༄༅། །བོ་དོང་པཎ་ཆེན་གྱི་གདན་ས་སྤོ་རོང་པདྨ་ཆོས་སྡིངས་ཀྱི་གདན་རབས་རགས་བསྡུས།

༄༅། །བོ་དོང་པཎ་ཆེན་གྱི་གདན་ས་སྤོ་རོང་པདྨ་ཆོས་སྡིངས་ཀྱི་གདན་རབས་རགས་བསྡུས།
༄༅། །བོ་དོང་པཎ་ཆེན་གྱི་གདན་ས་སྤོ་རོང་པདྨ་ཆོས་སྡིངས་ཀྱི་གདན་རབས་རགས་བསྡུས།
༈ དེ་ནས་བོ་དོང་པཎ་ཆེན་གྱི་གདན་ས་པདྨ་ཆོས་སྡིངས་ཀྱི་གདན་རབས་ནི། པཎ་ཆེན་མཆོག་གིས་ལྕགས་སྟག་ (༡༤༡༠) ལོར་ཕྱག་བཏབ་ཅིང་། དེ་ནས་རྗེ་བཙུན་རྒྱལ་བའི་དབང་པོར་གཏད་པ་ཡིན་ལ། ཁོང་ནི་འཇིགས་བྲལ་ཆེན་པོའི་སྲིང་ལྕམ་ལྷ་མོ་མཛེས་མ་ལ་སྲས་གཉིས་འཁྲུངས་པའི་ཆུང་བ་ཡིན་ཅིང་། ཡབ་འབུར་བའི་རུས་རྒྱུད་ཡིན་ཚོད། སྐུ་ཞང་འཇིགས་བྲལ་ཆེན་པོས་གཙོས་མཁས་གྲུབ་རྣམས་ལས་གསན་བསམ་མཐར་ཕྱིན། ཤེལ་དཀར་དང་གླང་འཁོར་གྱི་གདན་སར་བྱོན། ས་འབྲུག་ (༡༤༤༨) ཙམ་ལ་པད་མ་ཆོས་སྡིངས་སུ་འཇིགས་བྲལ་ཆེན་པོས་རྒྱལ་ཚབ་ཏུ་དབང་བསྐུར། རྣམ་ཐར་འགངས་ཆེན་པོ་ཡོད་སྐད་ཀྱང་ལག་སོན་མ་བྱུང་བས་འཁྲུངས་གཤེགས་ལོ་ཚིགས་མ་རྙེད་དོ། །

དེ་ནས་བཤེས་གཉེན་བློ་གྲོས་རྒྱལ་མཚན་(༡༤༢༢-༡༤༩༩) པ་ཡིན། ཁོང་འཇིགས་བྲལ་ཆེན་པོའི་ཁུ་བོ་བློ་གྲོས་དཔལ་ལྡན་གྱི་སྲས་སུ་འཁྲུངས། བོ་དོང་ཨེ། ཤེལ་དཀར་ཆོས་སྡེ། གླང་འཁོར། གྱམ། མངའ་རིས་རྫོང་དཀར་ཆོས་སྡེ་རྣམས་བཟུང་། ཆུ་བྱ་ (༡༤༥༣) ཙམ་ནས་ཆོས་སྡིངས་བསྐྱངས། དེ་ནས་རིམ་བཞིན་འཇམ་དབྱངས་དོན་ཡོད་རྣམ་རྒྱལ་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད) དང་། བྱང་སེམས་ཆེན་པོ་དཔལ་ལྡན་གཞོན་ནུ་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད)། སེམས་དཔའ་ཆེན་པོ་ནམ་མཁའ་རྡོ་རྗེ་(༡༤༦༣-༡༥༡༧)། ནམ་མཁའ་བཀྲ་ཤིས་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད)། རྗེ་ནམ་མཁའ་འོད་ཟེར་ (༡༥༡༩-༡༥༨༡)། སྙེ་མོ་བྱེ་མཁར་ཆོས་སྡེར་འཛམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ་བསྟེན། རྗེ་ཤེས་རབ་རྒྱ་མཚོ་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད)། ཐམས་ཅད་མཁྱེན་པ་ནམ་མཁའ་རིན་ཆེན་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད)། རྩིབ་རི་མངོན་དགའ་བཏབ། མཁན་པོ་བློ་གྲོས་རྒྱལ་མཚན་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད)། ནམ་མཁའ་རིན་ཆེན་དང་ཡུམ་གཅིག་པའི་གཅུང་པོར་བཤད། རྗེ་ནམ་མཁའ་དཀར་པོ་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད་ཀྱང་ལྔ་པ་ཆེན་པོ་དང་ཐོག་མཚུངས)། ནམ་མཁའ་ནོར་བུ་(འཁྲུངས་གཤེགས་ལོ་ཚིགས་མ་རྙེད)དང་། ནམ་མཁའ་གྲགས་པ་ (འཁྲུངས་གཤེགས་ལོ་ཚིགས་མ་རྙེད) གཉིས་སུ་རུང་ངམ་ཡང་ན་གཉིས་ཆར་གྱིས་རིམ་པར་གདན་ས་མཛད་ཡོད་ཚོད་ལས་གསལ་ཁ་མ་འཁོད། རྗེ་དབོན་ནམ་མཁའ་བསྟན་འཛིན་ (འཁྲུངས་འདས་ལོ་ཚིགས་མི་གསལ་ཡང་། མཛད་པ་འགངས་ཆེ་བ་དུས་རབས་བཅུ་བདུན་པའི་སྨད་དུ་ཡིན་པར་མངོན)། རྗེ་དབོན་ནམ་མཁའ་འགྱུར་མེད་ (འཁྲུངས་གཤེགས་ལོ་ཚིགས་མ་གསལ་ཡང་རྗེ་ནམ་མཁའ་བསྟན་འཛིན་གྱི་ཞབས་མ་ཟིན་པ་འདྲ་བས་དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་དུ་གསན་བསམ་གནང་བ་འདྲ)། རྗེ་དབོན་ནམ་མཁའ་ཚེ་དབང་བསྟན་འཛིན་ (༡༧༤༣-༡༨༠༣) རྗེ་དབོན་གདུང་རྒྱུད་ཉག་ཕྲ་བས་སྐུ་ཚེ་སྨད་ལ་གདུང་རྒྱུད་སྤེལ)། དེ་ནས་བཟུང་རྗེ་དབོན་གྱི་གདུང་རྒྱུད་ཉག་ཕྲ་བའམ་རབ་བྱུང་བསྙེན་རྫོགས་ཞུས་པ་མ་བྱུང་བས་པདྨ་ཆོས་སྡིངས་ཀྱི་འཇིགས་བྲལ་བླ་མའི་ཁྲིར་བཞུགས་མཁན་མ་བྱུང་བ་ཡིན་ཚོད་འདུག །འོན་ཀྱང་སྒྲུབ་མཆོད་ཕྱག་བཞེས་ཀྱི་རིམ་པ་རྣམས་ནི། མགོན་ཁང་བླ་མ་ཞེས་པས་གཙོ་གཉེར་མཛད་ནས་བསྒྲུབས་པར་མངོན་ནོ། །
ཁུངས་བཅོལ་ཡུལ།
༡. <ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན>
༢. སྤར་རྙིང་གློག་ཡིག །ངག་དབང་སྐལ་ལྡན་རྒྱ་ མཚོ།
༣. <འབུར་བའི་གདུང་རབས་བཻཌུརྱའི་ཕྲེང་བ> བྲིས་རྙིང་གློག་ཡིག །བྲག་དཀར་རིག་འཛིན་ ཆོས་ཀྱི་དབང་ཕྱུག་ (༡༧༧༥-༡༨༣༧)།
༤. <ཆོས་ལེགས་མཚན་ཅན་གྱི་རྣམ་ཐར་ཡོན་ ཏན་འབྲུག་སྒྲ>
༥.སྤར་རྙིང་གློག་ཡིག །ཆོས་ལེགས་མཚན་ཅན་ (༡༤༣༧-༡༤༢༡)།
༦. <བཀའ་གདམས་ཕ་ཆོས་བུ་ཆོས> གཙང་ སྒང་པོ་ཆེ་སྤར་མའི་སྤར་བྱང་།
ཡོང་ཁུངས། བོད།
ཕྱོགས་སྒྲིག་པ། བོ་དོང་པཎ་ཆེན་གྱི་གསུང་འབུམ་ཞིབ་འཇུག་པ་འབྲོག་ཕྲུག་ཟླ་བ་ལགས།

བརྒྱུད་སྐུལ།

མཆན་སྤེལ།