༄༅། །མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས།

༄༅། །མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས།

ངམ་རིང་བ་བསྟན་འཛིན་རྡོ་རྗེས་བཏུས་ཏེ་བསྒྲིགས།

པར་སྐྲུན་གསལ་བཤད།

མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་ནི། ལ་སྟོད་ངམ་རིང་རྫོང་དུ་ཕྱི་ལོ་ ༡༩༡༣ ལོར་འཁྲུངས་ཤིང་། བཀྲས་ལྷུན་དཀའ་ཆེན་འགྱུར་མེད་མཆོག་དང་། དཀར་ལེབ་དྲུང་ཡིག་པདྨ་རྡོ་རྗེ་སོགས་བསྟེན་ནས་མདོ་སྔགས་རིག་གནས་སོགས་ལ་གསན་བསམ་མཐར་ཕྱིན་གནང་སྟེ་མཁས་པར་གྱུར། མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། གྲོ་སྤྱི་སྤོམ་མདའ་བློ་བཟང་ཡར་འཕེལ། ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་བཅས་ཀྱི་དྲུང་ཡིག་ཆེན་མོའི་ཞབས་ཞུ་བསྒྲུབས་ཤིང་། ཟངས་རི་རྫོང་གི་རྫོང་ཚབ་དང་། རྒྱ་དཀར་ནག་ཏུའང་ཕེབས་ཏེ་ཆོས་རིག་གི་མཛད་པ་བསྐྱངས། ས་སྐྱའི་ལྷ་ཁང་ཆེན་མོ་ཉམས་གསོའི་དོ་དམ་པ་དང་། ལས་བྱེད་སློབ་གྲྭའི་དགེ་རྒན། མི་རིགས་དཔེ་སྐྲུན་ཁང་དུ་ཡིག་སྒྱུར་དང་ཞུ་དག་པ། རིག་གསར་སྐབས་ངལ་རྩོལ་བསྒྱུར་བཀོད་དང་ལྷག་པར་སྲོག་ཁྲིམས་ཀྱང་བཅད་མྱོང་ཡོད།

གཞན་ཡང་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་དང་། གནའ་དཔེ་དུ་མའི་པར་སྐྲུན་ཕྱོགས་སྒྲིག །རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་ཞུ་དག་པ་སོགས་ཀྱི་འགན་འཁུར་བཞེས་པ་མ་ཟད། སྔ་ཕྱིར་མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་པ་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་བསྡུར་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུས་ཞིབ་འཇུག་པ། བོད་རང་སྐྱོང་ལྗོངས་སྐབས་བཞི་པའི་སྲིད་གྲོས་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱུན་ལས་པ། སྐབས་ལྔ་པའི་སྲིད་གྲོས་ལྷན་ཚོགས་ཀྱི་རྒྱུན་ལས་པ། ལྷ་ས་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་བློ་འདོན་པ། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གྲ་སྒྲིག་ཚོགས་པའི་ཚོགས་མི། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ནང་བསྟན་ཞིབ་འཇུག་པ། པཎ་ཆེན་རིན་པོ་ཆེ་དྲུང་ཡིག །ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་རྩོམ་སྒྲིག་གི་བློ་འདོན་པ་བཅས་ཀྱི་ཕྱག་ལས་ཐུགས་འགན་བཞེས་ནས། སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཤེས་རིག་གོང་འཕེལ་ཡོང་བའི་བྱ་བ་ཁོ་ནས་དུས་འདའ་བར་མཛད་པར་བཀའ་དྲིན་རྗེས་དྲན་དང་། བོད་ཀྱི་མི་རབས་རྒན་པ་རྣམས་ཀྱི་མཛད་རྗེས་ལ་ཕྱི་རབས་པ་རྣམས་ཀྱིས་མིག་ལྟོས་བཟང་པོ་ཡོང་ཆེད། ད་ལམ་ངམ་རིང་བསྟན་འཛིན་རྡོ་རྗེ་ལགས་ནས་ཕྱོགས་བཏུས་གནང་བའི་སྐུ་ཚེའི་ལོ་རྒྱུས་དེབ་འདི་པར་སྐྲུན་ཞུས་པ་ཡིན། དབུས་གཙང་རིག་མཛོད་ནས། ཕྱི་ལོ་༢༠༡༩ ཟླ་ ༡༠ ཚེས་ ༢༢ ལ།

དཀར་ཆག
གླེང་བརྗོད།1

༡། དུས་གང་དང་ཡུལ་གང་དུ་སྐུ་འཁྲུངས་པའི་སྐོར་བཤད་པ།3
༢། རྐྱེན་ངན་གྲོགས་ཤར་བྱུང་བའམ་མི་ཚེའི་དཀྱོག་མཚམས་ཆེན་མོ།9
༣། དུས་རབས་གསར་པའམ་གསར་བརྗེ་ཚུགས་ནས་མངར་སྐྱུར་གྱི་འཚོ་བ་སྣ་ཚོགས་མྱངས་ཚུལ།17
༤། སྐུ་གཟུགས་མི་བདེ་བ་དང་སྐུ་ཚེའི་འཕེན་པ་རྫོགས་ཚུལ་བརྗོད་པ།40
༥། ལྔ་པ་ཞར་བྱུང་དམ་པ་ཁོང་གི་མཛད་པ་འདི་ཉིད་འགོད་པའི་རྐྱེན་ནམ་དགོས་པ་ཅུང་ཟད་བརྗོད་པ།46

མཁས་དབང་རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས།55
གསུང་རྩོམ་གྱི་ནང་དོན་དང་ཁྱད་ཆོས་སྐོར།57
ཐུགས་རྗེ་ཆེ།69

༄༅། །གནའ་དེང་གི་རིག་གནས་ལ་མཁྱེན་དཔྱོད་ཀྱི་སྒོ་རྒྱ་ཡངས་ཤིང་། བོད་ཀྱི་ཐུན་མིན་རིག་གནས་ཀྱི་རྒྱུན་འཛིན་མཁན་མཁས་ཅན།
བོད་མི་མང་གི་སེམས་ཁུང་དུ་བརྟན་པོར་གནས་པའི་མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག

(1913-1992)

གླེང་བརྗོད།

༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ།།

གཞོན་ནུའི་དུས་ནས་རྣམ་དཔྱོད་མཆོག་མངའ་བས།།
དྲུང་ཡིག་རྫོང་དཔོན་སྤྱི་ཁྱབ་བཤེས་གཉེན་དང་།།
གནའ་ཤུལ་ཉམས་བཟོའི་ལས་ལ་བྱས་པ་ཅན།།

ལྕང་དཔྱོད་རྡོ་རྗེ་རྒྱལ་ཞེས་ཕྱོགས་ཀུན་གྲགས།།

གནའ་དེང་རིག་པའི་གནས་ལ་མཁྱེན་པ་རྒྱས།།
སྣང་མཐའི་གསུང་གི་འཕྲིན་ལས་འོད་པོ་ཆེ།།
གོ་ལའི་ཁྱོན་དུ་ཁྱབ་པའི་རམ་འདེགས་མཁན།།

དྲུང་ཆེ་རྡོ་རྗེ་རྒྱལ་པོ་བཀུར་བའི་ཡུལ།།

ཁ་བའི་ལས་དབང་ཐུགས་ཀྱི་དཀྱིལ་དུ་བཅངས།།
བརྡ་སྤྲོད་སྙན་ངག་སྨྲ་ལ་རང་དབང་ཐོབ།།
བཀའ་དང་བསྟན་བཅོས་འདེམས་སྒྲིག་མཛད་པ་པོ།།
ཞུས་ཆེན་རྡོ་རྗེ་རྒྱལ་པོ་དྲན་པའི་གསོས།།

གང་དེའི་ཡོན་ཏན་མཐའ་ཡས་རྒྱ་མཚོ་བཞིན།།
མ་ལུས་བརྗོད་པར་ནུས་པས་ག་ལ་ལང་།།
འོན་ཏང་དྲན་ཞིང་གུས་པར་བྱ་བའི་ཕྱིར།།
འོལ་སྤྱི་ཙམ་ཞིག་བརྗོད་ཀྱི་རྣ་བ་བློགས།།
དེ་ལ་འདིར་བརྗོད་པར་བྱ་བ་ནི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྐུའི་དྲུང་ཡིག་དང་། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གྲ་སྒྲིག་ཚོགས་པའི་ཚོགས་མི། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ནང་བསྟན་ཞིབ་འཇུག་པ། མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་པ་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་བསྡུར་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུས་ཞིབ་འཇུག་པ། བོད་རང་སྐྱོང་ལྗོངས་སྐབས་བཞི་པའི་སྲིད་གྲོས་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱུན་ལས་པ། སྐབས་ལྔ་པའི་སྲིད་གྲོས་ལྷན་ཚོགས་ཀྱི་རྒྱུན་ལས་པ། ལྷ་ས་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་བློ་འདོན་པ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་རྩོམ་སྒྲིག་གི་བློ་འདོན་པ། མདོར་ན་དེང་རབས་བོད་ཀྱི་ཤེས་རིག་སྤྱི་དང་། ལྷག་པར་དཔར་སྐྲུན་གྱི་བྱ་བར་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་དབང་རྡོ་རྗེ་རྒྱལ་པོའམ་ལྕང་དཔྱོད་རྡོ་རྗེ་རྒྱལ་པོ་མཆོག་གི་སྐུ་ཚེའི་མཛད་པ་ཆེ་ཁག་དང་། འཁྲུངས་འདས་ཀྱི་ལོ་རྒྱུས་སོགས་ཅུང་ཟད་གོ་བདེར་བརྗོད་པར་བྱའོ།།

༡) དུས་གང་དང་ཡུལ་གང་དུ་སྐུ་འཁྲུངས་པའི་སྐོར་བཤད་པ།

(བོད་ཀྱི་ཆོས་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག)

དེ་ལ་བོད་ཆོལ་ཁ་གསུམ་དུ་ཕྱེ་བ་ལས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང་། དབུས་གཙང་རུ་བཞིར་ཕྱེ་བའི་གཙང་གཡས་རུའི་ཆར་གཏོགས་ཤིང་། ལ་སྟོད་བྱང་གི་ངམ་རིང་ཁྱུང་རྫོང་དཀར་མོའི་མངའ་འོག །དེར་ཡང་གཙང་མདོག་མུས་གསུམ་དུ་ཕྱེ་བའི་མདོག་གཞུང་གི་མདོག་ཆུ་གཙང་པོའི་ལྷོ་ན་གཅེས་ཞེས་པའི་ཡུལ་སྡེ་ཞིག་ཡོད་པ་དེའི་གཅེས་གཞིས་ཀ་བྱ་བར་ཡབ་གཅེས་ནོར་བུ་སྒང་པའི་སྡེ་པ་དབང་འདུས་ཚེ་མཆོག་ལགས་དང་།  བསྟར་རྒྱུས་རྒན་ཚང་གི་སྲས་སྲོས་བརྒྱད་ཀྱི་ཐ་ཆུང་གཅེས་ཕྲུག་མ་སྲས་མོ་ལྷག་སྒྲོན་ཏེ་པི་ཟི་སྒྲོན་ལགས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོ་སྟེ་ཕྱི་ལོ་ ༡༩༡༣ ལོར་སྐུ་འཁྲུངས། དེ་ཡང་སྡེ་པ་ལགས་ནོར་བུ་སྒང་པ་ནས་ཟུར་དུ་དོན་རྗེས་གཅེས་གཞིས་ཀ་ཟིན་པའི་སྐབས་སུ་ཡིན། དེ་རྗེས་ལོ་གཉིས་ནས་གཅུང་མོ་བསོད་ནམས་མཆོག་པའང་འཁྲུངས།
མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་སྡེ་པ་དབང་འདུས་ཚེ་མཆོག་ལགས་ཀྱིས་བཟའ་མི་བུ་ཕྲུག་དང་བཅས་པ་ཁྲིད་ནས་བལ་ཡུལ་སོགས་སུ་གནས་གཟིགས་ལ་ཕེབས། སྐབས་དེར་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་དྲུང་དུ་ཡུམ་ལྷག་སྒྲོན་ལགས་ཀྱིས་ཐལ་མོ་སྙིང་ཁར་སྦྱར་ནས་དཀོན་མཆོག་མཁྱེན། བདག་ལ་ཕྲུ་གུ་འདི་གཉིས་མ་གཏོགས་མི་འབྱུང་བར་ཤོག །ཅེས་སྨོན་ལམ་བཏབ་པའི་ངག་རྒྱུན་ཡ་མཚན་ཅན་ཞིག་ཀྱང་མཆིས། སྨོན་ལམ་དེས་རྐྱེན་ནམ་གང་ལྟར་ཡབ་ཡུམ་གཉིས་ལ་མིང་སྲིང་བཅུ་གསུམ་ཙམ་བྱུང་ཡང་བུ་རྡོ་རྗེ་རྒྱལ་པོ་ལགས་དང་། བུ་མོ་བསོད་ནམས་མཆོག་པ་ལགས་མ་གཏོགས་དེ་བྱིངས་རྣམས་ཕྲུ་གུ་དམར་སྦྱར་སྐབས་ནས་གྲོངས་པས། ཡུམ་གྱིས་འགྱོད་སེམས་ཆེན་པོས་རང་ཉིད་ཀྱི་བུ་མོ་བསོད་ནམས་མཆོག་པ་ལ། རྗེས་སུ་སྨོན་ལམ་ལོག་པ་དེ་ལྟ་བུ་གང་བྱུང་དུ་མ་འདེབས་ཨང་། ངས་ཀྱང་སྔོན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་དྲུང་དུ་ཕྲུ་གུ་ཁྱེད་གཉིས་ལས་མི་འབྱུང་བའི་སྨོན་ལམ་བཏབ་པས། ད་ཆ་ཕྲུ་གུ་གཅིག་ཀྱང་གསོན་པོར་གནས་མ་སོང་ཞེས་མངག་ཆ་ཡང་ཡང་གནང་བ་དོན་དངོས་གནས་ཚུལ་དུ་འཁུམས།

(གཙང་གཞུང་རྒྱང་བླ་བྲང་གི་ཁྲལ་ཁང་བླ་བྲང་ཆུ་མིག་པའི་རྗེས་ཤུལ།)

ཡབ་སྡེ་པ་ལགས་ནི་ལས་རིགས་ཐོག་འཇོན་ཐང་ཆེ་ཞིང་། གཏམ་ཡིག་རྩིས་ལ་ཡང་སྦྱང་པ་མི་དམན་པ་ཞིག་ཡིན་པས། རྡོ་རྗེ་རྒྱལ་པོ་དགུང་ལོ་དྲུག་ལ་ཕེབས་སྐབས་ཡབ་ཀྱིས་ཡི་གེ་སྦྱོར་ཀློག་སོགས་བསླབས། ས་ལུག་ཕྱི་ལོ་ ༡༩༡༩ ལོར་གཅེས་གཞིས་ཀ་འཁྱུར་ནས་ཡབ་ཀྱིས་མདོག་ཆུ་གཙང་པོའི་བྱང་དུ་ཡོད་པའི་ཁྲབ་ཅེས་པར་གཙང་གཞུང་རྒྱང་བླ་བྲང་གི་ཁྲལ་ཁང་བླ་བྲང་ཆུ་མིག་པ་ཞེས་པའི་ཁྲལ་ལོ་ཤས་རིང་ཟིན། འོན་ཀྱང་ཁེ་སྤོགས་དེ་ཙམ་མ་བྱུང་བས་ཁྲལ་བོགས་ཕར་བསློགས།
སླར་ཡང་ཤིང་གླང་ཕྱི་ལོ་ ༡༩༢༥ ལོར་ཁྲབ་ཀྱི་སྒེར་པ་མདའ་པ་ཞེས་པའི་ཁྲལ་ཟིན་པ་དང་། ཁྲབ་ཀྱི་སྒེར་པ་ཤགས་པ་ཞེས་པ་དང་གྲོང་བསྒྲིལ་གནང་ནས་བཞུགས། འཁྱུག་ཙམ་ལ་ལོ་གཉིས་སོང་ཞིང་། རྡོ་རྗེ་རྒྱལ་པོ་ལགས་ཀྱང་དགུང་ལོ་བཅོ་ལྔ་ཙམ་ལ་ཕེབས་པས་ཡབ་ལ་ཕྱག་རོགས་མི་ཉུང་བ་ཞུ་ཐུབ་པ་དང་། ཁྱིམ་གྱི་ཕྱི་ནང་གང་སར་ཆ་རྐྱེན་ཡག་ཐག་ཆོད་ཡོད། འོན་ཀྱང་ཡབ་ཀྱིས་ལྐོག་ཏུ་ཁྲབ་ཀྱི་སྒེར་པ་དགེ་འཚོ་བའི་སྲས་མོ་ཚེ་བརྟན་ལགས་དང་ཚུལ་མིན་འགབ་མཐུན་ཡང་ཡང་མཛད་པ་ཡུམ་གྱིས་བཀག་ཀྱང་མ་ཁོགས་པས་མཐར་ཡབ་ཡུམ་གཉིས་བཟའ་འཐོར་བྱུང་ཞིང་། གནས་ཚུལ་དེའི་རྐྱེན་གྱིས་ཡུམ་ཐུགས་ཤིན་ཏུ་ཕམ་ནས་ལྕེབ་པར་རྩོམ་པ་སོགས་སྐབས་དེའི་གནས་སྟངས་ཤིན་ཏུ་མི་ལེགས་པས་སྲས་དང་སྲས་མོ་ཡུམ་དང་འབྲལ་མེད་དུ་བཞུགས་དགོས་བྱུང་།
དེ་རྗེས་ཉིན་གཅིག་ཡུམ་གྱིས་སྤང་ཡུལ་དགོན་པར་མཆོད་མཇལ་ཞུ་བར་འགྲོ་གསུངས་པས། བུ་རྡོ་རྗེ་རྒྱལ་པོ་ལགས་ཕྱག་ཕྱིར་འབྲངས། ཉིན་དེར་སྤང་ཡུལ་བདེ་བ་ཅན་དགོན་གྱི་བླ་མའི་དྲུང་དུ་ཡུམ་གྱིས་རབ་ཏུ་འབྱུང་བར་ཞུས་པ་ལ། ཐོག་མར་བླ་མས་ཞལ་གྱིས་མ་བཞེས། མཐར་ཡུམ་ལྷག་སྒྲོན་ལགས་ཀྱིས་རང་གི་སྤ་ལོ་རང་ཉིད་ཀྱིས་གཅོད་པར་བརྩམ་པ་སྲས་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་ནན་གྱིས་བཀག་ཀྱང་མ་ཁོགས་པར་སྤ་ལོ་བཅད་ཟིན་པས། བླ་མས་ཀྱང་རབ་བྱུང་གི་སྡོམ་པ་གནང་སྟེ་སྤང་ཡུལ་བདེ་བ་ཅན་དགོན་གྱི་བཙུན་ཁུངས་སུ་བཙུད། དེ་ལྟར་ཡུམ་རྒན་ཆོས་ཞུས་ནས་ཕྱིས་སུ་ཙ་རི་དང་། ལབ་ཕྱི། གངས་ཏི་སེ་སོགས་དབུས་གཙང་གི་གནས་ཆེན་ཁག་དང་། དེ་བཞིན་རྒྱ་བལ་སོགས་གང་སར་གནས་སྐོར་དུ་ཕེབས་ཤིང་། འཚོ་བ་ཡང་བྱ་འཚོལ་བྱེའུ་འཚོལ་ལམ་མང་ཆེ་བ་བསྟར་རྒྱུས་རྒན་ཚང་དང་། གཅེན་པོའི་གཟིམ་ཤག་རྣམ་རྒྱལ་བཀྲས་ཕུག་པ་སོགས་སྤུན་ཉེ་ལ་བརྟེན་པ་དང་། དེའི་རྗེས་སམ་སྐུ་ཚེའི་སྨད་དུ་བཀྲ་ཕུག་མཎ་ཁང་དུ་རྒྱུན་རིང་བར་བཞུགས།
དེ་ལྟར་གཅེས་སྡེ་པ་ལགས་ཀྱི་ཁྱིམ་ཚང་ཚ་སོབ་སོབ་དེ་གློ་བུར་དུ་འཐོར་ཞིག་ཏུ་སོང་བས། སྔར་སྲོལ་ལྟར་ན་བུ་ཕ་དག་དང་བུ་མོ་མ་དག་ཡིན་རུང་ཡུམ་རབ་ཏུ་བྱུང་བས་སྲས་རྡོ་རྗེ་རྒྱལ་པོ་ལགས་དང་། གཅུང་མོ་བསོད་ནམས་མཆོག་ལགས་ཁོང་གཉིས་ཡབ་ཀྱི་དྲུང་དུ་ཐུགས་ཉར་གནང་བ་དང་། དེ་ནས་དུས་ཡུན་མི་རིང་བར་ཡབ་སྡེ་པ་ལགས་དང་། ཟུར་མོའི་ཁྱིམ་ཁྲབ་དགེ་འཚོ་བ་དངོས་སུ་ཟླ་སྒྲིལ་བཏང་ཞིང་རྡོ་རྗེ་རྒྱལ་པོ་ལགས་དང་། གཅུང་མོ་བསོད་ནམས་མཆོག་ལགས་ཁྲབ་དགེ་འཚོ་བར་མཉམ་དུ་ཁྲིད་གནང་བ་རེད། ཡབ་དབང་འདུས་ཚེ་མཆོག་ལགས་ཁྲབ་དགེ་འཚོ་བའི་མག་པར་ཕེབས་རྗེས་སུ་དགེ་འཚོའི་ཚེ་བརྟན་ལགས་སུ་བུ་མོ་གཉིས་བྱུང་བས། རྒན་པ་ཚེ་དབང་ལགས་ཀྱིས་དགེ་འཚོའི་ཁྱིམ་འཛིན་མ་གནང་བ་དང་། ཆུང་བ་སྐལ་ལྡན་གཡུ་ལགས་མུས་དགེ་ལུང་ཕུན་ཁང་གི་ཁྱིམ་འཛིན་དུ་གནང་།

༢) རྐྱེན་ངན་གྲོགས་ཤར་བྱུང་བའམ་མི་ཚེའི་དཀྱོག་མཚམས་ཆེན་མོ།

དགེ་འཚོ་བའི་ཁྱིམ་དུ་འབྱོར་ནས་ལོ་གཉིས་ཙམ་གྱི་རྗེས་ཏེ། རྡོ་རྗེ་རྒྱལ་པོ་ལགས་དགུང་ལོ་བཅུ་བདུན་ལ་ཕེབས་ཤིང་། སྲས་སྲོས་གཉིས་ཀ་བྱིས་དུས་ཡོལ་ཟིན་པས། ཕྱི་ནང་གི་བྱ་སྤྱོད་གང་སྤྱིར་ནང་མི་གཞན་དང་བསམ་ཚུལ་མི་མཐུན་པ་ཐོར་རེ་བ་བྱུང་བ་དང་། གཉིས་ནས་སྐབས་དེར་དགེ་འཚོ་བས་འཇད་པ་སྡེ་པར་ཁྲལ་ཆད་ཀྱི་བུ་ལོན་མི་ཉུང་བ་ཞིག་འཇལ་རྒྱུ་ཡོད་པ་དེ་དག་དངུལ་བསྒྱུར་བྱས་ན་དངུལ་བུན་རྡོ་ཚད་ལྔ་ཟིན་པ་དང་། གཞན་ཡང་སྒོ་ཁར་འབྱོར་ཟིན་པའི་འཇད་པ་སྡེ་པའི་ཁྲལ་བསྡུའི་འགོ་པའི་མིག་ལམ་དུ་རྡོ་རྗེ་རྒྱལ་པོ་ལགས་ནི། བློ་རིག་དང་སྤྱང་གྲུང་ལྡན་པའི་ཕོ་གཞོན་ཡི་གར་འོང་བ་ཞིག་མཐོང་བས། བུ་འདི་མི་ཁྲལ་དུ་གཏོང་བའམ་ཡང་ན་རྟ་ན་ལོན་ཞིང་རྟ་ཁྲལ་དུ་གཏོང་དགོས་ཞེས་གདམ་ག་སྤྲད་པ་བཅས་ཀྱི་རྐྱེན་པས་ཡབ་སྡེ་པ་ལགས་ཀྱིས་བུ་རྡོ་རྗེ་རྒྱལ་པོ་ལགས་འཇད་པ་སྡེ་པར་ལོ་གསུམ་རིང་མི་ཁྲལ་དུ་གཏོང་རྒྱུའི་ཞལ་བཞེས་གནང་། དུས་དེ་ནས་ཁོང་གི་མི་ཚེའི་དཀྱོག་མཚམས་ཆེན་མོའམ་འཚོ་བར་འགྱུར་ལྡོག་ཤུགས་ཆེན་ཐེབས་པའི་སྒོ་ཚུགས་པ་ཡིན།

(མཐོང་སྨོན་གཞིས་ཀའམ་འཇད་པ་སྡེ་པའི་གཞིས་ཀའི་རྗེས་ཤུལ།)

དེ་ལྟར་ཤ་རྒྱས་ཁྲག་རྒྱས་ཀྱི་རྡོ་རྗེ་རྒྱལ་པོ་ལགས་ཡབ་ཡུམ་དང་གཅུང་མོ། ཕ་ཡུལ་དང་ཡུལ་མི་སོགས་ཀུན་དང་བྲལ་ནས་བཞད་མཐོང་སྨོན་རྫོང་དུ་ཡོད་པའི་མཐོང་སྨོན་གཞིས་ཀའམ་འཇད་པ་སྡེ་པའི་ཁྲལ་གྱི་རྐང་འགྲོར་ཕེབས་ཤིང་། དེར་ཕེབས་རྗེས་ཁོང་ལ་ཡིག་རྩིས་ཀྱི་རྨང་གཞི་ཅུང་ཟད་ཡོད་སྟབས་འཇད་པ་སྡེ་པའི་ཁྲལ་བསྡུའི་ལས་དོན་གྱི་ཕྱག་རོགས་སུ་བཏང་བར་བརྟེན། ཁོང་ནི་ལས་དོན་གང་ཅིར་ནན་ཏན་ཆེ་བས། རྒྱུན་གཏན་དེ་གའི་རྩིས་དཔོན་སོགས་ཀྱིས་ཕྱག་ལས་གནང་སྟངས་གང་ཅིར་དོ་སྣང་དང་སློབ་སྦྱོང་གནང་བར་མ་ཟད། ལས་ཞོར་སོགས་དུས་ཁོམ་ནམ་བྱུང་ལ་ཧུར་བརྩོན་ཆེན་པོས་ཡིག་རྩིས་རང་སྦྱོང་གནང་བས། འབྲས་བུ་འབུར་དུ་ཐོན་པ་བྱུང་ཞིང་། ཁོང་གི་རྣམ་དཔྱོད་ཀྱིས་འཇད་པ་སྡེ་པའི་སྐུ་ངོ་མཆོག་གི་ཐུགས་རབ་ཏུ་མགུ་སྟེ། བུ་འདི་རྣམ་དཔྱོད་ཅན་ཞིག་འདུག་པས་འདི་མུར་བཞག་ན་ཕངས་པ་འདུག་ཅེས་ཡང་ཡང་གསུངས།
མཐར་དགུང་ལོ་བཅོ་བརྒྱད་བཞེས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ཕྱི་ལོ་ ༡༩༣༠ ལོར་འཇད་པ་སྡེ་པའི་སྲས་དོན་གྲུབ་ཚེ་རིང་གི་ཕྱག་ཕྱི་དང་སྦྲགས་ནས་སློབ་གཉེར་གྱི་གོ་སྐབས་གནང་བས། གཙང་ལྗོངས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་པ་དང་། བཀྲས་ལྷུན་འཇད་པ་མི་ཚན་དུ་བཞུགས་ཤིང་། སྲས་དོན་གྲུབ་ཚེ་རིང་དང་ལྷན་དུ་ཐོག་མར་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་ཚད་མ་རིག་པའི་སློབ་དཔོན་མཁན་རིན་པོ་ཆེ་དཀའ་ཆེན་འགྱུར་མེད་མཆོག་གི་ཞལ་སྔ་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་མེ་ལོང་མ། གཞན་ཡང་ཐུན་མོང་བསྡུས་གྲྭ་སོགས་ལ་ཐོས་བསམ་སློབ༌གཉེར་རྩེ་གཅིག་ཏུ་མཛད།

(གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ།)

དེ་བཞིན་གཙང་སྟོད་པ་བརྡ་སྤྲོད་ཀྱི་གཞུང་ལ་མཁས་པ་དཀར་ལེབ་དྲུང་ཡིག་པདྨ་རྡོ་རྗེ་སོགས་ཀྱི་དྲུང་དུ་བརྡ་སྤྲོད་རིག་གནས་ཁག་ལའང་སློབ་གཉེར་མཐར་ཕྱིན་པ་མཛད། དེ་ལྟར་ལོ་ལྔ་ཙམ་རིང་བརྩོན་པ་ཆེན་པོས་སློབ་གཉེར་མཛད་པས་མཁས་པའི་གོ་འཕང་བརྙེས། དུས་དེ་ཙམ་ན་ཕ་ཡུལ་དུ་བཞུགས་པའི་གཅུང་མོ་བསོད་ནམས་མཆོག་པ་ཡང་དགུང་ལོ་བཅོ་བརྒྱད་ཙམ་ལ་ཡབ་ཀྱིས་ཁྲབ་དང་ཉེ་བར་སྒེར་པ་གླིང་སྨོན་སྐྱིད་པ་ཞེས་པའི་སྲས་ཚེ་རིང་དོན་གྲུབ་ཀྱི་ཁྱིམ་འཛིན་དུ་ཕུལ་བས་རྗེས་སུ་གླིང་སྨོན་སྐྱིད་པའི་པི་ཟི་མཆོག་ལགས་ཞེས་མི་རྣམས་ཀྱིས་ཆ་འཇོག་ཆེ་བར་བྱེད་ཅིང་། ཁོང་ལ་སྲས་སྲོས་མང་དུ་བྱུང་བ་ལས། སྲས་མོ་རྣམ་རྒྱལ་དབང་མོ་ལགས་སྤང་ཡུལ་བདེ་བ་ཅན་དགོན་གྱི་བཙུན་མ་མཛད་པ་དང་། སྲས་འགྲེས་པ་བསོད་ནམས་ཕུན་ཚོགས་ལགས་སུ་གཙང་གཞུང་གི་སྤྱི་ཞེས་པ་ནས་སྒེར་པ་སླེ་ལུང་བྱང་མའི་སྲས་མོ་ཆོས་གཅུང་གཡང་ངམ་རྗེས་སུ་པི་ཟི་གཡང་ལགས་ཞུ་བ་ཁྱིམ་འཛིན་དུ་བཞེས་ནས་གླིང་སྨོན་སྐྱིད་པའི་ཕ་ཤུལ་བུ་འཛིན་གནང་། ཚེ་དབང་གཡུ་སྒྲོན་ལགས་ནི་ཚེ་སྟོད་ལ་མོ་ཧྲེང་དུ་བཞུགས་ཤིང་། ཚེ་སྨད་ལ་རབ་ཏུ་བྱུང་། བློ་བཟང་པདྨ་ལགས་མདོག་གཞུང་གི་ཉི་སྦུག་ཏུ་ཉི་སྦུག་སྐལ་བའི་བུ་ཞིག་དང་གཉེན་སྒྲིག་གནང་། རྡོ་རྗེ་ལྷ་མོ་ལགས་མདོག་གཞུང་གི་ལྷོ་གོང་བླ་བྲང་གི་ཁྱིམ་འཛིན་དུ་ཕུལ། ཚེ་བརྟན་ལྷ་མོ་ལགས་མདོག་གཞུང་གི་ཡོག་ཆོས་སྤྱི་ཁང་གི་སྲས་ཀྱི་ཁྱིམ་འཛིན་དུ་ཕེབས་ཤིང་། བློ་བཟང་ཚེ་རིང་ལགས་ནི་མདོག་ལྷོར་ལུང་སྙན་གྱི་མི་རྒྱུད་ཅིག་ལ་ཁྱིམ་འཛིན་དུ་གནང་། དངོས་གྲུབ་རྡོ་རྗེ་ལགས་མདོག་གཞུང་སྡེ་པ་ཡིད་སྨོན་པའི་བུ་མོ་ཞིག་དང་གཉེན་སྒྲིག་གནང་བ་དང་། བསྟན་འཛིན་སྐྱིད་ལགས་མདོག་གཞུང་ལྷོ་གོང་བླ་བྲང་གི་སྲས་ཤིག་གི་ཁྱིམ་འཛིན་གནང་བ་བཅས་འཕྲོས་བཤད་ཙམ་མོ།།
ཤིང་ཕག་ཕྱི་ལོ་ ༡༩༣༥ ལོ་ནས་དགའ་ལྡན་ཕོ་བྲང་པའི་མཁན་དྲུང་མཁྱེན་རབ་དབང་ཕྱུག་གི་དྲུང་ཡིག་མཛད་པ་དང་། དེ་བཞིན་མི་དྲག་ཆེ་གྲས་ཀྱི་དགེ་རྒན་དུ་གདན་ཞུ་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་ཞིང་། ས་སྟག་ཕྱི་ལོ་ ༡༩༣༨ ལོར་གདན་ས་ཆེན་པོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སུམ་རྟགས་ཀྱི་དཔེར་བརྗོད་རང་བློའི་རྩི་བཅུད་ཅེས་པ་ལྗགས་རྩོམ་མཛད། ལྕགས་འབྲུག་ཕྱི་ལོ་ ༡༩༤༠ ལོར་རྩེ་དྲུང་ཐུབ་བསྟན་འཇམ་དབྱངས་ལགས་ནས་ཟངས་རིའི་རྫོང་ཚབ་ཏུ་བསྐོ་གཞག་གནང་བ་ལྟར། ཟངས་རིའི་རྫོང་དཔོན་གནང་སྟེ་ལོ་གཉིས་ཙམ་བཞུགས། དེའི་རིང་ཡུལ་དེའི་མི་དམངས་ཀྱི་བདེ་སྡུག་ལ་ཐུགས་འཁུར་ཆེ་བཞེས་མཛད་པས་ཀུན་གྱིས་གུས་བཀུར་དང་བསྔགས་བརྗོད་ཞུ་ཡུལ་གྱི་རྫོང་དཔོན་ཞིག་ཡིན་པར་གྲགས། དེ་རྗེས་རྡོ་རྗེ་རྒྱལ་པོ་ལགས་དབུས་ཀྱི་བུ་མོ་སྒྲོལ་དཀར་ཞེས་པ་ཞིག་དང་དགའ་རོགས་སམ་འཚོ་བ་མཉམ་སྐྱེལ་གནང་། འོན་ཀྱང་བུ་མོ་དེར་གདོན་གྱིས་ཟིན་པ་ལྟ་བུའི་ནད་གཞི་ཡ་མཚན་ཅན་ཞིག་ཡོད་པས། བཟའ་འཚོ་བསྒྲིག་རྒྱུར་ཡུམ་གྱིས་མོས་མཐུན་གཏན་ནས་མ་གནང་བས་སོ་སོར་བཞུགས།
ཆུ་རྟ་ཕྱི་ལོ་ ༡༩༤༢ ལོར་གྲོ་སྤྱི་རིམ་བཞི་ཛ་སག་སྤོམ་མདའ་བློ་བཟང་ཡར་འཕེལ་གྱི་དྲུང་ཡིག་མཛད་པ་དང་། གྲོ་མོ་སྤྱི་ཁྱབ་ཀྱི་ལས་ཚབ་མཛད་ནས་གྲོ་མོར་ལོ་བཞི་ཙམ་བཞུགས། དེའི་རིང་གྲོ་མོ་སྟོད་སྨད་ཀུན་ལ་དབང་ཤུགས་ཆེ་བ་དང་། ཡུལ་དེའི་འཛུགས་སྐྲུན་གྱི་ཐད་ལ་བྱས་རྗེས་ཆེ་ཙམ་བཞག་པར་གསུངས། ཡང་སྐབས་དེ་དུས་ཁོང་ལ་གྲོ་མོའི་མི་ཚང་ཕལ་པ་ཞིག་གི་མནའ་མ་ཚེ་རིང་གཡུ་སྒྲོན་ཞེས་པ་ཁ་འབྲས་ཅུང་མཚར་བ་ཞིག་ཞལ་ཏ་མར་ཕུལ་ཞིང་། རྗེས་སུ་རྡོ་རྗེ་རྒྱལ་པོ་མཆོག་གྲོ་སྤྱི་ལས་ཚབ་འཁྱུར་རྗེས་བརྔན་པ་གྱ་ནོམ་པ་དང་བཅས་ཞལ་ཏ་མ་གཡུ་སྒྲོན་ལགས་མི་ཚང་དེར་སློག་པར་ཕེབས། འོན་ཀྱང་ཁྱོ་བོ་དེས་གཡུ་སྒྲོན་ད་ནས་ཁྱེད་རང་གིས་ཁྲིད་རོགས་གནང་ཞེས་ཞུས་པས། ཁྱིམ་ཚང་དེར་དངུལ་དང་གྱོན་གོས་མི་ཉུང་བ་གནང་བ་དང་། གཡུ་སྒྲོན་ལགས་ཀྱི་སྔ་ཚར་བུ་མོ་བཟང་མོ་པ་ཕར་རྩིས་སྤྲད་ནས་མི་ཚང་དེར་བཞག་གནང་བ་རྗེས་སུ་ཡུལ་དེར་བཙུན་མ་བྱས། གཡུ་སྒྲོན་ལགས་ཕྱག་ཕྱིར་འཁྲིད་གནང་བས་ཁོང་གཉིས་ལ་སྲས་མོ་དབྱངས་ཅན་ལགས་འཁྲུངས་ཤིང་། མཐར་མི་ཚེ་མཉམ་སྐྱེལ་གྱི་བཟའ་འཚོ་མཛད་པ་ཡིན།
མེ་ཁྱི་ཕྱི་ལོ་ ༡༩༤༦ ལོར་རྩེ་དྲུང་ཐུབ་བསྟན་འཇམ་དབྱངས་ཀྱི་སྲས་ཀུན་དགའ་རྒྱལ་མཚན་གྱི་ཞབས་གཡོག་མཛད་ནས་རྒྱ་གར་གྱི་རྒྱལ་ས་དྷི་ལིར་ཕེབས། དེ་རྗེས་ས་གླང་ཕྱི་ལོ་ ༡༩༤༩ ལོར་རྡོ་རྗེ་རྒྱལ་པོ་ལགས་དགུང་ལོ་སོ་བདུན་དུ་ཕེབས་པའི་ལོ་དེར་ཛ་སག་སྤོམ་མདའ་བློ་བཟང་ཡར་འཕེལ་གྱི་སྐུ་ཚབ་མཛད་དེ་ས་སྐྱར་ཕེབས་ཏེ་ལོ་གསུམ་ཙམ་གྱི་རིང་ས་སྐྱའི་ལྷ་ཁང་ཆེན་མོ་ཉམས་གསོའི་ཨར་ལས་ཀྱི་དོ་དམ་པ་མཛད་པས། ལྕང་དཔྱོད་རྡོ་རྗེ་རྒྱལ་པོ་ཞེས་གྲགས་ཆེ་ཙམ་བྱུང་།
སྐབ་དེར་ཡང་ས་སྐྱའི་མཁན་ཆེན་ཁྲི་ཐོག་ཞེ་གཉིས་པ་མཁས་དབང་འཇམ་དཔལ་བཟང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་ལ་སྦྱང་པ་གནང་བ་དང་། ས་སྐྱ་གཞུང་དང་ལྕམ་གྲྭའི་གྱོད་དོན་སྐབས་བཀའ་བློན་ཀ་ཤོད་པས་མེ་ཕག་འགོ་མཆན་ནང་འཁོད་བཞིན་སྤྲོད་དཔང་མཛད་པ་སོགས་གཞུང་འབྲེལ་ཕྱག་ལས་ཕྲན་ཚེགས་མི་ཉུང་བ་གནང་ཡོད་ཀྱང་ཡིག་རྫོབ་ཆེ་བར་དོགས་ནས་མ་བཀོད། ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་ལྷ་ཁང་ཆེན་མོའི་ཉམས་བཟོ་ཧ་ལམ་ལེགས་གྲུབ་ཟིན་ཅིང་། ཁོང་ཉིད་བོད་དམག་ཁུལ་ཁང་གིས་གདན་ཞུས་ལྟར་ལྷ་སར་ཕེབས་ཏེ་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་དགེ་རྒན་གནང་སྟེ་བརྡ་སྤྲོད་རིག་པ་དང་། སྙན་ངག །ལོ་རྒྱུས་བཅས་ཀྱི་སློབ་ཁྲིད་གནང་། སྐབས་དེར་སླར་ཡང་ས་སྐྱར་འཁྱུག་ཙམ་ཕེབས་ནས་ས་སྐྱའི་ལྷ་ཁང་ཆེན་མོའི་ལས་གྲྭའི་ལས་མཇུག་བསྒྲིལ་བ་དང་། རྩིས་ལེན་རྩིས་སྤྲོད་གནང་བ་བཅས་སོ།།

(རྡོར་གདན་གིས་པར་གྲགས་པའི་དཔལ་ས་སྐྱའི་ལྷ་ཁང་ཆེན་མོ།)

༣) དུས་རབས་གསར་པའམ་གསར་བརྗེ་ཚུགས་ནས་མངར་སྐྱུར་གྱི་འཚོ་བ་སྣ་ཚོགས་མྱངས་ཚུལ།

གོང་ཞུས་ལྟར་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་བོད་ཡིག་མཐོ་རིམ་འཛིན་གྲྭར་བོད་ཀྱི་བརྡ་སྤྲོད་རིག་པ་སློབ་ཁྲིད་ལོ་གཅིག་ཙམ་གནང་བ་དང་། གོང་རིམ་གྱི་འབོད་སྐུལ་དང་དུ་བླངས་ནས་ཤིང་རྟ་ཕྱི་ལོ་ ༡༩༥༤ ལོར་པེ་ཅིང་ལ་ཕེབས་ཏེ་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཡིག་གི་བསྒྱུར་ཡིག་ཞུ་དག་གི་ཕྱག་ལས་གནང་བ་དང་ཆབས་ཅིག་མཚན་མོར་ལས་ཞོར་སློབ་གྲྭར་ཕེབས་ནས་རྒྱའི་སྐད་ཡིག་སློབ་སྦྱོང་གནང་སྟེ་ལོ་གསུམ་ཙམ་སོང་རྗེས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ཡིག་ཆ་ཚང་མར་ཞུ་དག་ཕྱིན་ཅི་མ་ལོག་པར་གནང་ཐུབ་པ་བྱུང་སྟེ། བསྒྱུར་ཡིག་གི་ཐ་སྙད་གསར་པ་མང་པོ་གཏན་འབེབས་མཛད་པ་དང་། རྡོར་ལུགས་ཞེས་པའི་ཡིག་བསྒྱུར་ཞུ་དག་གི་ལམ་སྲོལ་ཡང་གསར་དུ་དར་བ་ཡིན།
ས་ཕག་ཕྱི་ལོ་ ༡༩༥༩ ལོར་ཡེ་ཤེས་ལྷ་མོ་དང་མགར་བ་སྟོབས་རྒྱལ་ཞེས་པའི་སྒྲུང་གཏམ་དེ་བརྩམས་པ་དང་། དེ་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། མི་རིགས་དཔེ་སྐྲུན་ཁང་དུ་རྟགས་འཇུག་གི་དཀའ་གནད་སློབ་ཁྲིད་གནང་སྐབས་ཀྱི་ཟིན་བྲིས་རྟགས་འཇུག་གི་དཀའ་གནད་མདོར་བསྡུས་ཞེས་པ་བརྩམས།

(མི་རིགས་རྩོམ་སྒྱུར་ཁང་དུ་ཕྱག་ལས་གནང་བཞིན་པའི་སྐབས།)

མེ་རྟ་ཕྱི་ལོ་ ༡༩༦༦ ལོར་ཁོང་ཉིད་ལོ་བཅུའི་ཟང་ཟིང་ནང་ཞིང་བྲན་བདག་པོའི་ངོ་ཚབ་ཏུ་བརྩིས་ཏེ་དངུལ་ཕོགས་བཅད་པར་མ་ཟད། གསོག་དངུལ་དང་དངོས་རིགས་རྣམས་ཀྱང་གཞུང་གིས་བཅད་བསྡམས་བྱས་ཏེ་པེ་ཅིང་ནས་ཕ་ཡུལ་དུ་ངལ་རྩོལ་བསྒྱུར་བཀོད་དུ་ཕེབས་དགོས་བྱུང་། དེ་ཡང་ཐོག་མར་ཁྲབ་ཏུ་དགེ་འཚོ་བའི་ཁྱིམ་དུ་ཕེབས་པ་དང་། འཚོ་རྟེན་དུ་ཁོང་རང་ཉིད་ཀྱིས་ས་ཞིང་མུའུ་བཞི་ཙམ་ཡོད་པ་མིང་ལ་འབྲང་ཚང་ཟེར་བ་ཞིག་ས་སློག་བསྐྱོན་ཞིང་། མཐའ་འཁོར་དུ་རྡོ་བརྩིགས་ཀྱི་ལྷས་མས་བསྐོར་ནས་བཏབ་པས་སྟོན་ཐོག་ཀྱང་ཡག་པོ་བྱུང་། དེ་རྗེས་ལོ་གཉིས་པར་ཉི་སྦུག་ཏུ་ཚ་མོ་གཡུ་སྒྲོན་ལགས་ཀྱི་སར་ཕེབས་ནས་སྲིད་ཇུས་དོན་འཁྱོལ་མ་བྱུང་བར་དུ་ཚ་མོ་གཡུ་སྒྲོན་ལགས་དང་འཚོ་བ་མཉམ་སྐྱེལ་གནང་།
ཡང་མེ་ལུག་ཕྱི་ལོ་ ༡༩༦༧ ལོ་ནས་ལྕགས་ཁྱི་ཕྱི་ལོ་ ༡༩༧༠ ལོའི་བར་ཏེ་རིག་གནས་གསར་བརྗེ་ཆེན་པོའི་དུས་འགོར་ལིའུ་ཧྲའོ་ཆི་དང་། ཁང་ཧྲེང་གི་ཤོག་ཁག་གཉིས་དབར་འཐབ་རྩོད་དྲག་པོ་བྱུང་ཞིང་། རྒྱལ་ཡོངས་སུ་ཟིང་འཁྲུག་དེའི་དབང་གིས་ཤི་རྨས་ཚབས་ཆེན་བྱུང་ཡོད་ལ། དེར་ཡོངས་གྲགས་སུ་མཉམ་འབྲེལ་ཆེན་མོ་དང་སྤྱི་ཁྱབ་བཀོད་འདོམས་ཞེས་བརྗོད་ཅིང་། དབུས་གཙང་ཁུལ་དུ་རྒྱ་སྐད་ཐད་བསྒྱུར་བྱས་པས་ཏཱ་ལན་དང་རྫོང་སྦུག་ཏུ་གྲགས་ཤིང་། ཁག་ཅིག་གིས་དེའི་ནང་དོན་དངོས་མ་ཤེས་པར་གསར་བརྗེར་ངོ་རྒོལ་གྱི་ལས་འགུལ་གང་སར་སྤེལ་བས། ཐག་ཞོར་འབྲེང་དྲུད་ཀྱི་གནས་ཚུལ་གང་སར་ཐོན།
ས་བྱ་ཕྱི་ལོ་ ༡༩༦༩ ལོར་ངམ་རིང་རྫོང་གི་མུས་ནང་ནས་བཀྲས་རབ་དབང་རྒྱལ་དང་། དུང་དཀར་སྟོབས་རྒྱས་སོགས་ཀྱིས་སྣེ་འཁྲིད་ནས་སྐབས་དེའི་ཤང་དང་ཆུས་ཟེར་བ་གཏོར་བཞིན་ངམ་རིང་རྫོང་བར་དུ་བསྐྱོད་ནས་དྲུག་ཅུ་རེ་དགུའི་ཟིང་འཁྲུག་ཅེས་པའི་དྲག་པོའི་ཟིང་འཁྲུག་བསླངས་ཤིང་། རྗེས་སུ་དེ་ནི་གསར་བརྗེར་ངོ་རྒོལ་གྱི་བྱ་སྤྱོད་ཡིན་པར་གཏན་འཁེལ་བྱས་ཤིང་། གནད་དོན་དེ་དང་འབྲེལ་བ་ཡོད་པའི་མི་མང་པོར་རྡུང་རྡེག་ཕོག །ཡང་ཁ་ཤས་ལ་ཞྭ་མོ་གཡོགས་ནས་བཙོན་དུ་ཤོར་བའང་ཉུང་ཉུང་མིན། དཔེར་ན། ས་བྱ་ཕྱི་ལོ་ ༡༩༦༩ ལོར་ཤོག་ཁག་གཉིས་ཀྱི་འཁྲུག་རྩོད་སྐབས་ཚིང་སྐྱིད་ལ་དང་། ཚེ་དབང་བཀྲ་ཤིས་སོགས་མི་ངན་རེ་ཟུང་གིས་མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་དང་། གླིང་སྨོན་སྐྱིད་པའི་སྐུ་ངོ་ཚེ་རིང་དོན་གྲུབ་ལགས། ཁྲབ་རྒྱང་པའི་བསོད་ནམས་རྡོ་རྗེ་ལགས་བཅས་ལོག་སྤྱོད་རྩ་འཛུགས་ཀྱི་ཚོགས་འདུར་ཞུགས་པའི་མ་ཉེས་ཁག་གཡོགས་བྱས་ཏེ། མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་སོགས་ངམ་རིང་རྫོང་དུ་བཙོན་འཇུག་ལོ་བཞི་ཙམ་བྱས།

(དེང་གི་ངམ་རིང་ཁྱུང་རྫོང་དཀར་པོའི་རྣམ་པ།)

དེ་ཡང་ས་བྱ་ཕྱི་ལོ་ ༡༩༦༩ ལོའི་ལོ་མཇུག་ལ་འཛིན་བཟུང་བྱས་ནས་ཆུ་འོག་ཏུ་དོ་དམ་བཀག་ཉར་བྱས་ཐོག །ལྕགས་ཁྱི་ཕྱི་ལོ་ ༡༩༧༠ ལོའི་དཔྱིད་ཀར་ངམ་རིང་རྫོང་ལ་རྩིས་སྤྲོད་བྱས་ཏེ་གསར་བརྗེར་ངོ་ལོག་གི་ཞྭ་མོ་གཡོགས། གཞན་ཡང་ཁོང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུར་ཞུ་དག་གནང་བའི་སྐོར་དང་། ཁོང་གིས་བརྩམས་གནང་བའི་སུམ་རྟགས་དཔེར་བརྗོད་རང་བློའི་རྩི་བཅུད། མགར་བ་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོའི་སྐོར་གྱི་བརྩམས་སྒྲུང་ལའང་ཁྱོག་བཤད་བྱས་ནས། ༧པཎ་ཆེན་གྱི་ངན་རོགས་དང་། ལོག་སྤྱོད་པ། མི་རིགས་དབྱེ་འབྱེད་མཁན་སོགས་ཞྭ་མོ་སྣ་ཚོགས་གཡོགས་ཀྱང་། ཤོག་ཁག་གཉིས་ཀྱི་སྐོར་ལ་ཁས་ལེན་རྩ་བ་ནས་མ་གནང་བ་དང་། ༧པཎ་ཆེན་རིན་པོ་ཆེས་བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་སྐོར་ལ། ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེས། སྙན་ཞུ་དེ་ཁོ་བོར་བསྟན་པ་གནང་ནས་རྡོ་རྗེ་རྒྱལ་པོ་འདི་འགྲིག་འདུག་གམ་གསུངས་པར། ངས་ཚར་གཅིག་ཀློག་ཟིན་རྗེས་འགྲིགས་འདུག །ཅེས་ཞུས་པ་ལས། དེ་མིན་འབྲེལ་བ་མེད་ཅེས་དང་། ཡེ་ཤེས་ལྷ་མོ་ཞེས་པ་དེ་སྣེའུ་དཔོན་གྱི་བུ་མོའི་ལོ་རྒྱུས་གཞིར་བཟུང་སྟེ་བརྩམས་པ་ལས། དེ་མིན་གྱི་གོ་རྒྱུ་གཞན་གང་ཡང་མེད་ཅེས་ཚིག་ལན་ཚིག་གིས་འཇལ་བས་རྒྱུ་མཚན་བཤད་ས་མེད་པའི་མི་དེ་དག་གིས་དགག་རྒྱག་དང་། འཐབ་རྩོད་ཚད་མེད་བཏང་བ་དང་། ཡང་ཕྱོགས་གཞན་ནས་བཙོན་དུ་བཞུགས་པའི་རིང་ལ་བཙོན་རོགས་ཚོར་སྐད་ཅོར་རྒྱག་མི་ཉན་ཚུལ་སོགས་སྐབས་དེའི་ཆབ་སྲིད་དང་མཐུན་པའི་ཁ་ཏ་བསླབ་བྱ་མང་དུ་གནང་ཡང་། ཆབ་སྲིད་ལ་རྨོངས་པའི་མི་དེ་དག་གིས། ཁོང་ནི་རྒྱ་ནག་གཞུང་གི་གསང་མྱུལ་ལམ་རྒྱུག་ཁྱི་ཡིན་པར་ངོས་འཛིན་བྱས་ཏེ་མངོན་ལྐོག་གང་གི་ཆ་ནས་ལྟ་སྟངས་ངན་པ་འཛིན་ཅིང་། བཙོན་རྭའི་ཕྱི་ནང་གཉིས་ཀར་གནོན་ཤུགས་ཆེ་བས་སྐུ་ལས་ཚད་མེད་བྱུང་།

མཐར་ཆུ་བྱི་ཕྱི་ལོ་ ༡༩༧༢ ལོའི་ལོ་མཇུག་ཏུ་ནག་ཉེས་བཙན་འགེལ་གྱིས་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པས། སྐབས་དེར་ཁོང་རང་ཉིད་ཀྱང་གསོན་པའི་རེ་ཐག་ཡོངས་སུ་ཆད་ནས་གྱོན་གོས་རྣམས་གཙང་མར་བཀྲུས་ཤིང་། སྒྲོག་ལུང་དང་འཚེམ་ཁ་བྲལ་བ་རྣམས་ཀྱང་ལེགས་པར་བཙེམས་ནས་གྲ་སྒྲིག་ཨང་གསར་གནང་། ལྷག་པར་སྲོག་ཁྲིམས་བཅད་པའི་འདྲ་པར་ལེན་སྐབས་སྤྱི་བདེ་མི་སྣས་གཤེ་མིན་ལ་མ་ལྟོས་པར་མགོ་བོ་མཐོན་པོར་བསྟེགས་ནས་བཞུགས། འོན་ཀྱང་དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་ཕེབས་པ་ཆུ་གླང་ཕྱི་ལོ་ ༡༩༧༣ ལོར་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་ནས་བརྟག་དཔྱད་ཞིབ་འཇུག་མཐར་ཕྱིན་པ་བྱས་པ་བརྒྱུད། ཁོང་གིས་སྐབས་དེའི་གནས་ཚུལ་ཇི་མ་ཇི་བཞིན་གསལ་བཤད་གནང་བ་དང་། མ་ཉེས་ཁག་གཡོགས་བྱས་ཚུལ་དང་། སྐབས་དེའི་གནས་ཚུལ་བྱུང་རིམ་རྣམས་བློ་སྤོབས་ཆེན་པོས་གསུངས་ཤིང་། མི་ངན་གྱིས་བཤད་པའི་ཤོག་ཁག་གཉིས་དང་འབྲེལ་བའི་སྐད་ཆ་རྣམས་ལ་དཔང་རྟགས་ཁུངས་བཙན་མེད་པ་བཅས་ར་འཕྲོད་གསལ་པོ་བྱུང་བས། ཁོང་ལ་ཤོག་ཁག་གཉིས་དང་འབྲེལ་བའི་གསར་བརྗེར་ངོ་ལོག་གི་ཞྭ་མོ་ཕུད་པར་མ་ཟད། ཉེས་མེད་གློད་བཀྲོལ་བཏང་།
དེ་ནས་སླར་ཡང་ཉི་སྦུག་ཏུ་ཚ་མོའི་དྲུང་དུ་ཕེབས་ཤིང་། རུ་ཁག་གི་ཕག་རྫི་དང་། སྔོ་ཚལ་འདེབས་སྐྱོང་། ཚལ་ཞིང་སྲུང་བ་སོགས་ཀྱི་ཕྱག་ལས་གནང་ནས་བཞུགས་དགོས་བྱུང་ཞིང་། ཁོང་ནི་བྱམས་དང་སྙིང་རྗེ་ལྡན་པའི་སྐྱེས་བུ་ཞིག་ཡིན་པས། དགུན་གྱི་དུས་སུ་ཕག་ཕྲུག་རྣམས་ཁོང་རང་ཉིད་ཀྱི་མལ་ཆས་ནང་གཅེས་ཉར་གནང་བ་དང་། རུམ་དུ་བཅུག་ནས་དྲོད་ཁུག་ཐབས་གནང་བའི་ལོ་རྒྱུས་ཀྱང་ཡོད་ལ། ད་དུང་ཡུལ་དེའི་ས་རྒྱུའི་གནས་ཚུལ་དང་། ས་བབ་ལ་གཞིགས་ནས་རྒྱ་གྲོ་འམ་ཞོག་ཁོག་དང་། རྒྱ་ལབ་འདེབས་འཛུགས་གནང་བས་ཐོན་འབབ་ཡག་པོ་བྱུང་ཞིང་། དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་མི་དམངས་ཀྱི་འཚོ་བར་ཡང་ལེགས་བཅོས་གང་འཚམ་བྱུང་བར་མ་ཟད། ས་ཆ་དེར་དུས་དེ་ནས་བཟུང་རྒྱ་གྲོ་དང་རྒྱ་ལབ་འདེབས་འཛུགས་ཀྱི་སྲོལ་དར་བར་གྲགས། མདོར་ན། ཁོང་གིས་ཕྱག་ལས་གང་ཞིག་གནང་ནའང་མི་མཁྱེན་པ་མེད་ལ། གཞན་ལས་ལྷག་པའི་འཇོན་ཐང་ཡོད་པ་ཕ་ཡུལ་གྱི་རྒན་རབས་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས།
དེ་ལྟར་སྐུ་ངལ་ཆེ་བའི་ངལ་རྩོལ་བསྒྱུར་བཀོད་ལ་ལོ་ངོ་བཅུ་གཉིས་བཞུགས་རིང་ཆབ་སྲིད་ཀྱི་གནོན་ཤུགས་དང་། འཚོ་བའི་དཀའ་ངལ་སོགས་གྲངས་ལས་འདས་པའི་དཀའ་སྡུག་གི་ཁྲོད་དུའང་བོད་ཀྱི་ཤེས་རིག་ལ་གཅིག་ཏུ་བཅངས་པའི་ལ་རྒྱ་མ་དོར་བར་ལྐོག་ཏུ་དཔེ་གཟིགས་གནང་བ་དང་། བརྡ་སྤྲོད་ཀྱི་སྐོར་ལ་ཟིན་བྲིས་མི་ཉུང་བ་ཞིག་བཀོད་པ་དང་། ལྷག་པར་དུ་ཕ་ཡུལ་གྱི་མི་མང་ཆེ་བ་ཡིག་རྨོངས་བ་ཡིན་པར་དགོངས་བཞེས་ཀྱིས། རང་ཉིད་ངལ་རྩོལ་བསྒྱུར་བཅོས་ཀྱི་སྡུག་བསྔལ་མྱངས་པ་ལ་མི་ལྟོས་པར། སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་པ་དེ་ཉིད་སྐབས་དེར་ལྐོག་ཏུ་བརྩམས་གནང་བ་ཡིན།
དེ་ཉིད་ཀྱི་འགོ་བརྗོད་དུ། “ཡི་གེ་ནི་ཤེས་བྱ་མཐའ་དག་ལ་མེད་དུ་མི་རུང་བའི་རིག་གནས་ཤིག་ཡིན་ཅིང་། ཡི་གེའི་སྦྱོར་ཚུལ་རྣམས་གསལ་ཞིང་། གཏན་ལ་ཕེབས་པ་ཞིག་མ་བྱུང་ན་དེང་སྐབས་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚན་རིག་ལག་རྩལ་བཅས་འཕེལ་རྒྱས་ཀྱི་མྱུར་ཚད་བྱ་འཕུར་བ་ལྟ་བུའི་སྐབས་འདིར་མི་རབས་སྔ་མ་སྔ་མ་ནས་ཕྱི་མ་ཕྱི་མའི་བར་ཡར་རྒྱས་སུ་འགྲོ་བའི་ཤེས་རིག་རྣམས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་ཡིག་ཐོག་ནས་རིག་པའི་གཞུང་ལུགས་སྤེལ་རྒྱུ་དང་། བརྡ་སྤྲད་རྒྱུའི་ལས་འགན་རྣམས་མི་འགྲུབ་པས། རང་རེའི་བྱ་བཞག་ཇི་ཙམ་ཡར་རྒྱས་ཆེ་བ་དེ་ཙམ་དུ་ཡི་གེར་འབད་བརྩོན་ཆེ་བ་ཞིག་དགོས།” ཞེས་སོགས་ལས་ཁོང་གིས་རིག་གནས་ལ་བཅངས་པའི་འདུ་ཤེས་དང་། མི་དམངས་ལ་བཅོལ་བའི་རེ་བ་རྣམས་ཟུར་བལྟས་ལེབ་མཐོང་དུ་མངོན།
གཞན་ཡང་ཁོང་གིས་འབྲི་རྩོམ་གནང་བའམ་ཡིག་བསྒྱུར་གནང་སྐབས་ཚིག་སྦྱོར་གྱི་འགྲོ་སྟངས་དེ་དག་བོད་ཀྱི་བརྡ་སྤྲོད་རིག་པ་དང་མཐུན་དགོས་པར་མ་ཟད། ཚིག་བསྡུས་ལ་གོ་སླ་བ་དང་། དོན་ཚང་ལ་འཁྲུལ་བ་དང་བྲལ་བ་ཞིག་ཀྱང་ཡོང་བ་བྱེད་དགོས། དེ་ལྟར་བྱུང་ན་ཀློག་པ་པོ་རྣམས་ཀྱིས་བལྟས་ན་ཤེས་པ་དང་། ཐོས་ན་དོན་གོ་བ་ཡོང་གི་རེད་ཅེས་གསུང་གི་ཡོད།

ས་རྟ་ཕྱི་ལོ་ ༡༩༧༨ ལོར་ཟང་ཟིང་གི་དུས་མཇུག་བསྒྲིལ་བ་དང་ཆབས་ཅིག་ཁོང་ཉིད་ལའང་དཀར་འདོན་གུ་ཡངས་ཐོབ་ནས་གདན་ཞུས་ལྟར་ཁྲེན་ཏུར་ཕེབས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་གཞོན་པའི་ཐུགས་འགན་བཞེས། བོད་རྒྱ་ཚིག་མཛོད་ཆེན་མོ་ནི། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པས། དེ་ཉིད་སྔ་ཙམ་དཔར་སྐྲུན་ཐུབ་ཕྱིར་རེས་གཟའ་ཉི་མའི་སྐུ་ངལ་ཡང་མ་གསོས་པར་ཐ་སྙད་ཡོངས་རྫོགས་ཞུས་ཤིང་གཏན་ལ་ཕབ་པས་ལོ་གསུམ་ནང་ལེགས་གྲུབ་བྱུང་། སྙན་ངག་གི་རྣམ་བཤད་གསལ་སྒྲོན་ཞེས་པ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གནང་ཞོར་དུ་དེ་གའི་རྩོམ་སྒྲིག་ཚོགས་ཆུང་ལ་སྙན་ངག་མེ་ལོང་མ་བཤད་ཁྲིད་གནང་སྐབས་ཀྱི་ཟིན་བྲིས་ལ་བསྐྱར་བཅོས་མཛད་ནས་བརྩམས་པས་ལྕགས་བྱ་ཕྱི་ལོ་ ༡༩༨༡ ལོར་ཡོངས་སུ་གྲུབ།
ལྕགས་སྤྲེལ་ཕྱི་ལོ་ ༡༩༨༠ ལོ་ནས་བཟུང་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་མཁས་དབང་ཁོང་ལ་གཟིགས་སྐྱོང་བླ་ལྷག་ཏུ་མཛད་ཅིང་། དམ་པ་གང་དེའི་བོད་ཡིག་དྲུང་ཡིག་གི་གྲས་སུ་བསྐོ་གཞག་མཛད་པ་དང་། ལོ་དེར་ཐེངས་དང་པོར་བོད་ཁུལ་དུ་རྟོག་ཞིབ་ལ་ཕེབས་སྐབས་མཁས་དབང་ཁོང་ཡང་སྐུ་བཅར་དྲུང་ཡིག་གི་མཚན་ཐོག་ནས་སྐབས་དེའི་ལྗོངས་ཞིང་ལྔའི་བོད་ཁུལ་གྱི་སྲིད་འབྱོར་རིག་སོགས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་དང་རྟོག་ཞིབ་གནང་བའི་སྐལ་བ་ཐོབ་ཅིང་། དེ་ནས་བཟུང་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གཡས་ཞོགས་གཡོན་འདེགས་གནང་མཁན་གཙོ་བོའི་གྲས་ཤིག་ཆགས། ལྕགས་བྱ་ཕྱི་ལོ་ ༡༩༨༡ ལོར་སླར་ཡང་མི་རིགས་དཔེ་སྐྲུན་ཁང་དུ་ཕེབས་ནས་བར་ལམ་གཡོན་གྱི་བསམ་བློའི་ཤུགས་རྐྱེན་ངན་པའི་དབང་ལས་གཏོར་བརླག་ཚབས་ཆེན་ཕོག་སྟེ། ཐ་ན་དཔེ་རྒྱུན་ཡང་བརླག་ལ་ཉེ་བའི་སྐབས་དེར་ཁོང་གིས་ཐུགས་འགན་བཞེས་ཏེ་བོད་ཀྱི་གནའ་དཔེ་ཁག་ཅིག་བདམ་བསྒྲིགས་གནང་ནས་དཔར་སྐྲུན་མཛད།

(༡༩༨༢ ཙམ་ལ་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་རྒྱལ་རྩེར་གཟིགས་ཞིབ་མཛད་སྐབས།)

དེ་དག་ལས། ནང་དོན་རིག་པའི་སྐོར་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་ཤེས་བྱ་ཀུན་ཁྱབ་སོགས་དང་། ལོ་རྒྱུས་དང་ཆོས་འབྱུང་སྐོར་ལ། སློབ་དཔོན་པདྨའི་གསུང་བཀའ་ཐང་སྡེ་ལྔ་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་དང་། ཚད་མ་རིག་པའི་སྐོར་ལ། བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་བསེ་བསྡུས་གྲྭ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་སོགས་དང་། གསོ་བ་རིག་པའི་སྐོར་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ཞུས་པའི་སྨན་དཔྱད་ཟླ་བའི་རྒྱལ་པོ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་ཤེལ་ཕྲེང་། མངོན་བརྗོད་ཀྱི་སྐོར་ལ། རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱིས་མཛད་པའི་མངོན་བརྗོད་མཁས་པའི་རྣ་རྒྱན་དང་། བོན་གྱི་སྐོར་ལ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་བོན་པོའི་ཆོས་འབྱུང་ལེགས་བཤད་གཏེར་མཛོད་བཅས་བདམ་བསྒྲིགས་མཛད་པར་མ་ཟད། རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་རྩ་འགྲེལ་དང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རིགས་ཐིགས་ཀྱི་རྩ་འགྲེལ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་སྡེ་བདུན་རྩ་འགྲེལ་སོགས་ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས་ཞེས་པའི་དཔེ་ཚོགས་དེབ་དང་པོ་ནས་བཞི་པའི་བར་དང་། གཞན་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རིགས་གཏེར་གྱི་རྩ་འགྲེལ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་ཚད་མ་རིག་པའི་བོད་གཞུང་བོད་ཚོགས་ཞེས་པ་དང་། བསྟན་འགྱུར་ནང་གི་གསོ་བ་རིག་པའི་སྐོར་འཕགས་པ་ཀླུ་སྒྲུབ་དང་། དཔལ་ལྡན་ཕ་ཁོལ། ཁ་ཆེ་ཟླ་བ་མངོན་དགའ། སྨན་པ་ཉི་མ་སྲུང་སོགས་ཀྱིས་བརྩམས་པའི་གསོ་བ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས་ཞེས་པའི་དཔེ་ཚོགས་དེབ་དང་པོ་ནས་ལྔ་པའི་བར་བཅས་བདམ་བསྒྲིགས་མཛད། དེ་མིན་བསྒྱུར་ཡིག་ཚིག་ཞུས་མཛད་དེ་གཏན་ལ་ཕབ་པའི་སྐོར་ལ་ཡང་མའོ་ཀྲུ་ཞིའི་གསུང་བཏུས་དེབ་དང་པོ་ནས་བཞི་པའི་བར་དང་། རྒྱལ་ཁབ་གསུམ་གྱི་གཏམ་བརྒྱུད། ནུབ་བྱང་དུ་བསྐྱོད་པ་སོགས་དེབ་ཆེ་ཆུང་བདུན་དང་། གཞན་ཡང་ཁེ་ཀྲང་གིས་བརྩམས་པའི་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། ༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཡང་བོད་བསྒྱུར་གནང་མྱོང་ཡོད་ལ། ཆུ་ངོགས་གཏམ་རྒྱུད་སོགས་ཐོར་བུ་ཇི་སྙེད་ཅིག་ཡོད་པར་གསུངས།

(བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་པ་མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་དང་། མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས། གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག

བློ་བཟང་ནོར་བུ་བཅས་བོད་རིགས་བཞི་དང་། རྒྱ་རིགས་དྲུག་ལྷན་བཞུགས།)

ཤིང་གླང་ཕྱི་ལོ་ ༡༩༨༥ ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པའི་ཐུགས་འགན་བཞེས་ཤིང་། ལྷག་པར་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུའི་དྲུང་ཡིག་གནང་ནས་ཉིན་རེའི་མཛད་རིམ་རྣམས་རྣམ་ཐར་དུ་བཀོད་གནང་བའི་སྐོར་རོབ་ཙམ་ཞུས་ན། དེ་ཡང་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཉིན་རེའི་མཛད་རིམ་རྣམས་༧སྐྱབས་མགོན་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་ཉིན་ཐོར་བཀོད་གནང་བ་དེ་དང་། སྐུ་བཅར་དྲུང་ཡིག་རྒན་དོན་གྲུབ་ལགས་དང་། ཐུབ་བསྟན་སྐལ་བཟང་ལགས་གཉིས་གང་རུང་གིས་༧སྐྱབས་མགོན་རིན་པོ་ཆེའི་མཛད་རིམ་ཉིན་ཐོ་ཟིན་བྲིས་སུ་བཀོད་གནང་བ་དེ་གཉིས་མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་སུ་འབུལ་བསྐུར་གནང་སྟེ། ཁོང་གིས་རྣམ་ཐར་དུ་འགོད་གནང་མཛད་ཀྱི་ཡོད། གཞན་ཡང་ནང་བསྟན་སློབ་གླིང་དང་། དར་རྒྱས་རོགས་སྐྱོར་ཐེབས་རྩ་སོགས་༧སྐྱབས་མགོན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཕྱག་ལས་ཁག་ལ་ཕྱར་བ་གྲུ་འདེགས་གནང་བ་དང་། དེ་བཞིན་གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་སོགས་ལ་ཞུས་དག་དང་། དཔར་སྐྲུན་ཐད་ཐུགས་འགན་ཆེར་བཞེས་གནང་ཡོད།

(ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དང་། མཁས་དབང་རྡོ་རྗེ་རྒྱལ་པོ་སོགས།)

མེ་སྟག་ཕྱི་ལོ་ ༡༩༨༦ ལོར་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སུམ་རྟགས་སྐོར་དཀའ་གནད་འགའ་ཤས་བཀའ་འདྲི་ཞུས་པའི་བཀའ་ལན་ཟིན་བྲིས་སུ་བཀོད་པ་སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན་དང་། དེ་བཞིན་བོད་ཀྱི་སུམ་རྟགས་ཀྱི་དཀའ་གནད་འགའ་ཞིག་བརྗོད་པ་ཞེས་པ་ནི་ལོ་དེར་ལྷ་སར་འཚོགས་པའི་བོད་ཀྱི་ཤེས་རིག་གྲོས་མོལ་ཚོགས་འདུའི་ཐོག་སྒྲོགས་སྦྱང་མཛད་པའི་ཆེད་རྩོམ་ཡིན། གཞན་ཡང་ཚད་མའི་འབྱུང་ཁུངས་ཞེས་པ་དང་སྔོག་འདོན་བྱེད་རིན་ཆེ་བའི་བང་མཛོད། བོད་ཀྱི་ཡིག་སྲོལ་དར་ཚུལ་བརྗོད་པའི་གཏམ་བློ་གསར་དགའ་སྟོན་སོགས་དཔེ་ཚོགས་ཀྱི་འགོ་བརྗོད་ཀྱི་རྩོམ་དང་། དེ་མིན་ཆེད་རྩོམ་མང་དུ་ཡོད།

(རྒྱ་ནག་པེ་ཅིང་དུ་མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་དང་། དུང་དཀར་བློ་བཟང་འཕྲིན་ལས་ལགས།

ཧོར་ཁང་བསོད་ནམས་དཔལ་འབར་ལགས་བཅས་ལྷན་སྒྲོན།)

ལོ་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཚོགས་ཆུང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་གཟིགས་སྐོར་ཕེབས་སྐབས། སྐུ་ཚབ་ཚོགས་མི་རྣམས་ལ་མཇལ་འཕྲད་གནང་བཞིན། ཁོང་རྣམས་ལ་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་བཀའ་མོལ་ཇི་གསུངས་སྐོར་སྐུ་ཚབ་ཚོགས་མི་ཀུན་བདེ་གླིང་རིན་པོ་ཆེའི་ཕྱག་དེབ་མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ་ཞེས་པའི་ནང་། “དེ་ནས་དགོང་དྲོའི་ཆུ་ཚོད་ ༣ པའི་ཐོག་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་ལྟ་སྐོར་ལ་བསྐྱོད་པ་དེར་བོད་རིགས་ལས་བྱེད་ ༣༠ དང་། དེ་འཕྲོས་རྒྱ་རིགས་རེད། བོད་རིགས་དེ་རྣམས་མང་ཆེ་བར་མི་རིགས་ཀྱི་ལྟ་བའི་ཤ་ཞེན་མཐོན་པོ་ཡོད་པ་བརྗོད་བབས་གང་གི་ཆ་ནས་ཟུར་བལྟས་ལེབ་མཐོང་དུ་འདུག་པ་དེ་ནང་ཚན་འགན་འཁུར་འགོ་འཁྲིད་རྒན་གྲས་བོད་རིགས་མི་རྒན་རྡོ་རྗེ་རྒྱལ་པོས་གསུང་བཤད་གནང་སྐབས། ཕྲན་རང་གུང་ཕྲན་ཏང་ཡོན་ཞིག་པའི་ཆ་ནས་དཔེ་སྐྲུན་ཁང་འདིའི་ལས་འགན་བྱས་ནས་ལོ་མང་རིང་གསར་བརྗེའི་རླུང་འཚུབ་དྲག་པོའི་འོག་ཏུ་བོད་མིའི་རིག་གཞུང་གི་སྲོག་རྩ་འཛིན་སྤེལ་དགོས་དོན་རྩལ་དུ་བཏོན་པའི་བྱས་འབྲས་རྣམས་ད་ལམ་༧སྐྱབས་མགོན་ཡིན་བཞིན་ནོར་བུའི་སྐུ་ཚབ་གཟིགས་སྐོར་ཚོགས་པ་ཁྱེད་རྣམས་ལ་སྤྱན་ཞུ་བྱེད་ཐུབ་པ་འདིར་རྒས་པོ་ང་དང་། ངའི་ལས་རོགས་རྣམས་བློ་སེམས་བདེ་པོ་བྱུང་ཞེས་བཀའ་མོལ་གསུང་གདངས་སྐྱོ་ངར་གཉིས་འདྲེས་ཀྱིས་གསུངས་པར། ང་ཚོ་སྐུ་ཚབ་ཚོགས་པ་ཐུན་མོང་ནས་ཐུགས་རྗེ་ཆེ་ཞུའི་བསྟོད་བསྔགས་ཀྱང་བྱས་པ་ཡིན།” ཞེས་བཀོད་འདུག
རབ་བྱུང་བཅུ་བདུན་པའི་མེ་ཡོས་ཕྱི་ལོ་ ༡༩༨༧ ལོར་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་། ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་བོད་དང་། བོད་ཁུལ་གཞན་དག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་གནང་ཆེད་ལོ་དེའི་ཟླ་བ་ ༤ ཚེས་ ༡༥ ཉིན་དངོས་སུ་བཙུགས་པའི་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲ་སྒྲིག་ཚོགས་པའི་ཚོགས་མིའི་ཐུགས་འགན་བཞེས། ལོ་དེར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་དབུ་འཛིན་གཞོན་པའི་ཐུགས་འགན་ཡང་བཞེས་ཏེ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་གྱི་ལས་དོན་གཙོ་གཉེར་མཛད་ཅིང་། རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་རྣམས་ཀྱི་དགོས་མཁོ་སྐོང་བ་དང་། ལྷག་པར་མི་རིགས་རང་ཉིད་ཀྱི་རྩ་བའི་རིག་གནས་ཕུལ་བྱུང་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གཏོང་བ་བཅས་ཀྱི་ཆེད་དུ་བོད་ཀྱི་སྔོན་བྱོན་མཁས་པས་མཛད་པའི་བསྟན་བཅོས་ཁག་ལས་བདམས་བསྒྲིགས་གནང་ནས་གངས་ལྗོངས་ཤེས་རིག་གི་ཉིང་བཅུད། ཅེས་པའི་དཔེ་ཚོགས་འགྲེམས་སྤེལ་བྱ་རྒྱུའི་འཆར་གཞི་བཀོད་གནང་མཛད།
ལོ་དེར་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་རྩོམ་སྒྲིག་ལ་ཞུ་དག་གནང་བའི་ཚུལ་ཅུང་ཟད་ཞུ་བ་ལ། དེ་ཡང་ཚིག་མཛོད་དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་སྐབས་མི་རིགས་དཔེ་སྐྲུན་ཁང་གིས་སྐབས་དེའི་བོད་ཡིག་ཡིག་སྒྱུར་གྱི་དགོས་མཁོར་དམིགས་ནས་མེ་འབྲུག་ཕྱི་ལོ་ ༡༩༧༦ ལོར་རྩོམ་སྒྲིག་པར་སྐྲུན་བྱས་པའི་ཚིག་མཛོད་ཅིག་ཡིན་ཅིང་། ཐོག་མའི་དེབ་ཀྱི་མིང་ཡང་རྒྱ་བོད་ཤན་སྦྱར་གྱི་ཚིག་ཚོགས་ཟེར། ཚིག་མཛོད་དེ་ནི་ལོ་ངོ་དུ་མའི་ནང་མར་ལེའི་གསུང་རྩོམ་དང་། ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་སྲིད་ཇུས་ཡིག་ཆ། དེ་བཞིན་དར་དམར་དུས་དེབ་དང་། དཔེ་དེབ་གཞན་དག་ཁག་གཅིག་ཡིག་སྒྱུར་དཔེ་སྐྲུན་གྱི་ལས་ཀ་དངོས་ནས་གསོག་འཇོག་གནང་བའི་དཔྱད་གཞིའི་རྒྱུ་ཆ་རྣམས་ཕྱོགས་བསྡུས་རྩོམ་བསྒྱུར་དཔར་སྐྲུན་བྱས་པ་ལས་གྲུབ་པའི་འབྲས་བུ་ཞིག་རེད།

(གདན་ས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་གྱི་གཡབ་ངོས་སུ་སྒྲོན་པ།)

དེར་སྤྱི་ཚོགས་ཚན་རིག་གི་ཐ་སྙད་ཁག་གཙོ་བོར་བསྡུས་པའི་ཐོག །བཟོ་ཞིང་ཐོན་སྐྱེད་དང་། ཚན་རིག་ལག་རྩལ་དང་། འཚོ་བའི་སྤྱོད་མཁོའི་མིང་ཚིག །གཏམ་དཔེ་དང་ཁ་རྒྱུན། བརྡ་རྙིང་དང་ནང་ཆོས་ཀྱི་ཐ་སྙད་སོགས་བསྡུས་ནས་ཚིག་ཚོགས་ ༤༨༠༠༠ ཙམ་ལས་གྲུབ་པའི་གླེགས་བམ་ཞིག་རེད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་སྐབས་དེར་ཡོད་ཚད་དོགས་པ་དང་ཡོད་ཚད་མགོ་རྟིང་སློག་པའི་རིག་གནས་གསར་བརྗེའི་ངན་ཤུགས་ཐེབས་ཏེ་བསྒྲུབས་བསྒྲུབས་ཚང་མ་སྔོན་ཐོན་དང་། བཤད་བཤད་ཐམས་ཅད་གསར་བརྗེ་ཞེས་རྙིང་དོར་གསར་སྤེལ་གྱི་མིང་བཟུང་ནས་བོད་སྐད་དང་། བོད་ཡིག་ལ་རྒྱུས་མངའ་ཞན་པའི་མི་སྐོར་ཞིག་བསྡུས་པའི་ཁྲོད་མི་ངན་འགའ་ཞིག་འུར་ལངས་ཤིང་། བློ་ཆུང་ཁ་ཤས་མགོ་བོ་རྨོངས་ཐོག་བོད་ཡིག་ནི་རྗེས་ལུས་དང་། རྙོག་རྫོབ་ཆེ་བས་གསར་བཅོས་སམ་སླ་བཅོས་སུ་གཏོང་དགོས་ཞེས་རྣམ་དབྱེ་དང་ཚིག་ཕྲད་གང་འདོད་དུ་དོར་ཞིང་ཕྱིས་པར་མ་ཟད། སྒྲ་མཚུངས་དང་བརྗོད་བདེ་འདྲེན་པའི་ཁྱད་ཆོས་རྣམས་རྩ་བ་ནས་བཅོས་ཏེ། ཅི་འདོད་གང་འདོད་དུ་སྦྱོར་ཞིང་འབྲི་ཆོག་ཅེས་དོན་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་བའི་གཞུང་གི་གཏན་འབེབས་ཀྱི་འགྲོ་ལུགས་དོར་ཏེ་བོད་མི་ཐུན་མོང་གི་སྤྱི་སྐད་ཉམས་དམས་སུ་གཏོང་བའི་མ་རུངས་ཁོག་བཅུག་གི་བྱ་ངན་བརྩམས་པ་ལྟར། སྐབས་དེའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་རྩོམ་སྒྲིག་ལའང་ངན་ཤུགས་གང་འཚམ་ཐེབས་ཡོད་སྟབས། མེ་ཡོས་ཕྱི་ལོ་ ༡༩༨༧ ལོར་ལྗོངས་ཞིང་ལྔའི་མཉམ་སྡེབ་ཐོག་སྒྲིག་བསྒྱུར་བྱས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་པེ་ཅིང་དུ་ཞིབ་བཤེར་བཟོ་བཅོས་བྱེད་འགོ་ཚུགས་ཤིང་། མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་ཀྱང་གདན་ཞུས་ལྟར་ལས་གཞི་དེར་ཞུགས་པ་དང་། ཚིག་ཕྲེང་ཁག་གཅིག་ཞིབ་བཟོ་དང་ཞུ་དག་གི་ཐུགས་འགན་བཞེས། འོན་ཀྱང་སྐབས་དེར་ཁོང་གི་བད་ཀན་སྙུན་གཞི་ཚབས་ཆེ་ལ། ཞལ་ལག་ཀྱང་མཆོད་དཀའ་བས། ལས་རོགས་ཚང་མས་ཁོང་ལ་ལས་ཁུངས་སུ་ཕེབས་མི་དགོས་པར་གཟིམ་ཁང་དུ་ཕྱག་ལས་གནང་ན་ཆོག་ཅེས་ཞུས་ཀྱང་། ཁོང་གིས་ལས་ཀ་འདི་ནི་མཉམ་སྡེབ་ཀྱི་རྣམ་གྲངས་ཆེན་པོ་ཞིག་ཡིན་ལ། ཚིག་མཛོད་ཀྱི་སྒྲིག་སྒྱུར་ནི་ཧ་ཅང་གལ་འགངས་ཆེ་ཞིང་། དེ་ནི་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་བའི་བྱ་གཞག་དང་འབྲེལ་བ་ཟབ་པས་ཁེར་རྐྱང་དུ་གནད་དོན་རེ་འགའ་ཐག་གཅོད་བྱེད་མི་བདེ་བས། ཚང་མ་མཉམ་དུ་ལས་ཀར་ཞུགས་ན་ཕན་ཐོགས་ཆེ་ཞེས་སྔ་ལང་ཕྱི་ཉལ་གྱིས་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་གནང་བ་ལགས།
གཞན་ཡང་ཁོང་གིས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་གཙོ་བོའི་གྲས་རྒྱལ་བའི་བཀའ་བསྟན་དཔེ་བསྡུར་གྱི་སྒོ་ནས་དཔར་འགྲེམས་བྱ་རྒྱུ་དང་། གོང་ཞུས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་སློབ་གླིང་གི་ཆེད་བསྒྲིགས་སློབ་དེབ་གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་པའི་དཔེ་ཚོགས་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཆེད་བསྒྲིགས་སློབ་དེབ་གངས་ལྗོངས་ཤེས་རིག་ཉིན་བྱེད་མདུན་བསུས་སྐྱ་རེངས་དང་པོ། ཞེས་པའི་དཔེ་ཚོགས་སོགས་དཔར་སྐྲུན་བྱ་རྒྱུའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་ཡོད། མདོར་ན། མཁས་དབང་མཆོག་གི་སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཆོས་རིག་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་ཡོང་བའི་བྱ་བ་ཁོ་ནས་དུས་འདའ་བར་མཛད།
(ཕྱི་ལོ་ ༡༩༨༥ ཙམ་ལ་མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་དང་། བཀྲས་ལྷུན་དཀའ་ཆེན་རྡོ་རྗེ་རྒྱལ་མཚན་མཆོག །མཁན་པོ་འཇིགས་མེད་ཕུན་ཚོགས། ཁྲོ་རུ་ཚེ་རྣམ། འཇམ་དཔལ་རྒྱ་མཚོ། ཧོར་ཁང་བསོད་ནམས་དཔལ་འབར། དུང་དཀར་རིན་པོ་ཆེ། ཡངས་གླིང་རྡོ་རྗེ། འཇམ་དབྱངས་བློ་གྲོས། ཨ་ལགས་ཡང་རྒྱ། ཨ་ལགས་དོར་ཞི། ཨ་ལགས་ནགས་ཚང་། བཀྲ་ཤིས་ཚེ་རིང་། བླ་བྲང་དགེ་འདུན་རྒྱ་མཚོ་དང་། བླ་བྲང་ལྷུན་གྲུབ་རྒྱ་མཚོ། མི་ཉག་མགོན་པོ། པ་རིས་སངས་རྒྱས་སོགས་བོད་རྒྱའི་མཁས་དབང་ལྷན་བཞུགས།)

༤) སྐུ་གཟུགས་མི་བདེ་བ་དང་སྐུ་ཚེའི་འཕེན་པ་རྫོགས་ཚུལ་བརྗོད་པ།

ས་སྦྲུལ་ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་དང་པོར་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་ལྷན་དུ་གཙང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཆོད་ཁང་ཤར་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་སྒོར་བཅར་བ་དང་། སྐབས་དེར་སྐུ་གཟུགས་ཅུང་མི་བདེ་བས་གདན་ས་བཀྲ་ཤིས་ལྷུན་པོ་ནས་སྐྱབས་རྗེ་ཁྲུང་སྤྲུལ་རིན་པོ་ཆེ་བློ་བཟང་དོན་ཡོད་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་པོ་དགེ་སློང་ཉི་མ་རྒྱལ་པོ་ལགས་སོགས་བླ་སྤྲུལ་དགེ་བཤེས་ལས་གྲུབ་པའི་དགེ་འདུན་བཞི་གྲྭ་གཅིག་གཏོང་གནང་གིས་གཞིས་རྩེ་ཞོལ་དུ་གྲ་སྒྲིག་ཞུས་པའི་གཟིམ་ཆུང་དུ་སྨན་བླ་མདོ་ཆོག་སོགས་ཞབས་རིམ་བསྒྲུབས།
མཆོད་ཁང་ཤར་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་སྒོ་ལེགས་གྲུབ་ཟིན་རྗེས་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་ཟླ་བ་ ༡ ཚེས་ ༢༧ ཉིན་ལྷ་སར་ཕེབས་ཤིང་། སེ་ར་དགོན་པའི་ཉེ་འགྲམ་གྱི་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་མཛད་ནས་བཞུགས། དེའི་ཕྱི་ཉིན་ཏེ་ཚེས་ ༢༨ ཉིན་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་གློ་བུར་དུ་ཞིང་བརྗེས། འོན་ཀྱང་སྐབས་དེར་གོང་རིམ་ནས་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐོར་སྐུའི་དྲུང་ཡིག་རྡོ་རྗེ་རྒྱལ་པོ་མཆོག་ལ་གསང་བ་བྱེད་དགོས་ཚུལ་གྱི་བཀའ་ཕབ་པ་བཞིན་ཕྱི་ནང་སུས་ཀྱང་དེའི་སྐོར་ཞུ་མཁན་མ་བྱུང་ཞིང་། རྡོ་རྗེ་རྒྱལ་པོ་ལགས་རྒྱ་ནག་ཏུ་མ་ཕེབས་ཙམ་ལ་གཞི་ནས་༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པ་མཁྱེན་པས་ཐུགས་མྱ་ངན་གྱིས་ནོན་ཞིང་། སྐུ་རླུང་ཞུགས་པས་སྐུ་གཟུགས་ཉིན་རེ་ནས་ཉིན་རེར་ཇེ་ཞན་ཇེ་སྡུག་ཏུ་གྱུར།
དེ་རྗེས་རྒྱ་ནག་ཏུ་ཕེབས་ཀྱང་སྐུ་གཟུགས་མི་བདེ་བ་དང་། དྲན་པ་མི་གསལ་བས། སྨན་བཅོས་ཇི་ལྟར་བྱས་ཀྱང་ཕན་འབྲས་མ་ཐོན་པས་མཐར་གོང་རིམ་ནས་གནས་སྐབས་རིང་ལྷ་སར་སྨན་བཅོས་གནང་བར་ཕེབས་དགོས་ཚུལ་དང་། སྙུན་གཞི་དྲག་སྐྱེད་བྱུང་མཚམས་སླར་ཡང་རྒྱ་ནག་ཏུ་ཕེབས་རྒྱུའི་བཀའ་བཀོད་གནང་། དེ་ལྟར་ལྷ་སར་ཕེབས་རྒྱུ་ཐུགས་གཏན་འཁེལ་བས་རྡོ་རྗེ་རྒྱལ་པོ་མཆོག་གིས་རང་གི་སྐུ་ཟླ་ཚེ་རིང་གཡུ་སྒྲོན་ལགས་སུ། ངའི་དཔེ་ཆ་ཚང་མ་ཁྱེར་ཤོག་གསུངས་པར། སྐུ་ཟླས་གནམ་གྲུའི་ནང་ཅ་ལག་མང་པོ་འཁྱེར་མི་ཐུབ་ཚུལ་ཞུས་པས། ངའི་དཔེ་ཆ་རྣམས་མ་འཁྱེར་ན་ང་ཡང་མི་འགྲོ་ཞེས་གསུངས་པས་མཐར་པེ་ཅིང་དུ་ཡོད་པའི་སྐུ་ཆས་རྣམས་དང་། ལྷག་པར་ཕྱག་དཔེའི་རིགས་གཅིག་ཀྱང་མ་ལུས་པར་བསྣམས་ནས་ལྷ་སར་ཕེབས།

(གཙང་གི་གདན་ས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སོགས་ལྷན་སྒྲོན།)

ཐོག་མར་ལྷ་ས་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཁུངས་སུ་བསྒྱུར་བ་དང་། ཕྱག་ལས་ཀྱི་འཕྲོ་རྣམས་ང་ཕོད་ངག་དབང་འཇིགས་ལགས་སུ་རྩིས་འབུལ་ཞུས་ཤིང་། ལས་ཁུངས་ཀྱང་བོད་ལྗོངས་ལྷ་ས་ཆབ་སྲིད་གྲོས་ཚོགས་ཀྱི་ཁུངས་སུ་བསྒྱུར། ལྷ་སར་ཕེབས་རྗེས་ཁོང་གིས་ཐུགས་རེ་བཞིན་བོད་ལྗོངས་སྨན་རྩིས་ཁང་དུ་སྨན་བཅོས་མཛད་ནས་བཞུགས། སྨན་བཅོས་མཛད་རིང་སྙུང་ཟུག་སོགས་མེད་ཀྱང་། དྲན་པ་མི་བརྟན་པའམ་ཐུགས་སེམས་འཆོལ་བའི་སྣང་ཚུལ་རྒྱུན་དུ་ཐོན་ནའང་བོད་ལྗོངས་སློབ་ཆེན་དང་། ས་སྐྱ་སོགས་ནས་བོད་ཀྱི་བརྡ་སྤྲོད་ཀྱི་སྐོར་ལ་བཀའ་འདྲི་ཞུ་མཁན་མི་ཉུང་བ་ཡོད་པ་དེ་དག་དང་བཀའ་མོལ་གནང་སྐབས་སྐུ་གཟུགས་མི་བདེ་བའི་སྣང་བ་ཅི་ཡང་མེད་པ་སྐབས་དེའི་སྨན་པ་དང་སྨན་གཡོག་ཚང་མས་ཤེས་གསལ་ཡིན།
སྨན་རྩིས་ཁང་དུ་ལོ་གཉིས་ཙམ་སྨན་བཅོས་མཛད་ཀྱང་དྲག་སྐྱེད་མ་བྱུང་ཞིང་། བོད་ཀྱི་ལོ་གསར་ཤར་ལ་ཉེ་བའི་ཉིན་ཞིག་དེ་གའི་ཆེད་ལས་སྨན་པས། ད་ནི་ཉིན་གྲངས་བཞི་ཙམ་ལས་མི་འཁྱོལ་བས་གཟིམ་ཁང་དུ་གདན་འདྲེན་ཞུས་ན་ལེགས། ཞེས་གསུངས་པ་བཞིན་ཆུ་སྤྲེལ་ཕྱི་ལོ་ ༡༩༩༢ ལོའི་ཟླ་བ་ ༡ ཚེས་ ༣༡ ཉིན་སྨན་རྩིས་ཁང་ནས་ཐོན་ཏེ་གཟིམ་ཁང་དུ་སྤོས། ཉིན་དེར་བོད་ལྗོངས་མི་དམངས་སྨན་ཁང་གི་སྨན་པ་དང་། ལས་དོན་མི་སྣ་ཡོང་ནས་རྡོ་རྗེ་རྒྱལ་པོ་ཁོང་གི་སྙིང་ཡག་པོ་ཡོད་ཚུལ་དང་། ནད་གཞི་ལྕི་པོ་མི་འདུག་པས་ང་ཚོས་སྨན་བཅོས་བྱས་ན་གཏན་གཏན་དྲག་སྐྱེད་ཡོང་ཐུབ་ཅེས་བརྗོད་ནས་མི་དམངས་སྨན་ཁང་དུ་བཙན་གྱིས་བསུས་ཤིང་། ཛ་དྲག་གིས་སྨན་བཅོས་བྱས།

(འབྲས་སྤུངས་སུ་ཆིབས་བསྒྱུར་སྐབས། རྡོ་རྗེ་རྒྱལ་པོ་ལགས་ཀྱང་ལྷན་བཅར།)

རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ལོའི་ཟླ་བ་ ༡༢ ཚེས་ ༣༠ དང་། ཆུ་སྤྲེལ་ཕྱི་ལོ་ ༡༩༩༢ ལོའི་ཟླ་བ་ ༢ ཚེས་ ༣ ཉིན་གྱི་དགོང་མོ་ས་མ་རུབ་ཙམ་ལ་མི་དམངས་སྨན་ཁང་དུ་སྐུ་གཤེགས། དེ་ནས་སྐུ་ཕུང་གཟིམ་ཁང་དུ་གདན་དྲངས་པ་དང་། དམ་པ་གང་གི་བཀའ་མངགས་གནང་དོན་ལྟར་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་དགེ་འདུན་པ་གདན་འདྲེན་ཞུས་ཏེ་གཤིན་པོའི་ཆོ་ག་དང་། སྨོན་ལམ། མཆོད་འབུལ་སོགས་རྗེས་འཇུག་གི་ཞུ་སྒོ་ཁག་སྔར་སྲོལ་བཞིན་ཞུས་པ་བཅས་དམ་པ་ཁོང་གིས་མཛད་པ་བསམ་གྱིས་མི་ཁྱབ་པ་དང་། ཡོན་ཏན་རྨད་དུ་བྱུང་ཞིང་བརྗོད་ཀྱིས་མི་ལང་བ་མང་དུ་མངའ་བ་ལས་རང་བློས་ཅི་ལྕོགས་ཤིག་ཡིག་ལམ་དུ་ཕབ་པ་རྫོགས་སོ།།

༥) ལྔ་པ་ཞར་བྱུང་དམ་པ་ཁོང་གི་མཛད་པ་འདི་ཉིད་འགོད་པའི་རྐྱེན་ནམ་དགོས་པ་ཅུང་ཟད་བརྗོད་པ།

རང་ཉིད་ཆུང་བྱིས་པའི་དུས་ནས་མཁས་དབང་ཁོང་ལ་དད་གུས་མི་དམན་པ་ཡོད་པས། ཁོང་གི་མཛད་རྗེས་དག་རྫུན་གྱིས་མ་བསླད་པ་ཞིག་ཡིག་ཐོག་ཏུ་འགོད་རྒྱུའི་འདུན་པ་སྔར་ནས་ཡོད་ཀྱང་། རྣམ་གཡེང་དང་ལེ་ལོའི་དབང་གིས་ད་བར་ནར་འགྱངས་སུ་ལུས། དེ་ཡང་ཤིང་བྱི་ཕྱི་ལོ་ ༡༩༨༤ ལོ་སྟེ་ཕྲན་རང་ལོ་བཅུ་གསུམ་ཐོག་སློབ་ཆུང་ལོ་རིམ་གསུམ་པར་བསྐྱོད་བཞིན་པའི་སྐབས་ཡིན། ལོ་དེའི་ཡིག་ཚད་སྐབས་རང་ཉིད་ཀྱིས་བོད་ཡིག་རྒྱུགས་ཚད་ཨང་དང་པོ་བླངས་པས། ང་ཚོའི་འཛིན་གྲྭའི་འཛིན་བདག་དང་། བོད་ཡིག་དགེ་རྒན་གྱི་ཐུགས་འགན་བཞེས་བཞིན་པའི་རྒན་བཀྲ་ཤིས་དར་རྒྱས་ལགས་ཀྱིས་གུས་པར་མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་གིས་ལྗགས་རྩོམ་གནང་བའི་སུམ་རྟགས་ཀྱི་དཔེར་བརྗོད་རང་བློའི་རྩི་བཅུད་ཅེས་པའི་དེབ་ཆུང་ཞིག་སྐྱེས་སུ་སྩལ་ཅིང་། དེབ་འདིའི་རྩོམ་པ་པོ་གང་དེ་ང་ཚོའི་ཕ་ཡུལ་ནས་རེད། ཅེས་སྤོབས་ཉམས་ཆེན་པོས་མཚམས་སྦྱོར་མདོར་བསྡུས་ཤིག་ཀྱང་གནང་བྱུང་བས། སེམས་ནང་དགའ་ཚོར་མི་ཟད་པ་ཞིག་སྐྱེས་བྱུང་།
སློབ་ཚན་གྲོལ་རྗེས་དགའ་སྤྲོའི་ངང་ཁྱིམ་དུ་ལོག་སྟེ། ཨ་མ་ལགས་མཇལ་མ་ཐག་དེབ་ཆུང་དེ་ཉིད་ཕྱག་ཏུ་ཕུལ་ནས། འདི་རྒན་ལགས་ཀྱིས་གནང་བའི་བྱ་དགའ་རེད་ཅེས་དང་། དེབ་འདིའི་རྩོམ་པ་པོ་ང་ཚོའི་ལུང་པའི་མི་ཡིན་ཚུལ་སོགས་རྒན་ལགས་ཀྱིས་གསུངས་པ་ཇི་བཞིན་མ་ལུས་པར་ཞུས། བསམ་ཡུལ་ལས་འདས་པར་མཁས་དབང་ཁོང་ནི་ཨ་མ་ལགས་ཀྱི་གཅེན་པོ་སྟེ། ཨ་ནེ་ལྷག་སྒྲོན་ལགས་ཀྱི་སྲས་དང་། གུས་པའི་ཨ་ཞང་ལགས་རེད་འདུག་པས་དེ་བས་དགའ་ཚོར་སྐྱེས་ཤིང་། དེབ་ཆུང་དེ་ཉིད་ཡང་ནས་ཡང་དུ་ཀློག་པས་མི་རིང་བར་བློ་ལ་ངེས།
དེའི་རྗེས་སུ་བྱང་པ་བསམ་གྲུབ་དགའ་ལྡན་གྱི་སློབ་དཔོན་ཡིད་སྨོན་པ་དང་། དེ་བཞིན་སྨན་རམས་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་ལགས་སོགས་ཀྱི་ཞལ་ནས་དམ་པ་གང་དེའི་སྐུ་ཚེའི་ལོ་རྒྱུས་ཐོར་རེ་བ་ཐོས་ཤིང་། ཨ་མ་ལགས་དམ་པ་ངག་དབང་ཆོས་དབྱིངས་གང་དེར་ཡང་ཨ་ཞང་ལགས་ཀྱི་ལོ་རྒྱུས་སྐོར་གསུངས་རོགས་ཞེས་ཡང་ནས་ཡང་དུ་ཞུས། གཞན་ཡང་ངེད་ཚང་དང་ཐུགས་འདྲིས་ཟབ་པའི་སྨན་པ་རྒྱ་མཚོ་ལགས་ལ་སོགས་པ་ཆ་འཇོག་ཡོད་པའི་རྒན་རབས་མི་ཉུང་བའི་ཞལ་ནས་ཀྱང་དཔྱད་གཞིར་འོས་པའི་གསུང་རྒྱུན་འདྲ་མིན་ཐོས་པར་མ་ཟད། སྐྱབས་རྗེ་ཁྲུང་སྤྲུལ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་དོན་ཡོད་མཆོག་གི་ཞལ་སྔ་ནས་ཀྱང་རྡོ་རྗེ་རྒྱལ་པོ་ལགས་དང་བཤེས་གཉེན་གཅིག་གི་སློབ་མ་མཛད་ཚུལ་སོགས་རིན་ཐང་ཅན་གྱི་ཞལ་གསུང་ལོ་རྒྱུས་མི་ཉུང་བ་ཞིག་ཀྱང་ཐོས།
ད་དུང་མཁས་དབང་ཁོང་གིས་བརྩམས་གནང་བའི་སུམ་རྟགས་དང་། སྙན་ངག་སོགས་ཀྱི་དཔེ་དེབ་རྣམས་རེ་རེ་བཞིན་ལག་ཏུ་སོན་པར་མ་ཟད། དེ་དག་གི་མགོ་མཇུག་ཏུ་མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་གི་ལོ་རྒྱུས་སམ་མཚམས་སྦྱོར་མདོར་བསྡུས་རེ་མཆིས་ཀྱང་། དེ་དག་གཅིག་ནས་རྒྱས་པོ་མེད་པ་དང་། གཉིས་ནས་འཁྲུངས་ཡུལ་གྱི་ལོ་རྒྱུས་སོགས་ངག་ཐོས་དང་རྩ་བ་ནས་མི་འདྲ་བས། རང་ཉིད་ཀྱིས་མཐོང་ཐོས་བྱུང་བའི་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་འགོད་རྒྱུའི་འདུན་པ་ཞིག་ངང་གིས་ཤར། ཡིན་ན་ཡང་ས་སྦྲུལ་ཕྱི་ལོ་ ༡༩༨༩ ལོ་སྟེ། ཁ་བ་ཅན་གྱི་ཆོས་རིག་དཔལ་གསུམ་ཡར་ཟླར་འགྲན་པའི་དུས་སྐབས་བཟང་པོ་དེའི་སྐབས་མི་འདོད་ལས་དབང་བཙན་པོས་གངས་ལྗོངས་དེད་དཔོན་ཆེན་པོ་༧སྐྱབས་གཅིག་སྣང་བ་མཐའ་ཡས་མི་ཡི་རྣམ་རོལ་གང་དེ་གློ་བུར་ཞིང་གཞན་དུ་གཤེགས་པ་དང་། ཡང་དེའི་རྗེས་སུ་གངས་ལྗོངས་ཀྱི་ཤེས་རིག་སྤྱི་དང་། བརྡ་སྤྲོད་རིག་པར་བྱས་པ་བླ་ལྷག་ཏུ་ཆེ་བའི་སྐྱེས་བུ་དམ་པ་ཞུས་ཆེན་རྡོ་རྗེ་རྒྱལ་པོ་མཆོག་ཀྱང་འཇིག་རྟེན་འདི་ནས་ཞལ་གྱེས། དེ་ལྟར་སྐྱིད་པོ་ཉིས་བརྩེགས་མེད་པར་སྡུག་པོ་སུམ་བརྩེགས་ཟེར་བའི་དཔེ་ལྟར་བྱམས་བརྩེ་བཀའ་དྲིན་གཞལ་བར་དཀའ་བའི་བདག་གི་ཡབ་ཡུམ་ཟུང་ཡང་ལོ་མང་རིང་སྙུན་གཞི་ལྕི་བར་ཕོག་པ་དང་། དེ་རྗེས་རིམ་པར་སྐུ་ཚེ་མ་ཟིན་པ་སོགས་སྐྱི་གཡའ་བའི་དུས་ཚོད་དེ་དག་ནང་བདག་ཉིད་ནི་སེམས་རྣལ་དུ་མ་བབས་པའི་ལོ་ཟླ་འབའ་ཞིག་གི་ངང་དུ་འདས་པས། རྩོམ་མམ་ཡི་གེ་བྲིས་ནས་བསྡད་རྒྱུའི་བསམ་པ་དང་གོ་སྐབས་མེད་པས། སྔར་གྱི་བསམ་འདུན་དག་ཀྱང་ལག་ལེན་དུ་མ་འཁྱོལ།
ཆུ་ལུག་ཕྱི་ལོ་ ༢༠༠༣ ལོར་ལྟོ་གོས་ཀྱི་ཆེད་དུ་དཔལ་ལྡན་ས་སྐྱར་སླེབས་ཤིང་། གནས་དེར་ལོ་ངོ་བདུན་ལྷག་ཙམ་རིང་ཟ་ཁང་གཉེར་ནས་སྡོད་རིང་ཡུལ་དེའི་རྒན་རབས་དང་། ལྷག་པར་རྡོར་གདན་གཉིས་པ་དཔལ་ལྡན་ས་སྐྱ་དགོན་གྱི་དགེ་འདུན་པ་མི་ཉུང་བ་ཞིག་ལ་དཔལ་ས་སྐྱའི་ཉམས་བཟོའི་ཨར་ལས་འཛུགས་སྐྲུན་གྱི་སྐོར་དང་། ལྕང་དཔྱོད་རྡོ་རྗེ་རྒྱལ་པོ་མཆོག་གི་སྐོར་བཀའ་འདྲི་ཞུས་ཀྱང་ཕལ་མོ་ཆེར་གསུང་རྒྱུ་མི་འདུག་ཅིང་། རེ་གཉིས་ཀྱིས་གསུངས་པ་དེ་ཡང་ཡོངས་གྲགས་ཀྱི་ལྕང་དཔྱོད་དཔོན་གནང་བ་དང་། ས་སྐྱའི་ལྷ་ཁང་ཆེན་མོའི་ཀ་གདུང་སོགས་ཉན་པའི་ཤིང་ཆ་གཞུང་སྒེར་སུ་ལ་ཡོད་རུང་ལྕང་དཔྱོད་རྡོ་རྗེ་རྒྱལ་པོས་ལྕང་ཐམ་ཕོག་ན་མ་ཕུལ་རང་ཕུལ་རེད་ཟེར་བ་ལྟ་བུ་སྐབས་དེ་དུས་ཀྱི་མཚན་སྙན་གྲགས་ལ་གཞིགས་ནས་དེ་བསྟུན་གྱི་ལན་འདྲ་མཛད་ཀྱི་འདུག།
དེ་རྗེས་གུས་ཀྱི་གོམས་སྟབས་འགྱུར་ནས་དཔལ་ལྡན་ས་སྐྱ་དགོན་གྱི་ལྷ་ཁང་ཁག་དང་། དེ་བཞིན་ལྕགས་རིའི་སྒང་གི་ལྕོག་དང་སྤེའུ་རྣམས་རེ་རེ་བཞིན་ཞིབ་མཇལ་ཞུས་པ་དང་། ཡང་སྒོས་ཉམས་བཟོའི་སྐབས་གསར་དུ་བཞེངས་པར་གྲགས་པའི་སྒོ་སྤེ་རྣམས་མཇལ་བར་བསྐྱོད། འོན་ཀྱང་སྒོ་སྤེ་ནི་རིག་གསར་སྐབས་སུ་ཉམས་ཆག་བྱུང་བ་ཉམས་གསོ་མ་གྲུབ་པར་ལུས་འདུག་ལ། རྗེས་སུ་ཉམས་གསོ་ཞུས་ནས་འོད་གསལ་ལྷ་དང་དྲི་མེད་འཁོན་གྱི་ལྷ་ཁང་མཇལ་དུ་རུང་བ་ཞིག་གསར་བཞེངས་མཛད་སོང་ཡང་། དེ་ཉིད་ཐོག་མར་གསར་བཞེངས་གནང་མཁན་སྐོར་གྱི་ལོ་རྒྱུས་མཚོན་པའི་རི་མོ་སོགས་གང་ཡང་མ་མཇལ། འོན་ཀྱང་དཔལ་ས་སྐྱའི་དངུལ་གདུང་ལྷ་ཁང་གི་གཟིམ་སྒོའི་ཐོད་ཀྱི་ནག་ཁུང་དུ་ལྡེབས་རིས་རྙིང་པ་ཞིག་འདུག་པ་དེར་དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་ཉམས་བཟོའི་ཨར་སྐྲུན་འགན་འཁུར་བའི་མཚན་དང་འདྲ་གཟུགས་མི་ཉུང་བ་ཞིག་བཀོད་འདུག་པའི་ནང་དབང་ཤུགས་ཆེ་བའི་ཛ་སག་སྤོམ་མདའ་ཚང་སོགས་ཀྱི་མཚན་དང་འདྲ་རིས་འཁོད་པ་ལས། ལྷ་ཁང་ཉམས་གསོར་ནུས་ཤུགས་འདོན་མཁན་གྱི་རྡོ་རྗེ་རྒྱལ་པོའི་མཚན་ཟུར་ཙམ་ཡང་བཀོད་མི་འདུག་པས་ཡིད་བློང་བློང་པོར་གྱུར།
ཆུ་སྦྲུལ་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཡོངས་སུ་སྐད་འཕྲིན་ཟེར་བའི་ཁ་པར་མཉེན་ཆས་དར་འཕེལ་བྱུང་བས། བོད་ཀྱི་ཆོས་སྲིད་རིག་གསུམ་གྱི་ཆ་འཕྲིན་དང་། ༧སྐྱབས་མགོན་ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པས་དབུས་རླབས་ཆེན་མི་སྣ་དག་གི་མཛད་འཕྲིན་སོགས་མིག་ལམ་དུ་མངོན་པས་སེམས་ནང་སྔར་མེད་ཀྱི་དགའ་ཚོར་སྐྱེས། དེ་རྗེས་མེ་སྤྲེལ་ཕྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༢༢ ཉིན་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཅེས་པ་དྲ་ལམ་ནས་ཤར་གཏོང་བྱས་ཤིང་། བོད་ཀྱི་གསར་འགྱུར་དང་། རིག་མཛོད། ལོ་རྒྱུས་སོགས་འཚོལ་རྒྱུར་སྟབས་བདེ་སྐྲུན། རང་ཉིད་ནས་ཀྱང་མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་གི་སྐུ་ཚེའི་མཛད་པའི་སྐོར་ལ་འཚོལ་ཞིབ་བྱས་པས་ཁམས་པའི་དྲ་བ་དང་། དུང་དཀར་ཚིག་མཛོད་དང་འབྲེལ་བའི་ལོ་རྒྱུས་རེ་གཉིས་རིག་ཀྱང་འཁྲུངས་གཞིས་ཀྱི་སྐོར་དང་། ཐ་ན་སྐུ་གཤེགས་པའི་ཚེས་གྲངས་ཀྱང་ནོར་ནས་བཀོད་འདུག །འོན་ཀྱང་མཁས་དབང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཚད་དང་ལྡན་པ་ཞིག་གཞན་ནས་རག་དཀའ་བར་མཐོང་ཞིང་། བརྗེད་དུ་ཕངས་པའི་ངག་ཐོག་ལོ་རྒྱུས་དག་ཀྱང་བརྗེད་ངད་ཀྱི་རྐུན་པོས་འཁྱེར་བར་དོགས་ནས་དམ་པ་ཁོང་གིས་ཡོངས་གྲགས་ཀྱི་མཛད་པ་ཡིག་ལམ་དུ་འཁོད་པ་དག་གིས་རྨང་གཏིང་། ངག་ཐོས་ལོ་རྒྱུས་ཆ་འཇོག་འོས་པ་རྣམས་ཀྱིས་ཁ་བརྒྱན་ནས་ཟིན་བྲིས་རོབ་ཙམ་ཕབ།

(མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་ཀྱི་ཕྱག་བྲིས་ཕྱག་བསྟར་མ།)

དེ་རྗེས་ཁོང་ཉིད་ཀྱིས་བརྩམས་གནང་བའི་སུམ་རྟགས་དང་། སྙན་ངག་སོགས་ཀྱི་དཔེ་དེབ་རྣམས་ལ་བསྐྱར་བལྟ་དང་། ཁོང་གི་མཛད་པ་དང་འབྲེལ་ཡོད་ཀྱི་དཔེ་དེབ་ལག་ཏུ་སོན་རིགས་ལ་དཔྱད་པ་བྱས། དེ་བཞིན་ལོ་རྒྱུས་ཆེད་ལས་པ་གྲོགས་སྟོབས་ལགས་དང་། རྒན་ཉི་མ་དོན་ལགས། རིག་གནས་ལ་དུང་བའི་ཚ་མོ་བློ་བཟང་བྱང་ཆུབ། གྲོགས་ཀུན་དགའ་ལགས། ཕ་ཡུལ་གཅིག་པ་བསྟན་འཛིན་དབང་པོ་སོགས་མཁྱེན་དཔྱོད་ཡངས་པའི་གྲོགས་པོ་རྣམས་ལ་བགྲོ་གླེང་གི་ཚུལ་དང་། གཞན་ཡང་དམ་པ་ཁོང་དང་གཤིབ་ཡུན་རིང་བའི་གཅེན་མོ་བློ་བཟང་པདྨ་ལགས་དང་། གཅེན་མོ་བློ་བཟང་ཚེ་རིང་ལགས་སོགས་པར་བཀའ་འདྲིའི་ཚུལ་དང་། ལྷག་པར་དུ་དམ་པ་ཁོང་ལ་ཞབས་ཕྱི་ཡུན་རིང་ཞུ་མྱོང་བའི་གཅེན་མོ་གཡུ་སྒྲོན་ལགས་དང་། གཅེན་མོ་བསྟན་འཛིན་སྐྱིད་ལགས་ཀྱི་དྲུང་དུ་ཐེངས་གཉིས་ཆེད་དུ་བཅར་ནས་བཀའ་འདྲི་ཞུས་ཤིང་། ཡང་སྒོས་གཅེན་མོ་བསྟན་འཛིན་སྐྱིད་ལགས་ནི། དམ་པ་གང་གི་སྙུང་གཡོག་ཞུ་མཁན་གཙོ་བོ་སྟེ་ལྷ་སར་སྨན་ཁང་དུ་བཞུགས་པ་ནས་དགོངས་པ་རྫོགས་ནས་སྐུ་མཆོད་མ་གྲུབ་བར་བཞུགས་པས། དགོངས་པ་རྫོགས་སྐབས་ཀྱི་ཟླ་དུས་ཚེས་གྲངས་དང་བཅས་པ་གསལ་ལེར་གསུངས་པ་བཞིན་ཟིན་བྲིས་སུ་ཕབ་ནས་ཕྱོགས་ཡོངས་ནས་དག་བཤེར་དང་། སྣོན་འཕྲི་ཞུ་འོས་ལ་སྣོན་འཕྲི་ཞུས་ཏེ་དྲན་དབང་རྡོ་རྗེ་རྒྱལ་པོའི་སྐུ་ཚེའི་མཛད་པ་དང་འབྲེལ་བའི་གཏམ་རྒྱུད་ནོར་བུའི་དོ་ཤལ་ཞེས་བྱ་བ་འདི་ཉིད་བོད་ས་ཁྱི་ལོའི་ཟླ་ཚེས་བཟང་པོར་དམ་པ་གང་གི་ཚ་བོ་ངམ་རིང་བ་བསྟན་འཛིན་རྡོ་རྗེས་བཏུས་ཏེ་བསྒྲིགས་པ་དགེ་ལེགས་འཕེལ།། །།
དུས་རབས་གཅིག་ལ་མཁས་པའི་གོ་འཕང་ཟིན། །
རབ་དང་རིམ་པའི་བྱས་རྗེས་སྙན་གྲགས་མཐོ། །
སྣང་མཐའི་བཀའ་དྲུང་བསོད་ནམས་ལྷག་ཏུ་ཆེ། །
སྐྱེས་མཆོག་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ། །

བོད་བསྟན་རིག་པ་དུས་ཀྱིས་ཉམས་པའི་ཚེ། །
གསོ་ཕྱིར་ངག་གི་རྡོ་རྗེའི་རྒྱལ་པོ་གང་། །
ས་ལའི་རྒྱན་དུ་བལྟམས་པ་ཨེ་མའོ་མཚར། །
ཡང་དར་བསྟན་ལ་རིག་པའི་སྙེ་མ་རྒྱས། །

ལོ་རབས་བརྒྱད་ཅུའི་མཁས་པའི་གྲལ་དབུས་ན། །
ལོ་རྒན་བརྒྱད་ཅུ་མཁས་པའི་གཟི་ཉམས་ཅན། །
ལོ་རྒྱུས་ཕྲེང་བ་ཟིན་བྲིས་འདེབས་པ་པོའི། །
ལོ་རྒྱུས་ངག་གི་བརྒྱུད་ཅན་འདི་བྱས་སོ། །

མཁས་དབང་རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས།
སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ།
ཟུར་བཀོལ། དུས་གསུམ་གྱི་དཔེར་བརྗོད་རེའུ་མིག
གངས་ཅན་པའི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དགོངས་དོན་དཔེར་བརྗོད་རང་བློའི་རྩི་བཅུད།
རྟགས་འཇུག་གི་དཀའ་གནད་མདོར་བསྡུས།
སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན།
བོད་ཀྱི་སུམ་རྟགས་ཀྱི་དཀའ་གནད་འགའ་ཞིག་ཞིག་བརྗོད་པ།
སྙན་ངག་གི་རྣམ་བཤད་གསལ་སྒྲོན།
བོད་ཀྱི་ཡིག་སྲོལ་དར་ཚུལ་བརྗོད་པའི་གཏམ་བློ་གསལ་དགའ་སྟོན།
ཡི་དགེ་དག་པོ་ཞིག་ཡོང་བ་བྱེད་བསམ་ན་ཐོག་མར་ཡི་གེ་ཀློག་སྟངས་ཀྱི་སྒྲ་དག་པོ་ཞིག་དགོས།
ཚད་མའི་འབྱུང་ཁུངས།
སྔོག་འདོན་བྱེད་རིན་ཆེ་བའི་བང་མཛོད།
ཡེ་ཤེས་ལྷ་མོ་དང་མགར་བ་སྟོབས་རྒྱལ།

གསུང་རྩོམ་གྱི་ནང་དོན་དང་ཁྱད་ཆོས་སྐོར།
མཁས་དབང་རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱིས་མཚོན་ཁོང་གིས་བོད་ཀྱི་ཤེས་རིག་སྐོར་གྱི་ཕྱག་དེབ་མང་དག་ཅིག་རྩོམ་སྒྲིག་མཛད་དེ་བོད་ཀྱི་ཤེས་རིག་དར་འཕེལ་ཡོང་བར་མཛད་རྗེས་ཆེན་པོ་བཞག་ཡོད།
མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་ནི། བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་བརྡ་སྤྲོད་རིག་པའི་གནས་ཁག་ལ་མིང་ཙམ་མ་ཡིན་པའི་མཁས་པ་ཆེན་པོ་ཞིག་ཡིན་གཤིས། ཁོང་གིས་སྐུ་ཚེ་གང་པོར་ཞུས་དག་གཏན་འབེབས་གནང་བའི་སྒྱུར་ཡིག་དང་། གཞན་གྱི་ཚབ་ཏུ་བྲིས་པའི་ཡིག་ཆ་དང་། འཕྲིན་ཡིག ལྷག་པར་དུ་བརྡ་སྤྲོད་རིག་པ་དང་། སྙན་ངག་སོགས་ཀྱི་སྐོར་ལ་གསུང་རྩོམ་ཇི་སྙེད་ཅིག་གསར་རྩོམ་གནང་ཡོད་པ་ལས། གོང་སྨྲས་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་ཁོང་གི་རྩོམ་ཡིག་མཚོན་བྱེད་སྣེ་གྲངས་བཅུ་གསུམ་ཙམ་བསྡུས་ཏེ། རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས་ཞེས་པ་དཔེ་སྐྲུན་བྱས་ཡོད།
ཁོང་གི་རྩོམ་ཡིག་འདི་དག་ནི་གཙོ་བོར་རང་ཉིད་ཕྱག་ལས་གནང་སའི་ལས་རོགས་ཚོའམ། མི་རིགས་སློབ་གྲྭ་ཆེན་མོ་ཁག་གི་དགེ་སློབ་ཚོའི་དགོས་མཁོ་ལ་དམིགས་ཏེ་བརྩམས་པ་ཡིན་པར་མ་ཟད། འདི་དག་གི་ཐོག་ནས་དཔེ་ཁྲིད་ཀྱང་གནང་བ་སྟེ་ལག་ལེན་དངོས་དང་། རིག་པའི་གཞུང་ལུགས་ཟུང་འབྲེལ་གྱིས་ཡིད་རྟོན་འཕེར་བར་གནང་ཡོད། གཤམ་དུ་ཁོང་གི་རྩོམ་ཡིག་སོ་སོའི་ནང་དོན་དང་ཁྱད་ཆོས་མདོ་ཙམ་མཚམས་སྦྱོར་བྱ་བ་ལ།

༡) བརྡ་སྤྲོད་རིག་པའི་སྐོར།


སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་པ་ནི། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་ཀྱི་ཡིག་ཆ་ཁུངས་བཙན་པ་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་དང་། རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང་གཉིས་ལ་གཞིར་བྱས་ནས། བོད་ཡིག་གི་སྦྱོར་ཚུལ་གོ་བདེ་མདོར་བསྡུས་སུ་བྲིས་ཤིང་། མཇུག་ཏུ་དུས་གསུམ་གྱི་དཔེར་བརྗོད་རྒྱུན་མཁོའི་རེའུ་མིག་དྲུག་བརྒྱ་ལ་ཉེ་བར་བཀོད་ཡོད།
གཞུང་འདི་ནི་ཕྱི་ལོ་ ༡༩༦༦ ལོར་ཁོང་ཉིད་ཕ་ཡུལ་དུ་ངལ་རྩོལ་བསྒྱུར་བཅོས་བྱེད་དུ་བརྫངས་པའི་རིང་། ཕ་ཡུལ་གྱི་མི་རྣམས་མང་ཆེ་བ་ཡིག་རྨོངས་ཡིན་པ་མཐོང་ནས། ཐུགས་ལ་ཡི་གེ་ཙམ་ཡང་མི་ཤེས་ན། ཇི་ལྟར་དེང་རབས་ཀྱི་ཚན་རིག་དང་རིག་གནས་ཁོང་དུ་ཆུད་པ་དང་། ཞིང་འབྲོག་གི་ཐོན་སྐྱེད་འཕེལ་རྒྱས་གཏོང་ཐུབ་དགོངས་ནས། རང་ཉིད་ངལ་རྩོལ་བསྒྱུར་བཅོས་ཀྱི་སྡུག་བསྔལ་མྱོང་བ་ལ་མི་ལྟོས་པར་ལྐོག་ཏུ་བརྩམས་པ་ཡིན།
སྐབས་དེ་དག་ཏུ་སྤྱིར་བོད་ཀྱི་རིག་གནས་ལ་གཡོན་གྱི་ཤན་ཤུགས་ངན་པས་ཉམས་གུད་ཚབས་ཆེན་ཐེབས་པ་དང་། བྱེ་བྲག་བོད་ཡིག་ནི་བཤུ་གཞོག་གྲལ་རིམ་གྱིས་སྤྱད་རྒྱུའམ་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་གྲལ་རིམ་པའི་སྲིད་དབང་འཛིན་བྱེད་ལག་ཆ་ཡིན་ཞེས་པའི་སྒང་ཡིན་སྟབས། ཁོང་གིས་སུམ་རྟགས་ཀྱི་སྙིང་འགྲེལ་འདིའི་མཇུག་ཏུ་དེ་དག་ལ་དགག་གཞག་སྤྲོས་ཏེ་བརྡ་སྤྲོད་རིག་པ་ནི་སྤྱད་བྱ་ཤེས་བྱ་གང་དང་། སྤྱོད་པ་པོ་གང་ཟག་སུས་སྤྱད་ཀྱང་རུང་བའི་གཞུང་ཞིག་སྟེ། འཇིག་རྟེན་ལྟ་ཚུལ་ལ་མཚོན་ན་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་གཉིས་ཀས་སྤྱད་ཆོག་པ་དང་། གྲལ་རིམ་ལ་མཚོན་ན་བཤུ་གཞོག་གྲལ་རིམ་དང་། བཤུ་གཞོག་མྱོང་མཁན་གྲལ་རིམ་གཉིས་ཀས་སྤྱད་ཆོག་པ་མདོར་ན་གྲལ་རིམ་འཐབ་རྩོད་དང་། ཐོན་སྐྱེད་འཐབ་རྩོད། ཚན་རིག་ཚོད་ལྟ་སོགས་ཤེས་བྱ་གང་ལའང་སྤྱད་ཆོག་པར་མ་ཟད། དེ་དག་རྣམས་ལ་ངེས་པར་དུ་སྤྱོད་དགོས་པའང་རེད་ཅེས་གསུངས་ཡོད།
སུམ་རྟགས་ཀྱི་གཞུང་འགྲེལ་འདི་སྤྱི་ལོ་ ༡༩༧༩ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བཏབ་སྟེ་ཞིང་འབྲོག་ཁུལ་དུ་འགྲེམ་སྤེལ་བྱས་པར། རྒྱ་ཆེའི་ཀློག་པ་པོ་དང་། ལྷག་པར་དུ་བོད་ཀྱི་རིག་གནས་ལ་སྦྱོང་བརྩོན་གནང་མཁན་བློ་གསར་གཞོན་ནུ་རྣམས་ཀྱི་དགའ་བསུ་རྒྱ་ཆེར་ཐོབ། ཀློག་པ་པོ་རྣམས་ཀྱི་རེ་འདུན་ལྟར། སྤྱི་ལོ་ ༡༩༨༢ ལོར་སླར་ཡང་སྐྱར་དུ་པར་བསྐྲུན་འགྲེམ་སྤེལ་བྱས། དེ་རྗེས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་སློབ་གྲྭའི་ཆེད་བསྒྲིགས་སློབ་དེབ་དང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཆེད་བསྒྲིགས་སློབ་དེབ་གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཏུ་བདམས་ནས་གསར་དུ་པར་གཞི་བསྒྲིགས་ཏེ་འགྲེམ་སྤེལ་བྱས་མྱོང་།
སུམ་རྟགས་ཀྱི་དགོངས་དོན་དཔེར་བརྗོད་རང་བློའི་རྩི་བཅུད་ཅེས་པ་འདི་ནི། ཁོང་དགུང་ལོ་ཉེར་དྲུག་ཏུ་སོན་པ་སྤྱི་ལོ་ ༡༩༣༨ ལོར་བོད་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པའི་དགོངས་དོན་དཔེར་བརྗོད་བརྡ་སྤྲོད་གཞུང་ལ་ཐོག་མར་འཇུག་མཁན་རྣམས་ལ་བློར་འཛིན་བདེ་བའི་ཕྱིར་ཚིགས་བཅད་ཀྱི་སྒོ་ནས་བརྩམས་པ་ཞིག་ཡིན། འདི་དང་འོག་ཏུ་རྟགས་འཇུག་དཀའ་གནད་མདོར་བསྡུས་གཉིས་དེབ་གཅིག་བྱས་ཏེ། སྤྱི་ལོ་ ༡༩༨༡ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་དེབ་གྲངས་ཁྲི་གཅིག་དང་སྟོང་ཕྲག་དྲུག་འགྲེམ་སྤེལ་བྱས་མྱོང་།
རྟགས་འཇུག་དཀའ་གནད་མདོར་བསྡུས་ཞེས་པ་ནི། སྔར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། མི་རིགས་དཔེ་སྐྲུན་ཁང་དུ་རྟགས་འཇུག་གི་དཀའ་གནད་སྐོར་སློབ་ཁྲིད་གནང་སྐབས་ཀྱི་ཟིན་བྲིས་ཤིག་ཡིན། འདིའི་ནང་བྱ་བྱེད་ཐ་དད་མིན་གྱི་དབྱེ་བའི་སྐོར་དང་། བྱ་བྱེད་ཐ་དད་པའི་ནང་གསེས་སྐོར། བྱ་བྱེད་ཐ་མི་དད་པའི་ནང་གསེས་སྐོར། བྱ་བྱེད་ལས་གསུམ་ཞེས་པའི་སྐོར། དུས་གསུམ་གྱི་དབྱེ་བའི་སྐོར། དངོས་པོ་བདག་གཞན་གཉིས་དང་། བྱ་བྱེད་ལས་གསུམ། དུས་གསུམ། སྐུལ་ཚིག་བཅས་གཞི་གཅིག་གི་ཐོག་དཔེར་བརྗོད་པའི་སྐོར། ཞར་བྱུང་དུ་སྐབས་ཐོབ་ཀྱི་འབྲི་ཚུལ་སྐོར་བཅས་སྐོར་ཚན་དྲུག་གི་སྒོ་ནས་དཔེར་བརྗོད་དང་འགྲེལ་བཤད་ཁ་གསལ་ཞིང་དོན་འདུས་པ་བཀོད་ཡོད།
སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན་ཞེས་པ་ནི། སྤྱི་ལོ་ ༡༩༨༦ ལོར་ཁོང་གིས་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཡིག་ཞུས་ཆེན་པའི་ཐུགས་འགན་བཞེས་སྐབས། དེ་གའི་བོད་ཡིག་རྩོམ་སྒྱུར་ཁང་གི་བློ་མཐུན་ཚོས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སུམ་རྟགས་སྐོར་གྱི་དཀའ་གནད་འགའ་ཤས་ཁོང་ལ་བཀའ་འདྲི་ཞུས་པའི་ལན་དུ་གསུངས་པའི་ཟིན་བྲིས་ཡིན། འདིའི་ནང་སུམ་རྟགས་སྐོར་དཀའ་གནད་དོགས་གཅོད་ཀྱི་དྲི་བ་ཉེར་དྲུག་དང་། དེ་དག་སོ་སོར་ཁོང་ཉིད་ཀྱི་བཞེད་ཚུལ་གྱི་དྲིས་ལན་རེ་ལྷན་ཐབས་སུ་བཀོད་ཡོད།
བོད་ཀྱི་སུམ་རྟགས་ཀྱི་དཀའ་གནད་འགའ་ཞིག་བརྗོད་པ་ཞེས་པ་ནི། སྤྱི་ལོ་ ༡༩༨༦ ལོར་ལྷ་སར་འཚོགས་པའི་བོད་ཀྱི་ཤེས་རིག་སྐོར་གྲོས་མོལ་ཚོགས་འདུའི་ཐོག་ཁོང་གིས་སྒྲོགས་སྦྱང་མཛད་པའི་ཆེད་རྩོམ་ཡིན། འདིའི་ནང་དང་པོ་བོད་ཀྱི་རིག་པའི་གཞུང་ལུགས་སྤྱིའི་གནས་ཚུལ་མདོ་ཙམ་བཤད་པ་དང་། གཉིས་པ་ཤེས་བྱ་རིག་པའི་གནས་དེ་དག་གི་གཞི་མ་ཡི་གེའི་དགོས་པ་བཤད་པ། གསུམ་པ་སྒྲ་དང་། སྐད། མིང་། མཚན་མ། བརྡ། ཐ་སྙད། ཚིག དོན་བཅས་ཡི་གེ་འཇུག་པའི་གནས་བརྒྱད་བཤད་པ། བཞི་པ་རྟགས་འཇུག་གི་དཀའ་གནད་མདོར་བསྡུས་བཤད་པ་བཅས་ལུང་རིགས་ཟབ་མོའི་སྒོ་ནས་སུམ་རྟགས་ཀྱི་དཀའ་གནད་སྐོར་རྒྱས་འགྲེལ་གནང་ཡོད།


༢) སྙན་ངག་གི་སྐོར།

ལོ་བཅུའི་གོད་ཆགས་ཆེན་པོའི་ནང་བོད་ཀྱི་སྙན་ངག་འདིའི་འཕེལ་རྒྱས་མིང་ཙམ་ཡང་མེད་པར་མ་ཟད། དེའི་རྨང་གཞི་ཡང་འཇིག་ལ་ཉེ་བའི་གནས་སུ་གྱུར། དེའི་ཕྱིར་ཁོང་གིས་སྙན་ངག་གི་གཞུང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆེད་དུ། སྙན་ངག་གི་རྣམ་བཤད་གསལ་སྒྲོན་ཞེས་པ་སྤྱི་ལོ་ ༡༩༧༩ ལོ་ནས་ ༡༩༨༡ ལོའི་བར་ཁྲེང་ཏུར་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་གི་ཞོར་དུ། དེ་གའི་རྩོམ་སྒྲིག་ཚོ་ཆུང་ལ་སྙན་ངག་མེ་ལོང་མའི་བཤད་ཁྲིད་གནང་སྐབས་ཀྱི་ཟིན་བྲིས་ལ་སླར་སྐྱར་བཅོས་མཛད་ནས་བརྩམས། སྙན་གཞུང་འདི་ནི་ཁོང་ཉིད་ལ་སློབ་དཔོན་དཀའ་ཆེན་རིན་པོ་ཆེའི་བཀའ་ཁྲིད་ཐོབ་པའི་རྒྱུན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྙན་འགྲེལ་དཎྜིའི་དགོངས་རྒྱན་གཞིར་བཟུང་། ༸གོང་ས་ལྔ་པ་ཆེན་པོ་སོགས་སྔ་རབས་ཀྱི་སྙན་ངག་མཁས་དབང་རྣམས་ཀྱི་སྙན་གཞུང་ལས་ལེགས་ཆ་བསྡུ་གང་ཐུབ་མཛད་དེ་བརྩམས་པ་ཞིག་ཡིན།
སྙན་འགྲེལ་འདིའི་རྩོམ་ཚུལ་གྱི་དབང་དུ་བཏང་ནའང་། ཐོག་མར་རྒྱན་སོ་སོའི་ཐད་དུ་སྙན་ངག་མེ་ལོང་མའི་རྩ་བ་བཀོད་དེ། ཁུངས་དང་ལྡན་པར་རང་སྟོབས་ཀྱིས་ཚིག་སྦྱོར་བདེ་མོའི་སྒོ་ནས་ཞིབ་འགྲེལ་དང་། ནང་དོན་སྙན་ངག་མེ་ལོང་གི་དགོངས་དོན་ཆ་ཚང་ལ། འགྲེལ་བཤད་རྣམས་མཚན་ཉིད་དང་མཚན་གཞི་མ་ལོག་ཅིང་སྙིང་པོ་གསལ་བར་མཚོན་པ། མཚོན་བྱེད་དཔེར་བརྗོད་རྣམས་ཀྱང་མངོན་བརྗོད་དང་། ཚིག་དོན་ཟབ་མོས་མ་བཅིངས་པར། དེང་སྐབས་ཀྱི་ཡུལ་དུས་དང་བསྟུན་ནས་བློ་གསར་རྣམས་ལ་འཆད་ཉན་གཉིས་བདེ་གཙོ་བོར་བཟུང་བ་ཞིག་ཡིན།
སྙན་འགྲེལ་འདི་སྤྱི་ལོ་ ༡༩༨༣ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ། དེབ་གྲངས་ཁྲི་ལ་ཉེ་བ་འགྲེམ་སྤེལ་བྱས་པས། སློབ་གྲྭ་ཁག་དང་སྙན་ངག་གསར་དུ་སློབ་པ་པོ་རྣམས་ཀྱིས་དགའ་བསུ་རྒྱ་ཆེར་ཐོབ་པ་དང་། ཐེངས་དང་པོར་འགྲེམ་སྤེལ་བྱས་པའི་དེབ་གྲངས་ཀྱིས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་སྐོང་མ་ཐུབ་པར། སླར་ཡང་སྤྱི་ལོ་ ༡༩༨༨ ལོར་བསྐྱར་དུ་པར་ཏེ་འགྲེམ་སྤེལ་བྱས་མྱོང་།

༣) གསུང་རྩོམ་ཐོར་བུའི་སྐོར།

སྤྱིར་ཁོང་གིས་བྲིས་པའི་དཔེ་སྐྲུན་གྱི་གསལ་བཤད་དང་འགོ་བརྗོད་བགྲང་ལས་འདས་པ་ཞིག་ཡོད་པ་དང་། དེ་བཞིན་ཆེད་རྩོམ་དང་། སྒྲུང་གཏམ་སོགས་ཀྱང་མང་དུ་ཡོད་པ་ལས། འདིར་དཔེ་མཚོན་ཙམ་བཀོད་པ་ཁག་ཅིག་ནི། བོད་ཀྱི་ཡིག་སྲོལ་དར་ཚུལ་བརྗོད་པའི་གཏམ་བློ་གསར་དགའ་སྟོན་ཞེས་པ་འདིའི་ནང་ནང་དོན་གཙོ་བོར། ཡི་གེའི་ངོ་བོ་གང་ཡིན་སྐོར་དང་། བོད་ཀྱི་ཡི་གེ་འདི་ཉིད་དུས་སྐབས་ནམ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་བྱུང་བའི་སྐོར། དབྱངས་གསལ་གཉིས་དང་སྔོན་རྗེས། མགོ་འདོགས་བཅས་ཀྱི་རྣམ་གཞག་ལ་དགེ་མཚན་ཇི་ལྟར་ཡོད་པའི་སྐོར་བཅས་ཁུངས་དང་ལྡན་པར་ཞིབ་ཅིང་ཕྲ་བར་གསུངས་ཡོད།
ཚད་མའི་འབྱུང་ཁུངས། ཞེས་པ་འདི་ནི་ཁོང་གིས་བདམ་བསྒྲིགས་མཛད་པའི་ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས་ཞེས་པའི་དཔེ་ཚོགས་ཀྱི་འགོ་བརྗོད་དུ་བྲིས་པ་ཡིན་ཞིང་། འདིའི་ནང་དོན་གཙོ་བོར་སྤྱིར་འཛམ་གླིང་དང་ཁྱད་པར་བོད་དུ་ཚད་མ་རིག་པ་ཇི་ལྟར་བྱུང་ཚུལ་དང་། མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་བསེ་བསྡུས་གྲྭ་དང་། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་གྱི་ནང་དོན་གནད་བསྡུས། ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས་ཞེས་པའི་དཔེ་ཚོགས་དང་ཚད་མ་རིག་པའི་བོད་གཞུང་དཔེ་ཚོགས་ཞེས་པའི་དཔེ་ཚོགས་དག་ཇི་ལྟར་བདམ་བསྒྲིགས་དང་དཔེ་སྐྲུན་བྱ་བཞིན་པའི་སྐོར་དང་། དེ་དག་གི་ནང་དོན་གནད་བསྡུས་བཅས་གསལ་པོར་བཀོད་ཡོད།
སྔོག་འདོན་བྱེད་རིན་ཆེ་བའི་བང་མཛོད་ཅེས་པ་འདི་ནི། ཁོང་གིས་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གངས་ལྗོངས་ཤེས་རིག་གི་ཉིང་བཅུད་ཅེས་པའི་དཔེ་ཚོགས་ལས། རྩིས་དཔེ་ཕྱོགས་བསྒྲིགས་ཀྱི་འགོ་བརྗོད་དུ་བྲིས་པ་ཡིན་ཞིང་། འདིའི་ནང་དོན་གཙོ་བོར་སྔོན་རྒྱ་གར་དང་བོད་དུ་སྐར་རྩིས་རིག་པ་ཇི་ལྟར་དར་ཚུལ་དང་། ད་ཡོད་རྩིས་དཔེ་རྣམས་ཕྱོགས་བསྒྲིགས་བྱ་རྒྱུའི་གལ་ཆེའི་རང་བཞིན་བརྗོད་པ་དང་། དེ་མཚུངས་མ་འོངས་པར་སྐར་རྩིས་རིག་པའི་འཕེལ་ཕྱོགས་བཅས་ལ་བླང་བྱ་ནན་པོ་བཏོན་ཡོད།

ཡེ་ཤེས་ལྷ་མོ་དང་མགར་བ་སྟོབས་རྒྱལ་ཞེས་པ་འདི་ནི། སྤྱི་ལོ་ ༡༩༥༩ ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་དམངས་ཁྲོད་ཀྱི་སྒྲུང་གཏམ་བསྡུ་སྒྲིག་བྱེད་སྐབས། ཁོང་གིས་མི་རིགས་སློབ་གྲྭའི་དགེ་རྒན་རྒྱལ་མཚན་དཔལ་འབྱོར་གྱིས་ཞུས་པའི་སྣེའུ་དཔོན་བུ་མོའི་ལོ་རྒྱུས་ཀྱི་ས་བོན་ལ་གཞིར་བཟུང་སྟེ་བརྩམས་པ་ཡིན་ཞིང་། དེ་རྒྱ་ཡིག་ཏུའང་བསྒྱུར་ཏེ་མི་རིགས་སློབ་གྲྭའི་དམངས་ཁྲོད་སྒྲུང་གཏམ་ཕྱོགས་སྒྲིག་ནང་དུ་བཀོད་ཡོད། དེ་རྗེས་མི་རིགས་དཔེ་སྐྲུན་ཁང་གིས་སྔ་ཕྱི་ཐེངས་གཉིས་ལ་པར་དུ་བསྐྲུན་ཏེ་དེབ་གྲངས་ཁྲི་གཅིག་དང་སྟོང་ཕྲག་དྲུག་ལ་ཉེ་བ་འགྲེམ་སྤེལ་བྱས་མྱོང་།
འདིའི་ནང་དོན་གཙོ་བོར་སྣེའུ་དཔོན་གྱི་བུ་མོ་ཡེ་ཤེས་ལྷ་མོ་དང་མགར་བའི་བུ་སྟོབས་རྒྱལ་ཟེར་བ་གཉིས་མཐུན་སྡེབ་བྱུང་བར་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་འོག་ངལ་རྩོལ་མི་དམངས་ལ་མཐོང་ཆུང་བྱེད་པའི་གྲལ་རིམ་གྱི་ངོ་བོ་དང་། གཉེན་སྒྲིག་རང་དབང་མེད་པ་དག་མཚོན་པ་ཞིག་ཡིན། འདིའི་རྩོམ་ཚུལ་ནི། སྤྱིར་ཁོང་གི་ལྟ་ཚུལ་ལ་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་སམ་རྩོམ་ཡིག་རྣམས་ལ་ཡིག་སྐད་ཁོ་ན་དང་། སྒྲུང་དང་ལོ་རྒྱུས་སོགས་ཡིག་ཆ་གཞན་རྣམས་ཡིག་སྐད་དང་ཕལ་སྐད་ཅི་བདེར་བྲིས་ན་ལེགས་པར་དགོངས་ཀྱི་ཡོད་པ་དང་། ལོ་རྒྱུས་འདི་ལྷ་སའི་ཉེ་འདབས་སྣེའུར་བྱུང་བ་ཞིག་ཡིན་པར་བརྟེན། བཅད་ལྷུག་སྤེལ་མའི་སྒོ་ནས་མི་སྣའི་བར་གྱི་སྐད་ཆ་རྣམས་དབུས་སྐད་ཁོ་ནར་བྱས་ཏེ་བྲིས་ཡོད། དེས་ན་འདི་ནི་བློ་གསར་རྣམས་ལ་གོ་སླའི་ཀློག་དེབ་དང་། ཕལ་སྐད་ཀྱི་དགེ་ལེན་སྐྱོན་འདོར་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞི་ཁྱད་འཕགས་ཤིག་ཀྱང་ཡིན་པར་སེམས།
དེ་ལྟར་གོང་དུ་མཁས་དབང་རྡོ་རྗེ་རྒྱལ་པོའི་མཛད་རྗེས་དང་། ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ནང་དོན་དང་ཁྱད་ཆོས་སྐོར་མཚམས་སྦྱོར་མདོར་བསྡུས་ཤིག་ཞུས་གྲུབ་སྟེ། མཇུག་ཏུ་ང་ཚོས་ཁོང་གིས་རང་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དང་། དཔེ་སྐྲུན་དང་སློབ་གསོའི་བྱ་གཞག་གི་དོན་དུ་སྒེར་གྱི་ཐོབ་ཐང་ལ་མི་བལྟ་བར། གཞན་དོན་ཁོ་ན་སྒྲུབ་པའི་བླ་མེད་སྤྱོད་བཟང་ལ་སློབ་སྦྱོང་དང་། ཁོང་གི་དགོངས་པ་ཟབ་མོ་བཞིན་རང་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ནི་ཁོང་ལ་དྲན་གསོ་ཞུ་བའི་གུས་བཀུར་གྱི་བྱ་སྤྱོད་ཅིག་ཀྱང་ཡིན་ནོ།། (ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༩༣ ལོའི་དེབ་གཉིས་པར་བཀོད།)

ཐུགས་རྗེ་ཆེ།

༄༅། །བདག་ཅག་གི་མེས་པོ་དམ་པ་ངམ་རིང་བ་ཞུས་ཆེན་རྡོ་རྗེ་རྒྱལ་པོའམ་ལྕང་གཅོད་རྡོ་རྗེ་རྒྱལ་པོ་ལགས་ཀྱི་ལོ་རྒྱུས་ཆུང་དུས་ནས་ཨ་མ་ལགས་ཀྱིས་ཡང་ཡང་གསུངས་མྱོང་ཡང་། ང་རང་ནར་མ་སོན་པས་དོ་སྣང་དེ་ཙམ་མ་བྱས། སྐབས་དེ་དུས་ངས་དོ་སྣང་ཕྲན་བུ་ཡོང་ས་ནི་སྤོ་ལགས་ཁོང་རྒྱ་ནག་ལ་བཞུགས་ཡོད་པ་དང་། ཕྱག་དངུལ་མང་པོ་ཡོད་རབས། ལྷག་པར་དུ་ལོ་ལྟར་ང་ཚོར་ཇ་རིན་དང་ལྷམ་ཉོ་བྱེད་ཀྱི་དངུལ་བསྐུར་གནང་བ་དེ་ཡིན། གུས་མོ་བཙན་བྱོལ་དུ་འབྱོར་ནས་སྤོ་ལགས་ཀྱི་གསུང་རྩོམ་ཕྱོགས་སྒྲིག་དང་མཇལ་ཞིང་། སྤོ་ལགས་ཁོང་ངའི་བསམ་པའི་ཡུལ་ལས་འདས་པ་ཞིག་ཡིན་པའི་ངེས་ཤེས་རྙེད་ཀྱང་། ང་རང་ཤེས་ཚད་དམན་པ་དང་ཆུང་དུས་དོ་སྣང་མ་བྱས་པ་བཅས་ལས་སྤོ་ལགས་ཀྱི་སྐུ་ཚེའི་མཛད་པ་མཐའ་དག་ཡིག་ཐོག་ཏུ་འགོད་པའི་སྤོབས་པ་ཟད། དེ་ལྟར་ན་ཡང་རྩོམ་པ་པོ་ངམ་རིང་བ་བསྟན་འཛིན་རྡོ་རྗེ་ལགས་དང་གླེང་མོལ་གྱི་བརྒྱུད་རིམ་ཁྲོད་ངམ་རིང་ནས་དེའི་སྐོར་གྱི་གནས་ཚུལ་ཕྱོགས་སྒྲིག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གསོལ་ལྟར། ཁོང་གིས་ངལ་བ་དང་ཉེན་ཁར་འཛེམ་མེད་ཐོག་ཕྱོགས་སྒྲིག་གནང་བ་ལ་བཀའ་དྲིན་ཆེ་ཞུ་བ་དང་། ཁོང་ཉིད་ད་ལྟ་སྐུ་ངལ་ཅི་ཕྲད་ལས་མྱུར་དུ་གྲོལ་བའི་རེ་སྨོན་ཞུ། ལྷག་པར་དུ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་རྒན་ཐུབ་བསྟན་ཡར་འཕེལ་མཆོག་གིས་གང་ཉིད་མཛད་བྲེལ་ཧ་ཅང་ཆེ་ཡང་སྤོའོ་ལགས་ཀྱི་མཛད་རྣམ་འདིའི་ཞུ་དག་དང་རྩོམ་སྒྲིག བསོད་ནམས་བཟང་པོ་ལགས་ནས་དེབ་གཟུགས་ཇུས་འགོད་བཅས་ཀྱི་ཐུགས་འགན་བཞེས་པར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། དེ་ལྟ་བུའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་འཇིག་རྟེན་འདིར་བལྟམས་པ་ལ་དཔར་སྐྲུན་གྱི་འགྲོ་གྲོན་ཐད་མཐུན་རྐྱེན་མེད་ན་མི་ཆོག་པས་དཔར་སྐྲུན་རྒྱུ་འབྱོར་པ་དབུས་གཙང་རིག་མཛོད་ཀྱི་འགན་ཁུར་བཞེས་མཁན་རྣམ་པར་བཀའ་དྲིན་ཆེ་ཞུ། གང་ཉིད་ཀྱི་ཚ་མོ་བཙུན་མ་བློ་བཟང་བྱང་ཆུབ་བམ་ཟླ་འོད་དང་ཚ་བོ་འབྲས་གཙང་བསྟན་འཛིན་ཆོས་འཕེལ་གཉིས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༢ ལ་ཕུལ་བ་དགེའོ།།

དབུས་གཙང་རིག་མཛོད་ཀྱིས་དཔར་འགྲེམས་ཞུས།

མཛད་རྣམ་ནོར་བུའི་དོ་ཤལ། ངམ་རིང་བ་བསྟན་འཛིན་རྡོ་རྗེས་བཏུས་ཏེ་བསྒྲིགས།
ཕྱི་ལོ་ ༢༠༡༩ ལོར་དཔར་དུ་བཏབ། པར་སྐྲུན་གྲངས། ༡༠༠༠

 

 

མཁས་དབང་དོན་གྲུབ་རྒྱལ་གྱིས་མཁས་དབང་རྡོ་རྗེ་རྒྱལ་པོ་ལགས་སུ་ཕུལ་བའི་འཕྲིན་ཡིག

བརྒྱུད་སྐུལ།

མཆན་སྤེལ།