༄༅། །རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

༄༅། །རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

༄༅། །རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

༄༅། །རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་ནི། ཕྱི་ལོ་ ༡༩༢༡ ལོར་མལ་གྲོ་གུང་དཀར་སྲིབ་ན་བྱང་མ་རུ། ཕ་བྱང་ཆུབ་ཕུན་ཚོགས་དང་མ་སྐལ་བཟང་སྒྲོལ་མ་གཉིས་ལ་བུ་བཞི་དང་བུ་མོ་བཞི་ལས། ༡༽ ལྷ་སྡིང་ཕྱག་མཛོད་དགེ་སློང་བསྟན་འཛིན་འཇིགས་བྲལ་ལམ་བློ་བཟང་ཆོས་འཕེལ་ལགས་དང་། ༢༽དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཕྱག་སྦུག་སྐུ་ངོ་བློ་བཟང་ཆོས་འཛིན་ལགས། ༣༽ རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས། ༤༽ སྐུ་ངོ་གསོལ་ཐབ་པ་ངག་དབང་བསྟན་འཛིན་ལགས་དང་བཅས་བུ་བཞི་དང་།

བུ་མོ་བཞི་སྟེ། ༡༽ ཚེ་རིང་སྒྲོལ་དཀར་ལགས་དང་། ༢༽ སྲིད་གཅོད་ལགས། ༣༽ བུ་མེད་ཀྱི་གཞུང་ཞབས་ཐོགས་མ་སྒྲོལ་མ་གཡུ་སྒྲོན་ལགས། ༤༽ བྱམས་པ་པདྨོ་ལགས་བཅས་ཡོད་པ་ལས། བུ་བཞི་ཡི་གསུམ་པ་དེ་ཡིན་ ༡༩༣༠ ཐམ་པའི་ལོར་ལྷ་སར་སློབ་གྲྭར་བསྐྱོད། ༡༩༣༥ ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་བསྐྱོད་ནས་དཀྱིལ་ཁང་གྲྭ་ཚང་གི་མཚན་ཉིད་མཁན་པོ་དཀའ་ཆེན་འགྱུར་མེད་མཆོག་གིས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་དག་ཡིག་ངག་སྒྲོན་བཅས་ཀྱི་དཔེ་འཁྲིད་གནང་། དེ་ནས་ཁོང་གི་སློབ་མ་དཀའ་ཆེན་པདྨ་མཆོག་གི་དྲུང་ནས། དག་ཡིག་དང་སུམ་རྟགས་དང་སྙན་ངག་ལེའུ་གཉིས་པ་དང་ལམ་རིམ་སོགས་ཀྱི་དཔེ་འཁྲིད་ཞུས་ཏེ། སྙན་སུམ་རིག་གནས་སོགས་ལ་སྦྱངས་བརྩོན་ལྷོད་མེད་གནས་ནས། ༡༩༤༣ ལོར་ལྷ་སར་རང་ཤག་ཏུ་ཉེ་འཁོར་མང་པོས་བསྐུལ་མ་བྱས་རྐྱེན་ལ་བརྟེན་སློབ་ཕྲུག་བརྒྱ་དང་ལྔ་བཅུ་ལྷག་གི་སློབ་གྲྭ་ཞིག་གསར་འཛུགས་ཞུས། ༡༩༤༦ ལོར་རྩེ་དྲུང་དུ་བསྐོ་བཞག་བྱུང་། ༡༩༥༨ ལོར་སྐུ་སྒེར་མཛོད་སྦུག་གི་ལས་བྱ་དང་སྤྱན་བབས་ཕོ་བྲང་གི་ཁང་གཉེར་གཅིག་ལྕོགས་ཏུ་བསྐོ་བཞག་བྱུང་།

༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༢༠ དགོང་དྲོར་སྐྱབས་བཅོལ་དུ་ཕེབས་ནས་གསོག་སྒར་དུ་ཞབས་ཕྱི་ཞུས། ༡༩༦༠ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་བོད་མིའི་རང་དབང་གསར་ཤོག་ཐེངས་དང་པོ་འགྲེམས་སྤེལ་མཁན་ཡིན། ༡༩༦༤ ལོར་ཤེས་རིག་དྲུང་ཆེར་བསྐོ་བཞག་དང་༸གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་མི་མང་ཞེས་ཕྱག་དེབ་ལ་ཞུ་དག་དང་དཔར་བསྐྲུན་བཅས་ཞུས། ༡༩༦༧ ལོར་ལྡི་ལི་དོན་གཅོད་ཁང་དུ་ནང་སྲིད་སྡེ་ཚན་གྱི་འགོ་འཛིན་དང་དངུལ་གཉེར་གཅིག་ལྕོག་བྱས། ༡༩༦༩ ལོར་ནང་སྲིད་དྲུང་ཆེར་བསྐོ་བཞག་གནང་། ༡༩༧༦ ལོར་ཀོ་ལི་སྒར་གྱི་གཞིས་འགོར་བསྐོ་བཞག་གནང་། ༡༩༨༠ ལོའི་ཟླ་ ༥ པའི་ཚེས་ ༨ ཉིན་ལུགས་བསམ་གླིང་གི་གཞིས་འགོར་བསྐོས། ༡༩༨༢ ལོའི་ཟླ་བ་ ༥ པའི་ཚེས་ ༡༥ ཉིན་མོན་གྷོ་འདོད་རྒུ་གླིང་གི་གཞིས་འགོར་བསྐོ་བཞག་གནང་། ༡༩༨༩ ལོར་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱིར་བསྐོ་བཞག་གནང་བ་བཅས། མདོར་ན་རང་གི་མི་ཚེའི་ནང་གལ་འགངས་ཤིན་ཏུ་ཆེ་བའི་མི་ལོ་ལྔ་བཅུ་ང་གསུམ་གྱི་རིང་། བོད་ཆགས་འཇིག་གི་གནས་སྟངས་ཐབས་སྐྱོ་པོ་འདིའི་ནང་རང་མགོ་གང་ཐོན་གྱིས་མི་ཚེ་འཁྱོལ་ཐབས་མ་བྱས་པར། འཕགས་མཆོག་ཕྱག་ན་པདྨོའི་དབུ་འོག་དཔུང་འདེགས་ཀྱིས་མཛུབ་མོ་གང་བསྟན་ཤར་ཟེར་བ་ལྟར། གཞུང་དང་མི་མང་ལ་ཐུགས་ཕན་གང་ལ་གསོས་ཆེ་བའི་ལས་གནས་ལ་གཟིགས་པ་མ་གཏོགས། གནས་རིམ་དང་གོ་ས་ལ་རྩོད་པ་སོགས་ནི་གནང་མྱོང་ཡོད་མི་འདུག དེ་ཡང་དཔེ་མཚོན་ཙམ་ཞུས་ན་ ༡༩༦༤ ལོར་ཤེས་རིག་དྲུང་ཆེ་ཡིན་བཞིན་དུ་སློབ་དགེའི་ལས་འགན་བཞེས་པ་ནི། ཁོང་གིས་བརྩམས་གནང་མཛད་པའི་བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་མི་ཚེའི་ལོ་རྒྱུས་ཀྱི་ཤོག་ངོས་ ༣༦༧ ནང་དུ་གསལ་ཡོད་པ་དང་།མཐའ་དོན་ ༡༩༩༢ ལོར་ལས་བྱེད་རྒན་ཡོལ་གྱི་གོ་སྐབས་བྱུང་སྟེ། གཟའ་ཟླ་བརྩོན་འགྲུས་བཟང་མོ་ལགས་དང་བུ་མོ་འཆི་མེད་ལྷ་མོ་ལགས། བུ་ཚེ་དབང་རྣམ་རྒྱལ་ལགས། བུ་མོ་ཚེ་རིང་དབྱངས་སྐྱིད་ལགས་བཅས་ཀྱིས་མཐུན་གྱུར་དང་རྒྱབ་བསྐྱོར་ལ་བརྟེན་ནས། གཙོ་བོ་དགེ་སྦྱོར་ལ་བརྩོན་པ་ཧ་ཅང་ཆེན་པོ་མཛད་པ་དང། ཞོར་དུ་གུང་ཁྲན་ཐབས་ཕྱོགས་གཅིག་གྱུར་པུའུ་ཡིས་བོད་ལྗོངས་ཀྱི་བདག་དབང་གཏོགས་ཁོངས་ཞེས་པའི་ཡིག་ཆ་དེར། ལན་འདེབས་ཁ་གསལ་ལ་གོ་བདེ་བ་ལོ་རྒྱུས་ཀྱི་དཔྱད་གཞིའི་འགང་ཆེ་བ་བཅས་ཀྱི་ཕྱག་དེབ། ༡༽ བདེན་དོན་ནི་བསུབ་ཐབས་མེད་པའི་ར་སྤྲོད་བཙན་ཤོས་ཞིག་ཡིན་ཞེས་པའི་ཕྱག་དེབ་གཅིག་དང་། ༢༽ བོད་ཀྱི་རྒྱལ་རབ་དང་འབྲེལ་བའི་མི་ཚེའི་ལོ་རྒྱུས་ཀྱི་དེབ་གཅིག་བཅས་ང་ཚོ་མ་འོངས་བོད་ཀྱི་མི་རབས་རྣམས་ལ་ལེགས་སྐྱེས་ཆེ་ཤོས་ཤིག་འཇོག་གནང་མཛད་ཡོད་པ་དང་། མ་ཟད་ཁོང་གི་མི་ཚེའི་ནང་སྤྱི་སྒེར་གང་གི་སྐབས་སུ་ཡང་ཆོལ་ཁ་དང་ཆོས་ལུགས་སོགས་ལ་ཕྱོགས་ཞེན་གྱི་དྲི་མས་མ་འགོས་པ་ནི། མ་འོངས་བོད་ཀྱི་མི་རབས་གསར་པའི་སྲི་ཞུ་བ་རྣམས་ལ་དཔེ་མཚོན་གྱི་བསླབ་བྱ་བཟང་པོ་ཞིག་འཇོག་གནང་མཛད་པ་ནི་ལོ་རྒྱུས་ལ་དྲང་ཐིག་གིས་གཞལ་ན་རྟོགས་ཐུབ་པ་དང་། མཐའ་དོན་༸གོང་ས་ཡིད་བཞིན་ནོར་བུའི་ཞབས་ཟུང་སྲིད་མཐར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་སྒྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་སེལ་ཏེ་གཞིས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་གྱིས་བརྒྱན་ཏེ་ཕྲན་བློ་དབང་པས་ ༢༠༢༠ ཟླ་ ༧ ཚེས་ ༩ ཉིན་འཕགས་ཡུལ་མོན་གྷོ་དགའ་ལྡན་དུ་བྲིས་པ་དགེའོ།།ཡོང་ཁུངས། དབུར་སྟོད་སྲོང་བཙན་སྐྱིད་སྡུག་གི་ངོ་དེབ།

བརྒྱུད་སྐུལ།

མཆན་སྤེལ།