཀྱི་རྟེན་ཇི་སྙེད་པ་བཞུགས།
རབ་བྱུང་བཅུ་གསུམ་པ་སྟེ་༡༨༠༦ལོར་དངུལ་ཆུ་དྷརྨ་བྷདྲས་གསང་འདུས་ཀྱི་ཆོ་ག་མཛད་སྐབས་འདུ་ཁང་ནང་རང་བཞིན་གྱི་འཁྲུངས་པའི་སྒྲུབ་ཆུ་འདི་ནི་ནད་འདོན་དུ་མ་ལས་གྲོལ་ཞིང་སྡིག་སྒྲིབ་བྱང་བ་སོགས་ལ་ཕན་པ་མཆིས་ལགས། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་དགུ་པ་ཆེན་པོའི་ཐུགས་རྗེས་དགོན་གནས་འདིར་གཞུང་ཆེན་པོ་ཏི་ལྔར་སློབ་གཉེར་གྱི་དབུ་ཚུགས། རྒྱལ་བསྟན་ཡང་དར་གྱི་བྱེད་པོ་ཀུན་གཟིགས་༧པཎ་ཆེན་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་གཙོ་བོར་གྱུར་པའི་འོག་དགོན་གནས་འདི་ཉིད་ཀྱི་སྤྲུལ་སྐུ་ཁྱུང་པོ་སྐུ་འཕྲེང་གཉིས་པ་བློ་བཟང་དོན་ཡོད་དཔལ་བཟང་པོ་མཆོག་དང་། དྲིན་ཅན་རྩ་བའི་བླ་མ་མཁན་རིན་པོ་ཆེ་རྗེ་བཙུན་ཚེ་བརྟན་རྒྱལ་མཚན་སོགས་ལྷག་ཡོད་དགེ་འདུན་རྒན་རབས་སོགས་ནས་རིམ་བཞིན་གཙུག་ལག་ཁང་ཁག་སླར་གསོ་དང་། མདོ་སྔགས་ཟུང་འབྲེལ་གྱི་བླ་མ་བརྒྱུད་པའི་ཉམས་བཞེས་རྣམས་སྔར་བཞིན་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ཕྱག་རྗེས་རྨད་དུ་བྱུང་བ་བཞག་ཡོད།
ད་ཡོད་དགེ་འདུན་གྲངས་ལྔ་བཅུ་ལྷག་ཙམ་དང་། ཁྱུང་པོ་སྐུ་ཕྲེང་གསུམ་པ་སོགས་བླ་སྤྲུལ་འགའ་ཡོད་པ་ལ་སྔར་རྒྱུན་བཞིན་མདོ་སྔགས་གཉིས་ཡ་མ་བྲལ་བར་ཉམས་པ་མེད་པར་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་གནས་ཡོད།
བཀྲིས་སྡེ་སྣོད་གསུམ་གྱི་བྱིན་རླབས་པས།།
དགེ་མཚན་བསླབ་པ་གསུམ་གྱི་བསྟན་ལ་འབབ།།
ཡར་མངོན་ཟླ་ལྟར་འཕེལ་བའི་ཆོས་གྲྭ་ཆེ།།
བཀྲིས་དགེ་འཕེལ་རྟག་ཏུ་རྒྱས་གྱུར་ཅིག།

 

བརྒྱུད་སྐུལ།

མཆན་སྤེལ།