དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན་བཞུགས།།

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན་བཞུགས།།[1]

 

མཛད་པ་པོ། ངག་དབང་ཀུན་དགའ་བསོད་ནམས་མཆོག

(སྟོད་ཆ། དུམ་བུ་དང་པོ།)

 

རྒྱ་གར་སྐད་དུ། དྷརྨ་ཤྭ་ར་མོ་ཧ་བཛྲ་ཨཱ་ཙརྻ་བྷཊྚ་ར་ཀ་སངྒུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡ་ན་མ། བོད་སྐད་དུ། ཆོས་ཀྱི་དབང་ཕྱུག་རྡོ་རྗེ་སློབ་དཔོན་ཆེན་པོ་རྗེ་བཙུན་བླ་མ་དམ་པ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བླ་མེད་བླ་མའི་མཆོག་གྱུར་བླ་མ་དང་། །དུས་གསུམ་དུས་མེད་གཟིགས་པའི་དུས་འཁོར་ལོ། །དབྱེར་མེད་དབྱེ་བའི་ཚུལ་སྟོན་དབྱེ་བའི་གཞི། །འདྲེན་མཛད་འདྲེན་པའི་གཙུག་རྒྱན་འདྲེན་མཆོག་རྒྱལ། །བསྟན་པའི་སྙིང་པོ་དུས་ཀྱི་འཁོར་ལོའི་ལམ། །ལམ་མཆོག་རྒྱ་བོད་ལྗོངས་འདིར་གསལ་མཛད་གང་། །གང་ཞིག་རྩ་བརྒྱུད་བླ་མའི་ཚོགས་ལ་འདུད། །འདུད་དོ་བདག་ཀྱང་ཁྱེད་འདྲར་འགྱུར་བར་ཤོག །དུས་འཁོར་རྒྱུད་དང་མན་ངག་འཆད་པ་དང་། །ཉམས་སུ་ལེན་ལ་ཉེར་མཁོའི་བསྟན་བཅོས་མཆོག །སྔོན་བྱོན་མཁས་པའི་གསུང་རྒྱུན་ལེགས་བཤད་པའི། །དུས་འཁོར་བསྟན་པའི་མཛེས་རྒྱན་འདིར་སྤེལ་ལོ། །

 

དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན་ཞེས་བྱ་འདི་འཆད་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ། ལུགས་འདིའི་དམ་པའི་ཆོས་ཇི་ལྟར་བྱུང་བའི་ཚུལ། དེའི་ཟབ་མོའི་རྒྱུད་ལ་གཞན་གྱི་ལོག་རྟོག་གི་ཆ་བསལ་བ། དྲི་མ་མེད་པའི་བཀའ་སྲོལ་གྱི་རྒྱུད་དང་མན་ངག་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་ལེགས་བཤད་དངོས་བཤད་པའོ། །

དང་པོ་དཔལ་དུས་ཀྱི་འཁོར་ལོའི་དམ་པའི་ཆོས་ཇི་ལྟར་བྱུང་བའི་ཚུལ་ལ་གསུམ་སྟེ། ཤམ་བྷ་ལའི་ཡུལ་དུ་ཇི་ལྟར་བྱོན་ཚུལ། དེ་ནས་འཕགས་པའི་ཡུལ་དུ་ཇི་ལྟར་བྱོན་ཚུལ། དེ་ནས་བོད་ཡུལ་དུ་ཇི་ལྟར་བྱོན་ཚུལ་ལོ། །གཉིས་པ་དེ་ནས་འཕགས། དང་པོ་ནི། བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་གསུངས་པའི་ལོ་གཉིས་པ་ལ་རྒྱལ་པོ་ཟླ་བ་བཟང་པོས་རྩ་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་མཛད་ནས། ཤམ་བྷ་ལ་ལ་སོགས་པའི་ཡུལ་གྱི་མི་རྣམས་ལ་བསྟན་ཅིང་། མ་ལ་ཡའི་ཚལ་གྱི་དབུས་སུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་བཞེངས་ཏེ་རྫུ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷའི་དབང་པོ་དང་། གཟི་བརྗིད་ཅན་དང་། ཟླ་བས་བྱིན་དང་། ལྷའི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷའི་དབང་ལྡན་རྣམས་ཀྱིས་ལོ་བརྒྱ་བརྒྱར་རྩ་བའི་རྒྱུད་བསྟན་ནོ། །དེ་ནས་འཇམ་དབྱངས་གྲགས་པས་ཀྱང་ལོ་བརྒྱར་རྩ་བའི་རྒྱུད་བསྟན་ནས། དེའི་རྗེས་སུ་ཉི་མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་རྣམས་ཀྱིས་གསོལ་བ་བཏབ་ནས་བསྡུས་པའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་སྟོང་སུམ་ཅུ་པ་འདི་རྩ་བའི་རྒྱུད་ལས་ཕྱུང་སྟེ་བསྡུ་བ་མཛད་དོ། །དེ་ལ་ཡེ་ལེའི་ཚིགས་བཅད་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་པ་མན་ཆད་བཅུ་དང་ནང་ལེའི་ཚིགས་བཅད་བཤམ་མ་སྟེ། བཅུ་གཅིག་པོ་དེ་གྲགས་པ་དང་། ཉི་མའི་ཤིང་རྟའི་གསུང་ཡིན་གྱི། རྩ་རྒྱུད་ལས་བསྡུས་པ་མ་ཡིན་ཡང་། ལྷག་མ་སྟོང་སུམ་བཅུའོ། །ཞེས་ཁ་ཅིག་བཞེད་ཀྱང་། ཤོང་འགྱུར་ལ་ཡེ་ཤེས་ལེའུར་ཁྱིམ་བཅུ་གཉིས་ཁམས་དྲུག་དང་སྦྱར་བའི་ཚིགས་བཅད་གཅིག་ཆད་ཀྱང་། གྱི་ཅོ་དང་རྨའི་འགྱུར་ལ་མ་ཆད་པར་ཡོད་པས་ཡེ་ལེའི་ཚིགས་བཅད་བཤམ་མ་བཅུ་དང་འཇིག་རྟེན་ཁམས་ལེའི་ཚིགས་བཅད་བརྒྱ་ཞེ་དགུ་པ་དང་། ནང་ལེའི་ཚིགས་བཅད་བཤམ་མ་སྟེ་བཅུ་གཉིས་པོ་དེ། འཇམ་དབྱངས་གྲགས་པ་དང་ཉི་མའི་ཤིང་རྟའི་གསུང་ཡིན་གྱི། རྩ་རྒྱུད་ལས་བསྡུས་པ་མ་ཡིན་པས་དེ་དག་གི་ལྷག་མ་ཚིགས་བཅད་སྟོང་དང་སུམ་ཅུ་ཡིན་པར་གསལ་ལོ། །དེ་ནས་འཇམ་དབྱངས་གྲགས་པས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲས་པདྨ་དཀར་པོ་ལ་བསྡུས་པའི་རྒྱུད་འདི་སྟོན་ཅིང་རྒྱས་འགྲེལ་རྩོམ་པར་བསྐོས་ཏེ་མྱ་ངན་ལས་འདས་སོ།།

དེ་ནས་པདྨ་དཀར་པོས་རྒྱས་འགྲེལ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་མཛད་ཅིང་ཆོས་བསྟན་ཏོ། །དེ་ནས་བཟང་པོ་དང་། རྣམ་རྒྱལ་དང་། གཤིན་རྗེ་བཟང་པོ་དང་། རིན་ཆེན་ཕྱག་དང་། ཁྱབ་འཇུག་སྦས་པ་དང་། ཉི་མ་གྲགས་དང་། ཤིན་ཏུ་བཟང་པོ་སྟེ་བརྒྱད་པོས་ལོ་བརྒྱ་བརྒྱར་ཆོས་བསྟན་ཅིང་། དེ་ནས་རྒྱ་མཚོ་རྣམ་རྒྱལ་དང་། རྒྱལ་དཀའ་གཉིས་ཀྱིས་ལོ་བཞི་བརྒྱ་དང་གསུམ་གྱི་བར་དུ་ཆོས་བསྟན་ཏོ། དེ་ནས་ཉི་མ་དང་སྣ་ཚོགས་གཟུགས་དང་། ཟླ་བའི་འོད་དང་། མཐའ་ཡས་དང་། ས་སྐྱོང་དང་། དཔལ་སྐྱོང་དང་། སེང་གེ་དང་། རྣམ་རྣོན་དང་། སྟོབས་པོ་ཆེ་དང་། མ་འགག་པ་དང་། མིའི་སེངྒེ་དང་། དབང་ཕྱུག་ཆེན་པོ་དང་། མཐའ་ཡས་རྣམ་རྒྱལ་དང་། འཁོར་ལོ་ཅན་རིགས་ལྡན་དྲག་པོ་སྟེ་བཅུ་གཉིས་པོས་ཀྱང་ལོ་བརྒྱ་བརྒྱར་ཆོས་བསྟན་ཅིང་། དྲག་པོས་ཀླ་ཀློ་འཇོམས་པར་མཛད་དོ། །འདི་ལ་ཁ་ཅིག་མཐའ་ཡས་དང་རྣམ་རྒྱལ་གཉིས་སུ་བགྲངས་ནས། རིགས་ལྡན་ཉི་ཤུ་རྩ་དྲུག་ཡིན་ནོ། །ཞེས་འཆད་ཀྱང་། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲངས་པ་དེ་ཡི་ནང་ནས་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་མཆོག་གིས་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། །ཞེས་དྲག་པོ་རིགས་ལྡན་ཉི་ཤུ་རྩ་ལྔའི་ནང་དུ་འདུས་པར་གསུངས་པ་དང་འགལ་ལོ། །བླ་མ་བི་བྷཱུ་ཏ་ཙཎྜ་ནི། སེང་གེ་རྣམ་གནོན་གཅིག་མཐའ་ཡས་རྣམ་རྒྱལ་གཅིག་ཏུ་བྱས་ནས། མཇུག་གི་གྲགས་པ་དང་དྲག་པོ་ཐ་དད་དུ་བྱས་ཏེ་རིགས་ལྡན་ཉི་ཤུ་རྩ་ལྔར་བཞེད་ཅེས་ཀྱང་གསུང་ངོ་།། ༈ །།

འདི་སྐབས་ཀྱི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་གྲངས་ལ། ཀུན་མཁྱེན་བུ་སྟོན། རིགས་ལྡན་རྣམ་རྒྱལ་གྲགས་བཟང་། སྟག་ཚང་ལོ་ཙཱ་བ། ཀུན་མཁྱེན་ཇོ་ནང་པ་ཆེན་པོ། མཁས་པ་རནྡ་མ་ཏི་སོགས་ཀྱི་བཞེད་སྲོལ་མི་མཐུན་པ་དུ་མ་སྣང་ཡང་། འདིར་བཀོད་པ་ནི་ཇོ་ནང་ཀུན་མཁྱེན་ཆེན་པོའི་ལུགས་དང་དཔེར་མཐུན་པར་སྤྱི་ལམ་པའི་བཤད་ཚུལ་ཙམ་བསྟན་པ་ཡིན་ལ། རང་ལུགས་ནི་རྒྱུད་ཀྱི་དགོངས་པ་ས་ལོ་འཇམ་པའི་རྡོ་རྗེའི་བཞེད་པ་བཞིན། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་དུས་འཁོར་གཏན་ཚིགས་སུ་གསུངས་པ་ལྟར། ཁོ་བོས་བྱས་པའི་དུས་འཁོར་ཆོས་འབྱུང་ཆེན་མོའི་གཏན་ཚིགས་ཀྱི་སྐབས་སུ་བཤད་པ་བཞིན་འཐད་ལྡན་དུ་བཟུང་བར་བྱ་ཞིང་། གཞན་ཡང་རིགས་ལྡན་གྱི་སྤྲུལ་གཞི་དང་། ཆོས་སྟོན་པའི་ལོ་གྲངས་ཀྱི་བཤད་ཚུལ་མི་མཐུན་པ་སོགས་ཀྱི་མཐའ་གཅོད་ཀྱི་ཡི་གེ་རྒྱས་པ་ཞིག་ལོགས་སུ་འཆད་པར་བདག་སྤྲོའོ། །

གཉིས་པ་དེ་ནས་འཕགས་པའི་ཡུལ་དུ་ཇི་ལྟར་བྱོན་ཚུལ་ལ། འབྲོ་བའི་བཞེད་པའི་ལུགས་དང་། ར་པའི་བཞེད་པའི་ལུགས་གཉིས་སོ། །དང་པོ་ནི། རིགས་ལྡན་དཔལ་སྐྱོང་ཆོས་སྟོན་པའི་དུས་སུ། རྒྱ་གར་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཀྱིས། གཤིན་རྗེ་གཤེད་ཀྱི་རྒྱུད་ནས་འབྱུང་པ་བཞིན་དུ་རིགས་ཀྱི་སྲས་སྐྲུན་པའི་ཆོ་ག་བྱས་པས་ཁྱེའུ་གཉིས་འཁྲུངས་ཏེ་ཆེར་སྐྱེས་པ་དང་། བྱང་ཕྱོགས་ན་བྱང་ཆུབ་སེམས་དཔའ་དངོས་སུ་ཆོས་སྟོན་པ་ཡོད་པར་གྲགས་པས་ཉན་དུ་བྱོན་པ་ལ་ཁྱེའུའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་ཆོས་ལ་འདུན་པ་དང་ཤམྦྷ་ལར་འོངས་ན་ཚེའི་བར་ཆད་དུ་འགྲོ་བར་མཁྱེན་ནས་དཔལ་སྐྱོང་བྱོན་ཏེ། དེར་ཁྱོད་ཀྱིས་འགྲོ་བར་མི་ནུས་ཆུ་མེད་པའི་མྱ་ངན་གྱི་ཐང་ལ་ཟླ་བ་བཞི་འགྲོ་དགོས་པས་སྲོག་གི་བར་ཆད་དུ་འགྲོ། ང་ཡིས་འོངས་ལ་བཤད་གསུངས་ནས་ཟླ་བ་བཞི་གསུངས། དང་པོ་གང་བྱོའི་ཚུལ་དུ་མཁྱེན་ནང་བྱང་ཆུབ་སེམས་དཔའི་སྐོར་གསུམ་ལ་སོགས་པ་རྒྱུད་སྡེ་མང་པོ་ཐུགས་ལ་བཟུང་ནས་བྱོན་པས་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་གྲགས་ཤིང་། དེའི་མཚན་ཡང་དུས་འཁོར་ཞབས་ཞེས་ཟེར་རོ། །

དེ་ལྟར་སྔོན་གྱི་ལོ་རྒྱུས་ལ་དུས་འཁོར་ཞབས་ཆེན་པོའི་དུས་ན་རིགས་ལྡན་དཔལ་སྐྱོང་ཆོས་སྟོན་པར་གྲགས་ཀྱང་ཁུངས་དང་རྒྱུ་མཚན་ཅི་ཡང་མི་སྣང་ཞིང་། རིགས་ལྡན་རྣམས་ཀྱི་ཆོས་བསྟན་པའི་ཚད་དང་ཀླ་ཀློའི་གནས་ཚད་དང་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ནས་ལོ་ཇི་སྙེད་འདས་པ་དང་། བྱེད་རྩིས་ཀྱི་ལོ་དག་ལོགས་པར་བརྩིས་པ་རྣམས་དང་མི་འགྲིག་ཅིང་ནང་འགལ་འབྱུང་བས་མ་དག་པར་ཤེས་པར་བྱའོ། །དེས་ན་རིགས་ལྡན་རྒྱལ་དཀའ་འདས་ནས་ཉི་མ་ཆོས་སྟོན་པའི་མགོ་འཛུགས་པའི་དུས་བྱེད་རྩིས་ཀྱི་རབ་བྱུང་ལ་སོགས་འདས་ལོ་བསྲེ་བའི་མགོ་འཛུགས་པ་ཙམ་གྱི་དུས་སུ་དུས་འཁོར་ཞབས་ཆེན་པོ་བྱོན་པར་གསལ་ཏེ་བླ་མ་བརྒྱུད་པ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་ཞབས་ལ་ཟིན་པ་ཙམ་གྱི་ལོ་གྲངས་ཀྱི་ཚེ་ཚད་དང་ཡང་འགྲིགས་པར་སྣང་ངོ་། །

དེ་ལྟར་དུས་འཁོར་ཞབས་ཆེན་པོ་བྱོན་པའི་དུས་སུ་རྒྱ་གར་ན་དགེ་སློང་བློ་ཤིན་ཏུ་རྟུལ་བ་གཅིག་གིས་ལྷས་བསྟན་པའི་རྨི་ལམ་ལ་བརྟེན་ནས། བྱི་རུ་ལ་ལྷ་མོ་ཀུ་རུ་ཀུལླེའི་སྐུ་བྱས་ཏེ་བུད་མེད་ཀྱི་རོའི་ཁར་བཅུག་ནས་རྒྱབ་ཏུ་སྐྱིལ་ཀྲུང་བཅས་ཏེ་ཞག་བདུན་བསྒྲུབས་པས་ཁ་གྱེན་དུ་བལྟས་ཏེ་ཅི་འདོད་ཟེར་བ་ལ། མཐོང་ཚད་ཟིན་པར་འདོད་བྱས་ཀྱང་འོང་བ་ཡིན་པ་ལ་བློ་རྟུལ་བས་ཞུམ་པས་དྲིས་ཟིན་ཚད་ཟིན་པར་འདོད་བྱས་པས་དེ་ལྟར་བྱུང་པས་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ་ཁརྶ་པ་ཎིའི་གཙུག་ལག་ཁང་དུ་བྱུང་། དེས་སློབ་དཔོན་དུས་འཁོར་ཞབས་ལ་རྒྱུད་སྡེ་དུ་ཤེས་དྲིས། སློབ་དཔོན་གྱིས་ལན་གསུངས་པས་རྒྱུད་ཀྱི་མིང་ཙམ་ཡང་འཛིན་པར་མ་ནུས་སྐད། དེ་ལ་སློབ་མ་མང་པོ་བྱུང་པ་ལས་ཕལ་ཆེར་རྣལ་འབྱོར་པར་གྱུར་ནས་བཤད་པའི་སྲོལ་འཛིན་པ། སྲས་ན་ལེནྡྲ་པ་དུས་འཁོར་ཞབས་ཆུང་བར་གྲགས་པ་སྔ་མ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན་སྐད། ལོ་རྒྱུས་ཁ་ཅིག་ཏུ་དུས་འཁོར་ཞབས་ཆུང་པ་དང་། སྲས་ན་ལེནྡྲ་པ་ཡབ་སྲས་ཡིན་པར་ཡང་འཆད་དོ། །

དེའི་དུས་ཁ་ཆེར་བྲམ་ཟེ་ཞིག་གི་བུ་ཟླ་མགོན་ཞེས་བྱ་བ་བློ་ཤིན་ཏུ་རྣོ་བ་ཞིག་བྱུང་པས་ཡབ་མུ་སྟེགས་པ་ལ་དད་པས་མུ་སྟེགས་ཀྱི་ཆོས་རྣམས་ལོ་བཅུ་གཉིས་ལ་ཤེས། ཡུམ་སངས་རྒྱས་པ་ཡིན་པས་ང་ཡི་ཆོས་སློབ་དགོས་ཟེར་ནས། ཁ་ཆེ་བྲམ་ཟེ་ཞབས་ཞེས་བྱ་བའི་པཎྜི་ཏ་ལ་ཉན་དུ་བཅུག་པས།ཟླ་མགོན་དེ་གཟུགས་མཛེས་པར་ཡོད་པས་པཎྜི་ཏའི་སྲས་མོ་ན་རེ། ང་དང་ལྷན་གཅིག་འགྲོགས་ན་ཆོས་ཤོད་ཟེར། དེ་ལྟར་ཁས་བླངས་ནས་ནང་པའི་ཆོས་མང་པོ་གསན། དེ་ནས་དབང་མདོར་བསྟན་གྱི་དཔེ་གཟིགས་པས་ཤིན་ཏུ་མོས་ཏེ་མ་ག་དྷར་བྱོན་པ་དང་། དུས་འཁོར་ཞབས་ཡབ་སྲས་དང་མཇལ། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་རྣམས་ཞུས་སོ། །མཁས་པ་ཁ་ཆེ་རིན་ཆེན་རྡོ་རྗེ་དང་རྩོད་པ་བྱས་པས་ཟླ་མགོན་མ་ཐུབ། རིན་ཆེན་རྡོ་རྗེ་ན་རེ། ང་ལ་སློབ་མ་མི་དད་པར་འོང་གཞན་དུ་བྱོན་གསུངས། དེ་ནས་ཆོས་འདི་བོད་དུ་སྤེལ་དགོངས་ནས་བོད་དུ་བྱོན་ནོ། །དེ་དག་ནི་འབྲོ་བའི་བླ་མ་རྣམས་ཀྱི་བཞེད་པ་ལྟར་བཀོད་པ་ཡིན་ལ།

གཉིས་པ་རྭ་པའི་ལུགས་ཀྱི་དུས་ཀྱི་འཁོར་ལོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྐོར་དུ་གྲགས་པ་འདི་རྣམས་རྒྱ་གར་དུ་རྒྱལ་པོ་གསུམ་གྱི་རིང་ལ་བྱུང་སྟེ། དེ་ཡང་རྡོ་རྗེ་གདན་ན་དབུས་སུ་བཞག་པའི་ཤར་ཕྱོགས་ན། ག་ཛ་པ་ཏི་གླང་པོ་ཆེ་སྐྱོང་པའི་རྒྱལ་པོ་དེ་ཧ་པ་ལ་དང་། ལྷོ་ཕྱོགས་ན་ན་ར་པ་ཏི་མི་སྐྱོང་པའི་རྒྱལ་པོ་ཛའུ་གངྒཱ་པ། ནུབ་ཕྱོགས་ན་ཨ་ཤྭ་བ་དྷི་རྟ་སྐྱོང་བའི་རྒྱལ་པོ་ཀ་ནུ་དུ་ཛ་ཞེས་པ་ཡོད་པའི་ཚེ་བྱུང་ངོ་། །དེ་ལ་རྒྱ་གར་ཤར་ཕྱོགས་ན་ཡུལ་སྡེ་ལྔ་ཡོད་པའི་ནང་ནས། ཨོར་བིའི་སར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་སྡེ་སྣོད་ཐམས་ཅད་ལ་ཐུགས་སྦྱངས་པའི་ཙི་ལུ་པཎྜི་ཏས་རཏྣ་གི་རི་བི་ཧ་ར་དང་། བི་ཀྲ་མ་ཤི་ལ་དང་། ན་ལེནྡྲ་རྣམས་སུ་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་གཟིགས་ཤིང་ཁྱད་པར་དུ། དུ་རུ་ཀའི་གནོད་པ་མེད་པ་རིན་ཆེན་རི་བོར་གཟིགས་པས། སྤྱིར་སངས་རྒྱས་ཚེ་གཅིག་གིས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས་ཤིང་། ཁྱད་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་གསལ་བར་བྱས་པ་དགོས་ལ། དེ་ཤམྦྷ་ལ་ན་ཡོད་པར་མཁྱེན་ནས་ཡི་དམ་གྱི་ལྷས་ལུང་བསྟན་པ་ལ་བརྟེན་ནས། རྒྱ་མཚོར་ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ཏེ། རྒྱ་མཚོ་ལ་བརྒལ་བ་དང་ཚོང་པ་རྣམས་དང་ཟླ་བ་དྲུག་གི་འཛོམ་དུས་བྱས་ཏེ་ལམ་སོ་སོར་ཞུགས་སོ། །

དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་ནས་རི་གཅིག་གི་སྟེང་དུ་འཛེགས་པ་དང་མི་ཞིག་དང་ཕྲད་པས་དེ་ན་རེ། ཁྱོད་གར་འགྲོ་ཟེར་བ་ལ་ཤམྦྷ་ལར་བྱང་ཆུབ་སེམས་དཔའི་ཆོས་སྐོར་འཚོལ་དུ་འགྲོ་བྱས་པས། དེ་ནི་ཤིན་ཏུ་བགྲོད་དཀའ་སྟེ་ཤེས་པ་བྱུང་ན་འདིར་ཡང་མཉན་པས་ཆོག་མོད་གསུངས་པ་དང་། འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ་ཕྱག་བྱས་མཎྜལ་ཕུལ་གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་རྗེས་སུ་བཟུང་ནས་མེ་ཏོག་སྤྱི་བོར་བཞག་སྟེ། བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་པས་ཆུ་སྣོད་གཅིག་ཏུ་བྱོ་བ་ལྟར་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཏོ། །ཚུར་བྱོན་པ་དང་ཚོང་པ་རྣམས་དང་འཛོམ་སྟེ་སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནོ། །

ཡང་ལུགས་གཅིག་ལ་ཙི་ལུ་པཎྜི་ཏ་དེ་རྣལ་འབྱོར་པ་གཅིག་གི་བུ་ཡིན་པས་ཕ་ཡིས་ཤམྦྷ་ལར་ཁྲིད་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ཏུ་གཟུགས་བཟང་བ་གཅིག་དང་མཇལ་ཏེ། དེས་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤླཽ་ཀ་སྟོང་སྟོང་ཟིན་པར་གྱུར་ཏེ། རྒྱུད་འགྲེལ་ཐམས་ཅད་ཐུགས་ལ་བཟུང་ནས་རྒྱ་གར་དུ་བྱོན་ཏེ། རབ་ཏུ་བྱུང་པའི་མཚན་ཙི་ལུ་པ་ཞེས་གྲགས་སོ། །དེ་ནས་སློབ་དཔོན་དེས་ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་པས། སློབ་མ་གསུམ་བྱུང་སྟེ། དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་གླེགས་བམ་ལ་འབྲི་བར་ཞུས་ནས་བྲིས་སོ། །སློབ་མ་གཅིག་ཐ་མལ་པ་གཅིག་བྱུང་། གཅིག་རྒྱལ་བའི་འབྱུང་གནས་སྦས་པ་ཞེས་པ་གྲུབ་པ་བརྙེས་པ་གཅིག་བྱུང་། གཅིག་ཤར་ཕྱོགས་བྷང་གར་སྐུ་འཁྲུངས་པའི་བི་ཏོ་ཨརྻ་འམ། པཎྜི་ཏ་ཨཱ་ཙརྻ་ཞེས་པ་མཁས་པ་ཞིག་བྱུང་སྟེ། དེས་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཐུགས་སུ་ཆུད་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་བྱུང་སྟེ། རྒྱུད་འགྲེལ་གྱི་དཔེ་ཐམས་ཅད་དོང་དུ་སྦས་ཏེ་བྲོས་སོ། །དམག་གྱེས་ནས་བལྟས་པས་བདེ་དགྱེས་གཉིས་ཀྱི་སྨད་མི་འདུག་ནས་འབྲི་བར་ཞུས་ནས། མཁའ་འགྲོ་མས་སྦས་པར་འབྲིར་མི་རུང་གསུངས་ནས་མ་གནང་། ཙི་ལུ་པ་བ་སླར་རྒྱ་གར་ཤར་ཕྱོགས་སུ་གཤེགས་སོ། །

དེ་ནས་པཎྜི་ཏ་ཨཱ་ཙརྻ་དེས། བ་རེན་ཏྲར་སྐུ་འཁྲུངས་པའི་སློབ་དཔོན་དུས་ཞབས་པ་ཆེན་པོ་ལ་གསུངས་ཤིང་། དེས་ཀྱང་སྔར་བཞིན་དུ་མཁྱེན་ཅིང་ཐུགས་ཉམས་སུ་བཞེས་སོ། །ཁ་ཅིག་ན་རེ། དུས་ཞབས་པ་དེ་སྒྲོལ་མའི་ཞལ་མཐོང་ནས་ཅི་འདོད་པ་ཞུ་རུ་ཡོད་པས་སྒྲོལ་མས་ལུང་བསྟན། ཤམྦྷ་ལར་བྱོན་ཏེ་སྤྱན་རས་གཟིགས་ཀྱིས་ལམ་ནས་བསུས་ནས་མ་ལ་ཡའི་ཚལ་གྱི་ཁང་པར་ཁྲིད་དེ། དབང་བསྐུར་རྒྱུད་འགྲེལ་རྣམས་བཤད་ནས་དཔེ་ཐམས་ཅད་ཀྱང་གནང་སྟེ་བྱོན་ནོ། །དེ་ནས་རྒྱ་གར་ཤར་ཕྱོགས་མེ་ཏོག་ཁྱིམ་ཞེས་བྱ་བར་བཞུགས་པས་སློབ་མའི་མཆོག་བཞི་བྱུང་སྟེ། དུས་ཞབས་པ་ཆུང་ངུ་དང་གདུལ་བ་འབྱུང་གནས་བློ་གྲོས་དང་། སེང་གེ་རྒྱལ་མཚན་དང་མཐའ་ཡས་རྣམས་སོ། །

དེ་ལ་དུས་ཞབས་པ་ཆུང་བ་ནི། མཉྫུ་ཧ་སྟེ་དེ་ཤར་ཕྱོགས་སུ་སྐུ་འཁྲུངས། མཚན་བོ་དྷི་པ་ཞེས་ཀྱང་ཟེར། ན་ལེནྡྲ་པ་ཞེས་ཀྱང་ཟེར་རོ། །དུས་ཞབས་པ་སྔ་མ་ལྟ་བུའི་ཡོན་ཏན་དང་ལྡན་པ་དེས་རྒྱུད་འགྲེལ་མན་ངག་དང་བཅས་པ་མ་ག་དྷར་དར་ན་ཐམས་ཅད་དུ་དར་བར་འགྱུར་སྙམ་དུ་དགོངས་ནས། མ་ག་དྷའི་རྒྱལ་པོ་ཤིང་སྟན་ཅན་གྱིས་བྱེད་ཅིང་། སེན་དྷ་པས་ཨོ་དྱནྟ་བུ་རིའི་གཙུག་ལག་ཁང་གི་སྒོ་ཁང་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས། དེའི་འོག་ཏུ་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །ཞེས་པ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་པའི་བར་བྲིས་པས། པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་རྣམས་མ་རངས་པར་བརྩད་པས་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐམས་ཅད་བཏུལ་ནས། སློབ་པར་གྱུར་ཏེ། ཁྱད་པར་དུ། མཉྫུ་ཀིརྟི་དང་། ཨ་བྷི་མུག་ཏ་དང་། པཎྜི་ཏ་རི་བོ་པ་དང་། དཱ་བྱང་ཆུབ་སེམས་དཔའ་དང་། ཨ་བྷ་ཡ་དང་། པཱུཎྱ་ཆེན་པོ་དང་། ཁ་ཆེ་གམྦྷི་ར་དང་། ཤནྟ་གུཔྟ་དང་། གུ་ན་རཀྵ་ཏ་དང་། ཟླ་མགོན་དང་། ཙ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ཞིང་རྒྱལ་རིགས། རྗེ་རིགས། ཚོང་པ་ལ་སོགས་པ་རྣམས་ཀྱང་དད་ནས་དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ། ཤིན་ཏུ་དར་བར་གྱུར་ཏོ། །དེ་ནས་བལ་པོ་ཡེ་རང་དུ་སྐུ་འཁྲུངས་པའི་པཎྜི་ཏ་ས་མནྟ་བྷ་དྲས་མཁས་པ་ལྔ་ལ་གསན་ཅིང་། ཁྱད་པར་མཉྫུ་ཀིརྟི་རྗེས་སུ་འབྲང་ངོ་། །

གསུམ་པ་དེ་ནས་བོད་ཡུལ་དུ་ཇི་ལྟར་བྱོན་པའི་ཚུལ་ལ་ཡང་། འབྲོ་པའི་བླ་མ་རྣམས་དང་། ར་པའི་བླ་མ་དག་གི་བཞེད་ལུགས་གཉིས་སོ། །དང་པོ་ནི། དེ་ནས་ཁ་ཆེ་ཟླ་མགོན་བོད་དུ་བྱོན་ཞིང་ཁ་རག་ཉོས་ལ་བབས། འགྲེལ་བ་དྲི་མ་མེད་པའི་འོད་བསྒྱུར། གསེར་སྲང་བརྒྱ་རྫོང་བར་ཆད། པཎྜི་ཏ་མ་མགུ་བར་འགྲེལ་པ་ཕྱེད་ལས་མ་བསྒྱུར། འགྱུར་བྱེད་འཕྲོ་བསྣམས་ནས་འཕན་ཡུལ་བྲབ་ཏུ་བྱོན། ཞག་ཕོ་ཆུང་བས་བླ་མར་བཟུང་། འབྲོས་ལོ་ཙཱ་བ་བྱས་ནས་ཡོངས་སུ་རྫོགས་པ་བསྒྱུར། གཉོས་ཀྱིས་ཞང་སྟོན་ལ་ཁྱོད་ཀྱིས་ངའི་བླ་མ་ཕྲོགས་པ་ཡིན་པས་སྦ་བའི་གསེབ་ཏུ་ཉུང་ཀར་རྩེང་བ་གཅིག་བྱ་ཡི་ཟེར་བ་ལ། ཁྲོ་བོ་བརྒྱ་ཡིས་བསྡིགས་ཀྱང་མི་འཇིགས། ལྷ་མོ་བརྒྱ་ཡིས་འཛུམ་བསྟན་ཀྱང་མི་ཆགས་པ་ཡིན་ཟེར་ནས་ཞབས་ཏོག་མཛད། གཉོས་སྟོན་ཡེ་ཤེས་མཆོག་གིས་གསེར་སྲང་བཅོ་བརྒྱད་ཕུལ། གྲ་པ་མངོན་ཤེས་ཀྱིས་ལོ་གསུམ་ཆོས་སྟོན་དྲངས། ནམ་མཇལ་དུས་ཕྱག་རྟེན་མ་ཆད་པར་བྱས། རྗེ་བཙུན་ཚུལ་ཁྲིམས་རིན་ཆེན་གྱིས་གསེར་སྲང་དྲུག་ཕུལ། གཡོ་རུ་པ་འགར་སྟོན། མང་ཡུལ་སྟོན་མ་སྲི་ཐར་སྨོན་གྲོའི་འཇམ་སྒོམ་ལ་སོགས་པས་ཞབས་ཏོག་ཆེ་བར་བྱས་ཀྱང་། སོ་སོར་ཅུང་ཟད་ཙམ་མ་གཏོགས་པ་གཞན་མ་གནང་། འཕན་ཡུལ་བྲབ་ཏུ་སྐུ་འཁྲུངས་པའི་བསྒོམ་པ་དཀོན་མཆོག་བསྲུངས་ཞེས་པ་མངོན་པ་དང་། ས་སྡེ་དང་། སྨན་དཔྱད་ཀྱི་གཙུག་ལག་ལ་ཤིན་ཏུ་མཁས་ཤིང་ཡོན་ཏན་ཆེ་བར་གྲགས་པ་དེ་ཉིད་ཀྱིས་འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་པ་དང་བདག་ཉིད་ཀྱི་སྐེ་ལ་དར་ཡུག་གཅིག་བཏགས་ཏེ་ལུས་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་མཛད་ཅིང་།ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས་གཞུང་གདམ་ངག་དང་བཅས་པ་རྣམས་མ་ལུས་པར་གནང་ངོ་། །བླ་མ་འདི་ཉིད་ཀྱི་ཕྱི་རྟེན་རིང་བསྲེལ་མང་པོ་འབྱུང་བ་ཞིག་འཕན་ཡུལ་རག་མའི་ནང་ན་དུས་དིང་སང་ཡང་འདུག་པར་གྲགས་སོ། །

བླ་མ་སྒྲོ་སྟོན་གནམ་ལ་རྩེགས་ནི་འཕན་ཡུལ་སྒྲོ་རིགས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་དབུས་སྡེའི་དགེ་བཤེས་ལོ་རོ་པའི་དྲུང་དུ་གཡུ་ཆེ་ཆུང་འདྲེས་པ་ཕུལ། གང་བརྒྱགས་སུ་བསྣམས་ནས་བྱོན་ཏེ། ལྔ་བཅུ་རྩ་བརྒྱད་ཀྱིས་བར་དུ་སློབ་གཉེར་རྒྱ་ཆེར་མཛད་དོ། །ལོ་རོ་བའི་ཞལ་ནས་མཆིམས་སྔགས་པ་ཆེན་པོ་གཅིག་ཡོད་པ་ལ་འདི་རྡོ་རྗེ་འཛིན་པ་དང་འདྲ། ང་ཀུན་འདི་ལ་ལྟོས་ན་བ་ལང་དང་འདྲ་བར་འདུག །འོན་ཀྱང་ང་ཡིས་ཀྱང་ལཱོ་ཙ་བ་ཆེན་པོ་ལེང་ཤཱཀྱ་བརྩོན་འགྲུས། འབྲོག་མི་ཤཱཀྱ་ཡེ་ཤེས། མགོས་ཁུག་པ་ལྷས་བཙས་གསུམ་ལ་ཐུག་པ་རྡོ་རྗེ་འཛིན་པ་དང་འདྲ་བར་སོང་སྟེ་དུས་འཁོར་ཤེས་པ་གཅིག་མ་བྱུང་ན་ད་དུང་བ་གླང་དང་མཚུངས་པར་འདུག་གསུངས་ནས་བླ་མ་གནམ་ལ་རྩེགས་དུས་འཁོར་ལ་ཤིན་ཏུ་དད་དེ། དུས་འཁོར་སུ་ཡིས་ཤེས་དྲིས་པས་པཎྜི་ཏ་སོ་མ་ནཱ་ཐས་མཁྱེན་ཟེར་ནས་དེ་མ་ཐག་དེར་བྱོན་ཏེ། པཎྜི་ཏ་ལ་གསེར་སྲང་བཅུ་གཉིས་དང་རྟ་ནག་གཅིག་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་བྱས་ཀྱང་སོ་སོར་སྤོང་ཙམ་ལས་མ་གནང་། བླ་མ་དཀོན་མཆོག་བསྲུང་ལའང་གསེར་ཉུང་ངུ་ཕུལ་ནས་ཞུས་ཀྱང་པཎྜི་ཏའི་རྒྱ་ཡོད་གསུངས་ནས་མ་གནང་ངོ་། །དེ་ནས་པཎྜི་ཏ་རྒྱ་གར་ལ་གཤེགས་པའི་ཤུལ་དུ་སྣོར་བཟངས་སུ་ལོ་གསུམ་དང་། ཡེར་པར་ལོ་གསུམ་བླ་མ་ལྷ་རྗེ་གོ་བཏེག་མཛད་དེ་ཞུས་པས་གདམ་ངག་ཀུན་རྫོགས་པར་གནང་ངོ་། །

ཕྱིས་པཎྜི་ཏ་བོད་དུ་བྱོན་པའི་དུས་སུ་ལྷ་རྗེ་བསྒོམ་པས་སྒྲོ་སྟོན་ལ་གཞུང་གདམ་ངག་མ་ལུས་པ་བྱིན་འདུག ཅེས་པ་གསན། སྒྲོ་སྟོན་དང་མཇལ་མ་ཐག་ཆོས་གང་འདོད་པ་སྦྱིན་ནོ་གསུངས་པ་ལ། གཞོན་པའི་དུས་སུ་ནི་རྫོགས་པར་གནང་དུ་མ་འདོད།ད་རྒས་པས་མི་ཞུ་ལགས་བྱས་པས། ཁྱོད་དཀོན་མཆོག་བསྲུངས་ཀྱི་ཆོས་ཀྱིས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུངས་ནས་ཕྱག་ཕབ་བོ། །སྒྲོ་སྟོན་གྱིས་དེ་ཤིན་ཏུ་མད་ལགས། བླ་མ་ཆེན་པོའི་བཀའ་དྲིན་ལགས་ཞེས་ཞུས་པས། ཆོས་གང་གང་བྱིན་ཞེས་གསུངས་ལ། འདི་དང་འདི་རྣམས་གནང་ལགས་ཞེས་ཞུས་པས། དེ་རྣམས་ལས་ལྷག་པ་ང་ལའང་མེད། ཐམས་ཅད་ཚང་འདུག་པས་སུ་ལའང་མ་སྟེར། གཞན་ལ་སྟེར་རི་མནའ་སྐྱོལ་གསུངས་ནས། མགུལ་པ་ལ་ཕྲེང་པ་བཅུག་པ་དང་། བླ་མས་ནི་རྫོགས་པར་མ་གནང་། བླ་མ་དཀོན་མཆོག་བསྲུངས་ལ་ཞུས་པ་ལགས་མོད་ཅེས་ཞུས་པས། ཕྲེང་བ་ཕུད་དེ། ངན་པ་འདི་གསུངས་ནས་དབུ་ལ་བྱེ་མ་སྤར་གང་བརྒྱབ་སྟེ་ད་ཆུད་མ་གསོན་གསུངས་པ་ལ། དེ་སྐད་གསུང་མི་འཚལ། ཆུད་ཅི་ལ་གསོན། ཞེས་ཞུས་ཏེ་བཀུར་བསྟི་དུ་མ་མཛད་དེ་པཎྜི་ཏ་མཉེས་པར་མཛད་དོ། །དེ་ལྟར་པཎྜི་ཏ་དང་བླ་མ་དཀོན་མཆོག་བསྲུང་ལ་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གཞུང་གདམ་ངག་ཆ་ལག་དང་བཅས་པ་མ་ལུས་པར་གསན་ནོ། །དེ་ཉིད་ཀྱི་ཕྱི་རྟེན་མཆོད་རྟེན་ཞིག་འཕན་ཡུལ་གྱི་སྒྲོ་རིས་གནས་སྒང་ཞེས་བྱ་བ་ན་བཞུགས་པ། ཞིག་པའི་ས་འབུར་ཙམ་འདུག་པ་ལ་དིང་སང་ཡང་རིང་བསྲེལ་དུ་མ་རྙེད་ཅིང་འདུག་ཅེས་ཐོས་སོ། །བླ་མ་ཡུ་མོ་ནི་གདུང་རུས་རྔམ་ཞེས་པ་ཡིན་ཞིང་། ཡབ་རྔམ་ཁྲོ་བོ་ཞེས་པ་ཡིན་ལ། གངས་ཏེ་སེའི་རྩར་སྐུ་འཁྲུངས་ཤིང་སྐུ་མཆེད་བཞི་ཡོད་པའི་ཆུང་པ་ཡིན་ནོ། །རིམ་གྱིས་ལ་སྟོད་ལྷོར་བྱོན་ནས་དགུང་ལོ་བཅུ་པ་ལ་ལྷོ་མཆེར་གནས་སུ་མཁན་པོ་སྟག་རོལ་གཞོན་བྱང་བཞུགས་པ་ལ། རབ་ཏུ་བྱུང་ཏེ་མཚན་འདོགས་པའི་དུས་ན། ཁྱེད་ཀྱི་གདུང་རུས་རྔམ་དུ་འདུག དད་པ་ཤིན་ཏུ་ཆེ་བ་གཅིག་འདུག་པས། རྔམ་བཙུན་དད་པ་རྒྱལ་པོ་ཞེས་བྱ་བར་འདོགས་སོ། །ཞེས་གསུངས་ནས། དེ་ལྟར་མཚན་བཏགས་མཁན་པོ་ལ་ཆོས་གསན་ཅིང་ལོ་གཉིས་བཞུགས། དེ་ནས་དོན་མོ་རིར་བྱོན་ཏེ། སེ་སྟོན་སྒྲ་གཅན་འཛིན་དང་། དགེ་གནས་སུ་བར་སྟོན་ཐོས་པ་དགའི་དྲུང་དུ་མངོན་པ་དང་ཕ་རོལ་ཏུ་ཕྱིན་པའི་སྐོར་མང་དུ་གསན།ཁོང་རང་ཉིད་ཀྱིས་ཡུ་མོ་ཞེས་མཚན་བླ་དྭགས་སུ་བཏགས་སོ། །དེ་ནས་དཔའ་དགེ་མཐོང་དང་། སྙེགས་ལ་དབུ་མ་དང་ཚད་མ་གསན། དེ་ནས་འདུལ་པ་གསན་པར་དགོངས་པ་ལ། དེ་དུས་སོགས་འདུལ་བ་འཛིན་པ་མཁས་པར་གྲགས་པས། དེའི་དྲུང་དུ་བྱོན་ཏེ་འདུལ་བའི་སྐོར་རྣམས་གསན་ཅིང་མདོ་རྩ་རྫོགས་པར་ཐུགས་ལ་གསུངས། སྤྱོད་ཕྱོགས་རྣམས་ཀྱང་གསན། ཀྱཻ་རྡོ་རྗེ་ལ་སོགས་པའི་སྔགས་ཀྱི་སྐོར་ཡང་གསན་ཅིང་བཞུགས་སོ། །གྲོགས་གཅིག་གིས་དགུན་ཅི་བྱེད་ཅེས་འདྲི་བ་ལ། མཚམས་བྱས་ནས་སྔགས་ཀྱི་དཔེ་འདྲ་འབྲི་གསུངས་པས། འོ་ན་ཁོ་ན་རེ་བྱན་ལག་ཚང་ན་རྡོ་རྗེ་སྙིང་པོས་མཛད་པའི་ཀྱཻ་རྡོ་རྗེའི་འགྲེལ་པའི་དཔེ་འདུག་ཟེར་བས་དེ་འབྲི་འམ་ཞེས་ཟེར་བ་ཐོས་པས་སྔོན་གྱི་བག་ཆགས་སད་དེ་དད་པས་སྤུ་ཟིང་གྱུར་ཏོ། །དཔེ་གཡར་དུ་ཁུགས་སམ་ཞེས་དྲིས་པས། ཁུགས་སོ་ཞེས་ཟེར་ནས་གཡར་ཏེ་འབྲི་ཞིང་གཟིགས་པས་ཤིན་ཏུ་དད་དེ་འདི་འཆད་པ་ཡོད་དམ་ཞེས་དྲིས་པས། སོ་མ་ནཱ་ཐ་ཞེས་བྱ་བས་འཆད་ཅེས་གྲག་གོ །ཞེས་ཟེར་ནས། སྔོན་གྱི་མི་གཅིག་རང་ཡིན་ནམ་སྙམ་ནས་རྩད་ལེགས་པར་མ་གཅད་གསུངས། དེ་ནས་ཁམས་པ་ལྟེའུ་བ་ལ་སྤྱོད་ཕྱོགས་གསན་པ་ལ་དབུས་སུ་བྱོན་ནས་ཆོས་གསན་ཅིང་བཞུགས་པའི་དུས་ན་པཎྜི་ཏ་ཟླ་བ་མགོན་པོ་སྐར་ཆུང་ན་བཞུགས་ཟེར་བ་གསན། དེར་སྔར་གྱི་གཏམ་དྲན་ཏེ། དེས་རྡོར་སྙིང་འགྲེལ་པ་མཁྱེན་ནམ་ཞེས་དྲིས་པས། དེར་མ་ཟད་ཀྱི་སྤྱིར་གསང་སྔགས་ཙམ་ལ་མཁས། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་ཆེན་པོས་ཐོག་དྲངས་པ་འགྲེལ་པ་སྐོར་གསུམ་ལ་མཁས་པར་གྲགས་སོ། །ཞེས་གསུངས། ཞུས་ན་གནང་ངམ་ཞེས་དྲིས་པས། སྤྱིར་བཀའ་དོག་སྟེ། ད་ལྟ་བལ་ཡུལ་དུ་གཤེགས་པར་ཆས་པ་ལ་ཞབས་ཏོག་པ་མ་རྙེད་འདུག་ཟེར་བས་ཞབས་ཏོག་ལ་འགྲོ་ནུས་ན་གནང་འོང་གསུངས། དེར་དགེས་བཞིན་དུ་མཇལ་དུ་བྱོན་ནས། སུམ་པ་རྡོ་རྗེ་གཞོན་ནུ་ལ་མཇལ་བ་དང་ཆོས་ཞུ་བའི་སྣ་བོ་བཅོལ་ཏེ་ཕྱིན་པ་ན་པཎྜི་ཏ་དང་བླ་མ་གནམ་ལ་རྩེགས་ཀྱཻ་རྡོ་རྗེའི་རྩ་སྔགས་དང་ཡི་གེ་བརྒྱ་བ་ལ་ཞུས་དག་མཛད་ཅིང་འདུག་པའི་ཚེ་མཇལ་ཞིང་ཆོས་འབྲེལ་ཞུས་པས་སྔགས་གཉིས་པོ་ལ་བཤད་པ་མཛད་དེ་གསུངས།ཆང་དཀར་ཡོལ་གང་ཡང་གནང་བས་མ་འཐུངས་པ་ལ་བླ་མས་གནང་བ་མི་འཐུང་བ་ཁྱོད་གཏངས་ཞན་ཆེ་ཞེས་གཞན་གྱིས་འཕྱ་བ་བྱུང་ཞེས་འགའ་ཞིག་ཟེར་རོ། །པཎྜི་ཏས་གསེར་ཐིག་པོ་དང་གླ་རྩིའི་རྐྱལ་པ་མང་པོ་བསྟན་ནས་འདི་རྣམས་ཁྱེད་ཀྱིས་བལ་ཡུལ་དུ་འཁུར་ནུས་ཤིང་མགོ་ཐོན་ན། དེ་ནས་བོད་དུ་སླར་འོངས་ལ་ཆོས་གང་དགོས་སྦྱིན་ནོ་གསུངས། དེ་བཞིན་དུ་བྱའོ་སྙམ་ནས་བསྒོམ་པ་ཚུལ་གྲགས་ལ་དཔེ་ཆ་རྣམས་བཅོལ་བ་ལེན་དུ་བྱོན་པས་ཁྱོད་གར་འགྲོ་ཟེར་བ་ལ་ལོ་རྒྱུས་རྣམས་བསྙད་པས་པཎྜི་ཏ་ལ་ཆོས་མི་ཁུགས། སྔར་ཡང་མང་པོས་མ་ཁུགས་པ་ཡིན། པཎྜི་ཏའི་ཆོས་རྣམས་ཅིས་ཀྱང་དོན་དུ་གཉེར་ན་ངེད་ཀྱི་བླ་མ་སྣོར་བཟང་པས་རྫོགས་པར་མཁྱེན་པས་དེར་ཞུས་པས་མི་འཐད་དམ་ཞེས་ཟེར་བས་བློ་འགྱུར་ཏེ། སྟོན་པ་རྒྱལ་འོད། སྒོམ་པ་དབང་བསོད། སྒོམ་པ་ཚུལ་གྲགས་གསུམ་ལ་ཞུ་སྣ་བཅོལ། གསེར་ཞོ་འགའ་ཞིག་དང་། དུང་ཆོས་ལེགས་པ་གཅིག ཀ་པཱ་ལ་གཅིག་རྣམས་ཕུལ་བས་མཉེས་ཏེ། ཁྱོད་ཀྱི་འབུལ་པ་འདི་རྣམས་ཀྱང་ལ་ཉེ་བཟང་སོག་འདུལ་བ་འཛིན་པ་དེ་དགེ་བའི་བཤེས་གཉེན་ཚད་ལྡན་གཅིག་ཡོད་པ་འདུག་སྟེ་དེའང་ཐུགས་ཟིན་པ་ཡིན་ཟེར་བས་ཁྱེད་ལ་ཡོན་ཏན་ཅི་ཡོད་པ་ཡིན་ཏེ་འོང་གསུངས་ནས་ཆོས་གནང་བར་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་པ་དང་མཇལ་ཏེ་ལོ་བཞིའི་བར་བར་མ་ཆད་དུ་བསྟེན་ནས་འགྲེལ་པ་སྐོར་གསུམ་གྱི་གཞུང་མན་ངག་ཆ་ལག་དང་བཅས་པ་དང་། མཚན་བརྗོད་མན་ངག་གི་བཤད་པ་དང་། གསང་འདུས་སྒྲོན་གསལ་ལ་སོགས་པ་གསན་པའི་དུས་སུ་བླ་མ་བག་ཙམ་བསྙུང་པ་ན་གཙང་སྟོད་འདི་ལ་ཆོས་མ་ཕོགས་ཀྱི་བར་དུ་ང་མ་གསོད་ཅེས་མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས་གདམས་པ་ཐམས་ཅད་རྫོགས་པར་གནང་ངོ་། །དེ་ནས་འུ་ཡུག་ཏུ་དགུང་ལོ་ལྔ་བཅུ་པ་ལ་བྱོན་ནས་ནུབ་མའི་མདའ་རྒྱས་ཁབ་ཅེས་པར་གཞི་ཕབ་སྟེ། ཕུ་རུ་དབེན་གནས་ཀྱང་མཛད་ཅིང་དགག་ཚང་གྱི་ཕུའི་བྲག་ཕུག་ཏུའང་ཐུགས་དམ་ཡུན་རིང་དུ་མཛད་ནས་གྲུབ་པ་ཐོབ་སྟེ། དབང་དང་ཟབ་ལམ་གྱི་ཁྲིད་དང་འགྲེལ་བ་སྐོར་གསུམ་ཆ་ལག་དང་བཅས་པའི་གཞུང་བཤད་མང་དུ་གསུངས། གདམ་པའི་བསྟན་བཅོས་ཀྱང་མང་དུ་མཛད་ནས་དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ཡིན་ནོ། །བླ་མ་དེ་ཉིད་ཀྱིས་དགུང་ལོ་ལྔ་བཅུ་རྩ་ལྔ་པར་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་མཛད་པ་ལས་སྲས་དྷརྨ་ཤྭ་ར་འཁྲུངས་ཏེ། སྔོན་གྱི་བག་ཆགས་ཀྱིས་ཀློག་ཡིག་གཞོན་ནུ་ལ་མཁྱེན། དགུང་ལོ་བཅུ་གཉིས་པ་ལ་དབང་མདོར་བསྟན་གསུངས། བཅུ་དྲུག་པ་ནས་འགྲེལ་ཆེན་གྱིས་ཐོག་དྲངས་པའི་སེམས་འགྲེལ་སྐོར་གསུམ་གསུངས་ལ། གཞན་ཡང་སྤྱོད་ཕྱོགས་ཀྱི་དབུ་ཚད་དང་། ལམ་རིམ་དང་སྔགས་ཀྱི་རྒྱུད་སྡེ་དང་སྒྲུབ་ཐབས་མང་པོ་རྣམས་དགུང་ལོ་སུམ་ཅུའི་བར་དུ་སློབ་གཉེར་མཛད་ཅིང་མཁས་པར་སྦྱངས་ནས་གཞན་ཕན་རྒྱ་ཆེན་པོ་ཡང་མཛད་དོ། །བླ་མ་དེ་ཉིད་ཀྱི་སྲས་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་ཞེས་པ་གཙང་གི་འོ་ལུང་གི་སེ་མོ་ཆེའི་དགོན་པར་བཞུགས་པ་ལ། གྲུབ་ཐོབ་སེ་མོ་ཆེ་ཞེས་གྲགས་པ་དེ་ཉིད་ཀྱིས་ཡབ་ལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང་། སེམས་འགྲེལ་སྐོར་གསུམ་གདམ་ངག་དང་བཅས་པ་རྣམས་ཐོབ་ཅིང་། འགྲེལ་ཆུང་པདྨ་ཅན་དང་སྒྲུབ་ཐབས་མན་ངག་ཕྲན་ཚེགས་འགའ་ཟུང་ཡབ་ཀྱི་སྤྲུལ་སྐུ་ཇོ་འབུམ་ལས་ཀྱང་ཐོབ་ལ། རྗེ་བཙུན་ཡུ་མོས་མཛད་པའི་བསྟན་བཅོས་འགའ་ཞིག་དང་། ཡབ་ཀྱིས་མཛད་པའི་རོ་བཅུད་སྟོང་ཐུན་ལ་སོགས་པ་དང་། འབྲོ་པའི་བླ་མ་གོང་མའི་གསུངས་བགྲོས་བསྒྲིགས་པ་འོད་ཟེར་འཕྲེང་བ་དང་། རྗེ་བཙུན་ཁྱུང་གིས་མཛད་པའི་དྲི་མེད་རྒྱན་རྣམས་ནི། འགོས་དབང་བཙན་ལས་རིགས་ཚོགས་ལ་སོགས་པ་གསན་ཅིང་། ཡབ་ཀྱི་བུ་ཆེན་ཁང་གསར་པ་མཁས་པར་གྲགས་པ་ནམ་མཁའ་འོད་ལས་ཡབ་ཆོས་མང་དུ་གསན། བླ་མ་འདི་པ་ཏིང་ངེ་འཛིན་ལ་དབང་འབྱོར་པས་མངོན་ཤེས་ཆགས་ཐོགས་མེད་པ་བརྙེས་ལ་ལུང་བསྟན་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་བྱུང་ཞིང་སྐུ་ཚེ་མང་པོ་དྲན་ལ་རྫུ་འཕྲུལ་དུ་མའང་སྟོན་པར་མཛད་ཅེས་ཐོས་སོ།།

བླ་མ་ཉིད་ཀྱིས་མཛད་པའི་རྣམ་ཐར་གྱི་ཡི་གེ་ཡང་ཡོད་ཅིང་། སྐྱེ་བ་འདི་དང་འདིར་འཁྲུངས་པའི་རི་མོ་རས་བྲིས་སུ་བྲིས་པ་ད་ལྟ་ཡང་འདུག་ཅེས་ཐོས་ལ། གྲུབ་ཐོབ་ཆེན་པོར་རྩོད་མེད་དུ་གྲགས་སོ། །བླ་མ་དེ་ཉིད་ཕར་ཚད་མངོན་གསུམ་ལ་སོགས་པ་ལ་མངའ་བརྙེས་པའི་ཆོས་རྗེ་མངོན་གྲ་པ་རིན་ཆེན་རྩེ་མོ་ཞེས་གྲགས་པ་བོ་དོང་ཨེར་བཞུགས་པ་དེ་ཉིད་དང་། སྡེ་སྣོད་དང་རྒྱུད་སྡེ་དུ་མ་ལ་དབང་འབྱོར་པ་ཆོས་རྗེ་འཇམ་དབྱངས་གསར་མ་ཤེས་རབ་འོད་ཟེར་ཞེས་གྲགས་པ་འདོལ་ཆུང་དང་། རྐྱང་འདུར་དུ་བཞུགས་པ་དེས་གཡས་རུ་སྨོན་མཁར་གྱི་གྲོང་ཆུང་དགོན་པར་གདན་དྲངས་ནས་དབང་དང་གདམ་ངག་མ་ལུས་པར་ཞུས། སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་རྫོགས་པར་གསན་ནས་དབང་དང་གཞུང་བཤད་གདམ་ངག་མང་དུ་སྤེལ་ཞིང་འགྲོ་བའི་དོན་རྒྱ་ཆེན་མཛད་དོ། །འདི་ཉིད་ལ་མ་ངག་དགེ་སྡིངས་དང་རྒྱ་རོ་གསེར་སྡིངས་སུ་བཞུགས་པའི་སྔགས་མཚན་ཉིད་དུ་མ་ལ་མངའ་བརྙེས་པ་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་འོད་ཟེར་ཞེས་ཐོག་མར་གྲགས་ཤིང་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་ཆོས་སྐུ་འོད་ཟེར་ཞེས་བཏགས་པས། ཕྱིས་དེ་ལྟར་གྲགས་པ་དེ་ཉིད་ཀྱིས། སེམས་འགྲེལ་སྐོར་གསུམ་གྱི་དབང་གི་དམ་ཚིག་གཞུང་བཤད་བཅས་པར་རྫོགས་པར་གསན་པ་བླ་མ་དེ་ཉིད་ལ། ངས་ཕྱར་སྤང་སྒང་དུ་སྐུ་འཁྲུངས་པའི་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ཞེས་གྲགས་ལ། ཇོ་ནང་པ་ཆེན་པོ་ཞེས་ཀྱང་གྲགས་པ་མཚན་ཉིད་ཐེག་པ་དང་རྒྱུད་སྡེ་དུ་མ་ལ་མཁས་པར་སྦྱངས་ཤིང་། གདམས་པ་བསམ་གྱིས་མི་ཁྱབ་པའི་གཏེར་མཛོད་དུ་གྱུར་པ་རྡོ་རྗེའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་ཞིང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཆོས་རྗེ་འཇམ་དབྱངས་ཆེན་པོ་བཞི་ཐོག་པ་དང་། མཁན་ཆེན་རིན་པོ་ཆེ་བསོད་ནམས་སེང་གེ་ལ་སོགས་པ་དགེ་བའི་བཤེས་གཉེན་སྐྱེས་མཆོག་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དེ་ཉིད་ཀྱིས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པ་ཡིན་ནོ།།

དེ་ཉིད་ལ་ཆོས་རྗེ་ཡོན་ཏན་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་གྱི་གཞུང་གདམ་ངག་དང་བཅས་པས་ཐོག་དྲངས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་མཛད་པ་ཡིན་ཏེ། ཆོས་རྗེ་འདིའི་འཁྲུངས་ཡུལ་ནི་མདོག་སྟོད་ཀྱི་མེན་པ་ཡིན་ཞིང་གཞོན་ནུ་ལ་རབ་ཏུ་བྱུང་ནས་ཐུགས་རྗེ་རྒྱལ་མཚན་ཞེས་མཚན་དུ་བཏགས་ལ། མདར་དུ་མདར་བྱང་སྐྱབས་དང་སློབ་དཔོན་སྤྱང་སྟོན་གྱི་དྲུང་དུ་བསྙེན་ནས་དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པ་དང་ཚད་མ་རྣམ་པར་ངེས་པ། རིགས་གཏེར་རྣམས་མཁས་པར་མཛད་ནས་བཤད་པ་དང་། གྲྭ་སྐོར་ཡང་མཛད་ནས། གདན་ས་ཆེན་པོ་དཔལ་ས་སྐྱར་བྱོན་ནས། བླ་མ་ཆེན་པོ་དུས་འཁོར་བ་ཡེ་ཤེས་ཀྱི་དྲུང་དུ། དུས་འཁོར་དང་ཀྱཻ་རྡོ་རྗེའི་རྒྱུད་དང་། མངོན་རྟོགས་རྒྱན་ལ་སོགས་པ་གསན་ཅིང་། བླ་མ་འཇམ་དབྱངས་པ་ཆེན་པོ་ལ་ཀྱཻ་རྡོ་རྗེའི་རྒྱུད་གདམ་ངག་དང་བཅས་པ་དང་། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། མངོན་པར་རྟོགས་པའི་རྒྱན། སྤྱོད་འཇུག་ལ་སོགས་པ་མང་དུ་གསན། བུ་སྟོན་ཀུན་བཟང་དཔལ་ལ་མངོན་རྟོགས་རྒྱན། ཚད་མ་རྣམ་ངེས། འདུལ་བ་མདོ་རྩ་ལ་སོགས་པ་མང་དུ་གསན་ཅིང་། མཁྱེན་པར་མཛད་ནས། རྗེ་དུས་འཁོར་བའི་ཕྱག་ཕྱིར་ལ་གོང་དུ་བྱོན་ཅིང་། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ཐུགས་དམ་ལ་གཞོལ་བར་དགོངས་ཏེ། བོད་ཡུལ་དུ་གཤེགས་པར་ནན་གྱིས་ཞུས་ནས་གདན་སར་བྱོན་ཅིང་། དེ་མ་ཁད་ཇོ་མོ་ནང་དུ་བྱོན་ནས། ཆོས་རྗེ་ཀུན་སྤངས་ཆེན་པོ་དང་། དེའི་ཐུགས་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་ཆོས་རྗེ་བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་ཞེས་ཡོངས་སུ་གྲགས་པ་ལས། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་གཞུང་དང་གདམ་ངག་དུ་མའི་བང་མཛོད་དུ་གྱུར་ཅིང་མངོན་པར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་ལ་མངའ་བརྙེས་པ་ལ་བརྟེན་ཏེ། རི་ཁྲོད་ཆེན་པོ་དེ་ཉིད་ལས་གང་དུ་ཡང་མ་གཡོས་པར་ཆོས་རྗེ་ཡབ་སྲས་ཀྱི་ཡོན་ཏན་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐོས་པར་མཛད་ནས་ལོ་སུམ་ཅུ་རྩ་བརྒྱད་ཀྱི་བར་དུ་ཐུགས་དམ་ཟབ་ལམ་གྱི་ཏིང་ངེ་འཛིན་ལ་གཡེལ་བ་མི་མངའ་བའི་ངང་ནས་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ།།

གཉིས་པ་ར་པའི་བླ་མ་རིམ་པར་བརྒྱུད་པའི་ཚུལ་ནི། སྙན་ནམ་སྣང་ཡུལ་དུ་སྐུ་འཁྲུངས་པའི་ར་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་དབོན་པོ་ར་ཆོས་རབ་ཀྱིས་ར་པ་ལུགས་ཀྱི་ནག་འཇིགས་སྐོར་གསུངས། མངོན་འབྱུང་རྣམ་གསུམ། ཨ་བྷི་དྷ་ན་དང་སཾ་བྷུ་ཊི་ལ་སོགས་པའི་རྒྱུད་རྣམས་དང་། ཆོས་འབྱུང་དྲུག་པ་ལ་སོགས་པ་ར་པའི་ཆོས་སྐོར་མ་ལུས་པ་རྣམས་ཐུགས་སུ་ཆུད་ནས་དུས་ཀྱི་འཁོར་ལོ་དོན་དུ་གཉེར་བར་གྱུར་ཏེ་བལ་པོའི་མཐིལ་དུ་བྱོན་ནས། པཎྜི་ཏ་ས་མནྟ་ཤྲཱི་ལ་ལོ་ལྔ་ཟླ་བ་བཅུ་ཞག་ལྔར་བར་མ་ཆད་པར་བརྟེན་ནས་བཤད་བཀའ་དབང་བཀའ་མན་ངག་གི་བཀའ་དང་བཅས་པ་ཞུས་པས་ལེགས་པར་གནང་སྟེ་པཎྜི་ཏ་བོད་དུ་སྤྱན་དྲངས་ནས་རྒྱུད་འགྲེལ་ཡན་ལག་དང་བཅས་པ་བཤད་བསྒྱུར་གཏན་ལ་ཕབ། དངོས་པོ་ཐམས་ཅད་ཀྱིས་བསྙེན་བཀུར་ཆེར་བྱས་ཏེ་ཉི་མ་གཅིག་ལ་གསེར་སྲང་སུམ་བརྒྱ་ཕུལ། གཤེགས་སྐྱེལ་ཡང་སྐྱིད་རོང་གི་བར་དུ་མཛད་པས་བླ་མ་ཡང་ཤིན་ཏུ་མཉེས་ཏེ་པཎྜི་ཏ་འབུམ་ཕྲག་གསུམ་པའི་པྲོག་ཞུ་ཆགས་ལྷམ་རྡོ་རྗེ་དྲིལ་བུ་དུས་འཁོར་ལུགས་ཀྱི་ཕྱག་ཚད་མ་གནང་ངོ་། །དེ་ལ་ཉིད་ཀྱི་སྲས་བླ་མ་ཡེ་ཤེས་སེང་གེས་གསན་ཅིང་དེས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ལ་མཁྱེན་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ལ་ཉིད་ཀྱི་སྲས་ར་འབུམ་སེང་གེས་ཡོངས་སུ་རྫོགས་པར་གསན་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ལ་བླ་མ་རྒ་ལོས་ཞུས་སོ། །

བླ་མ་རྒ་ལོ་ནི། བོད་ཀྱི་རྒྱལ་པོའི་དུས་སུ་མི་ཉག་ཧ་ཤང་ཞེས་བྱ་བ་མཆོད་གནས་སུ་སྤྱན་དྲངས་སྔགས་འཆང་ཤ་སྟག་ཏུ་གྱུར་པའི་རྒྱུད་ལས་བྱུང་པ་མཁས་ཤིང་གྲུབ་པ་བརྙེས་པ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་སྲས་སུ་འཁྲུངས་ཤིང་། ཡབ་ཀྱིས་གྲུབ་ཐོབ་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་གདན་ས་རོང་གི་དབེན་དམར་བཟུང་ངོ་། །ཡབ་ཀྱི་མཚན་ལྟས་ལ་བརྟེན་ནས་སྔོན་གྱི་ཁམས་པ་རྒ་ལོ་ཙཱ་བའི་སྐྱེ་བར་དགོངས་ནས་མཚན་དུའང་དེ་ཉིད་བཏགས། ལོ་གསུམ་ཙམ་བཞེས་པ་ན། ཁ་ཆེ་པཎ་ཆེན་ངུར་སྨིག་ཏུ་བྱོན་པའི་ཚེ། མ་གཅིག་ཇོ་སྲས་མ་སྐྱིད་མོས་བསྣམས་ནས་ཆོས་དང་བྱིན་རླབས་ཞུ་རུ་བྱོན་པ་ལ་གཞན་ལས་ཁྱད་པར་དུ་འཕགས་པར་སཾ་སྐྲི་ཏིའི་སྐད་ཀྱིས་ལུང་བསྟན། ཕྱག་གིས་ཞམས། དབུགས་ཕྱུང་བས་སྐྱེ་བོ་འདུས་པ་ཕལ་ཆེར་གྱིས་སྐྱེས་བུ་དམ་པར་རྟོགས་ཤིང་། རྗེ་བཙུན་རང་གི་གསུང་གིས་ཀྱང་། བྱིས་པའི་དུས་ན་ཁ་ཆེ་བའི། །བླ་མ་པཎ་ཆེན་ཉིད་དང་མཇལ། །ལེགས་སྦྱར་སྐད་ཀྱིས་དབུགས་དབྱུང་མཛད། །ཅེས་སོ། །གཞོན་ནུར་གྱུར་པའི་ཚེ་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་ཡབ་ཀྱིས་མཁྱེན་པའི་ཆོས་རྣམས་ལ་སྦྱངས་པ་མཛད་ནས། ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོའི་དྲུང་དུ་རྒྱ་ཡིག་དང་རྒྱ་ཀློག་དང་སཾ་སྐྲི་ཏའི་སྐད་ཅི་རིགས་པ་དང་རྒྱུད་སྡེ་དང་གདམ་ངག་མང་དུ་གསན་ཅིང་དབང་ཞུས་པའི་ཚེ་དཀྱིལ་འཁོར་གྱི་དབུས་ནས་ངོ་མཚར་བའི་སྒྲ་ཐོས་ཤིང་བདུད་ཀྱི་བར་ཆད་ལས་ཐར་བའི་ལོ་རྒྱུས་ཞིབ་པར་འབྱུང་ངོ་། །གཞན་ཡང་ས་སྐྱ་པཎྜི་ཏའི་དྲུང་དུ་མཇལ་ནས་ཤིན་ཏུ་མཁས་པར་མཛད་ཅིང་བླ་མ་བི་བྷུ་དྷི་ཙཎྜ་དང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དང་། དཔྱལ་ཨ་མོ་གྷ་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་མ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་ཐོས་པར་མཛད་ནས་མཁས་པའི་མཆོག་དང་རྒྱུད་སྡེའི་བང་མཛོད་ཆེན་པོར་གྱུར་ཅིང་། གྲུབ་པའི་རྟགས་མང་པོ་ཡང་བསྟན་པར་གྲགས་སོ། །ཁྱད་པར་དུ་ཆོས་རྗེ་འཇམ་གསར་བསྟེན་ནས་དུས་འཁོར་འབྲོ་ལུགས་ཀྱི་དབང་དང་བཤད་པ་དང་མན་ངག་གི་བཀའ་རྣམས་ལེགས་པར་མནོས་ཤིང་། བླ་མ་ར་འབུམ་སེང་ཡུན་རིང་དུ་བསྟེན་ནས་དུས་འཁོར་གྱིས་གཙོ་བྱས་པའི་ར་ལུགས་ཀྱི་དབང་དང་མན་ངག་བཤད་བཀའ་དང་བྱིན་རླབས་ཐམས་ཅད་ཞུས་ཤིང་། དུས་ཀྱི་འཁོར་ལོའི་བཤད་པ་མཛད་པས་སློབ་མ་མཁས་པ་རང་གི་སྲས་རྒྱ་གར་གྲགས་སོགས་དང་། གྲུབ་པའི་དབང་ཕྱུག་མན་ལུང་གུ་རུ་དང་། ལྷོ་པ་གྲུབ་སེང་དང་། ཐང་སྟོང་ལོ་ཙཱ་བ་ལ་སོགས་པ་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་བྱོན། གཞན་ཡང་འགྲོ་མགོན་ཆོས་རྒྱལ་དང་མཁན་རིན་པོ་ཆེ་ཁྲོ་ཕུ་བ་ལ་སོགས་པ་ཡང་སློབ་མར་གྱུར་ཅིང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་པ་ཡིན་ནོ། །དེ་ལ་སྲས་བཞི་བྱུང་པ་ལ་གཅིག་སློབ་དཔོན་རྣལ་འབྱོར་གྱིས་ཡུལ་འཁོར་བསྐྱངས་ཤིང་། སློབ་དཔོན་ནམ་མཁའ་དཔལ་དང་། བླ་མ་ཨ་ཀ་ར་སིདྡྷི་གཉིས་ཀྱིས་དུས་འཁོར་ལ་སོགས་པ་ཡབ་ཀྱི་ཡོན་ཏན་རྣམས་ཕལ་ཆེར་ཐུགས་སུ་ཆུད་ནས་གཞན་ཕན་རྒྱ་ཆེར་མཛད་དོ། །

སྲས་གཅིག་བླ་མ་ཤེས་རབ་སེང་གེ་ཡིན་ལ། བླ་མ་དེ་ཉིད་ཀྱིས་གཞོན་ནུའི་དུས་སུ་འབྲི་ཀློག་ལ་སོགས་འབྱོངས་ནས་དུས་འཁོར་ལ་སློབ་གཉེར་མཛད་དེ། དགུང་ལོ་བཅུ་དྲུག་པ་ལ་གསུངས་སོ། །དེ་ནས་ཐར་པར་བྱོན་ནས་དཔྱལ་བའི་ཆོས་རྣམས་ཞུས་ཤིང་། སྟག་སྡེ་པ་སེང་གེ་རྒྱལ་གྱི་དྲུང་དུ་ཕར་ཚད་ལ་མཁས་པར་སྦྱངས་ཤིང་གྲྭ་སྐོར་ཡང་མཛད་དོ། །དགུང་ལོ་སུམ་ཅུ་པ་ལ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་དང་། མཁན་པོ་འཆིམས་ཆེན་པོའི་དྲུང་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ཆོས་མང་དུ་ཞུས། ལོ་ཙཱ་བ་ཆེན་པོ་གྲགས་པ་རྒྱལ་མཚན་གདན་དྲངས་ནས་རྡོ་རྗེ་ཕྲེང་བའི་དབང་དང་འཇམ་དཔལ་རྩ་བའི་རྒྱུད་ལ་སོགས་པའི་རྒྱུད་དང་། སྨན་དཔྱད་ཡན་ལག་བརྒྱད་པ་ལ་སོགས་པ་གསན། དབེན་དམར་གྱི་གདན་ས་བཟུང་ནས་དུས་འཁོར་གྱི་བཤད་པ་ཡུན་རིང་དུ་མཛད། གཞན་ཡང་ཐར་པ་དང་། ཁྲོ་ཕུ་ལ་སོགས་པ་དགོན་པ་སྣ་ཚོགས་སུ་ཆོས་མང་པོ་གསུངས་ནས་སེམས་ཅན་མང་པོའི་དོན་མཛད་ཅིང་། བླ་མ་ཏི་ཤྲཱི་ཀུན་དགའ་བློ་གྲོས་རྒྱལ་མཚན་བཟང་པོས་དབུ་མཛད། ས་སྐྱ་པའི་གདུང་རྒྱུད་མང་པོ་དང་། གཞན་ཡང་མི་ཆེ་བའི་སློབ་མ་བསམ་གྱིས་མི་ཁྱབ་པ་དང་། ལོ་ཙཱ་བ་ཡར་ཐར་དབང་གསུམ་གྱིས་དབུ་མཛད་མཁས་པ་དང་བཟང་བ་དང་བཙུན་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། ཁྱད་པར་དུ་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་བྱུང་ངོ་།།

།བླ་མ་དེ་ཉིད་ལ་ཕར་ཚད་མངོན་གསུམ་ལ་སོགས་པ་མཚན་ཉིད་ཀྱི་ཕྱོགས་ལ་ཤིན་ཏུ་མཁས་པར་གྲགས་ཤིང་གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་ཆེར་མཁྱེན་པ་སྐྱི་སྟོན་འཇམ་པའི་དབྱངས་གྲགས་པ་རྒྱལ་མཚན་གྱིས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་གསན་ཅིང་མཁས་པར་མཛད་པ་ཡིན་ནོ། །ཡང་བླ་མ་ཨ་ཀ་ར་སིདྷིའི་སྲས་རྡོ་རྗེ་རྒྱལ་མཚན་ཆུ་མོ་ལུག་གི་ལོ་ལ་འཁྲུངས། གཞོན་ནུ་ནས་རྒྱ་བོད་ཀྱི་ཡིག་ཀློག་དུ་མ་མཁྱེན། དུས་འཁོར་ལ་སྦྱངས་ནས་དགུང་ལོ་བཅུ་དྲུག་ལ་རྒྱུད་འགྲེལ་གསུངས། ས་སྐྱའི་ཤར་པའི་འཇམ་དབྱངས་རིན་རྒྱལ་དང་། སློབ་དཔོན་ཤེས་རྒྱལ་ལ་མཁན་སློབ་ཞུས། དགེ་ཚུལ་མཛད། དགུང་ལོ་བཅུ་དྲུག་ནས། དབེན་དམར་གྱི་གདན་ས་བཟུང་སྟེ། དུས་འཁོར་གྱི་བཤད་གྲྭ་བསྐྱངས། ཀ་བཞི་པ་གྲགས་པ་གཞོན་ནུ་དང་། ཞལ་མངའ་མཁན་པོ་ལས་བསྙེན་པར་རྫོགས་པར་མཛད། ཐར་ལོ་ལ་སྒྲ་དང་མངོན་པ་གསང་སྔགས་མང་དུ་གསན། ཁྱད་པར་བླ་མ་ཤེར་སེང་ལ་དུས་འཁོར་གྱིས་གཙོ་བྱས་དབང་བཤད་མན་ངག་བུམ་པ་གང་བྱོ་གསན། དུས་འཁོར་ལ་མི་བདེ་བ་གང་བྱུང་ཞུ་ཡིག་ཏུ་བསྐུར་བ་དང་། དྲིས་ལན་གྱི་སྒོ་ནས་ཀྱང་དུས་ཕྱིས་ཀྱི་བར་དུ་གཏན་ལ་ཕབ་ནས་ཤིན་ཏུ་མཁས་པར་གྱུར་ཏོ། །གཞན་ཡང་བླ་མ་མང་དུ་བསྟེན། མདོ་སྔགས་དུ་མ་ལ་མཁས། བླ་མ་ཤེར་སེང་གཤེགས་ནས་ཤམ་འབར་དང་གཉིས་ཀ་བཟུང་། དུས་འཁོར་གྱི་བཤད་ཉན་ཡུན་རིང་དུ་མཛད། དེ་ནས་ཧོར་རྒྱལ་པོས་གདན་དྲངས་ཏེ་རྒྱ་ཡུལ་དུ་བྱོན། འགྲོ་དོན་རྒྱ་ཆེར་མཛད་གླང་ལོ་ལ་རྒྱ་ཡུལ་དུ་སྐུ་གཤེགས། དེ་ལ་བུ་སྟོན་ཆོས་ཀྱི་རྒྱལ་པོས་གསན། འདི་ནི་ཡབ་བྲག་སྟོན་རྒྱལ་མཚན་དཔལ་བཟང་པོ་ཞེས་པ་གདུང་རབས་བཅུ་བདུན་དུ་སྔགས་རྙིང་མའི་གྲུབ་ཐོབ་ཟམ་མ་ཆད་པའི་མཁས་གྲུབ་ཅིག་དང་། ཡུམ་སློབ་དཔོན་མ་བསོད་ནམས་འབུམ་ཞེས་པ་གསང་སྔགས་རྙིང་མའི་ཆོས་ལ་མངའ་བརྙེས་པ་ཞིག་གི་སྲས་སུ་ལྕགས་ཕོ་སྟག་ལ་ཤབ་སྨད་སྒོམ་གནས་སུ་སྐུ་བལྟམས། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱིའི་སྐུ་སྐྱེར་གྲགས། འཇམ་དཔལ་བསྒྲུབས་པས་ཞལ་གཟིགས། དུས་ཕྱིས་ཀྱང་གཟིགས་རྟོག་མ་གྲུབ་པར་ཆོས་གསུང་བའི་ཚེ། ཡོན་ཏན་ཡེ་ཤེས་བཟང་པོའི་བསྟོད་སྒྲུབ་རེ་སྔོན་དུ་བཏང་ན་ཚིག་དོན་ཐམས་ཅད་གསལ་ལམ་མེ་ཐུགས་ལ་འཆར། དགུང་ལོ་ལྔ་དྲུག་ནས་ཡུམ་གྱིས་ཀློག་སློབ་པར་བརྩམས་པ་ན་འདའ་ཀ་ཡེ་ཤེས་དང་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་སྦྱར་ཀློག་མཛད་པས་ཀློག་མཁྱེན་པ་དང་ཐུགས་ལ་ཟིན་པ་མཉམ་དུ་བྱུང་། མེས་བླ་ཆེན་ཚུལ་ཁྲིམས་དཔལ་བཟང་པོའི་ཕྱག་དཔེ་གཟིགས་པས་འདི་བསྟན་བཅོས་རྣམ་དག་གོ །འདི་ནི་མིན་ནོ་ཞེས་སོ་སོར་ཕྱེ་བས་མེས་པོའང་ཤིན་ཏུ་དགེས། ཡིག་རྩིས་བསླབས་པས་སློབ་དཔོན་ལས་མཁས་པར་གྱུར། བདུན་པ་ལ་ཁྲོ་ཕུ་རིན་པོ་ཆེའི་དྲུང་དུ་སེམས་བསྐྱེད་ཞུས་པས་བདག་པས་གཞན་གཅེས་ཀྱི་ཐུགས་བཅོས་མིན་དུ་འཁྲུངས། བརྒྱད་པ་ལ་ཁྲོ་ཕུར་རྗེའི་དྲུང་དུ་བདེ་མཆོག་དྲིལ་བུ་པའི་དབང་ཞུས་དུས་འདིའི་དབུ་ལ་ཕྱག་བཞག་ནས་འོ་འདི་ལ་ངའི་ངལ་སོས་བྱེད་པ་ལགས་སོ་གསུངས། ཁྲོ་ཕུ་བའི་ཟབ་ཆོས་རྣམས་ཀྱང་གནང་། མེས་པོའི་དྲུང་དུ་གསང་སྔགས་རྙིང་མ་མང་དུ་གསན། བཟོ་སྨན་མཁྱུད་དཔྱད་མཁས་པར་མཁྱེན། བཅོ་བརྒྱད་པ་ལ་ལོ་ཚོའི་མཁན་རྒྱུད་མཁན་པོ་རིན་ཆེན་སེང་གེ་དང་། སློབ་དཔོན་ཚད་མའི་སྐྱེས་བུ་བསོད་ནམས་མགོན་ལས་རབ་ཏུ་བྱུང་སྟེ་མཚན་རིན་ཆེན་གྲུབ་ཏུ་བཏགས། སློབ་དཔོན་དེའི་དྲུང་དུ་ཕར་ཕྱིན་གྱི་སློབ་གཉེར་ལ་བཞུགས་ཏེ་འདིའི་ཕྱོགས་སུ་ཤི་ནའང་ཤི་སྙམ་དུ་དགོངས་ཏེ། ཉིན་མཚན་དུ་གསོལ་དང་མནལ་གྱི་ལོང་མེད་པར་གསན་སྦྱངས་ལ་འབད་པས་སྐུ་སེང་སེང་པར་སོང་སྟེ་ཀུན་གྱིས་སྙིང་རྗེའི་གནས་སུ་བྱེད། གཞུང་ཊཱིཀ་ནག་འབྱམ་ཐུགས་སུ་ཆུབ་ཅིང་། ཉི་སྣང་། བརྒྱད་སྟོང་འགྲེལ་ཆེན། བྱམས་པ་དང་འགྲེལ་པའི་ཆོས་སྡེ་ཉི་ཤུ་ལ་མཁས་པར་གྱུར་ནས་ཁྲོ་ཕུར་བཤད་གསར་མཛད། སྡེ་སྣོད་འཛིན་པ་རྣམས་རིགས་པས་ཟིལ་གྱིས་མནན། བོད་ན་ཀ་བ་ལི་འགྲིམས་པ་གཅིག་ལ་ཤེས་རབ་ཆེ་བར་གྲགས། དེ་ནས་མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད་གསན་ཅིང་གཙོ་བོར་རྣམ་ངེས་ལ་སྦྱངས་པས་སྡེ་བདུན་མདོ་དང་བཅས་པ་ཚེགས་མེད་དུ་མཁྱེན། དེ་ནས་མངོན་པ་ཀུན་ལས་བཏུས་ལ་སྦྱངས་ཏེ། སྔ་དྲོ་གཞུང་མདའ་ཚད་ཤོག་བུ་བདུན་དང་ཊཱིཀྐ་ཤོག་བུ་ལྔ་ཐུགས་སུ་འཛིན་པ་དང་། ཕྱི་དྲོ་བཤད་པ་རྩལ་བ་བཤད་དུ་གསན་པས་ཟླ་བ་གཅིག་ལ་མཁས་པའི་ཕུལ་དུ་ཕྱིན། སྤྱོད་འཇུག་དང་རིགས་ཚོགས་དབུ་མའི་སྐོར་རྣམས་ཀྱང་གསན། ཡང་རྩེ་བ་རིན་ཆེན་སེངྒེ་ལ་བདེ་མཆོག་སོགས་སྔགས་ཆོས་མང་པོ་གསན། ཉེར་གཅིག་པ་ལ་ཡབ་དང་ལྷན་ཅིག་དབུས་གཙང་གི་ཆོས་སྡེ་ཕལ་ཆེ་བར་གྲྭ་སྐོར་ལ་བྱོན། དབུས་ནས་ཤཱཀྱ་གཞོན། བཙན་དགོན་པ་བ། ཁ་རག་བྱང་གཞོན། གཙང་ནས་དཔལ་ལྡན་སེང་གེ འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས་ཕ་སྟོན་བུ་སྟོན་དུ་གྲགས་ཤིང་ཁྱད་པར་རྗེ་འདི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་མཁས་པའི་གྲགས་པས་ས་ཐམས་ཅད་དུ་ཁྱབ། དེ་ནས་རྣམ་སྣང་བ་ཡོན་ཏན་རྒྱ་མཚོ་ལ་སྤྱོད་ཡུལ། དོན་གྲུབ་དཔལ་བ་ལ་བརྟག་གཉིས། ཡབ་ལ་ཕྱག་རྡོར། གྲང་པོ་ལུང་པ་ལ་དོན་ཞགས། འཇམ་སྐྱ་ནམ་མཁའ་དཔལ་ལ་རྣམ་འགྲེལ་གསན། དེ་ནས་ཁྲོ་ཕུར་འཆད་ཉན་མཛད་དེ་ཕར་ཚད་མངོན་གསུམ་ལ་བཤད་པའི་རྐང་བཙུགས། ཉེར་གསུམ་པ་ལ་ཚོང་འདུས་འགུར་མོའི་བླ་བྲང་དུ། བཀའ་བཞི་པ་གྲགས་པ་གཞོན་ནུ། བྱང་སེམས་བསོད་ནམས་གྲགས། བསོད་ནམས་བཟང་པོ་སྟེ། ཆོས་ལུང་མཁན་པོ་གསུམ་གྱིས་མཁན་སློབ་མཛད། དད་པའི་དགེ་འདུན་ཉེར་གཉིས་ཀྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་ལ་མདོ་རྩ། སོར་ཐར་གྱི་མདོ། ཀརྨ་ཤ་ཏམ། བློ་སྦྱོང་རྣམས་གསན། དེ་ནས་ཐར་པ་གླིང་དུ་ཐར་ལོའི་དྲུང་དུ་ཟླ་བ་བཅུ་བར་མ་ཆད་དང་། ལར་ལོ་བཞི་བཞུགས་ནས། ཀ་ཙན་གྱི་མདོ་བྱིངས་ཉེ་བསྒྱུར་ཨུ་ཎ་དང་། ཨ་མ་ར་ཀོ་ཥ་རྣམས་སཾ་སྐྲི་ཏའི་སྐད་དུ་ཐུགས་འཛིན་མཛད་ནས། དེ་རྣམས་འགྲེལ་པ་དང་བཅས་པ་ལེགས་པར་སྦྱངས། རྒྱ་གར་ཤར་ནུབ། ཁ་ཆེ་སངྒྷ་ལ། སིནྡྷུ་རྒྱ་མཚོ་མཐའ་ལ་སོགས་པའི་ཡི་གེ་རིགས་མང་པོ་མཁྱེན། ལོ་ཙཱ་བྱང་བར་གྱུར། དེ་ནས་གསེར་གྱི་མཎྜལ་ཕུལ་ནས་ཟབ་ལམ་གྱི་ཁྲིད་ཞུས་པས། ཆོས་འདིའི་བདག་པོ་ཁྱེད་རང་ཡིན་པས་བགྱིའོ་གསུངས་ནས། དཔེ་མེད་མཚོ་དང་ཤ་ཝ་རའི་གདམ་ངག་གནང་སྟེ། འདག་སྦྱར་བུག་སྒོ་ཅན་དུ་བཞུགས་པ་ན། རྩ་རླུང་ཐིག་ལེའི་གནས་ཚུལ་མངོན་སུམ་དུ་གཟིགས། གཟུང་འཛིན་དབྱིངས་སུ་དག་ནས་ཡེ་ཤེས་ཆེན་པོའི་རྩལ་རྫོགས། རིན་ཆེན་སྣང་བ་དང་རིན་ཆེན་སྒྲོན་མ་སོགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་གྱུར་ཏེ། ཉམས་རྟོགས་མངོན་པར་ཤེས་པ་ཐོགས་པ་མེད་པ་འཁྲུངས། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ལས་ཐ་མལ་དུ་ནམ་ཡང་མ་མཐོང་གསུངས། དབང་མདོར་བསྟན། རྒྱུད་ཕྱི་མ། སེམས་འགྲེལ་གཉིས། དོན་དམ་བསྙེན་པ། ན་རོ་པ། ཨ་བྷ་ཡ། བརྩོན་འགྲུས་དཔལ་གྱི་སྦྱོར་དྲུག དབང་རབ་འབྱེད་ཀྱི་འགྲེལ་བ། སྙིང་པོ་རྒྱན། སཱ་དྷཱུ་པུ་ཏྲའི་བསྒྲུབ་དཀྱིལ། ཉི་ཟླ་བསྒྲུབ་པ། ཡེ་ཤེས་སྤྱན་སྒྲུབ། སྦས་པ་མིག་འབྱེད། ཐར་ལོ་ཉིད་ཀྱིས་མཛད་པའི་སྦྱོར་དྲུག་གི་སྐོར་སོགས་མང་དུ་གསན། དེ་ནས་དཔལ་ལྡན་སེང་གེའི་དྲུང་དུ། ར་འབྲོའི་དགོངས་པ་གཅིག་ཏུ་དྲིལ་བ་ལས་ཁྱད་པར་ཕྱག་ལེན་ར་ལུགས་གཙོ་བོར་སྟོན་པའི་དབང་ཞུས་པའི་ཚེ། བླ་མ་རྡོ་རྗེ་ཤུགས་དངོས་སུ་གཟིགས། གཞན་ཡང་བདེ་དགྱེས་སྒྱུ་ཐོད་རྡོ་རྗེ་ཕྲེང་བའི་དབང་སོགས་གསན། དེ་ནས་རོང་དབེན་དམར་དུ་བླ་མ་རྡོ་རྗེ་རྒྱལ་མཚན་པའི་དྲུང་དུ་བྱོན། ཟླ་བ་དགུ་བར་མ་ཆད་པར་བསྟེན་ནས། དུས་འཁོར་རྒྱུད་འགྲེལ་ར་འབྲོའི་བཞེད་ཚུལ་སོ་སོར་ཕྱེ་བའི་རྒྱུད་བཤད་མཛུབ་ཁྲིད་ཚར་གཉིས་ཆ་ལག་དང་བཅས་པ་གསན། དེ་ཚིག་དོན་གཉིས་ཀ་ལ་མཁས་པར་གྱུར། བླ་མས་ཀྱང་འོ་ཆོས་བདག་པོ་ལ་འཕྲོད་ད་བློ་བདེའོ་གསུངས། དུས་ཕྱིས་ཀྱང་དུས་འཁོར་ཁོ་ནར་ཐུགས་རྩིས་ཆེ་ཞིང་། གསུངས་པའི་དུས་ནའང་འདི་དཔལ་དུས་ཀྱི་འཁོར་ལོ་བྱ་བ་གཞན་གྱི་རྒྱུད་འགྲེལ་བས་འདིའི་དཀྱིལ་ཆོག་ཀྱང་དགའ། རྒྱུད་གཞན་གྱི་དཀྱིལ་ཆོག་པས་འདིའི་སྲུང་འཁོར་ཡང་ཚན་ཆེ། འདི་འདྲ་བའི་ཆོས་སློབ་པ་ལ་འོ་ཡང་ཞོར་ཤམ་ལ་ཤེས་པ་མི་མཆི། འདིར་བྱོན་ཅིག་གསུངས་ནས་ས་རིགས་པ་ལ་སོགས་པ་རྣམས་དཔོན་སློབ་ཆོས་ཁྲིའི་ཁ་རུ་བསྒྲིགས་ནས་མཛད། བརྗེད་ཐོའི་དཔེ་ཆུང་དང་འཁྲུལ་འཁོར་གྱི་གནད་ལ་སོགས་པ་རྣམས་རྒྱུད་འགྲེལ་དང་བསྟུན་གྱིན་ཕྱག་ལེན་མཛད། འོ་སྐོལ་སྔགས་པ་ཀུན་ལ་ཕྲ་མོའི་ལག་ལེན་ཚུན་ཆད་ལ་དྲི་གཏུག་བྱེད་པ་གཅིག་རང་མ་བྱུང་ན། ཨོ་སོབ་སོབ་རེའི་དགེ་བཤེས་ལ་གཤའ་མ་མི་མཆི། དེས་ན་འདི་ལྟ་བུའི་རྒྱུད་ལ་སློབ་གཉེར་བྱེད་ན། ཁོལ་པོ་ཐོན་དུ་དཀའ། དཀའ་ལ་ནན་ཏན་ཆེན་པོ་འཚལ། མ་བདེ་བ་བྱུང་ན་དྲིས་ཤིག ཆོས་ཟབ་པ་རྒྱ་ཆེ་བ་སངས་རྒྱས་རྣམས་ཀྱིས་གསུངས། བསྡུ་བྱེད་རྣམས་ཀྱིས་བསྡུས། པཎ་གྲུབ་རྣམས་ཀྱིས་བསྒྱུར། མཁས་པ་རྣམས་ཀྱིས་གཏན་ལ་ཕབ། བཤད་པའི་སྲོལ་མ་ཆག དབང་གི་ཆུ་བོ་མ་ནུབ། ལྷད་མ་ཞུགས། འདྲེས་མ་ཁྱེར། དམ་མ་ཉམས། བཀའ་བརྒྱུད་གྲུབ་ཐོབ་ཀྱི་ཟམ་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ། མདོ་རྒྱུད་འགྲེལ་པ་ཟབ་མོ་རྣམས་ཀྱི་ལྡེ་མིག སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི་སྤྱི་ལམ་འདི་ལྟ་བུའི་ཆོས་བཤད་ཉན་བྱར་ཡོད་པ་ཚོགས་བསགས་པ་ཡིན་པས་ད་ཆུད་མ་གསན། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད་ཅེས་ནན་ཏན་ཆེན་པོའི་སྒོ་ནས་གསུང་ཞིང་། དཀའ་བའི་གནས་རྣམས་ལ་དྲི་བ་ཞུས་པ་ལ་ཤིན་ཏུ་དགྱེས། ཛ་ལནྡྷ་རི་པའི་དངོས་སློབ་བི་བྷུ་ཏི་དཱ་མ་ལ་གཏུམ་མོ་དང་གེགས་སེལ་དང་། བར་ཕུག་རོང་པ་གཞོན་ནུ་གྲུབ་པ་ལ་བཀའ་གདམས་པའི་ལུགས་མང་པོ་གསན། སོ་གཅིག་པ་ལ་སྐུ་ཞང་གྲགས་པ་རྒྱལ་མཚན་པས་གདན་དྲངས། ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་ཕྱག་ཕེབས་ནས་བཀའ་ཆེན་བཞི་ལ་བཤད་པའི་རྐང་མཛད་ནས་བཤད་ཉན་གྱི་གྲྭ་བཙུགས་པ་ན། གྲྭ་པ་འགའ་ཞིག་གིས་ཆགས་སྡང་གི་རྣམ་འགྱུར་མི་ཟད་པ་བསྟན་པ་ཞི་བའི་ཆེད་དུ་དབུ་མཛད་བཀྲ་ཤིས་བཟང་པོ་ལ་ཕར་ཕྱིན་གསན། འོན་ཀྱང་ད་དུང་མ་ཟློག་པར་སྤྱན་ལ་རྡེའུ་འཕེན་པ་སོགས་བྱས་པས། རང་ལ་མི་ཕན་གཞན་ལ་གནོད་པ་ཡིན། །བདག་གིས་འཆད་ཉན་འདི་འདྲས་ཅི་བགྱིས་ལགས། །ཟ་འདུག་འགྲོ་འཆགས་ལ་སོགས་ཅི་བྱས་ཀྱང་། །གཞན་གྱི་ཁོང་ཁྲོའི་རྒྱུ་རུ་འགྱུར་ལ་སྐྱོ། །ད་ནི་ཚེ་ཡང་རིང་དུ་མི་གནས་ཤིང་། །ནང་གི་དབང་པོ་ཡོངས་སུ་མི་གསལ་ལ། །སྐྱེ་འཆིའི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ། །ཅུང་ཟད་ཤེས་པ་ཉམས་ལེན་དུས་ལ་བབ། །གསུངས་ནས་རེ་ཞིག་ཐུགས་ལས་ཆུང་ངུ་ལ་གཞོལ་བ་ན། སྐུ་ཞང་ཆེན་པོ་སྟབ་སྟབ་པོར་གྱུར་ནས་མ་རུངས་པ་རྣམས་སྲོག་གི་ཆད་པ་ལ་གཏུགས་པ་ན། དེ་རྣམས་ཀྱང་འགྱོད་པས་ནོངས་པ་འཆགས་ཤིང་རྗེ་འདི་ཁོ་ན་སྐྱབས་སུ་བརྟེན་ཏེ་མགྲིན་གཅིག་ཏུ་གསོལ་བ་བཏབ་པས། དེ་རྣམས་ཀྱི་འཇིགས་སྐྱོབ་དང་བསྟན་པ་ལ་དགོངས་ནས་སླར་ཡང་ཆོས་ཀྱི་འཁོར་ལོ་ཟླ་མེད་པ་བསྐོར། དེ་དུས་གྲུབ་ཐོབ་ཟེ་དམར་བ་ལ་བདེ་མཆོག་གསན། དེ་ནས་སྔོན་ཇོ་བོ་རྗེས་བྱིན་གྱིས་བརླབས་པའི་བསྟི་གནས། དེའི་མཆོད་རྟེན་ཡང་བཞུགས་པའི་ཞྭ་ལུའི་རི་ཕུག་ཏུ་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་བཞེངས། སྔར་རོང་པ་རྡོ་རྗེ་རྒྱལ་མཚན་ལ་དུས་འཁོར་གསན་པའི་དུས་སུ་གསང་འདུས་ཤེས་པ་གཅིག་བྱུང་ན་སློབ་ཞུས་པས། ངེད་ཀྱི་མཆེད་གྲོགས་སློབ་དཔོན་འཕགས་པ་བྱ་བ་འཕགས་ཡོ་ག་དུས་གསུམ་ལ་མཁས་པ་ཞིག་མ་དག་ཕྱོགས་ན་ཡོད་གསུངས་ཏེ་རྩད་བཅད་པས། ཕྱིས་སྐྱི་མཁར་ན་བཞུགས་པ་གསན་ནས་གདན་འདྲེན་པ་བཏང་པས། མནལ་ལམ་དུ་བུད་མེད་གཅིག་གིས་བུམ་པ་ཆུས་ཅུང་མ་གང་བ་གཅིག་དང་། རྣལ་འབྱོར་གཅིག་གིས་རྡོ་རྗེ་དྲིལ་བུ་ཁྱེར་བྱུང་ནས། འདི་པ་སྔར་རང་གི་ཡིན་པ་ན་ནིང་ནས་བྲག་རམ་ན་ཡར་ལ་ཕྱིན་ད་ཁྱེད་རང་ལ་གཏོད་པ་ཡིན་ཟེར་ནས་གཏོད་དུ་བྱུང་པ་རྨིས། ཐུགས་དགེས་ཚོར་དང་བཅས་པས་ཀུན་མཁྱེན་འཕགས་འོད་ཞྭ་ལུ་རི་ཕུག་ཏུ་གདན་དྲངས་པས། ཁྱེད་ལ་རྒྱ་པའི་རྒྱ་ལུགས་དང་། གར་པའི་གར་ལུགས་སོགས་པ་དེ་མ་ཡིན། འགག་འདྲ་བཤད། གཞན་ཤར་རྩེ་བཀླགས་ནས་ཐོབ་ཆེ་བ་གཅིག་བགྱི་གསུངས། བཤད་པ་རྡོ་རུས་ཐུག་པ་གཅིག་ཞུ་ཞུས་པས། ཨ་པ་སྙིང་ནས་རང་སློབ་ན། སྔོན་ལ་རིམ་ལྔའི་དམར་ཁྲིད་བགྱི་གསུངས་ནས་དབང་དང་ཁྲིད་གནང་། དེའི་ཚེ་སངས་རྒྱས་བྱང་སེམས་མང་པོ་ཏིང་ངེ་འཛིན་གྱི་རྩེད་མོ་སྣ་ཚོགས་མཛད་པ་དང་། བསྐྱེད་རིམ་གྱི་དུས་སུ་ལྷ་སོ་གཉིས་ཀྱི་ཞལ་གཟིགས། རྡོར་བཟླས་ཀྱི་དུས་སུ་རྟགས་ལྔ་དང་རླུང་ལྔ་སོ་སོར་གསལ་བར་གཟིགས། སྐུ་ལུས་འཇའ་འོད་དུ་གྱུར་པ་ལ་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་གཟིགས། མནལ་འོད་གསལ་དུ་ཟིན། ཨུ་རྒྱན་དུ་བྱོན་ནས་ཡེ་ཤེས་མཁའ་འགྲོ་མ་དང་མཇལ། མངོན་དགར་བྱོན་ནས་རིན་པོ་ཆེའི་གཞལ་མེད་ཁང་ན་སངས་རྒྱས་སྟོང་གྲལ་བསྒྲིགས་སུ་བཞུགས་པ་གཟིགས། ཞིང་ཁམས་དག་པ་ལྟ་ན་ཉི་ཟླ་ལ་ཞོན་པའམ། འོད་ཟེར་ལ་འཇུག་པའམ། མཁའ་ལྡིངས་ལ་སོགས་བྱས་ནས་གང་འགྲོ་འདོད་པའི་ཡུལ་དུ་སླེབ་པ་སྙམ་བྱས་ན་མཐོང་གིན་འདུག་གསུངས། མཚན་མོ་མནལ་ལམ་དུ་གསུང་རབ་གང་བཞེད་ལ་གཟིགས་རྟོག་མཛད་ནས་སང་དེ་ཚོགས་སུ་གསུངས། དེ་ནས་གསང་འདུས་འཕགས་སྐོར། ཡེ་ཤེས་ཞབས་ལུགས། དུས་འཁོར་རྭ་འབྲོའི་དབང་རྒྱུད་བཤད་ལུང་མན་ངག་གི་བཀའ། ནཱ་རོ་པ། ཇོ་བོ་རྗེ། ཤཱཀྱ་ཤྲཱི། ཤ་བ་རི། དཔྱལ་ཨ་མོ་གྷ། གྱི་ཇོ། རྩ་མི། རྒ་ལོ། ཞང་ཚལ་པ། སྲོག་པ་ལུང་པ། ཡར་པ་བྱ་ཟེར་རྣམས་ཀྱི་སྦྱོར་དྲུག ཨོ་རྒྱན་བསྙེན་བསྒྲུབ་སོགས་སྦྱོར་དྲུག་རིགས་མི་འདྲ་བ་མང་པོ། བདེ་དགེས། གཤིན་རྗེ་གཤེད། སྒྱུ་དྲ། གདན་བཞི། མཱ་ཡཱ། གྲུབ་རྙིང་། ཡོ་ག བྱ་སྤྱོད་ཕལ་མོ་ཆེའི་དབང་བཤད་མན་ངག་གི་བཀའ་ཐམས་ཅད་ནོད། བླ་མ་འདི་ལ་རྡོ་རྗེ་འཆང་གི་འདུ་ཤེས་ལས་སྐད་ཅིག་ཡང་མི་གཡེལ། བླ་མས་ཀྱང་ཆོས་རེ་རེ་གསུངས་པའི་གཤམ་དུ་ཆོས་བདག་པོ་ལ་འཕྲོད་དོ་གསུངས། སྤྱིར་བླ་མ་ཉི་ཤུ་རྩ་བརྒྱད་མངའ། མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་ནས། དབྱར་དགུན་གྱི་དུས་ཆོས་ལ། བཀའ་ཆེན་བཞི། སྤྱོད་འཇུག འཕགས་ཡོག་དུས་གསུམ་ཞེས་པའི་ཐ་སྙད་མཛད་ནས། སྟོན་དཔྱིད་དུས་འཁོར་དང་གསང་འདུས་རྒྱུད་འགྲེལ། རྡོ་རྗེ་འབྱུང་བ། སུམྤུ་ཏྲི་རྣམས་རྒྱུན་དུ་གཙོ་བོར་གསུངས། གཞན་མདོ་རྒྱུད་ཀྱི་བཤད་ལུང་མན་ངག་ཐུག་པ་མེད་པར་ཞར་ཆོས་སུ་གསུངས།

བསྟན་བཅོས་མང་དུ་མཛད་པ་ལས་དུས་འཁོར་གྱི་སྐོར་ལ། རྒྱུད་འགྲེལ་གྱི་མཆན་ས་བཅད། ཆོས་འབྱུང་། མཁས་པ་དགའ་བྱེད། ལག་ལེན་གྱི་རྩིས་མྱུར་རྩིས་ཀྱི་ལྷན་ཐབས། སྒྲ་རིག་མཁས་རྒྱན། མདོར་བསྡུས་དང་པོའི་ཊཱིཀྐ། ངེས་དོན་སྙེ་མ། ལྷན་སྐྱེས་དང་། ཐུགས་དཀྱིལ་དང་། ཡོངས་རྫོགས་ཀྱི་སྒྲུབ་ཐབས། བསྟོད་པ། དཀྱིལ་ཆོག དེའི་ལྷན་ཐབས། མཆོད་གར། སྔགས་གར། སྟངས་སྟབས་བདུན་པ། རྒྱུད་མཆོད། བརྒྱུད་པའི་གསོལ་འདེབས། རབ་གནས། དུས་ཐ་མའི་ཆོ་ག མཆོད་འཕྲེང་། གོ་ལའི་རྣམ་གཞག ཞི་བ་དང་ལས་བཞིའི་སྦྱིན་སྲེག ཐིག་རྩ། ཁོར་ཡུག་གི་ལྷ་འགོད་ཚུལ། དབང་མདོར་བསྟན་གྱི་ཊཱིཀྐ། ཁྲིད་ཡིག ངོ་སྤྲོད། འགལ་སྤོངས་རྣམས་མཛད། ས་སྐྱ་པ་དོན་ཡོད་རྒྱལ་མཚན་སྐུ་མཆེད་ཀྱིས་བརྟག་གཉིས་ལ་ཊཱིཀྐ་མཛད་པར་བསྐུལ་བ་ན། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་ལན་གཉིས་མཇལ། རྗེ་བཙུན་གྱི་ཞལ་ནས་འདིའི་འགྲེལ་པ་བྱེད་པ་དེ་ལེགས། སྤྱིར་བཀའ་བསྟན་བཅོས་རྣམས་དང་། ཁྱད་པར་གསང་སྔགས་ཀྱི་བསྟན་བཅོས་ལ་ཞུ་དག་དང་། ཡང་དགོས་སུ་ངའི་བསྟན་བཅོས་ལ་ང་རང་གིས་ཞུ་དག་གཅིག་བྱ་སྙམ་ནའང་མ་གྲུབ། ད་ཉིད་ཀྱིས་ཞུ་དག་གྱིས་ཤིག་ཅེས་ལུང་བསྟན་པ། ག་རེ་བླ་མ་རྗེ་བཙུན་ཆེན་པོ་དང་མཇལ། ས་སྐྱ་པའི་ཆོས་རྣམས་དང་ཁྱད་པར་བརྟག་གཉིས་ལ་ང་བས་རྒྱུད་ཐག་ཉེ་བ་དིང་སང་མེད་སྙམ་དུ་དགོངས། འགྲེལ་པ་བྱ་བར་ལུང་བསྟན། གོང་མའི་ཡིག་ཆ་རྣམས་ལ་དགག་སྒྲུབ་བྱ་བར་བཀས་གནང་ཡང་བཏང་སྙོམས་སུ་བཞག་ནས་ལུང་འགྲེལ་མཛད། སྐུ་ཞང་ཆེན་པོའི་རྗེས་སུ་སྲས་ཀུན་དགའ་དོན་གྲུབ་ཀྱིས་སྦྱིན་བདག་བྱས་ནས། ཞྭ་ལུར་རྣལ་འབྱོར་རྒྱུད་ཀྱི་གཞལ་ཡས་ཁང་དུ་ལྷ་འབུམ་མཛད་དེ་དཀྱིལ་འཁོར་ལྔ་བརྒྱ་ལྷག་ལོགས་བྲིས་སུ་བྲིས། བསྟན་འགྱུར་བཞེངས་ཏེ་དཀར་ཆག་མཛད། དཔོན་ཆེན་རྒྱལ་བ་བཟང་པོས་ཤངས་སུ་གདན་དྲངས་ཏེ། མཆོད་རྟེན་དང་ལུགས་མའི་རྟེན་མང་པོ་ཞལ་བརྐོས། སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་བཞི་བཅུ་ལྷག བྱ་རྒྱུད་ཀྱི་དཀྱིལ་འཁོར་སུམ་ཅུ་ལྷག་གི་ལྷ་འབུམ་མཛད་ནས་རི་མོར་བྲིས། རི་ཕུག་ཏུ་དུས་འཁོར་གྱི་སྐུ་རིན་པོ་ཆེ་ལས་གྲུབ་པ་སོགས་སྐུ་མང་པོ་དང་བཀའ་འགྱུར་དང་། བོད་ཀྱི་བསྟན་བཅོས་ཀྱང་ཕལ་མོ་ཆེ་བཞེངས། རྒྱ་གར། རྒྱ་ནག བལ་པོ། ཧོར། ཡུ་གུར། སོག་པོ། འགའ། དབུས་གཙང་། མངའ་རིས། ཁམས་ཀྱི་སློབ་མ་གྲངས་མེད་པ་སྨིན་གྲོལ་དུ་མཛད། འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད། བསོད་ནམས་བློ་གྲོས་སྐུ་མཆེད། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས། གུ་ཤྲཱི་ཆོས་གྲགས་དཔལ་བཟང་པོ། ལོ་ཙཱ་བ་བློ་གྲོས་དཔལ་སོགས་མཁས་བཙུན་གྱི་སློབ་མ་མང་དུ་འདུས། བཀའ་ཆེན་བཞི། དབུ་སྤྱོད་རྣམས་ཀྱི་ཚིག་དོན་ལ་མཁས་པའི་སྟོན་པ་དང་། འཕགས་ཡོག་དུས་གསུམ། གུར་བརྟག་སཾ་གསུམ། ལུ་ནག་དྲིལ་གསུམ། སྒྱུ་ཐོད་གདན་གསུམ། དམར་ནག་འཇིགས་གསུམ་སོགས་ལ་མཁས་པའི་ཕྱི་ནང་གི་རྡོ་རྗེ་སློབ་དཔོན་ཕེར་པ་དང་། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་དང་། ཀུ་ས་ལི་ལ་སོགས་པའི་སློབ་མ་བགྲང་གིས་མི་ལངས་པ་ཐོན། ཞྭ་ལུར་ཚོགས་པ་སུམ་སྟོང་བརྒྱད་བརྒྱ། རི་ཕུག་ཏུ་སྡེ་སྣོད་འཛིན་པ་ཤ་སྟག་དང་། འདག་སྦྱར་བུག་སྒོ་ཅན་ལ་བཞུགས་པའི་དགེ་འདུན་ལྔ་བརྒྱ་ལྷག་རེ་འདུས། སྟག་ཚལ། འོར་མོ། ཚ་མིག བྲེ། འབྲས་ཡུལ། ཤངས། དབེན་དམར་ལ་སོགས་པར་སྐྱེ་བོ་ཁྲི་ཕྲག་མང་པོ་ལ་སེམས་བསྐྱེད་གནང་། རྒྱ་གར་གྱི་རྒྱལ་པོ་པུཎྱ་མལ་གྱིས་འཕྲིན་ཡིག་སྐྱེས་དང་བཅས་པ་ན་ཕུལ། ཆོས་ཟབ་མོའི་སྐྱེས་ལན་གནང་བས་གུས་པར་འཛིན། རྒྱ་ནག་ནས་རྒྱལ་པོ་ཐོ་གན་གྱིས་གདན་འདྲེན་གྱི་གསེར་ཡིག་པ་བཏང་པ་དབེན་པར་བཞུགས་པའི་ཐུགས་ཀྱིས་བཟློགས། གཤེད་དམར་གྱི་རྒྱུད་སོགས་གསུང་རབ་མང་པོར་ཞུ་ཆེན་མཛད་དེ་གཞི་ནས་བསྒྱུར། འགྱུར་བཅོས་དང་ཧོར་ཁོང་བསབ་པ་མང་པོས་བསྟན་པའི་སྲོག་ཤིང་མཛད། རེ་གཉིས་པ་ལ་གཡའ་ཕག་གཉིས་ཀྱི་འཁྲུག་སྡུམས་ལ་དབུས་སུ་བྱོན་པའི་ལམ་དུ་མྱང་སྟོད་ཆུ་མིག་ར་ལུང་སོགས་སུ་ཆོས་མང་དུ་གསུངས། རྩིས་ཀྱི་མཁན་པོ་ནམ་མཁའ་རིན་ཆེན་སོགས་དགེ་སློང་དགེ་ཚུལ་མང་པོའི་མཁན་སློབ་མཛད། ར་སོག་ལྷ་བཙུན་གྱི་བུའི་ལྐུགས་ཕྱེ། ཁ་རེ་དང་། ཡར་འབྲོག་སྣ་དཀར་རྩེ་ལ་སོགས་པར་སོ་ཐར་དང་སེམས་བསྐྱེད་མང་དུ་གནང་། ཡར་འབྲོག་མཚོ་མོ་ཆེ་ལ་བྱོན་དུས་གྲུ་ནང་དུ་འདུལ་བའི་དུས་གོ་མཛད། སྲིན་པོ་རི། གྲ་ཐང་། ཡར་ཀླུངས་རྣམ་རྒྱལ། སྡེ་སྡིང་། དོ་སྔོན། ཁྲ་འབྲུག སུ་གུ་དོ། འོལ་ཁ་ཚ་ཐང་རྣམས་སུ་སྔགས་མཚན་ཉིད་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསུངས། དེ་ནས་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་དྭགས་པོ་ནས་གདན་འདྲེན་པའི་ཆེད་དུ་སྟོང་སྟེ་ལུང་པ་ལས་ཡུལ་མ་ལ་བརྒྱུད་དེ་ཙྭ་དེ་ཡུལ་དུ་བྱོན་པར་བརྩམས་པ་ན། ཡུལ་དེའི་ཁྲོམ་ཆེན་པོ་ཚོགས་པའི་ནང་དུ་གཙང་མོ་གཟུགས་མི་ཚད་ལས་ཉིས་འགྱུར་གྱིས་ཆེ་བ། གོས་ནེ་ཚོ་གྱོན་པ་རྒྱན་གྱིས་མཛེས་པ་གསུམ་བྱུང་ནས། ཀྱེ་གྲོང་མི་རྣམས་ནངས་པར་ཡུལ་རོང་ལ་སྐྱེས་བུ་དམ་པ་ཁྱད་པར་ཅན་འབྱོན་གྱི་ཁྱེད་རྣམས་ཀྱིས་ཟམ་པ་འཛུགས་པ་དང་བསུ་སྐྱེལ་བྱས་ན་བསོད་ནམས་ཆེན་པོ་ཐོབ་པ་ཟེར་ནས་མི་སྣང་བར་གྱུར་པས། ཀུན་ངོ་མཚར་ཏེ་ཐང་ཤིང་གི་ཟམ་པ་འཛུགས་པ་དང་ལམ་འཕྲང་བཅོས་ཚར་བ་ན། རྗེ་ཉིད་ཕེབས་ཏེ་དེ་རྣམས་ཀྱིས་ཟམ་པ་ལ་གདན་དྲངས་བྱིན་རླབས་ཞུས། དེ་ནི་སྒྲོལ་མས་ཆུའི་འཇིགས་པ་ལས་བསྐྱབས་པ་ཡིན་གསུངས། དེ་ནས་དྭགས་པོ་མཁར་ལུང་བཟུང་དུ་ཕེབས། དཔལ་ལྡན་བླ་མ་གདན་འདྲེན་པར་བརྩམས་པ་ན། རོང་མི་ཀུན་གྱིས་དམག་གིས་བཀག་པས་དཔུང་གི་ཁྲོད་དུ་ཐོག་བབས་ཏེ་སྟར་ཀའི་སྡོང་པོ་ཕྱེ་མར་བརླགས་པས་ས་སྐྱ་པའི་འདྲེ་བྱུང་ཟེར་ནས་སྐྲག་སྟེ་སླར་དད་པར་གྱུར། སྒྲུམ་པ་དང་། སྒོམ་ཚིགས་སོགས་སྐྱེ་བོ་མང་པོ་ལ་སེམས་བསྐྱེད་གནང་། སྒམ་པོ་རིན་པོ་ཆེ་སོགས་དམ་པ་མང་པོའི་མཁན་སློབ་མཛད། དེ་ནས་དཔལ་ལྡན་བླ་མ་དམ་པ་གདན་དྲངས་ནས་ཡར་བྱོན། གདན་ས་ཐིལ་དང་། བསམ་ཡས་སོགས་སུ་ལྷ་བཙུན་བསོད་ནམས་འོད་ཟེར་སོགས་དགེ་བཤེས་སྐྱེ་བོའི་ཚོགས་སྟོང་ཕྲག་མང་པོ་ལ་ཆོས་གསུངས། ཡེར་བ། གུང་ཐང་། འཕྲུལ་སྣང་། ར་མོ་ཆེ། མཚུར་ཕུ། དབུ་རི། གཞུ་ཀུན་ར། སྙེ་མོ། ཚ་མིག བརྒྱ་བ་མདོ་ཕུག་ལ་སོགས་པ་གནས་བཤད་གྲྭ་སྒོམ་གྲྭ་ཆེ་ཆུང་རྣམས་སུ་སྔགས་མཚན་ཉིད་ཀྱི་བཤད་སྲོལ་སྔར་མེད་པ་རྣམས་སྲོལ་གཏོད། ཡོད་པ་རྣམས་དར་ཞིང་རྒྱས་པར་མཛད། སྐྱེ་དགུའི་ཚོགས་འབུམ་ཕྲག་མང་པོ་ཐེག་པ་ཆེན་པོའི་ལམ་ལ་བཀོད་དེ། སླར་རི་ཕུག་ཏུ་ཕེབས་ཏེ་སྔར་བཞིན་དུས་ཆོས་རྣམས་དང་། སྦྱོར་དྲུག རིམ་ལྔ། སྤྲོས་མེད། ཆོས་དྲུག་ངལ་བསོ། ཞི་བྱེད་སོགས་ཀྱི་ཁྲིད་བཀའ་དང་། རྒྱུད་སྡེ་བཞིའི་དབང་བཤད་བྱིན་རླབས་ཀྱི་བཀའ་བར་མ་ཆད་དུ་གནང་། རེ་གསུམ་པར་དཔལ་ལྡན་འབྲས་སྤུངས་ཀྱི་ཆག་ཚད་བསྒྱུར། རི་ཕུག་ཏུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས། དཔོན་ཆེན་དབང་བརྩོན་སོགས་སྐྱེ་བོ་མང་པོ་བྱང་ཆུབ་ལ་བཀོད། ཧོར་རྒྱལ་བུ་པྲཛྙཱ་ཅིང་ཟེའུ་ཙིང་དབང་འཁོར་ཧོར་བརྒྱ་ཕྲག་དང་བཅས་པ་ལ་དུས་འཁོར་གྱི་དབང་གནང་། ཟབ་ཆོས་ལ་སྦྱར། ཆོས་ཡོན་དུ་བཙོན་པ་གསོད་ངེས་སྟོང་ཕྲག་མང་པོའི་སྲོག་བསྐྱབས། ཁྲོ་ཕུར་ཁྲོ་མོའི་གདན་ས་མཛད་དེ་བཤད་གྲྭ་དང་སྒོམ་གྲྭ་བསྐྱངས། ས་སྐྱར་བྱོན་ནས་གདུང་བརྒྱུད་པ་དང་སྡེ་སྣོད་འཛིན་པ་གནམ་ཀྱི་སྐར་མ་ཙམ་ཆོས་ཀྱིས་ཚིམ་པར་མཛད། ཁྲུ་སོ་དྲུག་པའི་དཔལ་མཆོག་རིགས་བསྡུས་ཀྱི་དཀྱིལ་འཁོར་བཞེངས། ཆོས་ཀྱི་རྒྱལ་མཚན་པ་ལ་དབང་བསྐུར། ལྷ་ཁང་ཆེན་མོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བློས་བསླངས་རྒྱུ་རིན་པོ་ཆེ་ལས་གྲུབ་པ་རྩ་ཐིག་ཁྲུ་བཅུ་གཉིས་པའི་བཀོད་པ་མཛད་དེ་བཞེངས། རེ་བདུན་པ་ལ་ཞྭ་ལུའི་གདན་སར་ཐུགས་སྲས་ལོ་ཙཱ་བ་བསྐོས་ནས་རི་ཕུག་ཉིད་དུ་བཞུགས་ཏེ། ཁ་ཆེ་པཎྜི་ཏ་སུ་མ་ན་ཤྲཱི་བྱོན་པ་ལ་སྤྱན་རས་གཟིགས་པདྨའི་དྲ་བ་གསན། ཆོས་ཀྱི་རྒྱལ་མཚན་པ། གུ་ཤྲཱི་ཀུན་དགའ་རིན་ཆེན། ཏའི་སི་ཏུ། འཇམ་དབྱངས་གུ་ཤྲཱི་རྣམས་ལ་དུས་འཁོར་གྱི་དབང་གནང་། ཏི་ཤྲཱི་བསོད་བློ་བ་ལ་རྡོ་རྗེ་ཕྲེང་བའི་དབང་གནང་། དུས་འཁོར་སོགས་ཕྱི་ནང་གི་དཀྱིལ་འཁོར་མང་པོའི་ལོ་དུས་ཀྱི་སྒྲུབ་མཆོད་ཆེན་མོའི་སྲོལ་བཙུགས། བོ་དོང་ཨེར་ཐུགས་སྲས་ལོ་ཙཱ་བ་དང་། ཆོས་ཀྱི་དཔལ་བ་དང་། ཚེ་འཇམ་སོགས་སྡེ་སྣོད་འཛིན་པ་མང་པོ་ལ་རྡོ་རྗེ་ཕྲེང་བ་སོགས་ཆོས་རྗེ་ཉིད་ལ་བཞུགས་པའི་དབང་ཕལ་མོ་ཆེ་གནང་། ཨེའི་གཙུག་ལག་ཁང་གི་རབ་གནས་མཛད། ཆུ་མིག སྟག་ཚལ་རྫིང་ཁ། རིན་སྤུངས། མྱང་སྟོད་ལྕང་ར། སྟང་ཚང་རྫོང་ཁ། ཞུ་འབྲོག་ནས། ཤངས་མཐོང་སྨོན་སོགས་སུ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། གདན་ས་རི་ཕུག་ཏུ་གཙང་ཕྱོགས་ཀྱི་དགེ་འདུན་མཐའ་དག་བསགས་ནས། ང་དགའ་ལྡན་དུ་འགྲོ་བའི་ཕྱི་ཕྱག་ཡིན་གསུངས་ནས་སྤོང་ཐག་མཛད། སྐབས་ཤིག་ཏུ་མདང་གསུམ་རྨི་ལམ་ཤིན་ཏུ་བཟང་། དགའ་ལྡན་ནས་སྐས་རིང་གསུམ་བྱུང་བའི་དབུས་མ་ལ་བྱམས་པ་བྱོན། གཅིག་ལ་ངས་འཛེགས། གཅིག་ལ་སུས་ཕྱིན་ནམ་གསུངས། དོན་བཞི་པ་ལ། གྲྭ་པ་ཀློག་པ་བ་རྣམས་ཞྭ་ལུར་བརྫངས། སྤོང་བ་པ་རྣམས་ནང་མཚམས་བསྡམས། ཆོས་རྗེ་ཉིད་ཀྱང་མུན་ཁང་བསྲུབས་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། འབྲུག་ལོའི་དཔྱིད་སྐུ་ཁམས་མཉེལ་བ་ན། རྒྱལ་སྲས་ཐོགས་མེད་པ་སོགས་དགེ་འདུན་མང་པོས་གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། མདང་གསུམ་ངའི་རྨི་ལམ་ན་རྣམ་ཐོས་ཀྱི་བུས་ནད་ཚོ་འགོས་པ་ཡིན་ཟེར་ནས་ལུས་ལ་བསེ་ཁྲབ་ལྟ་བུ་མང་པོ་བཀོག་ནས་སྐྱུར་གཏོང་གྱིན་གདའ་གསུངས་ནས་སྐུ་ཁམས་དྭངས་ཏེ་གཏང་རག་གི་གཏོར་མ་མཛད་དོ། །སླར་ཧོར་ཟླ་ལྔ་པའི་གཞུག་ནས་ཅུང་ཟད་མཉེལ་ཏེ་དོན་ལྔ་པ་ཤིང་ཕོ་འབྲུག་གི་ཟླ་བ་དྲུག་པའི་ཉི་ཤུ་རྩ་གཅིག་གི་ཐོ་རངས་མེ་ཏོག་གི་ཆར་དང་བཅས་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན། ཉི་ཤུ་བདུན་ལ་གདུང་སྦྱངས་པས་རིང་བསྲེལ་ཡུངས་འབྲུ་ལྟ་བུའི་ཕུང་པོར་གྱུར་པས་རྒྱ་གར། རྒྱ་ནག བལ་བོད་ཀྱི་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱས། ཞྭ་ལུར་ནང་རྟེན་ཇོ་བོའི་སྐུ་ཚད་མ། ཕྱི་རྟེན་གསེར་འབུམ། དབྱེན་ཟླུམས་པའི་མཆོད་རྟེན། གདན་ས་རི་ཕུག་ཏུ་སྐུ་འདྲ་རིན་པོ་ཆེ་རྣམས་བཞེངས་སོ། །བདག་ཉིད་ཆེན་པོ་འདི་ལ་བུ་སློབ་བསམ་གྱིས་མི་ཁྱབ་ཀྱང་མཆོག་ཏུ་གྱུར་པ་དུས་འཁོར་ལ་མཁས་པ་ནི། ཁ་ཆེ་པཎྜི་ཏ་སུ་མ་ན་ཤྲཱི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐུགས་སྲས་ལོ་ཙཱ་བ། ཆོས་ཀྱི་དཔལ་བ་གཉིས། ལོ་ཆེན་བྱང་རྩེ། རྒྱལ་ཐང་པ། སྐྱབས་མཆོག་པ། ཁྱུང་པོ་ལྷས་པ། ཆོས་གྲགས་དཔལ་བ། ལོ་ཙཱ་བ་བློ་གྲོས་དཔལ། དབང་རྣོན་པ། འཇམ་དཀར་བ། དུས་འཁོར་བ་ཤཱཀྱ་དཔལ། ཚེ་འཇམ་པ། འཇམ་རིན་པ། གྲུབ་པ་དཔལ། གཞོན་ནུ་གྲུབ་མགོན་དཔལ་བ། དབང་གྲགས་པ། དཔལ་ཆེན་པ་སོགས་བྱུང་ལ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོས་གསན། དེ་ལ་སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱིས་གསན། དེ་ལ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་གསན་ནོ། །ཡང་བུ་སྟོན་ཐམས་ཅད་མཁྱེན་པ་ལ། ཉང་སྟོན་པ་བླ་མ་ཆོས་དཔལ་བས་གསན། དེ་ལ་ལོ་བཅུ་གསུམ་དུ་དུས་འཁོར་ལ་གྲིལ་ནས་སྦྱངས་པ་བླ་མ་རིན་ཆེན་བསོད་ནམས་འཕེལ་གྱིས་གསན། དེ་ལ་སྟག་ཚང་ལོ་ཙཱ་བས་གསན་པ་སོགས་བུ་སྟོན་རིན་པོ་ཆེ་སློབ་བརྒྱུད་དང་བཅས་པས་ཀྱང་། དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་གངས་རིའི་ལྗོངས་འདིར་ཤིན་ཏུ་གསལ་བར་མཛད་པ་ཡིན་ནོ། །ཡང་ཆོས་ཀྱི་རྗེ་འཇམ་པའི་དབྱངས་སྐྱི་སྟོན་གྲགས་པ་རྒྱལ་མཚན་གྱི་སློབ་མའི་མཆོག་ཏུ་གྱུར་པ་ནི་ཀུན་མཁྱེན་དོལ་བུ་བ་ཉིད་ཡིན་ཏེ། དོལ་པོ་བན་ཚང་དུ་ཡབ་ནམ་སྟོན་ཡེ་ཤེས་དབང་ཕྱུག ཡུམ་ཇོ་ལྕམ་ཚུལ་ཁྲིམས་རྒྱན་གྱི་སྲས་སུ་ཆུ་ཕོ་འབྲུག་ལ་འཁྲུངས། གདུང་རུས་ནམ། བླ་མ་སྐྱི་སྟེང་པ་ལ་འཇམ་དཔལ་དབང་མོ་ཆེ་ཞུས། མཚན་ཤེས་མགོན་དུ་བཏགས། བཅུ་པ་ལ་མཁན་ཆེན་བྱང་ཆུབ་སེང་གེ་ལ་ཡང་དག་སོགས་རྙིང་མའི་སྐོར་གསན། བཅུ་གསུམ་པ་ལ་སྐྱི་སྟེངས་སུ་མཁན་པོ་ཚུལ་ཁྲིམས་སྙིང་པོ་དང་། སློབ་དཔོན་ཟེ་ཕུག་པ་ལས་རབ་ཏུ་བྱུང་། མཚན་ཤེས་རབ་རྒྱལ་མཚན་བཟང་པོར་བཏགས། དེ་དུས་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་གྱིས་སྐྱི་སྟེངས་སུ་བྱོན་པ་ལ། རྡོ་རྗེ་ཕྲེང་བའི་གར་ཐིག་བསླབས་པ་ཚེགས་མེད་པར་མཁྱེན་པས་མཁས་པ་ཆེན་པོ་གཅིག་འོང་བར་འདུག་གསུངས་ནས་ཤིན་ཏུ་དགྱེས། སྐྱི་སྟོན་པ་ཡ་ཚེ་རྒྱལ་པོ་བླ་མ་ལ་བྱོན་ནས་སླར་གློ་བོར་ཕེབས་པ་གསན་པས། བཅོ་བརྒྱད་པ་ལ་རང་གཅིག་པུར་དར་ཡུག་འགའ་ཞིག་དང་ཟངས་ཆེན་གཅིག་བསྣམས་ནས་གློ་བོར་བྱོན། སྐྱི་སྟོན་པ་ལ་ཚད་མ་བསྡུས་པ་གསན། སྐྱི་སྟོན་པ་ས་སྐྱར་ཐེགས་རྗེས་ཤེར་བཟངས་པ་དང་གཞོན་བཟང་པ་བསྟེན་ནས་ལོ་གཉིས་སུ་རྣམ་ངེས་སྦྱངས། དེ་ནས་ས་སྐྱར་བྱོན་ཏེ་སྐྱི་སྟོན་པའི་དྲུང་དུ་ཕར་ཚད་མངོན་གསུམ་སྤྱོད་འཇུག་རྡོ་རྗེ་ཕྲེང་བ་རྣམས་ཀྱི་སློབ་གཉེར་དུས་གཅིག་ལ་མཛད། སྐྱི་སྟོན་ཤཱཀ་འབུམ། བདག་ཉིད་བཟང་པོ་དཔལ། ཏི་ཤྲཱི་ཀུན་བློ། ནམ་ལེགས་པ། ཤར་པ་སེང་གེ་དཔལ་རྣམས་ལ་ཕར་ཚད་མངོན་གསུམ་རྣམ་འགྲེལ་རིགས་གཏེར་བརྟག་གཉིས་རྣམས་གསན། ཁྱད་པར་དུ་ཀུན་སྤངས་གྲགས་རྒྱལ་བ་ལ་དུས་འཁོར་གྱི་དབང་སྒྲུབ་སྐོར་གསན། ཉེར་གསུམ་པ་ལ་ས་སྐྱར་ཕར་ཚད་མངོན་གསུམ་གྱི་བཤད་སྟོན་མཛད། དཔྱིད་ཆོས་ཟླ་བ་གཉིས་ལ་ཚོགས་ཆེན་མོའི་ཤར་སྒོའི་སྟེང་ནས། སྔ་དྲོ་ཕར་མངོན་གཉིས། ཕྱི་དྲོ་རྣམ་ངེས་བསྡུས་པ་གཉིས་གསུངས། གཙང་གི་ཆོས་གྲྭ་ཕལ་མོ་ཆེར་གྲྭ་སྐོར་ཡང་མཛད། ཉེར་བཞི་པ་ལ་ཚོང་འདུས་མགུར་མོར་ཆོས་ལུང་མཁན་ཆེན་བསོད་གྲགས་པས་མཁན་པོ། མཆོག་སྦྱིན་དཔལ་གྱིས་ལས་སློབ། མཁན་ཆེན་བསོད་བཟང་པས་གསང་སྟོན་མཛད་ནས་ཇོ་གདན་ཚོགས་པའི་དབུས་སུ་བསྙེན་པར་རྫོགས། མཁན་པོ་ལ་མདོ་རྩ་དང་། ལས་སློབ་ལ་སོ་ཐར་གསན། བསད་ཤ་མི་གསོལ་བའི་གཡར་དམ་མཛད། སླར་ཡང་ས་སྐྱར་སྐྱི་སྟོན་པའི་དྲུང་དུ་མངོན་པ་མཛོད་ལ་སྦྱངས་ཤིང་། ཕྲེང་བ་ཞེ་གཉིས་མ་དང་ཞེ་བརྒྱད་མང་དུས་འཁོར། བདེ་ཀྱཻ་གསང་གསུམ། སྒྱུ་ཐོད་གདན་གསུམ། དམར་ནག་འཇིགས་གསུམ། དཔལ་རྩེ་དབྱིངས་གསུམ་ལ་སོགས་པའི་དབང་རྗེས་གནང་ཉིས་བརྒྱ་བཅུ་བཞི་རྣམས་དཀྱུས་ཐོག་གཅིག་ལ་གསན། དུས་འཁོར་རྭ་ལུགས་སོགས་རྒྱུད་སྡེ་མང་པོའི་བཤད་པ། ཚད་མ་སྡེ་བདུན། བྱམས་པའི་ཆོས་ལྔ། པྲ་ཀ་ར་ཎ་སྡེ་བརྒྱད་སོགས་གཞུང་ལུགས་མང་པོ། ལུང་སྡེ་བཞི། ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ། མདོ་མངས། ཕལ་དཀོན། རྒྱུད་འབུམ་སོགས་མདོ་རྒྱུད་བསྟན་བཅོས་མན་ངག་མཐའ་ཡས་པ་གསན། དེ་ནས་ལྷ་སར་ཇོ་ཤཱཀ་རྣམ་གཉིས་མཇལ། ཁྱད་པར་སྤྱན་རས་གཟིགས་ཀྱི་དྲུང་དུ། སེམས་འགྲེལ་སྐོར་བཅུ་ཆ་ལག་དང་བཅས་པའི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས་གཞན་ལ་སྟོན་ནུས་པའི་གསོལ་བ་དྲག་ཏུ་བཏབ་བྱིན་གྱིས་བརླབས་པའི་མཚན་མ་ཐོབ། བསམ་ཡས་ཀྱང་མཇལ་ཞིང་སྐྱི་ཕན་གྱི་གྲྭས་ཕལ་མོ་ཆེར་གྲྭ་སྐོར་ལ་བྱོན། འཇམ་དབྱངས་ཤཱཀ་གཞོན། བཙན་དགོན་པ་བ། དབེན་དགེ་བ་སོགས་མཁས་པར་གྲགས་པ་རྣམས་རིགས་པས་བཏུལ། མཁན་ཆེན་བསོད་གྲགས་པ་ལ་བློ་སྦྱོང་ཞུས་པས་བྱང་ཆུབ་ཀྱི་ཐུགས་འབྱོངས། འཁྲུངས་ཡུལ་དུ་བྱོན་ནས་ཡབ་དང་མཇལ། ལ་སྟོད་མངའ་རིས་ཀྱི་དགེ་བཤེས་རྣམས་རིགས་པས་བཏུལ་བས་མངའ་རིས་དབུས་གཙང་ཐམས་ཅད་དུ་མཁས་པའི་གྲགས་པས་ཁྱབ། ཁབ་གུང་ཐང་དུ་ཤར་པ་ཀུན་བསོད་པ་ལ་བདེ་མཆོག་གསན། དེ་ནས་ས་སྐྱར་ཕེབས་ཏེ་དུས་ཆོས་སུ་བཀའ་ཆེན་བཞི་སོགས་པོ་ཏི་ལྔ་དྲུག་རེ་བསྒྲིལ་ནས་གསུངས། དུང་ལུང་དགའ་ལྡན་དུ་ཀྱཻ་རྡོ་རྗེའི་སྒྲུབ་མཆོད་མཛད་པས་བུམ་ཆུ་ཁོལ། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཇོ་མོ་ནང་དུ་གུ་ཤྲཱི་རིན་སེང་བའི་དར་འགྱེད་སྐྱེལ་དུ་བྱོན་པས། སྒྲུབ་པ་བ་རྣམས་ཀྱི་སྒྲུབ་ཚུགས་ལ་དད་པ་སྐྱེས་ཏེ། ད་བཟོད་འདིར་འོངས་ནས་སྒོམ་ཆིག་སྒྲིལ་གཅིག་བྱ་དགོས་དགོངས་པ་བྱུང་། བླ་མ་སེང་གེ་དཔལ་བས་བསྐུལ་བས་རྣམ་འགྲེལ་གྱི་ཊཱིཀྐ་མཛད། སེང་གེ་དཔལ་བ་དབུས་ཕྱོགས་སུ་ཆོས་གྲྭ་ཐམས་ཅད་དུ་འབྱོན་པའི་ཕྱག་ཕྱིར་བྱོན། མཚུར་ཕུར་ཀརྨ་པ་རང་བྱུང་རྡོ་རྗེའི་དྲུང་དུ་རང་སྟོང་གི་ལྟ་བ་བཟུང་ནས་འབེལ་གཏམ་མཛད་པས། མ་འོངས་པ་ན་གཞན་སྟོང་དུ་འགྱུར་ཞེས་ལུང་བསྟན། སེང་དཔལ་བ་གོང་དུ་བཞུགས་པའི་ཕྱག་ཕྱིར་འབྱོན་དགོས་གསུངས་པ་ལ་ཞུ་བ་ནན་གྱིས་ཕུལ་ནས། སོ་གཅིག་པ་ལ་ཇོ་མོ་ནང་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཞབས་ལ་གཏུགས་ཏེ་དུས་ཀྱི་འཁོར་ལོའི་དབང་དང་ཁྲིད་གསན་ནས་ཉམས་སུ་བཞེས་པས་ཉམས་རྟོགས་ཀྱི་ཀློང་བརྡོལ། རྒྱུད་བཤད་སོགས་ཆོས་སྐོར་མ་ལུས་པ་གསན། དེ་ནས་གསང་ཐབས་སུ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ལ་དུས་འཁོར་རྒྱུད་འགྲེལ། རྡོ་རྗེ་ཕྲེང་བའི་དབང་ཕྱག་ལེན། བྱམས་པའི་ཆོས་ལྔ་སོགས་གསུངས། དེ་ནས་ཀུན་སྤངས་པས་ཞུ་བ་པོ་མཛད་ནས། མཁས་བཙུན་པ་ལ་དུས་འཁོར་གྱི་དབང་གསན་དུས། ཐིག་འདེབས་པ་ལ་ཀུན་སྤངས་པ་ཆེར་མཁས་པར་བྱུང་པས་མཁས་བཙུན་པ་ཤིན་ཏུ་དགེས་ཏེ། རྗེ་འདི་ལ་ཁྱེད་ཀྱིས་དད་འདུན་ཅན་རྣམས་ལ་རྒྱུད་འགྲེལ་ཚར་གཅིག་གསུང་བར་ཞུ་གསུངས་པས། བདེ་བ་ཅན་གྱི་བླ་གཡེར་དབུས་སུ་དཀྱིལ་འཁོར་ཡོངས་རྫོགས་དང་། ཕྱོགས་མཚམས་སུ་ཐབ་ཐིག་རྣམས་བཏབ། འཇིམ་པས་དཀྱིལ་འཁོར་དང་ཐབ་བསླངས་ཕྱི་འཇིག་རྟེན་དང་ནང་རྩ་ཐིག་རླུང་གསུམ་གྱི་བཀོད་པ་རྣམས་བཟོས། སློབ་མ་ཉིས་བརྒྱ་ཙམ་ལ་རྒྱས་པར་གསུངས་པས། མཁས་བཙུན་པས་བེར་ཐུལ་སོགས་གནང་སྦྱིན་ཆེན་པོ་མཛད་ནས་ཚོགས་ཆོས་ཀྱང་གནང་བར་ཞུ་གསུངས་པས། བཀའ་བཞིན་སྐྱེས་རབས་སྤྱོད་འཇུག་བསླབ་བཏུས་རྣམས་གསུངས། དེ་ནས་མཁས་བཙུན་པས་བདེ་དགེས་གསང་འདུས་སོགས་ཀྱི་དབང་རྒྱུད་མན་ངག་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་། དེ་ནས་མཁའ་སྤྱོད་བདེ་ལྡན་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས། མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ་བ་དང་སྲོག་ཐུར་འདྲེན་པའི་བདེ་ཉམས་འུར་ལངས་པ་སོགས་གྲུབ་པའི་མཚན་མ་བརྟན་པོ་བརྙེས། སོ་ལྔ་པ་ལ་བླ་མའི་བཀས་ཇོ་མོ་ནང་གི་གདན་ས་མཛད། ཀུན་མཁྱེན་ཆེན་པོ་ཞེས་མཚན་དོན་དང་མཐུན་པར་ཀུན་གྱིས་གསོལ། སོ་དགུ་པ་ལ་བཟང་ལྡན་འོག་མར་མཆོད་རྟེན་གྱི་ས་ཆོག་མཛད་པས་ས་གཡོས་ཤིང་མེ་ཏོག་གི་ཆར་བབས། དེ་ནས་སྐུ་འབུམ་འཛམ་གླིང་རྒྱན་མཐོང་གྲོལ་ཆེན་མོ་དཔལ་ཡོན་ཅན་ལྷ་ཁང་བརྒྱ་རྩ་བརྒྱད་པ། རྒྱ་དཔངས་མཉམ་པར་ཁྲུ་ཉིས་བརྒྱ་བཅོ་ལྔ་པ། རྒྱན་བཀོད་པ་ཕུན་སུམ་ཚོགས་པ། གདུགས་ཀྱི་ལྷ་ཁང་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དུས་འཁོར་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བློས་བསླངས་བཞུགས་པ་ལོ་ཕྱེད་དང་བཞི་ལ་གྲུབ་སྟེ། རབ་གནས་མཛད་དུས་འདབ་མ་ཡུ་བ་དང་བཅས་པའི་མེ་ཏོག་གི་ཆར་ཁ་བ་བབ་པ་ཙམ་བབས། ལྷུན་པོ་བཞེངས་པས་རྒྱ་མཚོ་བརྡོལ་བ་སྙམ། ཞེས་གསུངས་ཏེ་ཆོས་ཀྱི་གསང་མཛོད་བརྡོལ། རྣམ་གཉིས་འགྱུར་ལ་ཞུས་ཆེན་དང་མཆན་བུ་མཛད། མཁན་ཆེན་བསོད་གྲགས་པས་གཙོ་མཛད་ཇོ་གདན་ཚོགས་པ་ལ་གཞལ་ཡས་ཁང་དུ་དུས་འཁོར་གྱི་དབང་མོ་ཆེ་མཛད། དེ་ལྟར་ལོ་བཅུ་གསུམ་གྱི་བར་དུ་ཇོ་མོ་ནང་ཉིད་དུ། ལོ་རེ་བཞིན་མཁས་པ་མང་པོ་ལ་དུས་འཁོར་རྒྱུད་འགྲེལ་དང་། བྱམས་ཆོས་རྣམས་དུས་ཆོས་སུ་གསུངས་ཤིང་སྟོན་དཔྱིད་སྦྱོར་དྲུག་གི་དུས་ཁྲིད་ཚོགས་ཆོས། དབྱར་དགུན་སྐུ་མཚམས་དམ་པོ་རྣམས་དུས་ལས་མ་གཡོས་པར་ཆག་མེད་དུ་མཛད་ནས། སྟག་ལོ་ལ་ལོ་ཙཱ་བ་བློ་གྲོས་དཔལ་གདན་སར་བསྐོས། གཟིམས་ཁང་བདེ་བ་ཅན་དུ་བཞུགས་ནས་རི་ཆོས་ངེས་དོན་རྒྱ་མཚོ། མངོན་རྟོགས་རྒྱན་དང་རྒྱུད་བླའི་ཊཱིཀྐ་སོགས་མཛད། གོང་མ་ཐོ་གན་ཐི་མུར་གྱིས་གདན་འདྲེན་དུ་མངགས་པའི་གསེར་ཡིག་པ་བྱུང་དུས། གསང་དམ་པོས་ན་ཐུང་དུ་ལོ་གཉིས་སྔགས་པའི་ཆ་ལུགས་མཛད་ནས་རྟ་མགྲིན་གྱི་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས་གསེར་ཡིག་པ་བཟློགས། ས་སྐྱ། ངམ་རིང་། བཟང་ལྡན། ཆུ་བཟང་རྣམས་སུ་སྔ་ཕྱིར་དགེ་འདུན་གྱི་ཚོགས་ཆེན་པོ་ལ་དུས་འཁོར་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་ཟླ་མེད་པར་བསྐོར། དགའ་ལྡན་ལྷ་ཁང་དུ་དབུ་མ་སྟོད་ཚོགས་གསུང་དུས་མེ་ཏོག་གི་ཆར་ཆེན་པོ་བབས། རིན་ཆེན་སྡིངས་དང་ལྷག་རྩེར་སྐུ་མཚམས་དམ་པོ་མཛད། ཇོ་ནང་དུ་དུས་འཁོར་གྱི་དར་དཀྱིལ་ཆེན་མོ་འཁྲུལ་སངས་གྲུབ། རྟ་ལོ་ལ་ལོ་ཙཱ་བ་སྐུ་གཤེགས་རྗེས་ཆོས་རྗེ་ཕྱོགས་རྒྱལ་བ་གདན་སར་བསྐོས། གཙང་ཚོ་གསུམ་སོར་ལོ་གསུམ་དུ་ཆ་ག་བས་ལོ་ཏོག་བཅོམ་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་གནོད་པ་ཞི། སྣར་ཐང་དུ་དགེ་འདུན་གྱི་ཚོགས་ཆེན་པོ་དང་རྒྱུད་འགྲེལ་དང་རྒྱས་འབྲིང་བསྡུས་གསུམ་སོགས་ཆོས་མང་དུ་གསུངས། བདུན་བཅུ་པ་ལ་ནུབ་ཆོས་ལུང་དུ་ཕེབས་ཏེ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་མཇལ། བཀའ་བསྡུ་བཞི་པ་རྩ་འགྲེལ་གནང་། དཔལ་ལྡན་བླ་མར་ཇོ་མོ་ནང་དུ་གདན་ས་གཅིག་བསྐོ་བར་ཞུས་པས་དཀོན་མཆོག་རྒྱལ་མཚན་པ་བསྐོས། རྭ་ལོའི་དབོན་པོ་ཀུན་དགའ་འཕེལ་སོགས་ལ་དབང་ཁྲིད་གནང་། དུ་དབེན་ཤྲཱི་དྷརྨ་ཀིརྟིས་གོང་མའི་ལུང་དང་གནང་སྦྱིན་བཟང་པོ་ཕུལ། དེ་ནས་ཁུ་ལུང་མདའི་གནས་བདེ་གནས། དུར་མིག བྱེ་མ། རྩ་དབྱེ། ཚ་མིག དགེ་འདུན་སྒང་། གཞུ་ཀུན་ར། གནམ་ཁྲ་ཚང་། དབུ་རི། གནམ་རྩེ་ལྡང་། སྟོད་ཀླུང་རྣམ་རྒྱལ། དཀྱིལ་འཁོར་སྡིངས། དབེན་ཚ་སྟག་རྣམས་ལས་རིམ་གྱིས་བརྒྱུད་དེ་ལྷ་སར་ཕེབས། གནས་སོ་སོར་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསུ་བ་དང་བསྙེན་བཀུར་མཐོན་པོ་མཛད་པ་ལ། དུས་འཁོར་གྱི་དབང་རྒྱུད་མན་ངག་དང་བཅས་པ་གནང་། སྐྱེ་བོའི་ཚོགས་སྟོང་ཕྲག་མང་པོ་སེམས་བསྐྱེད་སོགས་ཐེག་པ་ཆེན་པོའི་ཆོས་ཀྱིས་ཚིམས་པར་མཛད། ལྷ་སར་ཟླ་བ་བདུན་གྱི་བར་དུ་བཞུགས་ཏེ་ཇོ་བོའི་དྲུང་དུ་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་ནས་བསྟན་པ་དང་སེམས་ཅན་ཁོ་ནའི་ཆེད་དུ་སྨོན་ལམ་འདེབས་ཤིང་དབུས་ཕྱོགས་ཀྱི་མཁས་པ་ཕལ་མོ་ཆེ་འདུས་པ་ལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ་མན་ངག ངེས་དོན་གྱི་མདོ་བསྟན་བཅོས་མང་པོ་གནང་། སྐོར་ལམ་རྣམས་ཀྱང་ཁྲིད་པའི་ཉམས་འུར་གྱིས་བཀངས། ཚལ་དང་གུང་ཐང་རྣམས་སུ་ཡང་ཕེབས། ཚལ་པ་ཁྲི་དབོན་དང་། གཞོན་རྒྱལ་དུ་དབེན་ཤྭ་སོགས་དཔོན་སྐྱ་མང་པོ་ཡང་དག་པའི་ལམ་ལ་བཀོད། སྐྱེ་བོའི་ཚོགས་འབུམ་ཕྲག་མང་པོས་སེམས་བསྐྱེད་དེ་བྱང་ཆུབ་ཏུ་སྨིན་པར་མཛད། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། ཆོས་ལུང་ནས་བརྩམས་ཏེ་འདི་ཡན་ལ། སོར་སམ་གྱི་ཁྲིད་ཐོབ་པས་ཉམས་རྟོགས་བཟང་པོ་དང་ལྡན་པ་ཤ་སྟག་སྟོང་ཉིས་བརྒྱ་བྱུང་། དེ་ནས་གཙང་ནས་གདན་འདྲེན་དང་། རྒྱལ་མཁར་རྩེ་ནས་དཔོན་འཕགས་པ་དཔོན་གཡོག་དང་། ཡར་འབྲོག་ཁྲི་དཔོན་རྡོར་རྒྱལ་གདན་འདྲེན་ལ་ཕེབས་པས་བྱི་བ་ལོ་ཟླ་བ་གཉིས་པའི་ཚེས་གཅིག་ལ། ཕྱོགས་རིགས་ཀྱི་མཇལ་མི་མང་པོ་རྣམས། ར་མོ་ཆེ་ནས་ཉང་བྲན་བྲག་གདོང་གི་བར་ཕྲེང་མ་ཆད་པར་བསྒྲིགས་པ་ལ། འདོ་ལིའི་སྟེངས་ནས་བྱིན་རླབས་ཚིམ་པར་གནང་། དེ་ནས་རྒྱལ་སྡེ་དཀར་ཆུ། གསང་མདའ། སྙེ་ཐང་། རྣམ་རྒྱལ་སྒང་། འུ་ཤང་རོ། གྱེ་རེ། ཆུ་ཤུལ་གནས། རབ་བཙུན། གན་པ་གནས་སར། གྲ་མ་ལུང་། དཔལ་སྡེ། ཡར་སྲིབ། ཉན་པོ། སྣ་ཀར་རྩེ། ཁ་བོ་གང་བཟང་གི་མགུལ། ར་ལུང་། ཉིང་རོའི་སྨན་ཆུ་ཁ། གནས་སྙིང་། ལྕང་ར། གནས་དཀར་པོ། གསེར་སྡིངས། ཞྭ་ལུ་མགུར་མོ། རྣམ་ཐང་། ཁྲོ་ཕུ། བོ་དོང་ཨེ་ལ་སོགས་པ་རྣམས་སུ། བླ་མ་དགེ་བའི་བཤེས་གཉེན་དང་། མི་ཆེན་པོ་རྣམས་ལ་དུས་འཁོར་གྱི་དབང་ཁྲིད་གནང་། སྐྱེ་བོ་སྟོང་ཕྲག་མང་པོ་ཐེག་པ་ཆེན་པོ་ལ་བཀོད་ནས་ཇོ་མོ་ནང་དུ་ཕེབས། སྐུ་འབུམ་ཆེན་མོའི་བཟོ་གནས་ཕྲ་མོ་རྣམས་ལེགས་པར་གྲུབ་སྟེ། མཐོང་གྲོལ་གྱི་སྐུ་འབུམ་ཆེན་མོ་ལ། ཉི་གདན་གྱི་སྟེང་ནས་སྐོར་བ་བྱེད། ཟླ་གདན་གྱི་སྟེང་ནས་མེ་ཏོག་འབུལ། ཁྱམས་ཁྲའི་ནང་དུ་གསུང་རབ་བལྟ། སོ་སོའི་སྒོ་ནང་ནས་ཕྱག་མཆོད་བྱེད། ཨེ་མ་སྐལ་ལྡན་ཀུན་དགའ་བར་བྱོས། ཞེས་གསུངས་ཤིང་ཐུགས་སྤྲོ་བས་སྐོར་བ་མང་དུ་མཛད། ཕྱོགས་རིགས་ཀུན་ནས་འདུས་པའི་བུ་སློབ་མང་པོ་ལ་རྒྱུད་འགྲེལ་མན་ངག་དང་བཅས་པ་གསུངས། སློབ་མའི་ཐུ་བོ་རྣམས་ལ་ཡང་ཆོས་ཀྱི་ལྷག་མ་མ་ལུས་པར་སྩལ། ལོ་མཚམས་པ་རྣམས་ལ་བུག་སྒོ་སོ་སོར་ཡུད་ཀྱིས་ཕེབས་ནས། གེགས་སེལ་དང་གདམས་པ་གནང་སྟེ་བདེན་པ་མཐོང་བར་མཛད། ཕལ་ཆེ་བས་ནི་འཕྲལ་དུ་གྲུབ་པའི་མཚན་མ་བསྟན་པས་ཆོས་རྗེ་ཡང་མཉེས། བདུན་ཅུ་པ་ལྕགས་མོ་གླང་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔའི་ཉིན་ཁྲིད་གསལ་བར་རྣམས་ལ། བླ་མའི་རྣལ་འབྱོར་རྒྱས་པ་གཅིག་གནང་ནས་འདི་ལ་རྟེན་འབྲེལ་ཐམས་ཅད་བསྒྲིག་དགོས། གལ་པོ་ཆེ་ཡིན་པས་སྒོམས་ཤིག དེ་ནས་གདན་ས་བས་གནང་ངོ་གསུངས། ཚོགས་པ་ལ་ངེས་དོན་རྒྱ་མཚོའི་ཆོས་འཕྲོ་དེ་ཉིད་ཆེས་ཐུགས་གསལ་ཞིང་། གཟི་མདངས་ཆེ་བའི་རྣམ་པས་ལྷག་པར་གསུང་ཆེ་བར་གསུངས་ཏེ། འུ་ཅག་གི་ཆོས་བཤད་མཚམས་དེ་ཁ་ལ་བྱེད་པ་ཡིན་ནོ་གསུངས་ནས་ཆོས་འཕྲོར་བཞག ཚེས་དྲུག་གི་ནམ་ལངས་མ་ཐག་འོད་གསལ་ལ་མཉམ་པར་བཞག་ནས་དགོང་མོ་མྱ་ངན་ལས་འདས་ཏེ། མཁའ་ཁྱབ་ནམ་མཁའི་རྡོ་རྗེ་ཅན་ཡིན་མོད་ནའང་། སྤྲུལ་པའི་སྐུ་ནི་ཞིང་བདེ་བ་ཅན་དུ་འབྱོན་པར་ཞལ་གྱིས་བཞེས་སོ། །ཞག་བདུན་གྱི་བར་དུ་གཟི་མདངས་ཇེ་སེར་སོང་ཞིང་ཞལ་འཛུམ་སྟོན། གསང་བ་སྦུབས་སུ་ནུབ། དབུའི་གཙུག་ཏོར་འཕགས་པ་ལ་ཟླ་བ་བདུད་རྩི་ལུད། ཕྱི་ནང་རྟེན་འབྲེལ་གནད་གཅིག་པས་གཙང་པོ་གྱེན་ལ་ལོག་སྟེ་གྲམ་པའི་མཐིལ་གྱི་རྡོ་མཐོང་བ་བྱུང་། གདུང་ཞུགས་ལ་ཞེན་པས་རིང་བསྲེལ་ཡུངས་འབྲུ་ལྟ་བུའི་ཕུང་པོར་གྱུར་ཅིང་། སྤྱན་རས་གཟིགས་བྱོན། བདེ་བ་ཅན་དུ་ཚེ་དཔག་མེད་ཇོ་བོའི་སྐུ་ཚད་མ་དང་། སྐུ་འབུམ་ཆེན་མོར་སྐུ་འདྲ་མཐོང་བ་དོན་ལྡན་བཞེངས་པའི་ནང་དུ་རིང་བསྲེལ་ཕལ་ཆེ་བ་བཞུགས་སོ། །བདག་ཉིད་ཆེན་པོ་རིགས་ལྡན་སྤྲུལ་པའི་སྐུ་འདིའི་སློབ་མའི་ཐུ་བོ་ནི། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ། ས་བཟང་མ་ཏི་པཎ་ཆེན། ལོ་ཙཱ་བ་བློ་གྲོས་དཔལ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། དཀོན་མཆོག་རྒྱལ་མཚན། ཆོས་དཔལ་མགོན་པོ། ཆོས་རྗེ་རིན་ཆེན་ཚུལ་བ། ཞང་སྟོན་རྒྱ་པོ་བསོད་ནམས་གྲགས་པ། གཡག་སྡེ་པཎ་ཆེན། ལ་དོང་སྨན་ཆུ་ཁ་པ་བློ་གྲོས་རྒྱལ་མཚན། ལོ་ཆེན་བྱང་རྩེ། སེ་སྡིང་པ་བློ་གྲོས་དཔལ། བསྟན་པའི་རྒྱལ་མཚན། ཆོས་གྲགས་གསར་མ། ཉ་དབོན་ཀུན་དགའ། བླ་བྲང་པ་བཟང་པོ་དཔལ། ཐང་ཆེན་པ་ཀུན་དགའ་འབུམ། ས་སྐྱ་མཁན་པོ་ནམ་ཡེ་བ། ཤངས་པ་རྡོ་རྗེ། གནས་དྲུག་པ་བློ་གྲོས་མཚུངས་མེད། འཇམ་སྔོན། འཇམ་སྒེག མཁས་པ་རིན་ཆེན་མཆོག མཁས་པ་ངག་དབང་། སྣར་ཐང་པ་མཆིམས་བློ་བཟང་གྲགས་པ། ཆོག་ལུང་མཁན་པོ་བསོད་ནམས་བཟང་པོ་དང་གྲགས་པ་རྒྱལ་མཚན། བྱང་ཆུབ་སེམས་དཔའ་དགེ་བའི་བློ་གྲོས། རི་དོན་བློ་ཆེན་འོད། མཁན་ཆེན་དོན་གྲུབ་དཔལ་དང་ཡོན་ཏན་རྒྱལ་མཚན། ཆོས་ལུང་མཁན་ཆེན་གྲགས་ཚུལ་བ་དང་གྲགས་པ་དཔལ། མཁན་ཆེན་བྱང་ཆུབ་འོད་ཟེར། ནུབ་གནས་སར་བ་སེང་གེ་དཔལ། ལོ་པ་གཞོན་ནུ་སངས་རྒྱས། སྙེ་ཐང་པ་བཀྲས་སེང་། གྲ་དགོན་པ་ཀུན་དགའ་རྒྱལ་མཚན། ཆོས་འཁོར་གླིང་པ་བྱམས་པ་བ། བདེ་བ་ཅན་པ་འཇམ་རིན། ཚ་མིག་པ་ཡོན་ཏན་སེང་གེ གསང་ཕུ་བ་བློ་གྲོས་སེངྒེ། ཚལ་པ་སངས་རྒྱས་རྒྱལ་མཚན། ཁྲོ་ཕུ་བ་ནམ་མཁའ་བཟང་པོ། ཨེ་པ་ནམ་མཁའ་གྲགས། མྱང་སྟོད་སྒེ་མོ་བ་སངས་རྒྱས་དཔལ། ངམ་རིངས་བརྩེན་རྒྱལ། སྤངས་འདབ་རིན་ཆེ། རི་ཁྲོད་པ་དབང་རིན། མཛོད་མ་བ་སྟོན་རིན། དུས་འཁོར་བ་དགེ་འདུན་དཔལ། བླ་མ་རྩེ་མོ་བ། བ་དེ་ལུང་པ། མཁན་པོ་ལྷ་བཙུན། སློབ་དཔོན་དར་དབང་། གསང་ཕུ་བ་གྲགས་བཟང་། སློབ་དཔོན་བསོད་ནམས་དཔལ། སེ་སྟོད་བ་རྡོར་རྒྱལ། རྟ་ནག་པ་ཉི་རྒྱལ། བླ་མ་རྒྱལ་འབྱུང་། སྙེ་ཐང་པ་རོར་རྒྱལ། ཤེས་རྡོར་བ། མཁན་ཆེན་བཀྲས་ཚུལ་བ། བྲག་རམ་པ་བསོད་ནམས་སེང་གེ ནགས་ཕུག་པ། དཔལ་རྒྱལ། བཅོམ་ལྡན་རྡོ་རྗེ་སྙིང་པོ་སོགས་དུས་ཀྱི་འཁོར་ལོ་ལ་མཁས་ཤིང་ཡོངས་སུ་གྲགས་པའི་སློབ་མ་མང་དུ་བྱུང་ལ། ཏྲི་ཤྲཱི་ཀུན་དགའ་རྒྱལ་མཚན། ཆོས་ཀྱི་རྒྱལ་མཚན། བློ་གྲོས་རྒྱལ་མཚན། བཞི་ཐོག་པ་ལ་སོགས་པ་ས་སྐྱ་པའི་གདུང་བརྒྱུད་རྣམས་དང་། རྟོགས་ལྡན་དར་རྒྱལ་བ། གྲུབ་ཐོབ་དབུས་པ། བླ་མ་མཁའ་སྤྱོད་པ། སྒོམ་ཁང་པ་ཆོས་ཀྱི་རྒྱལ་མཚན་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་བྱོན་ཏེ་དེ་དག་གིས་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་མཆོག་ཏུ་དར་བར་མཛད་པ་ཡིན་ནོ།།

གཞན་ཡང་དུས་ཀྱི་འཁོར་ལོའི་བརྒྱུད་པའི་ལུགས་སྲོལ་མི་འདྲ་བ་བྱུང་བའི་ཚུལ་ནི། དུས་འཁོར་ཞབས་པའི་སློབ་མ་ཤྲཱི་བྷ་དྲ་བོ་དྷིས་གྱི་ཇོ་ཟླ་བའི་འོད་ཟེར་ལ་གནང་ཞིང་དེ་ཉིད་ཀྱིས་བཞི་འགྱུར་ཡང་མཛད་ནས། ལོ་ཆུང་རྣམས་ཀྱིས་ཐོག་དྲངས་པ་ལ་བཤད་པ་ཡང་ཡུན་རིང་དུ་མཛད་ཅིང་། ལོ་ཆུང་རྣམས་ཀྱིས་ཀྱང་དགོས་ནས་འགྱུར་མངས་སུ་ཡང་བསྒྱུར་མོད་ཀྱི་བཤད་བཀའ་ཟིན་པ་མ་བྱུང་གསུང་ངོ་། །དཱ་ན་ཤྲཱིའི་སློབ་མ་རྨ་དགེ་བའི་བློ་གྲོས་གྱིས་ཀྱང་། གྱི་ཇོའི་འགྱུར་གྱི་སྟེང་ནས་འགྱུར་བཅོས་མཛད་ཅིང་། མང་འོར་བྱང་ཆུབ་ཤེས་རབ་དང་། བློ་གྲོས་སྙིང་པོ་དང་། བསོད་ནམས་ཡེ་ཤེས་དང་། འ་ཞ་རྒྱ་གར་རྩེགས་རྣམས་ཀྱིས་ཀྱང་བསྒྱུར་ཅིང་བཤད་ཀྱང་བཤད་བཀའ་ཟིན་པ་མ་བྱུང་གསུང་། རྩ་མི་སངས་རྒྱས་གྲགས་པ་ནི་མི་ཉག་འགའི་ཡུལ་དུ་སྐུ་འཁྲུངས་ཤིང་། གཞོན་ནུ་ལ་རྒྱ་གར་དུ་བྱོན་ནས་པཎྜི་ཏ་དུ་མ་བསྟེན་ཅིང་མཁས་པར་གྱུར་ནས། དུས་འཁོར་འགྲེལ་ཆེན་བོད་སྐད་དུ་བྲིས་ཤིང་། རྒ་ལོ་དང་འགའ་རོད་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། རོང་གླིང་ལོ་ཙཱ་བ། ར་བྱིད་ལོ་ཙཱ་བ། སེ་ལོ་ཙཱ་བ་ལ་སོགས་པ་མང་པོ་ལ་གསུངས་མོད་ཀྱི། སྔ་མ་བཞི་པོ་ནས་བརྒྱུད་པ་ནི་ཆད་ལ། སེ་ལོ་ཙཱ་བས་གཉོས་འོད་མ་ལ་གསུངས་ཤིང་། དེ་ཉིད་ཀྱིས་གྲུབ་ཐོབ་ཏུ་གྲགས་པའི་ཨུ་རྒྱན་པ་རིན་ཆེན་དཔལ་ལ་གསུངས་ནས། དབང་ཁྲིད་བཤད་བཀའ་རྣམས་ཀྱང་ཡུན་རིང་བསྐྱངས་ཤིང་། སྒྲུབ་ཐབས་དང་། དབང་ཆོག་དང་། བཅུད་ལེན་དང་། རླུང་སྦྱོར་ལ་སོགས་པའི་ཡིག་ཆ་བསྟན་བཅོས་ཀྱང་མང་དུ་མཛད་དོ། །ཤོང་འགྱུར་ནི་ལ་སྟོད་ལྷོའི་སྤྱད་ལུང་ཤར་ཀའི་བོང་ར་ཞེས་པར་སྐུ་འཁྲུངས་པ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཞེས་གྲགས་པ་དེ་ཉིད་གཞོན་ནུ་ལ་རབ་བྱུང་མཛད་ནས། བླ་མ་གོ་ལུང་པ་ཆེན་པོ་མདོ་སྡེ་དཔལ་རྒྱལ་མཚན་གྱི་དྲུང་དུ་བསྙེན་ནས་རྒྱུད་སྡེ་དུ་མ་དང་། རྡོ་རྗེ་ཕྲེང་བ་སྐོར་གསུམ་ལ་སོགས་པ་མང་དུ་ཞུས་ཤིང་། གར་དང་། ཐིག་དང་། ལྔ་བཏུས་དང་། གཟའ་ལྔ་དང་། གཡུལ་རྒྱལ་ལ་སོགས་པ་རྩིས་ཀྱི་གཙུག་ལག་དུ་མའང་བསླབས་ཤིང་བྱང་པར་མཛད་དེ། གཟའ་རྣམས་གསལ་བར་བྱེད་པའི་སྒྲོན་མ་ལ་སོགས་པ་རྨད་དུ་བྱུང་བའི་རྩིས་ཀྱི་བསྟན་བཅོས་དུ་མའང་མཛད་ནས། སྟག་སྡེ་པ་སེང་གེ་རྒྱལ་མཚན་ཞེས་པ་ཕ་རི་ལུང་དུ་སྐུ་འཁྲུངས་ཤིང་། ཆོས་རྗེ་མངོན་གྲྭ་པ་ལས་ཕར་ཚད་མངོན་གསུམ་དང་། དུས་འཁོར་འབྲོ་འགྱུར་གསན་ཅིང་མཁས་པར་གྲགས་པ་དེ་ཉིད་ཀྱི་དྲུང་དུ་ཚ་སྣར་བྱོན་ཏེ། ཕར་ཚད་མངོན་གསུམ་དང་བོད་བསྡུས་ལ་སོགས་པ་རྣམས་ལ་མཁས་པར་མཛད་དེ། དཔལ་དུས་ཀྱི་འཁོར་ལོའི་དབང་ཞུ་བའི་ཡོན་ལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་འབྲོ་འགྱུར་གྱི་གླེགས་བམ་གཅིག་དང་། སྤྱན་རས་གཟིགས་ཀྱིས་མཛད་པར་བཏགས་པའི་མཚན་བརྗོད་འགྲེལ་བ་དང་། འབྲོ་པའི་གསུང་སྒྲོས་རྒྱས་པ་འོད་ཟེར་ཕྲེང་བ་དང་། དྲི་མེད་རྒྱན་ལ་སོགས་པ་ཤོག་དེབ་བཞི་བཅུ་ཙམ་ཕུད་བུ་ལུང་དང་བྲག་ཆུང་གི་བྲག་ཕུག་ཏུ་ཕྱག་བྲིས་སུ་མཛད་དེ་ཕུལ་ཅིང་དབང་བཅུ་གཉིས་ཡོངས་སུ་རྫོགས་པ་དང་གདམ་ངག་ཀྱང་ཞུས་ཏེ་དུས་འཁོར་རྒྱུད་འགྲེལ་འབྲོ་འགྱུར་ཡོངས་སུ་རྫོགས་པར་གསན་ནོ། །དེ་ནས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་གདན་སར་སྔ་མ་རེས་ཕེབས་པའི་དྲུང་དུ་བྱོན་ཏེ། བསྟོད་པའི་ཚིགས་སུ་བཅད་པ་སྤེལ་ལེགས་པར་ཕུལ་ནས་ལོ་ཙཱ་སློབ་ཏུ་འགྲོ་བས་རྫོང་པ་ཞུ་ཞེས་ཞུས་པ་ལ། བླ་མ་དམ་པའི་ཞལ་ནས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། གཞུང་ལུགས་གསར་པ་འགྱུར་བའི་ནུས་པ་འོང་བ་དཀའ་སྟེ། པཎྜི་ཏ་ལ་སློབ་གཉེར་དང་དྲིས་གཏུག་ལེགས་པར་གྱིས་ཤིག ཁོ་བོས་ཀྱང་ཆོས་ཀྱི་རྗེ་བསྟེན། ཡུན་ཐུང་པས་རྗེ་ཉིད་ཀྱིས་མཛད་པའི་སྡེབ་སྦྱོར་མེ་ཏོག་གི་མཆུན་བུ་དང་ཚིག་གི་གཏེར་ལ་སོགས་པ་ཡང་ཚུལ་བཞིན་དུ་མི་ཤེས་པར་སྣང་བས་འདི་དག་ཤེས་པ་ཞིག་ཅི་ནས་ཀྱང་གྱིས་ལ་ཤོག་གི་ཞེས་གསུངས་ནས། དེ་དག་དཔེ་དང་། གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང་སྟེ། རྟེན་འབྲེལ་ཡོད་པས་དོ་ནུབ་རྗེ་བཙུན་གོང་མའི་གཟིམས་ཁང་དཔེ་ཁང་དུ་ཉོལ་ལ་སོང་ཤིག་ཅེས་གསུངས་ནས་བརྫངས་སོ། །ཤོང་པའི་དགོངས་པ་ལ་སྐྱེ་བས་ཐོབ་པའི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱོར་བའི་བྱུང་པའི་ནན་ཏན་ནི་མཆོག་ཏུ་གྱུར་ན། ལེགས་བཤད་གསར་དུ་ཅི་སྟེ་བསྒྱུར་བར་མི་ནུས་སྙམ་དུ་དགོངས་ཏེ་བླ་མ་དམ་པའི་གཟིམས་གཡོག་པ་མདོ་སྨད་བློ་གྲོས་རྒྱལ་པོ་དང་འགྲོགས་ཏེ། བལ་ཡུལ་དུ་བྱོན་ནས་པཎྜི་ཏ་ཆེན་པོ་མ་ཧེན་བྷ་ཏྲའི་དྲུང་དུ་རིག་པའི་གནས་ཆུང་བ་ལྔ་བསླབས་ཤིང་། ཁྱད་པར་སྒྲ་རིག་པ་ཤིན་ཏུ་བྱང་བར་མཛད་ནས་གདན་ས་ཆེན་པོར་བྱོན་ཏེ། བླ་མ་དམ་པའི་བཀའ་བཞིན་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པའི་འགྱུར་མཛད་ནས། སླར་ཡང་རྡོ་རྗེའི་གདན་མཧཱ་བོ་དྷི་མཆོད་པ་དང་། བསྐོར་བ་ལ་བྱོན་ཏེ། པཎྜི་ཏ་ཆེན་པོ་ལཀྵྨི་ཀ་ར་སྤྱན་དྲངས་ནས། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲིལ་ཤིང་དང་། ཀླུ་རྣམས་ཀུན་ཏུ་དགའ་བར་བྱེད་པའི་ཟློས་གར་དང་། སྙན་ངག་མེ་ལོང་དང་། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་དང་། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲིརྟ་མ་ལའི་སྟོད་དང་། ཙནྡྲ་པའི་མདོ་ལ་སོགས་སྔོན་གངས་ཅན་དུ་མ་འགྱུར་བ་རྣམས་གསར་དུ་བསྒྱུར་ཅིང་། ཨ་མ་ར་ཀོ་ཥ་ལ་སོགས་པ་ཡང་མཆན་བུས་གསལ་བར་མཛད་ནས་རིག་པའི་གནས་འདི་དག་ཤིན་ཏུ་རྒྱས་པར་མཛད་དོ། །འཕགས་པ་རིན་པོ་ཆེས་ཀྱང་སྡེ་སྣོད་འཛིན་པ་ཆེན་པོ་ཤོང་ལོ་ཙཱ་བའི་སྙན་དུ་གསོལ་པ་ཞེས་པའི་འཕྲིན་ཡིག་མཛད་པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་གཏིང་དཔག་པར་དཀའ་ལ་ཚིག་བརླིངས་ཤིང་། སྡེ་སྣོད་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་བདེ་བར་ལེན་དཀའ་བས། སྔོན་བྱོན་པའི་ལོ་ཙཱ་བ་དག་གིས་མ་འགྱུར་པ་དང་། ལོག་པ་དང་རྣམ་གྲངས་གཞན་དང་། ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་པ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་། མཐའ་གཅིག་ཏུ་ངེས་ཏེ། ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར་མཐོང་བས། དགའ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས་ཞེས་པ་ལ་སོགས་པས་རབ་ཏུ་བསྔགས་ཤིང་། སྒྲ་བསྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་ཡིན་ནོ། །དེ་ཉིད་ལས་དེ་ཉིད་ཀྱི་གཅུང་པོ་ཤོང་སྟོན་ལོ་ཙཱ་བ་བློ་གྲོས་བརྟན་པ་ཞེས་པ་ཀྱཻ་རྡོ་རྗེའི་འགྲེལ་པ་ཊྃ་ཀ་ད་ཤ་དང་། སྡོམ་ཆུང་གི་འགྲེལ་པ་པདྨོ་ཅན་དང་། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་སོགས་པ་གཞི་འགྱུར་དུའང་མང་དུ་བསྒྱུར་ཅིང་ཞུ་ཆེན་ཡང་དུ་མ་མཛད་ལ། འཕགས་པ་རིན་པོ་ཆེའི་སློབ་མའི་ཐུ་བོར་གྱུར་ཅིང་། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བ་གཅེན་པོའི་ཡོན་ཏན་ལ་བསྒྲུན་དུ་རུང་བ་ཡོད་པ་དེ་ཉིད་ཀྱིས་ཞུས་ལ་དེ་དག་གཉིས་ལ་མང་གར་ཁྲ་ཚང་དུ་སྐུ་འཁྲུངས་ཤིང་འགྲོ་བའི་མགོན་པོ་འཕགས་པ་ལ་རབ་བྱུང་ཞུས་པའི་ཚེ། མཚན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག་ཅེས་བྱ་བར་རང་ཉིད་ཀྱིས་འདོགས་པར་ཞུས་ཤིང་བཏགས་ལ། ཕྱིས་ལོ་ཙཱ་བ་མཆོག་ལྡན་ཞེས་གྲགས་པ་གཤིན་རྗེ་གཤེད་དམར་པོའི་རྒྱུད་དང་། རལ་གཅིག་མ་དམར་མོའི་སྒྲུབ་ཐབས་ལ་གཞི་འགྱུར་མཛད་ཅིང་། བོད་ཀྱི་ཡུལ་དུ་འགྱུར་བའི་བཀའ་དང་། བསྟན་བཅོས་དང་། དབང་དང་། གདམ་ངག་ཕལ་མོ་ཆེའི་ལུང་དང་བཀའ་མངའ་བ། དགེ་བའི་བཤེས་གཉེན་མང་པོའི་བླ་མར་གྱུར་པ་དེ་ཉིད་ཀྱིས་གསན་པ་ཡིན་ནོ། །དེ་ཉིད་ལ་སྐྱི་སྟོན་འཇམ་པའི་དབྱངས་ཀྱིས་གསན་ལ། དེ་ཉིད་ལ་ཆོས་ཀྱི་རྗེ་ཀུན་མཁྱེན་དོལ་བུ་བས་གསན་ནོ། །དེ་ལྟར་ན་དུས་ཀྱི་འཁོར་ལོ་ལ་བརྒྱུད་པ་མི་འདྲ་བ་དང་། འགྱུར་མི་འདྲ་བ་མང་དུ་བྱུང་། ད་ལྟའི་བཤད་པའི་བཀའ་དང་། མན་ངག་རྣམས་འབྲོ་པ་དང་ར་པ་རྩ་མིའི་ལུགས་གསུམ་ལས་བརྒྱུད་པ་ཕལ་ཆེ་ཞིང་འགྱུར་རྣམས་ཀྱི་ནང་ནས་ཤོང་འགྱུར་ཁོ་ན་ལེགས་པར་དུས་ཀྱི་འཁོར་ལོ་པ་ཆེན་པོ་རྣམས་ཀྱིས་མཛད་དོ།།

དེ་དག་གིས་ནི་བོད་ཡུལ་འདིར་དུས་འཁོར་ལ་བཀའ་དྲིན་ཆེ་བའི་བླ་མ་ར་འབྲོ་གཉིས་བརྒྱུད་པར་བཅས་པ་དང་། བུ་དོལ་སོགས་ཀྱིས་བྱོན་ཚུལ་འཕྲོས་དོན་དང་བཅས་པ་ཅུང་ཟད་བཤད་པ་ཡིན་ལ། ད་ནི་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་རྣམས་ལས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་བྱུང་བའི་ཚུལ་ཅུང་ཟད་བརྗོད་ན། ཐོག་མར་དུས་ཞབས་པའི་དངོས་ཀྱི་སློབ་མ་ཙ་མི་ལོ་ཙཱ་བ་ཆེན་པོས་རྗེས་སུ་བཟུང་བའི་གྲུབ་ཐོབ་དཔལ་ཆེན་རྒ་ལོ་ལས། རྗེ་ས་སྐྱ་པ་ཆེན་པོས་སྦྱོར་དྲུག་གསན་ནས། མ་རྒྱུད་ཀྱཻ་རྡོ་རྗེའི་སྦྱོར་དྲུག་ཅེས་པའི་ཡི་གེ་ཡང་མཛད་དེ། སློབ་དཔོན་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་གནང་། ཁྱད་པར་རྗེ་བཙུན་ལ་བུ་ངས་ཁྱོད་ལ་ཆོས་བསྟན་པ་ཐམས་ཅད་འདིར་འདུས་པ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དང་པོ་ཆོས་ཉིད་གདན་དུ་བྱ། །འབྱུང་བ་རླུང་ལ་སྦར་ཟིན་བྱ། །གཏུམ་མོའི་མེ་དྲོད་རབ་ཏུ་བསྐྱེད། །བྱང་ཆུབ་ཆུ་རྒྱུན་དབུ་མར་གཞུག །ས་སོགས་འབྱུང་བ་དབང་དུ་བསྡུ། །ཡེ་ཤེས་ལྔ་ནི་མངོན་གྱུར་ནས། །འཆི་བ་མེད་པའི་གནས་ཐོབ་བོ། །ཞེས་གསུངས་ཏེ་རྐང་བ་དང་པོ་གཉིས་ཀྱིས་སོར་བསམ། གསུམ་པས་སྲོག་རྩོལ། བཞི་པས་འཛིན་པ། ལྔ་པས་རྗེས་དྲན། དྲུག་པས་ཏིང་ངེ་འཛིན། ཐ་མ་གཉིས་ཀྱིས་སྒྲུབ་པ་ཡེ་ཤེས་ཀྱི་སྐུ་བསྟན་ཏོ། །དེ་ནས་ས་སྐྱ་པཎྜི་ཏ། རྒྱུས་པ་གཞོན་ནུ་སེང་གེ དོལ་པོ་ཡེ་ཤེས་མགོན་པོ། ཀུན་སྤངས་ཆེན་པོ་རྣམས་རིམ་པར་བརྒྱུད་དེ་སྦྱོར་དྲུག་ས་ལུགས་ཞེས་གྲགས་སོ། །དེའི་རྗེས་སུ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་ལས་ཆོས་རྗེ་ས་སྐྱ་པཎྜི་ཏས་གསན་ཅིང་དར་བར་མཛད་པ་ཡིན་ཏེ། དེའི་ཚུལ་ཅུང་ཟད་བརྗོད་ན། པཎ་ཆེན་དེས་དགུང་ལོ་བཅོ་བརྒྱད་བཞེས་པའི་དུས་སུ་པཎྜི་ཏ་བི་བྷུ་ཏི་ཙནྡྲ། སུ་ག་ཏ་ཤྲཱི། ཛ་ཡ་དརྟ། དཱ་ན་ཤཱི་ལ། སངྒ་ཤྲཱི། སུ་མ་ཏི་སཱ་ག་ར། ཀཱ་ལ་ཙ་ཀྲ། ཛི་ན་གུཔྟ། མ་ཧཱ་བོ་དྷི་སྟེ་འཁོར་པཎྜི་ཏ་དགུ་དང་བཅས་ཛ་གདྷ་མ་ནས་ཁྲོ་ཕུ་ལོ་ཙཱ་བས་གདན་དྲངས་ཏེ། བེ་དུར་ཚོང་དུས། གྲོ་མོ། ཕག་རི། འགྲིང་མཚམས། རྒྱང་རོ་རྣམས་སུ་རིམ་གྱིས་བྱོན། དེ་ནས་དཔྱལ་ལོ་ཙཱ་བས་ཁྲོ་བོ་ཆེ་དང་དམ་ཁ་གནས་སུ་གདན་དྲངས་ཀྱཻ་རྡོ་རྗེ་འགྲེལ་པ་མན་ངག་དང་བཅས་པ་གནང་། དེ་ནས་མགུར་མོ་དང་། ཆུ་མིག་རིང་མོར་དགེ་འདུན་གྱི་ཚོགས་ཆེན་པོས་བསྐོར་བས་ཁྱིམ་པ་རྣམས་ཀྱིས་ཞལ་ཡང་བལྟ་དཀའ་བ་བྱུང་། དེར་ས་པཎ་གྱིས་ཀྱང་མཇལ། དེ་ནས་ཁྲོ་ཕུར་ཕེབས། ཤིང་ཕོ་བྱི་བ་ལོ་དབྱར་གནས་དེ་ཉིད་དུ་མཛད་དེ་ཚུལ་ཤིང་ལེན་པ་བརྒྱད་བརྒྱ་བྱུང་། ལྷོ་བྲག་ལ་བྱང་ཆུབ་དཔལ་ལ་བསྙེན་རྫོགས་གནང་། བརྒྱད་སྟོང་པ་ཨ་བྷ་ཡའི་འགྲེལ་པ་དང་བཅས་པ་དང་སོ་ཐར་དང་མདོ་སྡེ་རྒྱན་གསུངས། དེ་ནས་སྣར་གྱིས་སླས་མོ་ཆེར་བྱོན། དེར་ཐུགས་བག་ཕེབས་པས་སྔར་མ་གཟིགས་པའི་ཡི་དམ་མང་པོའི་ཞལ་གཟིགས། སུམ་ཅུ་རྩ་གསུམ་པ་དང་དགའ་ལྡན་པའི་མཆོད་པའི་རྔ་སྒྲ་ལས་ཆོས་ཀྱི་སྒྲ་འབྱུང་བ་གསན། འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་དུས་འཁོར་ནས་ཇི་ལྟར་བཤད་པ་བཞིན་མངོན་སུམ་དུ་གཟིགས་པས་མངོན་པའི་ལུགས་དེ་མ་དག་པ་ཡིན་ནམ་དགོངས་ན། སྒྲོལ་མའི་ཞལ་ནས་གདུལ་བྱའི་བློ་དང་བསྟུན་པས་མི་འགལ་ཏེ་སྡེ་པ་བཅོ་བརྒྱད་ལྟ་བུ་ཡིན། ཡང་དག་པ་ན་འཇིག་རྟེན་རང་ཡང་མེད་གསུངས། གཙང་སོ་བ་བསོད་ནམས་མཛེས་ཀྱིས་མཇལ་ཏེ་བདག་བསྙེན་པར་རྫོགས་ནས་ལྟུང་བ་བྱུང་པ་མ་དྲན་པས། ཚུལ་ཁྲིམས་བསྲུངས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བར་ཞུས་པས། དབུ་ཞྭ་ཟུལ་གྱིས་ཕུད། ཕྱག་ཐལ་མོ་སྦྱར་ནས། བསྔོ་རྒྱུ་བཟང་པོ་འདི་ལྟ་བུ་རྒྱ་གར་ན་ཡང་དཀོན། ཁོ་བོའི་རྩར་སྡོད་ལ་མཆོད་གནས་གྱིས་གསུངས་ཏེ། བསྔོ་བ་གནང་། དེར་བསོད་སྙོམས་འདྲེན་པ་ཤིན་ཏུ་མང་བས་གདན་གཅིག་གི་དུས་སུ་ཆོས་རྗེ་ཉིད་ལ་དྲངས་པའི་གདུགས་ཚོད་ཀྱིས་དགེ་འདུན་ཉིས་བརྒྱའི་འཚོ་བ་སྦྱོར། ཆོས་རྗེས་ཕྲ་མང་དུ་གསུང་ཤིང་ལམ་རིམ་དང་ཆོས་སྤྱོད་རྒྱས་པ་བརྩམས། པཎ་ཆུང་རྣམས་ལ་ས་སྡེ་དང་། ཚད་མ་སྡེ་བདུན་དང་། དུས་འཁོར་རྒྱུད་འགྲེལ་གནང་། གླང་ལོའི་དབྱར་གནས་ཀྱང་སླས་པོ་ཆེར་མཛད་དེ། མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད་གསུངས། དགག་དབྱེ་ཐོན་ནས་ཆུ་མིག་རིང་མོར་བྱོན། རིན་ཆེན་ཕྲེང་བ་དང་དཔེ་རྒྱན་གསུངས། རྒྱན་གོང་གནས་སུ་རྡོ་རྗེ་དཔལ་ལ་བསྙེན་རྫོགས་གནང་། དེ་ནས་སྲིན་པོ་རི་བས་སྤྱན་དྲངས་ཏེ། གཞུ་སྙེ་དང་མཚུར་ཕུ་ནས་བརྒྱུད་ལྷ་ས་མཇལ་ནས་སྲིན་པོ་རིར་ཕེབས། དེར་ཆག་ལོ་དགྲ་བཅོམ་གྱིས་ཀྱང་མཇལ་བར་བྱོན། སྟག་ལོའི་དབྱར་གནས་ཀྱང་སྲིན་པོ་རིར་མཛད་དེ་མངོན་པ་ཀུན་ལས་བཏུས་ཛྙཱ་ན་མི་ཏྲའི་འགྲེལ་པ་དང་བཅས་པ། སྤྱི་ཆོས་ལ་མྱ་ངན་མེད་ལུང་བསྟན་པ་དང་། ལས་བརྒྱ་པ། གཞན་ཡང་བྱམས་ཆོས་དང་རིགས་ཚོགས་རྣམས་གསུངས། སྲིན་པོ་རིའི་གདན་ས་པ་ལ་བྱམས་ཆོས་ཀྱི་ཁྲིད། རིགས་ཚོགས་ཀྱི་ཁྲིད། སྤྱོད་ཕྱོགས་ཀྱི་ཁྲིད་རྣམས་གནང་། དེ་ནས་ལྷ་ཞི་བ་འོད་ཀྱིས་བསམ་ཡས་སུ་སྤྱན་དྲངས་ཏེ་ཆོས་མང་དུ་གསུངས། བསམ་ཡས་ཀྱི་བཀོད་པ་ལ་མཉེས་ཏེ་བི་ཀྲ་མ་ཤྲཱི་ལ་དང་དུས་མཚུངས་སུ་འདུག་གསུངས། དེར་སངས་རྒྱས་དབོན་སྟོན་གྱིས་མཇལ་ཏེ་རྒྱ་མ་རིན་ཆེན་སྒང་དུ་གདན་དྲངས། སླར་སྲིན་པོ་རིར་ཕེབས། ཆག་ལོ་དགྲ་བཅོམ་གྱིས་གདན་དྲངས་ཏེ་ཐང་པོ་ཆེ་དང་། རིམ་གྱིས་མཉམ་ལྟེའུ་རར་ཕེབས། ཡོས་ལོའི་དབྱར་གནས་དེ་ཉིད་དུ་མཛད། དགེ་སློང་ཚུལ་ཤིང་ལེན་པ་བདུན་བརྒྱ་བྱུང་། ལོ་པཎ་གཉིས་ཀྱིས་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཅིང་གསུངས། གསེར་ཕྱེ་འབུམ་པའི་ནུབ་ཀྱི་ཆོས་ཁྲི་ལ་ལོ་པཎ་གཉིས་བཞུགས་ནས་སེམས་བསྐྱེད་དང་ལམ་རིམ་གསུངས། ཞང་དང་རྐྱལ་བ་ལ་བསྙེན་རྫོགས་གནང་། རྣམ་རྒྱལ་མཆོད་རྟེན་བཞེངས་པས་མེ་ཏོག་གི་ཆར་བབས། དེ་ནས་ཐང་པོ་ཆེར་བྱོན་བསྟན་རྩིས་མཛད། སྤུ་གུ་དོར་ལང་ཆོས་གསུངས། འབྲུག་ལོའི་དབྱར་གནས་ཐང་པོ་ཆེར་མཛད་ནས། འོན་ཟང་རི་གཡེ་ཡངས་བར་ནས་སླར་གཉལ་ལྟེའུ་ར་དང་། དེའི་བུ་ལག་རོང་རྩེ་དཀར་ཆུང་དུ་ཐེགས་ཏེ། ཟངས་ཆེན་པོ་སོགས་མཁན་བཙུན་མང་པོ་ལ་ལམ་རིམ་གྱི་ཁྲིད་དང་། མེ་ཏོག་ཕྲེང་རྒྱུད། བརྒྱད་སྟོང་པ། ཐུབ་པ་དགོངས་རྒྱན་གསུངས། ས་ལྷའི་གནས་སུ་སྒྲོལ་མའི་བྲིས་སྐུས་པཎ་ཆེན་ལ་ཆོས་གསུངས། བྱ་ནག་རིན་ཆེན་འོད་སོགས་ལ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གནང་། ལོ་རོ་མཚོས་སྣ། ལྷོ་བྲག གྲུ་ཤུལ་རྣམས་ལའང་ལོ་པཎ་གཉིས་ཀ་བྱོན་ཏེ་ཆོས་མང་དུ་གསུངས། སླར་ཡང་ལྟེའུ་ར། ཐང་པོ་ཆེ། སྲིན་པོ་རི། རྒྱ་མ་རིན་ཆེན་སྒང་རྣམས་སུ་རིམ་གྱིས་བྱོན་ཏེ། སྦྲུལ་ལོའི་དབྱར་གནས་རིན་ཆེན་སྒང་དུ་མཛད། ཆོས་བསྟན་པས་ཕྱིར་མི་ལྡོག་པའི་ས་ཐོབ་པ་བརྒྱད་ཅུ་ལྷག་པ་བྱུང་། ར་སྒྲེང་དུའང་བྱོན། འབྲི་ཁུང་ལས་གདན་འདྲེན་བྱུང་པ་ལ་མ་ཐེགས་པར་ཆོས་སྐྱེས་གནང་། དེ་ནས་རིམ་གྱིས་གཙང་དུ་བྱོན་ནས་ཉུང་ཆུང་དུ་བཞུགས་པ་ན། ས་སྐྱ་པས་གདན་དྲངས་ཏེ་རྟ་ལོའི་དབྱར་གནས་ས་སྐྱར་མཛད། ཆོས་རྗེ་ས་པཎ་ལ་བསྙེན་རྫོགས་གནང་། བཀའ་ཆེན་བཞི་སོགས་མང་དུ་གསུངས་ཤིང་། ཁྱད་པར་དུས་འཁོར་རྒྱུད་འགྲེལ་ཕྲན་དང་བཅས་པ་གནང་། དེ་ནས་ཤངས། འུ་ཡུག ཉང་རོ་ལ་སོགས་པར་བྱོན། ལུག་ལོའི་དབྱར་གནས་ཤངས་ལུ་གུ་གདོང་དུ་མཛད། དེ་ལོ་ཐན་པ་ཆེ་བས་ཆར་འབེབས་མཛད་པ་ན། ཀླུ་བརྒྱད་དངོས་སུ་འོངས་ནས་ཆར་ཕུལ། ལྷ་བཙུན་གུང་ཐང་པ་ལ་བསྙེན་རྫོགས་གནང་། ཇོ་གདན་སེང་གེ་དཔལ་ལ་ཁྱེད་བོད་ལ་བཏང་པ་མེད། རླུང་རེ་བཟུང་དྲོད་ཨེན་ཙམ་རེ་བྱུང་པ་དང་གྲུབ་ཐོབ་ཏུ་རེ་བར་འདུག་གསུངས། གཞན་གྱིས་ཕུལ་བའི་ཡོ་བྱད་ཡོད་དོ་ཅོག་ཁྲོ་ཕུའི་བྱམས་ཆེན་ལ་བཏང་། སྤྲེའུ་ལོའི་དབྱར་གནས་ཁྲོ་ཕུར་མཛད། དབྱར་ཟླ་འབྲིང་པོ་ལ་བྱམས་ཆེན་གྱི་རབ་གནས་མཛད་ནས་རིམ་གྱིས་མངའ་རིས་སུ་ཐེགས། བོད་ཀྱི་དགེ་སློང་རྗེས་སུ་འབྲང་བ་རྣམས་གཙང་བོ་བ་དང་། བྱང་རྡོར་གཉིས་ལ་གཏད་ནས་བསྟན་གཅིག་པའི་སྡེ་བཙུགས། པུ་ཧྲངས་སུ་ཆོས་ཀྱི་རྒྱལ་པོ་སྟག་ཚའི་བླ་མ་མཛད་ནས་བྱ་ལོའི་དབྱར་གནས་དེ་རུ་མཛད། དེ་ནས་ཕག་ལོ་ལ་ཁ་ཆེར་ཕེབས་ཏེ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་གྲུབ་པའི་སྒྲོལ་མ་ལྷ་ཁང་དུ་གཙོ་བོར་བཞུགས་ཏེ། ལོ་བཅུ་དང་ཟླ་བ་དྲུག་གི་བར་དུ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། དགུ་བཅུ་གོ་དགུ་པ་ཤིང་མོ་བྱའི་ལོ་ལ་དགའ་ལྡན་དུ་གཤེགས། སྤུར་བཞུ་བའི་ཚེ་མཁའ་འགྲོའི་ནམ་མཁའི་རོལ་མོ་ལས་སིལ་སྙན་བདུན་པ་ཞེས་པ་ཚིགས་སུ་བཅད་པ་བྱུང་བ་པཎྜི་ཏ་ཕྱེད་དང་ཉིས་བརྒྱས་ཡི་གེར་བཀོད་པ་ཡོད་དོ། །པཎ་ཆེན་འདི་ལ་བོད་ཀྱི་སློབ་མ་མང་དུ་བྱོན་པ་ལས། ཆོས་འདི་པའི་སྲས་ཀྱི་ཐུ་བོ་ནི། དཔྱལ་ལོ་ཙཱ་བ། ཆག་ལོ་ཙཱ་བ། ས་ལོ་ཙཱ་བ་གསུམ་ཡིན་པ་ལས། མཆོག་ཏུ་གྱུར་པ་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ཡིན་ཏེ། དེ་ཡང་སྐྱེ་བ་ཉི་ཤུ་རྩ་ལྔར་འཇམ་དཔལ་གྱིས་རྗེས་སུ་བཟུང་བས་མཁྱེན་རབ་འགྲན་ཟླ་དང་བྲལ། བཅོ་ལྔ་པ་ལ་རྗེ་བཙུན་ཆེན་པོ་ལས་ཡབ་མེས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད། མནལ་ལམ་དུ་དབྱིག་གཉེན་དང་མཇལ་བས་མངོན་པ་སློབ་མ་དགོས་པར་མཁྱེན། ཉེར་གསུམ་པ་ལ་ཆུ་མིག་རིང་མོར་པཎ་ཆེན་ཤཱཀྱ་ཤྲཱི་དང་མཇལ། པཎ་ཆེན་དབུས་སུ་བྱོན་གྱི་བར། བལ་པོ་སངྒ་ཤྲཱི་དང་། སུ་ག་ཏ་ཤྲཱི་ས་སྐྱར་སྤྱན་དྲངས་ནས་སྒྲ་ཚད་སྙན་ངག་སྡེབ་སྦྱོར་མངོན་བརྗོད། ཟློས་གར་སོགས་གསན་ཅིང་། སྔར་མ་འགྱུར་བའི་རྣལ་འབྱོར་གྱི་རྒྱུད་གསུམ་ལ་གཞི་འགྱུར་མཛད། པཎ་ཆེན་ཡར་ཕེབས་ནས་ཉེར་དགུ་པ་ལ་པཎ་ཆེན་གྱིས་མཁན་པོ། སྤྱི་བོ་ལྷས་པས་ལས་སློབ། དོན་མོ་རི་བས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། པཎ་ཆེན་ལ་རྣམ་འགྲེལ་སོགས་དཀའ་ཆེན་བཞི། དུས་འཁོར་རྒྱུད་འགྲེལ་ཆ་ལག་དང་བཅས་པ། གསང་འདུས་འཕགས་སྐོར། ཡེ་ཤེས་ཞབས་ལུགས། བདེ་མཆོག་རྣམས་ཀྱི་དབང་གཞུང་བཤད། མན་ངག་དང་བཅས་པ། ཁྱད་པར་སྦྱོར་དྲུག་སྲོག་རྩོལ་སྙན་བརྒྱུད་གསན། ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། སྐྱིད་རོང་དུ་འཕྲོག་བྱེད་དགའ་བོ་སོགས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ། མཁས་པའི་གྲགས་པས་འཕགས་ཡུལ་དང་རྒྱ་ནག་ཚུན་ཁྱབ། བསྟན་བཅོས་མང་དུ་བརྩམས་ཏེ་བསྟན་པ་ཆེས་གསལ་བར་མཛད། བོ་དོང་རིན་པོ་ཆེ་སོགས་གདུལ་བྱ་མང་པོ་ལ་འཇམ་པའི་དབྱངས་དངོས་སུ་བསྟན། གསང་བའི་གནས་བལྟར་མི་མངོན། དབུ་གཙུག་ཏོར་དང་ལྡན། མཛོད་སྤུ་དུང་ལྟར་འཁྱིལ། རེ་གསུམ་པ་ལ་རྒྱལ་པོ་གོ་དན་གྱིས་གདན་དྲངས་ནས་གོང་དུ་བྱོན། སྤྲུལ་པའི་སྡེར་བཞུགས་ནས་རྒྱ་མཚོའི་མཐའ་ཚུན་ཐུབ་པའི་བསྟན་པས་ཁྱབ་པར་མཛད། རྗེ་བཙུན་གྲགས་པ། བིརྺ་བ་པ། ནག་པོ་སྤྱོད་པ་གསུམ་གྱིས་མངོན་པར་དགའ་བའི་ཞིང་དུ་རྒྱལ་བ་དྲི་མ་མེད་པའི་དཔལ་ཞེས་སུ་འཚང་རྒྱ་བར་ལུང་བསྟན། བདུན་ཅུ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །དེས་སྲོག་རྩལ་རྡོ་རྗེའི་སྙན་བརྒྱུད་རྒྱུས་པ་གཞོན་ནུ་སེང་གེ་ལ་གནང་། དེས་དོལ་པ་ཡེ་ཤེས་མགོན་པོ། དེས་ཀུན་སྤངས་ཆེན་པོ་ལ་གནང་སྟེ། དེས་སྲོག་རྩོལ་གྱི་མན་ངག་འདི་ཉིད་ལ་གཙོ་བོར་མཛད་དོ། །ཡང་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་སྐུའི་དབོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་ཀྱང་རྒྱ་ཡུལ་ནས་ཡར་ཕེབས་དུས་དུར་མིག་ཏུ་རྗེ་བཙུན་རྒ་ལོ་གདན་དྲངས་ནས་དབང་རྒྱུད་བཤད་མན་ངག་རྣམས་གསན་ཏེ་དུས་འཁོར་ལ་མཁས་པའི་བསྟན་པའི་བདག་པོར་གྱུར་ཏོ། །དེ་དག་གི་རྗེས་སུ་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་རྣམ་པར་སྤྲུལ་པ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས། སྤང་ལོ་ཆེན་པོ་དང་། བུ་སྟོན་སོགས་ལ་གསན་ནས། དུས་ཀྱི་འཁོར་ལོའི་བསྟན་པ་ཤིན་ཏུ་དར་བར་མཛད་པ་ཡིན་ཏེ། ཆོས་ཀྱི་རྗེ་འདི་ཉིད་ཡབ་བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་། ཡུམ་ཞ་ལུ་མ་གཞོན་ནུ་འབུམ་གྱི་སྲས་སུ་ཆུ་ཕོ་བྱི་བ་ལ་ས་སྐྱར་སྐུ་འཁྲུངས། ཟླ་བ་གསུམ་ན་ཉན་ཆེན་བསོད་ནམས་བརྟན་པ་ལ་དྲིལ་བུ་བའི་དབང་། དགུང་ལོ་གསུམ་པ་ལ་རོང་པ་ཤེར་སེང་ལ་གཤེད་དམར་གྱི་དབང་གསན། བརྒྱད་པ་ལ་བརྟག་གཉིས་གསུངས། བཅུ་གཅིག་པ་ལ་བླ་ཆེན་ཀུན་བློ་བ་ལ་དགེ་བསྙེན་མནོས། བཅུ་བདུན་པ་ལ་མཁན་ཆེན་བསོད་གྲགས་པས་མཁན་པོ། དཔལ་ལྡན་སེང་གེ་བས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། ཉི་ཤུ་པ་ལ་མཁན་སློབ་དེ་གཉིས་དང་། རིན་ཆེན་དཔལ་བཟང་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། མནལ་ལམ་དུ་པཎ་ཆེན་ཤཱཀྱ་ཤྲཱི། ས་སྐྱ་པཎྜི་ཏ། ཕ་དམ་པ་རྣམས་དང་མཇལ། བླ་མ་རིན་ཆེན་དཔལ་བཟང་པོ་ལ་སྦྱོར་དྲུག་གསན་པས་སྟོང་གཟུགས་ཀྱི་འཇམ་དབྱངས་ལོངས་སྐུའི་རྣམ་པར་གཟིགས། བྲག་ཁ་བ་དང་། སྲོན་པ་ཆོས་དཔལ་བཟང་པོ་དང་། མཁན་ཆེན་བསོད་གྲགས་པ་ལ་སྦྱོར་དྲུག་གསན་པས་རླུང་རྩོལ་ལ་དབང་འབྱོར། བླ་མ་དཔལ་ལྡན་སེང་གེ བྲག་ཕུག་པ་བསོད་ནམས་དཔལ། གཞོན་ནུ་དཔལ་བཟང་པོ། དཔང་བློ་གྲོས་བརྟན་པ། གན་པ་རིན་ཆེན་རྒྱལ་མཚན། བུ་སྟོན་རིན་པོ་ཆེ། མཁན་ཆེན་གཞོན་ནུ་མགོན་པོ། རྒྱལ་སྲས་ཐོགས་མེད་པ། ལོ་ཆེན་བྱང་རྩེ་རྣམས་ལ་བསྟེན་ནས། ཕར་ཚད་འདུལ་མངོན་དབུ་མ་སོགས་སྡེ་སྣོད་ཀྱི་གཞུང་ལུགས་རབ་འབྱམས་དང་སྒྲ། སྙན་ངག སྡེབ་སྦྱོར། མངོན་བརྗོད་ལ་སོགས་པ་ཐ་སྙད་ཀྱི་གཞུང་ལུགས་མང་པོ་དང་། ཁྱད་པར་དུ་གསང་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་དབང་རྒྱུད་བཤད་མན་ངག་མཐའ་དག་ལ་སོགས་པར་སྦྱངས་པས། མཁས་པ་ཟླ་མེད་པར་གྱུར། ཁྱད་པར་དུ་དཔང་ལོ་ལ་རྒྱུད་འགྲེལ་གསན་དུས་ཁྱེད་ཀྱིས་ཅི་ནས་ཀྱང་ལེགས་པར་མཁྱེན་པར་མཛོད་ཅིག་ཅེས་དོ་དམ་ཆེར་མཛད་ནས་གསུངས་པས། སླད་མར་བུ་སྟོན་རིན་པོ་ཆེ་ལ་དུས་འཁོར་གྱི་དབང་རྒྱུད་བཤད་མན་ངག་དང་བཅས་པ་དང་། ཆོས་གསན་ནོ་ཅོག་མཐའ་དག་བུམ་པ་གང་བྱོར་གསན་པས་མཆོག་ཏུ་མཁས་པར་གྱུར། ཉེར་བདུན་པ་ལ་གོང་མའི་གདན་འདྲེན་ལན་གསུམ་བྱུང་ནའང་། འོད་ཟེར་ཅན་གྱི་མན་ངག་གིས་བཟློགས། དེ་རྗེས་སོ་གསུམ་པ་ལ་ཧོར་རྒྱལ་པོས་འཇའ་ས་དང་ཤེལ་དམ་བཞི་ཕུལ་ནས་བཞི་ཐོག་ཏུ་བཞུགས་སུ་གསོལ་ཏེ་བསྟན་པའི་མངའ་བདག་ཏུ་བསྐུར། ཕར་ཚད་བརྟག་གཉིས་ལ་སོགས་པའི་བཤད་གྲྭ་བཙུགས། ལམ་འབྲས་ལ་སོགས་པའི་ཁྲིད་དང་དབང་གིས་གདུལ་བྱ་ཚིམ་པར་མཛད། སོ་དྲུག་པ་ལ་དབུས་སུ་ཕེབས་ཏེ། ཐེལ་དུ་སྤྱན་སྔ་གྲགས་པ་རྒྱལ་མཚན་པ་ལ་ཆོས་གནང་། བསམ་ཡས་ཞིག་གསོས་ཀྱི་གྲྭ་བཙུགས། སོ་བདུན་ལ་ཡང་ཧོར་གྱི་གདན་འདྲེན་བྱུང་པས། ཏ་དབེན་བློ་གྲོས་རྒྱལ་མཚན་བཞི་ཐོག་ཏུ་བསྐོས། རྟ་ལ་ཆིབས་པ་སྤངས་ཏེ། ཞབས་ཐང་མཛད་ནས་བྱང་འདམ་གྱི་བར་བྱོན་སྟག་ལུང་པ་རཏྣ་ཨ་ཀ་ར་ལ་ཐུགས་བསྐྱེད་གནང་། གཡང་ལ་ལ་ཁ་བ་ཆེན་པོ་བབས་ཀྱང་ཞབས་ཐང་རྐྱང་མཛད་དེ་བྱོན་པས་རླངས་པ་ཕྱུར་རེ་བྱུང་པས་ཀུན་ངོ་མཚར་དུ་གྱུར། ར་སྒྲེང་དུ་ཇོ་བོའི་རྒྱ་དཔེ་རྣམས་གཟིགས་པས་འཇའི་གུར་ཕུབ་དགེ་འདུན་རྣམས་ལ་ཆོས་གསུངས་པས་མེ་ཏོག་གི་ཆར་བབས། དཔོན་སློབ་ཉི་ཤུ་ཙམ་ཀླུང་ཤོད། འོད་ཁ། དྭགས་པོ་སྨན་ལུང་། ཙྭ་དེ་ཡུལ་རྣམས་བརྒྱུད་དེ་རྫམ་ཡུལ་གྱི་མཁར་ལུང་བཟང་དུ་ཕྱག་ཕེབས། ལོ་གཅིག་གི་བར་དུ་ཐུགས་དམ་འདག་སྦྱར་ལ་བཞུགས། བུ་སྟོན་རིན་པོ་ཆེ་གདན་འདྲེན་ལ་ཕེབས་པས། གཙང་དུ་བྱོན་པ་ནི་མ་གནང་བར་དབུས་སུ་སྐོར་གཅིག་ཕེབས། བླ་ཆེན་བསོད་བློ་བ་གདན་སར་བརྫངས། སླར་ཡང་དྭགས་པོར་ཐེགས། མ་གཅིག་བསྙུང་བའི་གདན་འདྲེན་བྱུང་བས་མགྱོགས་པར་བྱོན་ཏེ། བོ་དོང་ཨེར་ཡུམ་སྲས་མཇལ། མ་གཅིག་འདས་པ་དག་པའི་ཞིང་དུ་འདྲེན་པར་མཛད། དེ་ནས་ས་སྐྱར་མཁས་བཙུན་སྟོང་ཕྲག་མང་པོ་ལ་དབང་དང་ལམ་འབྲས་ཀྱི་ཁྲིད་གནང་། དབུས་སུ་ཕེབས་ཏེ་ཉན་པོར་ཕར་ཕྱིན་གསུང་དུས་གྲོ་པ་ཀུན་མཁྱེན་པས་ཐུབ་པ་ཆེན་པོ་ཤེར་ཕྱིན་གསུང་བར་མཐོང་། ཤེས་རྡོར་པས་ཆོས་རྗེ་ཉིད་འཇམ་དབྱངས་སུ་མཐོང་སྟེ། མཎྜལ་གྱི་རྒྱན་གྱི་ཆེད་དུ་རང་ཉིད་ཀྱི་ལག་པའི་སོར་མོ་ལྔ་བཅད་པ་ན། ཆོས་རྗེ་ཉིད་ཏབ་ཏབ་པོར་བྱོན་ཏེ་དེའི་སོར་མོ་རྣམས་དཀྲིས་ཞལ་ཆབ་བཏབ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་གནང་བས་དེའི་ནུབ་མོ་སོར་མོ་སྔོན་བཞིན་དུ་སོས། དེ་ནས་སྙེ་ཐང་དུ་བཞུགས་ནས་དགེ་འདུན་གྱི་ཚོགས་ཆེན་པོ་ལ་ཕར་ཚད། བརྟག་གཉིས། ལམ་འབྲས་སྦྱོར་དྲུག་རྣམས་གནང་། དེ་ནས་གདན་ས་མཐིལ་དུ་སྤྱན་སྔ་བ་སོགས་པ་སྡེ་སྣོད་འཛིན་པ་མང་པོ་ལ། དུས་འཁོར་གྱི་རྒྱུད་བཤད་ལམ་འབྲས་སྦྱོར་དྲུག་སོགས་གནང་། དེ་དུས་ལོ་གཅིག་ཁོངས་སུ་བསམ་ཡས་ཀྱི་ཞིག་གསོས་མཐའ་དག་གྲུབ། རབ་གནས་ཀྱི་ཚེ་དགེ་འདུན་ཁྲི་ཕྲག་ལྷག་ཙམ་འདུས་ལྷའི་མེ་ཏོག་སྣ་ལྔ་པའི་ཆར་བབས། དེ་ནས་ས་སྐྱར་བྱོན་ཏེ་ཆོས་གསུང་པའི་སྐབས། ཧོར་གྱི་གདན་འདྲེན་པ་བྱུང་པས། དཔོན་སློབ་བཅོ་བརྒྱད་ཀྱིས་ཟླ་བ་གཉིས་ཀྱི་བར་དུ་ཉིན་མོ་བཞུགས་ཤིང་མཚན་མོ་འབྲོས་པའི་དཀའ་བ་སྤྱད་ནས། ཞེ་བརྒྱད་པ་ལ་ཡང་ཁར་ལུང་བཟང་དུ་བྱོན། དེར་ལོ་གཅིག་གི་བར་དུ་སྐུ་མཚམས་མཛད་ནས་སློབ་མ་མང་པོ་ལ་ལམ་འབྲས་དང་། སྦྱོར་དྲུག་གི་ཁྲིད་བཀའ་མང་པོ་བུག་སྒོ་ལས་གནང་། དུས་འཁོར་ཊཱིཀ་ཆེན་མཛད་པར་བརྩམས་པ་ན། མནལ་ལམ་དུ་བུད་མེད་སྔོ་བསངས་རྒྱན་དང་བཅས་པ་གཅིག་གིས་སྣག་སྙུག་གཏད་ནས་ད་བྲིས་ཤིག་ཟེར་བྱུང་བས་མཐར་ཕྱིན་པའི་ལྟས་སུ་དགོངས། ལྔ་བཅུ་པ་ལ་བྲག་རིངས་ཞེས་པའི་གནས་སུ་སྐུ་འཁོར་བཞི་དང་བཅས་པ་ཟླ་བ་དྲུག་གི་བར་དུ་ཐུགས་དམ་ཁོ་ན་ལ་རྩེ་གཅིག་ཏུ་བཞུགས། སློབ་དཔོན་མཉྫུ་ཤྲཱི་བས་སྐུ་ལུས་ཅུང་ཟད་རེ་མ་བཅགས་ན་སྐྱོན་མི་མཆིས་ལགས་སམ་ཞུས་པས་ཏིང་ངེ་འཛིན་གནད་དུ་སོང་ན་དེ་ཉིད་ལུས་སྦྱོངས་སུའང་འགྲོ་བ་ཡིན་པར་འདུག་གསུངས། དེ་ནས་མཐའ་རྒྱས་སུ་བྱོན་ནས་བླ་ཆེན་བསོད་བློ་བ་གོང་དུ་བརྫངས། རྩེས་ཐང་བསམ་གཏན་གླིང་དུ་རྒྱལ་སྲས་ཐོགས་མེད་པ་དང་ལྷན་གཅིག་ཟླ་བ་གསུམ་ཐུགས་དམ་ལ་བཞུགས། སྙེ་ཐང་ཆོས་རྫོང་བཏབ་སྟེ། དེར་སི་ཏུ་ཆོས་རིན་པས་ཞུ་བ་པོ་མཛད་ནས་སྡེ་སྣོད་འཛིན་པ་ལྔ་བཅུ་ཙམ་ལ་ཐུགས་རྩོམ་ཊིཀ་ཆེན་གྱི་སྟེང་ནས་དུས་འཁོར་གྱི་བཤད་པ་རྒྱས་པར་གནང་། ཁྲིད་རིམ་ཡང་རྒྱུན་མི་འཆད་དུ་གནང་། དེ་ནས་ཡང་ང་གསུམ་པ་ལ་མཁར་ལུང་བཟང་དུ་ཕེབས་ཏེ། དུས་འཁོར་དོན་དུ་གཉེར་བའི་དགེ་བཤེས་མང་པོ་ཕྱག་ཕྱིར་བྱོན་པ་རྣམས་ལ་དུས་འཁོར་གྱི་བཤད་པ་རྒྱས་པ་དང་ཁྲིད་རིམ་རྣམས་གནང་། དེ་ནས་ལོ་གཅིག་ན་ཀོང་པོར་དུས་འཁོར་ཐུགས་དཀྱིལ་གྱི་དཀྱིལ་འཁོར་བློས་བསླངས་བཞེངས། ཀོང་པོ་རལ་གསུམ་ག་ལ་ཕྱག་ཕེབས་ནས་སྐྱེ་བོའི་ཚོགས་ཆེན་པོ་ལ་སེམས་བསྐྱེད་གནང་། ལོ་གཅིག་གི་བར་རྒྱ་བསྡམས། སྦུ་ཆུ་ལྷ་ཁང་དུ་འབུམ་ནག་དང་འབུམ་དམར་གཟིགས་པས་མེ་ཏོག་གི་ཆར་བབས། འོ་ཐང་མཚོ་མོའི་ཡུལ་སྡེ་ལ་ཆུའི་གནོད་པ་བསྒྱུར། ང་དྲུག་པ་ལ་བདེ་ཀླུང་ལ་བརྒྱུད་དེ་བྱར་སེལ་ཁ། ཕོ་བྲང་ཡང་རྩེ་རྣམས་སུ་ཕེབས། གཉལ་ལྟེའུ་རར་དབྱར་ཆོས་ལ་བརྟག་གཉིས་དང་ལམ་འབྲས་གནང་། གསེར་ཕྱེ་འབུམ་པའི་དྲུང་དུ་སེམས་བསྐྱེད་གསུངས་པས་ཐམས་ཅད་ཀྱིས་གཟུང་དུ་བཏུབ་པའི་མེ་ཏོག་གི་ཆར་བབས། ལྷ་སར་ཇོ་བོ་རིན་པོ་ཆེ་ལ་ཁྲི་རྒྱབ་ཕུལ། སྙེ་ཐང་དུ་དུས་འཁོར་གྱི་བཤད་པ་རྒྱས་པར་གསུངས་པས། ར་འབྲོ་ཤོང་འགྱུར་གྱི་དཔེ་འགྲེམས་བརྒྱ་ལྷག་བྱུང་། དབུས་ཕྱོགས་ཀྱི་དུས་འཁོར་འཆད་ཉན་པ་གཅིག་ལ་དེ་ཉིད་སྡེ་སྣོད་འཛིན་པའི་ཚོགས་འདུ་ཆེ་བར་གྲགས། རླུང་ལྟས་ལ་སྐུ་ཚེའི་བར་ཆད་འོང་བར་མཁྱེན་ནས། གཡེ་གོ་ར་གདོང་དུ་རྡོ་རྗེ་བཟླས་པ་འབུམ་ཕྲག་གཅིག་མཛད་པས་ལོ་ལྔ་སྐུ་ཚེ་བསྲིངས། མཁན་ཆེན་གྲགས་རྒྱལ་པ་ལ་རྡོ་རྗེ་ཕྲེང་བའི་དབང་གནང་། འཇམ་དབྱངས་གུ་ཤྲཱི་ལ་སྦྱོར་དྲུག་གནང་། བོ་དོང་ཨེར་དགེ་འདུན་བཞི་ཁྲི་ལྷག་འདུས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གསེར་ཞོ་རེའི་འགྱེད་གནང་། དེ་ནས་ས་སྐྱར་ཕེབས་ཏེ་ཚོགས་སུ་དུས་འཁོར་གྱི་ཆོས་འབྱུང་མདོར་བསྡུས་དང་པོ་ཡན་གྱི་བཤད་པ། བརྟག་གཉིས་རྣམས་གསུངས། རྟེན་རྣམས་ལ་ཞིག་གསོས་མཛད། སྐུ་ཁམས་ཅུང་ཟད་མཉེལ་དུས་ཐུབ་པ་ཆེན་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་མངོན་སུམ་དུ་གཟིགས་མ་ཐག་སྙུང་ལས་དྭངས། དེ་ནས་བོ་དོང་ཨེར་ལོ་ཆེན་བྱང་རྩེ་སོགས་གཙང་ཕྱོགས་ཀྱི་བླ་མ་རྣམས་ཀྱིས་ཐོག་དྲངས་སྡེ་སྣོད་འཛིན་པ་ཤ་སྟག་དང་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་འདུས་པ་ལ་དུས་འཁོར་གྱི་བཤད་པ་རྒྱས་པ། ལམ་འབྲས་སྦྱོར་དྲུག་རིམ་ལྔ། སྤྲོས་མེད་ལ་སོགས་ཁྲིད་དབང་བྱིན་རླབས་མང་དུ་གནང་། དེ་ནས་དཔལ་སྡིངས། ཆུ་མིག སྣར་ཐང་། ཞྭ་ལུ་རྣམས་སུའང་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པར་བྱོན་ཏེ། དབུས་ཕྱོགས་སུ་ཕེབས། བསམ་ཡས་སུ་དགེ་འདུན་ཉི་ཁྲི་འདུས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར། གསེར་ཞོ་རེའི་འགྱེད་གནང་། རྗེ་འདིའི་བཀའ་འབུམ་ལ་པོ་ཏི་ཉི་ཤུ་རྩ་ལྔ་བཞུགས་པ་ལས་ཁྱད་པར་དུ་དུས་འཁོར་ལ་བསྡུས་དོན་ཆོས་འབྱུང་། སྟོང་འཇུག་གི་རྩིས། སྦྱོར་དྲུག་གི་ཁྲིད་ཡིག ངོ་སྤྲོད་སྲུང་འཁོར་གཉིས། མངོན་དཀྱིལ། ཐུགས་དཀྱིལ་མངོན་རྟོགས། རྣལ་འབྱོར་མའི་མཆོད་ཆོག་རྣམས་སོ། །རྗེ་འདིའི་དགེ་བསྙེན་དང་དགེ་ཚུལ་ལྟ་ཞོག བསྙེན་རྫོགས་ཀྱི་སྡོམ་པ་ཕོག་པ་ལ་སྟོང་ཕྲག་ལྔ་ལྷག་པ་བྱུང་། སྡོམ་པ་འབོགས་པ་དང་། དབང་བསྐུར་བ་དང་། རབ་གནས་རྣམས་ལ་སླ་ཆོས་གཏན་མི་མཛད། ཚུལ་ཁྲིམས་ཀྱི་དྲི་ངད་ལྡན། ཁོ་བོ་ལོ་བཅུ་བདུན་པ་ལ་རབ་ཏུ་བྱུང་ནས་དའི་བར་ཚུལ་ཁྲིམས་གཙང་བར་བསྲུངས་པས་འདི་ངའི་འཕྲིན་ལས་ཀྱི་གཙོ་བོ་ཡིན་གསུངས། དུས་ཕྱིས་བོད་དུ་བྱུང་བ་གཅིག་ལ་མཁན་ཆེན་བུ་སྟོན་པའི་བརྩོན་འགྲུས་ལ་སུས་ཀྱང་མི་དོ། དེ་མ་གཏོགས་ང་ཡང་བརྩོན་འགྲུས་ཆུང་རྒྱུ་མེད་གསུངས། མཉམ་པར་མ་བཞག་པའི་ཐུགས་མི་མངའ་སྟེ། གཟིགས་རྟོག་གི་སྐབས་སུའང་ཕྱག་དཔེའི་སྟེང་དུ་སྟོང་གཟུགས་དུས་རྒྱུན་དུ་འབྱུང་གསུངས། བདག་ཉིད་ཆེན་པོ་འདིའི་ཞབས་གཉིས་ལ་འཁོར་ལོའི་མཚན་དང་ལྡན། སྐུ་ལུས་ལ་སྲིན་བུའི་རིགས་མི་འབྱུང་། སྐྱེ་བོ་གཞན་ལས་མཆོག་ཏུ་གྱུར་པའི་གཟི་འོད་འབར། གསུང་སྙན་ཅིང་ཚངས་པའི་དབྱངས་དང་ལྡན་ནོ། །རེ་གསུམ་པ་ལ་ཆོས་རྫོང་དུ་བླ་མ་གཞོན་རྒྱལ་བ་ལ་བདེ་བ་ཅན་ན་ས་ཆེན་ཡབ་སྲས་ཀྱང་བཞུགས། སྔ་ཕྱི་ཀུན་ཏུ་དེར་སྐྱེ་བར་སྨོན་ལམ་བཏབ་པ་ཡིན་ནའང་། བྱམས་ཆོས་འདི་རྣམས་ལ་ཐོས་བསམ་བྱས་པའི་མཐུ་ཡིན་ནམ་དགའ་ལྡན་དུ་འགྲོ་བར་འདུག་གསུངས། དེར་སྡེ་སྣོད་འཛིན་པ་ཉེར་ལྔ་པ་ཚན་པ་གསུམ་ལ་དུས་འཁོར་གྱི་དབང་རྫོགས་པ་དང་། དབང་མདོར་བསྟན་དང་། ལམ་འབྲས་དང་། སྦྱོར་དྲུག་གནང་། དེ་ནས་བསམ་ཡས་སུ་ཕེབས། མཁན་ཆེན་ཞི་བ་འཚོའི་དབུ་ཐོད་བླ་བྲང་དུ་གདན་དྲངས། ཉིན་རེ་བཞིན་བརྒྱ་ཕྱག་མཛད་ཅིང་སྨོན་ལམ་བཏབ། ཐོ་རངས་བུ་སྟོན་རིན་པོ་ཆེ་དང་རྡོ་རྗེ་རྣལ་འབྱོར་མ་བྱོན་ནས། བུ་སྟོན་པས་འདི་རང་མཁའ་སྤྱོད་ཡིན་ནོ་གསུང་བ་བྱུང་། དེ་བཞིན་གཤེགས་པའི་སྐུ་གཟུགས་མང་པོས་ཞིང་གང་བ་གཟིགས། ལོ་ཙཱ་བ་ནམ་མཁའ་བཟང་པོ་ལ་ཆག་ལོ་ཙཱ་བ་དེ་ལ་རྣམ་ཐར་བཟང་པོ་ཡོད་པས་ལྟོས་ཤིག་གསུངས། རེ་བཞི་པ་ཡོས་ལོ་ཟླ་བ་དྲུག་པའི་ཉི་ཤུ་ལྔ་ལ་ས་གཡོ་བ་དང་། མེ་ཏོག་གི་ཆར་འབབ་པ་དང་བཅས་པའི་ཆོ་འཕྲུལ་བསྟན་ཏེ་དགའ་ལྡན་དུ་གཤེགས་སོ། །དེ་དུས་ཀྱི་མཁས་བཙུན་རྣམས་དང་། ཁྱད་པར་དུ་དུས་འཁོར་སྨྲ་བ་ཕལ་མོ་ཆེ། རྗེ་དེའི་སློབ་མར་མ་གྱུར་པ་མེད་པས་བགྲང་བར་མི་དཔྱོད་ལ། བྱེ་བྲག་ཏུ་མཚུངས་མེད་གཞོན་ནུ་གྲགས་པ་ནི། འཕན་ཡུལ་དུ་སྐུ་འཁྲུངས། གཞུང་ལུགས་མང་པོ་ལ་ལེགས་པར་སྦྱངས། ཁྱད་པར་དུ་འདུལ་མཛོད་ལ་མཆོག་ཏུ་མཁས། གནས་བརྟན་ཆེན་པོ་ཚུལ་ཁྲིམས་ཤིན་ཏུ་གཙང་བ། རྒྱལ་སྲས་ཐོགས་མེད་པ་ལ་ཐུགས་བསྐྱེད་དང་བློ་སྦྱོང་གསན་པས་བྱང་ཆུབ་ཀྱི་ཐུགས་འབྱོངས། བུ་སྟོན་རིན་པོ་ཆེ་ལ་དབང་དང་གདམ་ངག་མང་དུ་མནོས་ཤིང་། ཁྱད་པར་དུ་དཔལ་ལྡན་བླ་མ་དམ་པ་མཁར་ལུང་བཟངས་སུ་བཞུགས་པའི་དྲུང་དུ། དུས་ཀྱི་འཁོར་ལོའི་དབང་དང་སྦྱོར་དྲུག་གསན་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར། ཁྲབ་ལ་ཁར། འདུལ་མཛོད་དུས་ཆོས་སུ་གསུངས་ཤིང་། རང་ཉིད་ཟབ་ལམ་གྱི་ཐུགས་དམ་ལ་གཙོ་བོར་བཞུགས་ཏེ། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་དོ། །དེ་ལ་འཁྲུལ་ཞིག་པ། ཡང་དཔལ་ལྡན་བླ་མ་ངག་དབང་གྲགས་པ། ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་པ་སྟེ། དེ་ལ་བླ་མ་དུས་ཞབས་པས་དཔལ་ལྡན་བླ་མའི་སྦྱོར་དྲུག་གི་ཁྲིད་ཡིག་ངོ་སྤྲོད་དང་བཅས་པ་དང་། སྲོན་ལུགས་ཀྱི་གདམས་པ་རྣམས་གསན་ཏོ། །

 

 

མུ་འགོད་སྡེ་ཚན་དང་པོ།

[1] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼༡༨༽ ཤོག་ 7-740 བར་བཞུགས།

བརྒྱུད་སྐུལ།

2 བསམ་ཚུལ། “དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན་བཞུགས།།

  1. ༄༅། །དབུས་གཙང་རིག་མཛོད་ཀྱི་མཁས་དབང་རྣམ་པའི་ལྷག་བསམ་དང་མཛད་རྗེས་ལ་བཀྲིན་རྗེས་དྲན་གྱི་སྒོ་ནས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

    ལན།

མཆན་སྤེལ།