སྨན་རྩིས་མཁས་དབང་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱི་མཛད་རྣམ་མདོར་བསྡུས།

སྨན་རྩིས་མཁས་དབང་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱི་མཛད་རྣམ་མདོར་བསྡུས།

༄༅། །སྨན་རྩིས་བསྟན་འཛིན་གསེར་རིའི་ཕྲེང་བ་ལས་མཁས་དབང་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱི་མཛད་རྣམ་མདོར་བསྡུས་དྲི་མེད་ཕྲེང་མཛེས་ཅེས་བྱ་བ།

 

བསྡུ་བསྒྲིགས་པ།   གཉོས་ནོར་བཟང་།

 

གངས་ཅན་སྨན་རྩིས་མཁས་དབང་གཙང་པའི་རྒན་ཐུབ་བསྟན་རྣམ་རྒྱལ་ལགས་ནི་སྤྱི་ལོ་ ༡༩༢༨ ལོར་གཙང་ཐོབ་རྒྱལ་སྟེ་དེང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གཙང་པ་ཞེས་པའི་ཁྱིམ་ཚང་དུ་ཡབ་རྡོ་རྗེ་རྒྱལ་པོ་དང་ཡུམ་ཆུང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།

 

དགོང་ལོ་བཅུ་གཉིས་ཐོག་དགའ་ལྡན་རབ་རྒྱས་དགོན་དུ་ཆོས་བཞུགས་གནང་ནས་ལོ་ངོ་བཞིའི་རིང་དགོན་དེའི་ཆོས་སྤྱོད་འདོན་ཆ་ཁག་དང་ཆོ་ག་ཕྱག་ལེན་ཡོངས་རྗོགས་ངག་འདོན་ཐོན་ནས་བློ་རྒྱུགས་ཕུལ། དེ་རྗེས་སྤྱི་ལོ་ ༡༩༤༤ ལོ་སྟེ་དགུང་ལོ་ ༡༦ སོན་སྐབས་ལྷ་ས་ལྕགས་རི་སྨན་རྩིས་འགྲོ་ཕན་གླིང་དུ་མཁས་དབང་མཁྱེན་རབ་ནོར་བུ་གཙོར་འགྱུར་གྱི་མཁས་དབང་དུ་མའི་འདུན་ནས་ལོ་ངོ་ ༡༣ རིང་བོད་ཀྱི་སྨན་རྩིས་གཉིས་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་།  སྤྱི་ལོ་ ༡༩༥༨ ལོར་གཞིས་རྩེ་བདེ་ཅན་ཕོ་བྲང་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཐུགས་དགོངས་བཞིན་བོད་ཀྱི་སྨན་རྩིས་སློབ་མ་གསོ་སྐྱོང་གནང་བ་རྣམས་ལ་སྨན་རྩིས་སློབ་ཁྲིད་ལོ་༢ཙམ་གནང་།

ལྷག་པར་སྤྱི་ལོ་ ༡༩༥༦ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་ལྟར་བཀྲས་ལྷུན་དགོན་པའི་རྩེ་དགོན་རྣམ་རྒྱལ་གྲྭ་ཚང་གི་བློ་གསལ་ཤེས་ཡོན་ཅན་ཁག་གཅིག་དང་། བཀྲས་ལྷུན་སྐྱིད་སྣ་དྲང་སྲོང་འདུས་གླིང་སྨན་སློབ་ཀྱི་སློབ་མ་རྣམས་ལ་གནམ་རིག་སྐར་རྩིས་ཀྱི་སློབ་ཁྲིད་གནང་། སྤྱི་ལོ་ ༡༩༥༩ ལོ་ནས་ ༡༩༦༩ ལོ་བར་ལོ་ངོ་ ༡༡ ཙམ་ཕ་ཡུལ་དུ་ཞིང་ལས་གནང་ནས་བཞུགས།

སྤྱི་ལོ་༡༩༧༠ལོ་ནས་༡༩༨༤ལོ་བར་ལོ་ངོ་༡༥ཙམ་རིང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ཕྱུགས་རིགས་སྨན་པ་དང་རྫོང་མི་དམངས་སྨན་ཁང་དུ་སྨན་པའི་ཕྱག་ལས་གནང་། སྤྱི་ལོ་ ༡༩༨༥ ལོ་ནས་ ༡༩༩༥ ལོ་བར་གཞིས་རྩེ་ས་གནས་སྨན་རྩིས་ཁང་དུ་ཕྱག་ལས་གནང་། སྐབས་དེར་གཞིས་རྩེ་བོད་ལུགས་སྨན་ཁང་དུ་རྩིས་པ་དགྲ་འདུལ་བུ་ལགས། རིག་འཛིན། བསོད་སྟོབས་གསུམ་ལ་དཀར་ནག་རྩིས་ཀྱི་སློབ་ཁྲིད་གནང་ཞིང་། སྤྱི་ལོ་ ༡༩༨༥ ལོ་ནས་གྲ་སྒྲིག་གིས་སྤྱི་ལོ་ ༡༩༨༦ བོད་མེ་སྟག་ལོའི་ལོ་ཐོ་ནས་འགོ་བརྩམས་ཏེ་གཞིས་རྩེ་སྨན་རྩིས་ཁང་གི་ལོ་ཐོ་བཏོན་འགོ་ཚུགས་ལ་གཞིས་རྩེ་བོད་ལུགས་སྨན་ཁང་དེ་ཉིད་ཀྱང་གཞིས་རྩེ་ས་ཁུལ་སྨན་རྩིས་ཁང་དུ་མིང་བསྒྱུར་བྱས།

གཞན་ཡང་དུས་སྐབས་དེའི་ནང་དུ་གཉའ་ནང་རྫོང་མི་དམངས་སྨན་ཁང་བོད་སྨན་ཚན་ཁག་གི་རྒྱལ་པོ། རྣམ་གླིང་རྫོང་མི་དམངས་སྨན་ཁང་བོད་སྨན་ཚན་ཁག་གི་ཕུན་རྒྱན། ཧ་བོ་དགོན་སྨན་ཁང་གི་མཁས་བཙུན་སོགས་ལ་ཚེ་རབས་ལས་རྩིས། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་དང་དཀར་རྩིས་སྔོན་འགྲོ། ལྔ་པ་འཕྲོད་སོགས་ཀྱི་སློབ་ཁྲིད་གནང་། སྤྱི་ལོ་ ༡༩༩༣ ལོའི་ཟླ་བ་ ༣ པའི་ཚེས་ ༡༥ ནས་དུས་ཡུན་ལོ་ངོ་གསུམ་རིང་ལྷ་ལྡན་སྨན་རྩིས་ཁང་དུ་བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་རྩོམ་སྒྲིག་པར་གདན་ཞུས་གནང་བར་ཕེབས་ཏེ་བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོའི་རྩོམ་སྒྲིག་ཕྱག་ལས་གནང་།

སྤྱི་ལོ་ ༡༩༩༥ ལོའི་ལོ་མཇུག་ཏུ་རྒན་ཡོལ་ཞུས་ནས་སླར་ཕ་ཡུལ་དུ་ཕེབས་རྗེས་སྨན་རྩིས་གཉིས་ཀྱི་མཛད་པ་བསྐྱངས་ཞོར་སློབ་མ་མི་ཉུང་བ་ཞིག་གསོ་སྐྱོང་གནང་ཡོད། ལྷག་པར་དུ་རྒན་ཡོན་གནང་རྗེས་ཀྱི་སྤྱི་ལོ་ ༡༩༩༨ ལོར་དགའ་ལྡན་རབ་རྒྱས་དགོན་གྱི་སྨན་པ་གསུམ་ལ་རྒྱུད་བཞི་ཆ་ཚང་ལོ་འཁོར་ཧྲིལ་པོར་འཆད་ཁྲིད་གནང་བ་དང་སྤྱི་ལོ་ ༢༠༠༢ ལོར་ཡང་དགའ་ལྡན་རབ་རྒྱས་དགོན་པའི་སྨན་པ་རྣམས་དང་དགོན་དེའི་དགེ་འདུན་གྲངས་བདུན་ཙམ་ལ་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་སོགས་འཆད་འཁྲིད་ཆ་ཚང་གནང་།

སྤྱི་ལོ་ ༢༠༠༤ ལོའི་ལོ་མཇུག་ཏུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གོ་འཇོ་དབང་འདུས་མཆོག་ནས་སློབ་གྲྭའི་རྩིས་རིག་དགེ་རྒན་ཇེ་དཀོན་དུ་གྱུར་བའི་གནས་ཚུལ་དངོས་ལ་ཐུགས་ཁྲལ་ཆེན་པོ་བཞེས་ནས་མདོ་དབུས་ཁམས་གསུམ་དུ་དགེ་བའི་བཤེས་གཉེན་གང་དྲག་ཅིག་བཙལ་འཚོལ་གྱིས་གདན་ཞུས་གནང་རྩིས་ལྟར།   སྔར་ལྷ་ལྡན་སྨན་རྩིས་ཁང་གི་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གི་རྩིས་རིག་གི་སློབ་མའི་ཕུད་དུ་གྱུར་པ་གཙང་གི་གཞིས་རྩེ་རྣམ་གླིང་དུ་བཞུགས་སུ་གསོལ་བའི་ཐུབ་བསྟན་རྣམ་རྒྱལ་མཆོག་ཆེད་དུ་གདན་ཞུས་ལ་ཕེབས་ཅིང་། ཁོང་གིས་རྩིས་རིག་བསྟན་པའི་སྲི་ཞུར་དགོངས་ནས་ཕེབས་རྒྱུའི་ཞལ་བཞེས་ཐོབ་ཏེ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་དུས་ཡུན་ཟླ་གཉིས་ཙམ་རིང་རྩིས་གཞུང་རིགས་ལྡན་སྙིང་ཐིག་དང་།   འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར།   རྒྱ་རྩིས་ཉི་ཟླ་གཟའ་འཛིན་གྱི་ས་རིས།   དུས་གཟེར་ལག་ལེན་གསེར་གྱི་པ་ཊ། དེ་བཞིན་ལོ་ཐོའི་ནང་གི་དཀའ་གནད་སོགས་སློབ་མ་གཙོ་བོ་བུ་ཆུང་ཚེ་རིང་དང་།   ནོར་བུ་དོན་གྲུབ།   རྣམ་རྒྱལ།  ཚེ་དབང་རིག་འཛིན།   མི་འགྱུར།   ཐུབ་བསྟན་བཟང་པོ་བཅས་དྲུག་ལ་འཆད་ཁྲིད་གནང་།    སློབ་མ་དེ་དག་ཀྱང་ད་ལྟ་སློབ་གྲྭ་འདི་གའི་སྐར་ནག་རྩིས་རིག་སློབ་ཁྲིད་ཀྱི་དགེ་རྒན་གཙོ་བོར་གྱུར་ཡོད།    དེ་རྗེས་སླར་ཡང་༢༠༠༥ལོའི་ལོ་མཇུག་ཏུ་ཟླ་བ་གཉིས་ལྷག་ཙམ་གདན་ཞུ་གནང་སྟེ། གོང་གསལ་སློབ་མ་རྣམས་ལ་དུས་སྦྱོར་དང་ཐུར་གྲིབ་སོགས་ཀྱི་དཀའ་གནད་འཆད་ཁྲིད་གནང་།

སྤྱི་ལོ་ ༢༠༠༦ ལོར་ཡང་གཞིས་རྩེ་རྣམ་གླིང་རྫོང་དགའ་ལྡན་རབ་རྒྱས་དགོན་དུ་དགོན་དེའི་དགེ་འདུན་པ་གྲངས་ལྔ་དང་དེ་བཞིན་བོད་ལྗོངས་ས་གནས་གཞན་ཏེ་ཆབ་མདོ་དང་ལྷ་ས་ལྷོ་ཁ་གྲོ་མོ་སོགས་ས་གནས་འགའ་ནས་ཡོང་བའི་མི་གྲངས་ཉི་ཤུ་ཙམ་ལ་ཟ་འབྲུ་དང་ཉི་འབྲུ་དང་དབྱངས་ཆར་སོགས་ཉིན་གྲངས་གསུམ་བཅུ་ཙམ་འཆད་ཁྲིད་གནང་།

སྤྱི་ལོ་ ༢༠༠༨ ནས་ ༢༠༡༢ ལོ་བར་དགོངས་ལོ་མཐོ་ཡང་སྐུ་ངལ་ལ་མ་འཛེམ་པར་དགའ་ལྡན་རབ་རྒྱས་དགོན་སྨན་ཁང་དུ་རྒྱུན་བཞུགས་ཀྱིས་ནད་པ་ཁྲི་སྟོང་མང་པོར་སྨན་བཅོས་གནང་བ་དང་། དེ་བཞིན་དུས་ཁོམ་ཡོད་རེ་བཞིན་དགོན་དེའི་སྨན་པ་རྣམས་ལ་ནད་ཐོག་དངོས་ཀྱི་སྨན་བཅོས་སྐོར་དང་སྐབས་རེ་ས་ཕྱོགས་གང་སར་ངོ་ཕེབས་ཀྱིས་སྨན་རྩ་ངོ་སྤྲོད་གནང་ཞོར་བོད་སྨན་སྦྱོར་ཚད་སློབ་ཁྲིད་གནང་། དེ་ལྟར་སྐུ་ཚེ་ཧྲིལ་པོ་བོད་གངས་ཅན་པའི་གསོ་རིག་གམ་རྗེ་བཙུན་གཡུ་ཐོག་པའི་བསྟན་པའི་ཆེད་དུ་སྨན་རྩིས་གཉིས་ཀྱི་སློབ་ཁྲིད་དང་། ནད་པ་གསོ་བཅོས། སྨན་ངོ་ངོས་འཛིན་སོགས་གནང་བཞིན་དུས་ད་ལྟའང་ཞལ་བཞུགས་པ་ལགས་སོ།།

སྨན་རྩིས་མཁས་དབང་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱི་མཛད་རྣམ་རགས་པ་འདི་ཙམ་གཙང་ལྗོངས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་སྐྱིད་ན་ཁ་དྲང་སྲོང་འདུས་གླིང་སྨན་རྩིས་ཁང་གི་སྨན་པ་ཁྲོན་སྦུག་བློ་བཟང་དབྱིག་གཉེན་ནམ་སྤེན་དོན་ལགས་ཀྱི་མངགས་བྱ་གནང་འོག་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དགའ་ལྡན་རབ་རྒྱས་དགོན་གྱི་དགེ་འདུན་པ་དང་སྨན་པ་གཅིག་ཆོག་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་མཁས་དབང་གང་གི་སྐུ་འདུན་དུ་དངོས་སུ་བཅར་ནས་ཞལ་གསུང་ཟིན་བྲིས་སུ་བཏབ་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་རྣམ་རྒྱལ། གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི་རྩིས་མཁས་དགྲ་འདུལ་བུ་ལགས་གཉིས་ཀྱིས་འབྲེལ་ཡོད་ལོ་རྒྱུས་འདོན་སྤྲོད་གནང་བ་རྣམས་རྨོངས་རྟུལ་གཉོས་ནོར་བཟང་བས་ལེགས་བསྒྲིགས་ཀྱིས་གློག་རྡུལ་ཡི་གེར་ཕབ་པ་འདིས་ཀྱང་གངས་ཅན་སྨན་རྩིས་བསྟན་འཛིན་གང་ཉིད་སྐུ་ཚེ་བརྟན་ཅིང་བརྗིད་པའི་སྨོན་པ་ལྷད་མེད་ཞུའོ།།  །།
ཡོང་ཁུངས། གཡུ་ཐོག་གླེང་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།