༄༅། །བླ་མ་དྲན་པའི་གདུང་དབྱངས།

༄༅། །བླ་མ་དྲན་པའི་གདུང་དབྱངས།

 རྩོམ་པ་པོ། དཀའ་ཆེན་བློ་བཟང་ཡོན་ཏན།

རྣམ་འདྲེན་བཞི་པའི་གདུང་ཚོབ་ཟླ་མེད་པ། ། སྣང་མཐའི་མགོན་པོ་ཆོས་ཀྱི་རྒྱལ་མཚན་གྱིས། ། བཀའ་ལུང་ཟབ་མོས་མཁན་ཁྲིར་མངའ་གསོལ་བ། ། མཁ༵ན་ཆེ༵ན་རྡོ༵་རྗེ༵་འཆ༵ང་ཆེན་སྙིང་ནས་དྲན། ། གཞོན་ནུའི་དུས་ནས་རྣམ་དཔྱོད་ཤེས་རབ་ཀྱིས། ། ཆོས་ཚུལ་དར་ཞིང་རྒྱས་པའི་མཛད་འཕྲིན་ནི། ། ཚུར་མཐོང་ཡུལ་ལས་འདས་ཀྱང་རྣམ་ཐར་གྱི། ། ས་བོན་ཅུང་ཞིག་བརྗོད་ལ་སྤྲོ་བ་བརྟས། ། དགུང་ལོ་བཅུ་ཕྲག་གཉིས་ཀྱི་ལྷག་པའི་དུས། ། རྣམ་འགྲེལ་ཊིག་ཆེན་ཐུགས་ལ་ཡོངས་བཟུང་ནས། ། སྣང་མཐའི་མགོན་པོ་མཆོག་ལ་རྒྱུགས་ཕུལ་བས། ། རྒྱལ་བསྟན་ཡང་དར་བྱེད་པོ་ཐུགས་མཉེས་ནས། ། བྱ་དགའ་དངོས་པོའི་བདག་རྐྱེན་ཚད་མེད་དང་། ། ཚེ་རབས་རྗེས་འཛིན་སྨོན་ཚིག་བཀའ་དྲིན་བསྐྱངས། ། གྲྭ་ཚང་གསུམ་གྱི་མཁས་མང་འདུས་པའི་དབུས། ། རྣམ་འགྲེལ་གཞུང་ལ་དམ་བཅའ་འཇོག་པའི་ཚེ། ། ཆོས་ཀྱི་གྲགས་པ་གནས་འདིར་ཕེབས་སམ་ཞེས། ། བསྟོད་བཀུར་བསྔགས་པའི་མེ་ཏོག་ཚད་མེད་གཏོར། །
ཤར་རྩེ་དགེ་བའི་བཤེས་གཉེན་བློ་བཟང་མཆོག ། མཁས་མང་བྱེ་བའི་འབྱུང་གནས་ཐོས་གླིང་དུ། ། རྣམ་འགྲེལ་དམ་བཅའ་འཇོག་པར་ཕེབས་པའི་ཚེ། ། བཤེས་གཉེན་བརྒྱ་ཕྲག་གསུམ་ལྷག་ཚོགས་དབུས་ནས། ། མཁན་ཆེན་གང་ཉིད་བགྲོ་གླེང་མཛད་དགོས་ཞེས། ། གསུངས་པའི་མོད་ལ་ལུང་རིགས་བརྒྱ་ཕྲག་གིས། ། ཕྱི་རྒོལ་དམ་བཅའ་རི་དབང་ལྟ་བུ་ཡང་། ། ཐལ་བའི་རྡུལ་ཕྲན་བཞིན་དུ་རབ་བརླགས་པས། ། དགེ་བའི་བཤེས་གཉེན་བློ་བཟང་ལགས་ཀྱིས་ཀྱང་། ། དམ་བཅའ་དེ་ལས་དཀའ་བ་མ་བྱུང་ཞེས། ། རྗེས་སུ་སློབ་མ་རྣམས་ལ་བཀའ་བསྩལ་པ། ། སློབ་མ་འགའ་ཡི་ཞལ་ལས་བདག་གིས་ཐོས། ། དུས་ངན་འཐོར་རླུང་འཚུབ་པའི་རིག་གསར་སྐབས། ། མཚན་མོ་དགེ་འདུན་ཐམས་ཅད་མནལ་ཤོར་ཚེ། ། སླར་ཡང་བཞེངས་ཏེ་པོད་ལྔའི་རྩ་བ་སོགས། ། ཞལ་འདོན་གནང་ཞིང་ཐུགས་དམ་ཉམས་བཞེས་མཛད། ། རྐྱེན་ངན་གྲོགས་སུ་ཤར་ལ་གསོལ་བ་འདེབས། ། ངན་པ་དགུ་འཛོམས་ལྟ་བུའི་དུས་ངན་སྐབས། ། ཤིན་ཏུ་བཀྲེས་པའི་ལྷ་ཡི་མིང་ཅན་གྱིས། ། ཐམས་ཅད་ས་ནས་གསོལ་ཞིབ་རྐུས་པའི་ཚེ། ། གང་གིས་གཟིགས་ནས་དབུ་ལ་བྱིལ་བྱིལ་མཛད། ། དེ་འཕྲལ་འཇིགས་ནས་སང་ཉིན་འགོ་ཁྲིད་ལ། ། གསུངས་དོག་སོམ་ཉིའི་ངང་དུ་གནས་པའི་ཚེ། ། ཚིག་ཟུར་ཙམ་ཡང་གསུང་བར་མ་མཛད་པས། ། སླད་ནས་ཤིན་ཏུ་དད་པ་ཆེར་བསྐྱེད་ཏེ། ། འདི་འདྲའི་དགེ་བཤེས་ཤིན་ཏུ་དཀོན་ནོ་ཞེས། ། བསྔགས་བརྗོད་དོན་ལྡན་མེ་ཏོག་རྟག་ཏུ་འཐོར། ། སྙིང་རྗེའི་བདག་ཉིད་ཅན་ལ་གསོལ་བ་འདེབས། ། རླབས་ཆེན་སྤྱོད་པའི་མངའ་བདག་ཞི་ལྷ་དང་། ། མདོ་རྒྱུད་མཐར་སོན་མཁན་ཆེན་རྡོ་རྗེ་འཆང་། ། འཕགས་བོད་ཡུལ་དུ་བྱོན་པའི་ཁྱད་ཙམ་ལས། ། ཁྱད་པར་འབྱེད་ཆོས་མངོན་སུམ་ཡུལ་ལས་འདས། ། དབུ་ཚད་དཀའ་གནད་དྲང་ངེས་འབྱེད་ཙམ་གྱིས། ། ཡབ་རྗེ་རྒྱལ་བ་གཉིས་པར་མཚུངས་མིན་ཏེ། ། རྒྱལ་བསྟན་ཕྲག་པར་བཞེས་པའི་སྙིང་སྟོབས་དང་། ། སྐུ་གསུམ་མངོན་དུ་གྱུར་པ་འདི་ཡིས་ཀྱང་། ། རྨད་བྱུང་སྐུ་མཆོག་མཚན་དཔེ་འོད་ཆེམ་ཆེམ། ། རྨད་བྱུང་ཡན་ལག་དྲུག་ཅུའི་གསུང་སྙན་སྙན། ། རྨད་བྱུང་ཐུགས་མཆོག་ཆོས་ཀུན་ཕྲ་ལམ་ལམ། ། རྨད་བྱུང་སྐུ་བཞིའི་མངའ་བདག་དྲན་ལྷང་ལྷང་། ། རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་བཞིན། ། མཛད་འཕྲིན་ཕ་མཐའ་ཡས་པའི་ངང་ཉིད་ནས། ། བློ་བུར་གཟུགས་སྐུ་ཆོས་སྐུའི་ཀློང་ཉིད་དུ། ། བསྡུས་པས་བདག་ཅག་མུན་པའི་ཁུང་བུར་ཚུད། ། མདོར་ན་སྐྱེ་བའི་འཕྲེང་བ་ཐམས་ཅད་དུ། ། བླ་མ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས། ། མཉེས་ཞིང་རྗེས་སུ་བཟུང་ནས་དམ་ཆོས་ཀུན། ། འཛིན་པའི་སྲས་ཀྱི་ཐུ་བོར་རྗེས་འཛིན་མཛོད། །

ཅེས་པ་འདི་ནི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་རྫོགས་དུས་ཆེན་ཉིན་རབ་གུས་དང་ཆེན་པོས་བླ་མ་མཉེས་པའི་མཆོད་སྤྲིན་དུ་གུས་ཕུལ།

བརྒྱུད་སྐུལ།

མཆན་སྤེལ།