༄༅༎མགར་གྱི་ཕོ་བྲང་གི་རྗེས་ཤུལ།

༄༅༎མགར་གྱི་ཕོ་བྲང་གི་རྗེས་ཤུལ།

 

མགར་ཡུལ་སྒང་ཞེས་པའི་གྲོང་ཚོ་དེ་ནི་མགར་གྱི་རུས་རྒྱུད་ཀྱིས་བློན་ཆེན་པོའི་གོ་གནས་མ་བཟུང་གོང་མགར་གྱི་བཞུགས་གནས་དང་། མགར་གྱི་ཁྱིམ་རྒྱུད་རྣམས་ཀྱི་བཞུགས་གནས་ཡིན་ཞིང་། མགར་ཡུལ་སྒང་ཞེས་པའི་ས་ཆ་དེ་ནས་བྱང་ངོས་ཀྱི་རི་སྤོ་ཆེན་འོག་མ་དང་སྤོ་ཆེན་སྒང་མ་གཉིས་ལས།


སྤོ་ཆེན་སྒང་མ་བརྒྱུད་གྱེན་དུ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འཛེགས་ན་དམངས་ཁྲོད་དུ་མགར་གྱི་བཟོ་ཁང་ཞེས་སུ་གྲགས་པའི་རྡོ་བརྩིགས་ལས་གྲུབ་པའི་གྱང་རོ་འདི་མིག་ལམ་དུ་འཆར་ཞིང་ཁང་ཆུང་གི་གྱང་རོ་དེའི་གནས་ས་དང་མགར་གྱི་ཕོ་བྲང་ཆགས་ཤུལ་གྱི་གནས་སའི་བར་ཐག་དང་ས་བབས་ལ་བལྟས་ན་ཁང་ཆུང་དེ་ནི་མགར་གྱི་ཕོ་བྲང་སྲུང་མཁན་གྱི་སྲུང་དམག་བཞུགས་སའི་སོ་ལྟ་ཁང་ཞིག་མིན་ནམ་སྙམ། དེ་གང་ལགས་ཤེ་ན་མགར་གྱི་ཕོ་བྲང་ཡོད་ས་དེ་ནས་རི་སྤོ་ཆེན་འོག་མ་དང་སྤོ་ཆེན་སྒང་མ་གཉིས་ཀྱི་བར་དུ་ཡོད་པའི་གྲོག་ཤུར་དེ་ལས་མི་རྟ་སོགས་གང་ཞིག་ཡོང་ནའང་མཐོང་མི་ཐུབ་པས་དེ་དག་ལ་སོ་ལྟ་བྱ་ཕྱིར་ཆེད་དུ་སོ་ལྟ་ཁང་དེ་བཙུགས་པ་ཞིག་ཡིན་པ་གནས་དེར་ཕེབས་ན་མཁྱེན་ངེས་སུ་འདུག་ཅིང་། ཡང་སྙིང་སོ་ཁང་དང་བཟོ་ཁང་གཉིས་ཀྱི་ཐ་སྙད་དེ་གཉིས་ལས་གང་ཞིག་ཡང་དག་པ་ཡིན་མིན་ཐག་གཅོད་པའི་དཔྱད་གཞི་དེ་འདྲ་ད་བར་ཡིག་ཐོག་ལ་འཁོད་པ་ཤིན་ཏུ་དཀོན་པས། དེ་གཉིས་ལས་གང་ཞིག་ཡང་དག་པ་ཡིན་མིན་དེ་ས་ཡུལ་དངོས་ཀྱི་དཔང་རྟགས་ལ་དཔྱད་དེ་ཐག་གཅད་རྒྱུ་ལས་མ་འདས་སོ།།འོན་ཀྱང་དམངས་ཁྲོད་དུ་མགར་ནི་ལྕགས་བཟོ་བར་ངོས་འཛིན་བྱེད་པ་ལྟར་ཁང་ཆུང་འདིར་ཡང་མགར་གྱི་བཟོ་ཁང་ཞེས་གྲགས་ཀྱང་མགར་ཞེས་པ་ནི་རུས་རྒྱུད་ཀྱི་མིང་ཡིན་པ་ལས་ལྕགས་བཟོ་མཁན་གྱི་མགར་བའི་རིགས་ཤིག་མ་ཡིན་པ་ནི་གོང་དུ་གསལ་པ་ལྟར་རོ།།

 


ཁང་ཆུང་དེ་ནས་ལྷོ་ངོས་སུ་སྐར་མ་གཉིས་ཙམ་སོང་ན་ད་ལྟ་འཕན་ཡུལ་གྱི་དམངས་ཁྲོད་དུ་མགར་གོང་གྱང་རོ་ཞེས་གྲགས་པའི་སྔར་བློན་ཆེན་མགར་གྱིས་བློན་པོའི་གོ་གནས་བཟུང་པའི་རྗེས་སྲིད་དོན་གྱི་མཛད་འཕྲིན་སྐྱོང་སའི་མགར་གྱི་ཕོ་བྲང་གི་རྗེས་ཤུལ་འདི་མཇལ་ཐུབ་ཅིང་རྡོ་བརྩིགས་ཀྱི་གྱང་རོ་འདི་ལས་སྔར་མགར་གྱི་ཕོ་བྲང་བཞེངས་སའི་ས་ཆ་འདི་ནི་རི་མཐོ་ལ་ས་གཙང་བ་དང་། ཕོ་བྲང་གི་མཐའ་ཁོར་རྣམས་ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན་པོ་ཞིག་དང་འདྲ་ཞིང་། གནས་དེ་ནས་འཕན་ཡུལ་རྭ་མའི་ཕུ་མདའ་ཡོངས་རྫོགས་ལག་མཐིལ་ལ་བལྟས་པ་བཞིན་མཐོང་ཐུབ་པ་སོགས་བློན་ཆེན་ཁོང་ནི་ས་དཔྱད་ཉམས་ཞིབ་ཐོག་ལ་ཡང་མཁྱེན་རྒྱ་ཤིན་ཏུ་ཡངས་པ་ཞིག་ཡིན་པ་དེ་གང་ལེགས་མངོན་པར་བྱས་ཡོད།


དེ་ལྟར་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱིས་དུས་སུ་ངས་པོའི་ཡུལ་གྱི་བློན་ཆེན་གྱི་གོ་གནས་མཐོ་ཤོས་དེ་མགར་གྱི་རུས་རྒྱུད་ཀྱིས་བཟུང་ན་ཡང་རྗེས་སུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་རྒྱལ་ཕྲན་སིལ་མ་བཅུ་གཉིས་རྣམས་རེ་ཞིག་བཙན་པོའི་མངའ་འོག་ཏུ་འདུས་པའི་བརྒྱུད་རིམ་ཁྲོད་མགར་གྱི་རུས་རྒྱུད་ལས་མཆེད་པའི་བློན་ཆེན་པོའི་མི་རྒྱུད་དེ་དག་ཀྱང་རིམ་པས་བཙན་པོའི་མངའ་འོག་ཚུད་པ་འདྲ་ཞིང་། དེ་གང་ལགས་ཤེ་ན་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་རྒྱལ་ཐོག་འགའ་ཞིག་སོང་བའི་རྗེས་སྐབས་དེར་ཡུལ་ངས་པོ་ཞེས་བརྗོད་ཅིང་། ད་ལྟ་འཕན་ཡུལ་ཞེས་གྲགས་པའི་ཡུལ་འདིའི་སྟེང་སླར་ཡང་ཟིང་པོ་རྗེ་སྟག་སྐྱ་བོ་དང་། ཟིང་པོ་རྗེ་ཁྲི་དཔང་སུམ་ཞེས་རྒྱལ་ཕྲན་སྟོབས་ཆེ་བ་གཉིས་ཙམ་བྱུང་པ་ལས་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་གཉན་འཛི་ཟུང་ཞེས་འཁོད་པར་གཞིགས་ན་སྔར་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སུ་ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲི་འི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས་ཞེས་མགར་གྱི་རུས་རྒྱུད་ལས་ཐོན་པའི་མི་རྒྱུད་དེས་བློན་ཆེན་པོའི་གོ་གནས་མཐོ་ཤོས་དང་། གཉན་འཛི་ཟུང་གི་རུས་རྒྱུད་དེ་གོ་གནས་གཉིས་པར་བཞག་ཡོད་ནའང་སྐབས་དེར་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་ཆེན་གྱི་གྲས་སུ་གཉན་འཛི་ཟུང་གི་མཚན་ལས་མགར་གྱི་རུས་རྒྱུད་ཀྱི་མཚན་ཙམ་མཐོང་རྒྱུ་མེད་པ་འདི་ལས་མགར་གྱི་རུས་རྒྱུད་དེ་བཙན་པོའི་མངའ་འོག་ཏུ་ཚུད་ཟིན་པ་དེ་གསལ་པོར་མཐོང་ཐུབ་ལ། དེ་བཞིན་ཟིང་པོ་རྗེའི་མངའ་ཁོངས་རྣམས་བཙན་པོའི་མངའ་འོག་ཏུ་མ་ཚུད་གོང་སྟེ་བོད་རྒྱལ་ཉེར་བདུན་པ་བཙན་པོ་ཁྲི་ཐོག་རྗེ་བཙན་གྱི་སྐབས་ནས་མགར་གྱི་རུས་རྒྱུད་རྣམས་ཀྱིས་བཙན་པོའི་འཁོར་གྱི་ཆབ་སྲིད་ནང་ཞུགས་ཟིན་པ་དང་། མགར་མང་ཞམ་སུམ་སྣང་གིས་བཙན་པོ་འབྲོང་གཉན་ལྡེའུ་ཡི་མངའ་འོག་ཏུ་བློན་པོའི་གོ་གནས་དངོས་སུ་བཟུང་བ་སོགས་དངོས་དོན་མང་པོ་ཞིག་ལས་མགར་གྱི་རུས་རྒྱུད་རྣམས་བཙན་པོའི་མངའ་འོག་ཏུ་ཡོད་པ་དེ་གསལ་བཤད་གང་ལེགས་བྱས་ཡོད། དེ་ལྟར་མགར་གྱི་རུས་རྒྱུད་ཐོག་མ་དེ་འཕན་ཡུལ་ནས་མཆེད་པ་ཞིག་ཡིན་ནའང་རྗེས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་གྱི་འཁྲུངས་ཡུལ་དེ་སྟོད་ལུང་མགར་ཚང་འོག་ཅེས་པའི་ས་དེར་ཡིན་པ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་ས་ཡུལ་དངོས་ལས་མཐོང་རྒྱུ་ཡོད་པ་དེས་མགར་རྒྱུད་ཐོག་མར་འཕན་ཡུལ་ནས་མཆེད་པ་ལ་གནོད་པ་གང་ཡང་མེད། དེ་གང་ལགས་ཤེ་ན་སྟོད་ལུང་མགར་ཚང་འོག་དང་འཕན་ཡུལ་རཱ་མ་གཉིས་ནི་ལ་ཕར་རྒྱབ་ཚུར་རྒྱབ་ཀྱི་ཁྱད་པར་ཙམ་ལས་མེད་པས་འཕན་ཡུལ་རཱ་མའི་ནང་ཆགས་པའི་མགར་གྱི་མི་རྒྱུད་རྣམས་བོད་ཀྱི་བཙན་པོའི་རྒྱལ་རབས་དབུ་ཚུགས་པའི་རྗེས་སྟོད་ལུང་མགར་ཚང་འོག་ཅེས་པའི་ཡུལ་དེར་གནས་སྤོས་བྱས་པའམ་ཡང་ན་མགར་རྒྱུད་ལས་མཆེད་པའི་བུ་ཞིག་སྟོད་ལུང་མགར་ཚང་འོག་ཅེས་པའི་དུད་ཚང་དེར་མག་པར་སྟེར་ནས་མགར་མང་ཞམ་སུམ་སྣང་སོགས་མགར་གྱི་མི་རྒྱུད་ཕྱི་མ་རྣམས་རིམ་པས་བྱུང་སྟེ་དུད་ཚང་དེར་མགར་ཚང་འོག་ཅེས་མིང་ཐོགས་པའང་ཡིན་སྲིད་ཅིང་གང་ལྟར་མགར་རྒྱུད་ཐོག་མར་འཕན་ཡུལ་ནས་མཆེད་པའི་དངོས་དོན་དེ་ནི་ལོ་རྒྱུས་ཀྱི་དེབ་ཐེར་དང་། ས་ཡུལ་དངོས་གང་དུ་དཔྱད་ཀྱང་དཔང་པོ་འཕེར་ངེས་སུ་འདུག་གོ།
ད་དུང་འདིར་དམིགས་བཀར་གྱིས་གསལ་བཤད་ཞུ་དགོས་པ་ཞིག་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་གྱི་འཁྲུངས་ཡུལ་དེ་གོང་ཞུས་ལྟར་སྟོད་ལུང་མགར་ཚང་འོག་ཅེས་པའི་ས་དེར་ཡིན་པ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་ས་ཡུལ་དངོས་ལས་དཔང་པོ་འཕེར་ངེས་སུ་ཡོད་ནའང་རང་རེའི་འཕན་ཡུལ་གྱི་མི་སྣ་ཁག་གཅིག་གིས་བློན་པོ་མགར་སྟོང་བཙན་གྱི་འཁྲུངས་ཡུལ་དེ་འཕན་པོར་ཡིན་པའི་བཤད་སྲོལ་ཞིག་འདུག་པ་དེ་ནི་ལོ་རྒྱུས་དངོས་ལ་དཔྱད་ཞིབ་ཉུང་དྲགས་པའི་སྐྱོན་ཞིག་མིན་ནམ་སྙམ་པས་སླད་འཕན་པོ་བ་རྣམས་ཀྱིས་དེའི་ཐད་དཔྱད་ཞིབ་ནན་ཏན་གནང་དགོས་པ་འདུག་གོ།
བཀའ་གདམས་མེས་པོའི་འབྱུང་གནས།། འཕན་ཡུལ་གསེར་མོ་ལྗོངས་ནས།།
མགར་རྒྱུད་ཐོག་མར་མཆེད་པའི།། ལུང་རིགས་གཏམ་གྱི་སྙིང་བཅུད།།
ཚིག་གི་སྲད་བུར་བརྒྱུད་དེ།། དོན་གྱི་གནས་ལུགས་བརྗོད་པར།།
བློ་གསར་ཤེས་འདོད་ཅན་གྱི།ཐུགས་འདུན་སྐོངས་པར་གྱུར་ཅིག།
ཅེས་པ་འདི་ནི་མཇུག་བསྡུའི་ཚུལ་དུ་སྨྲས་པའོ།།


དཔྱད་གཞིའི་ཡིག་ཆ།  
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་རྩོམ་སྒྲིག་ཞུས་པའི《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  
མཐའ་བ་བཀྲ་ཤིས་དོན་འགྲུབ་ཀྱིས་བརྩམས་པའི《དཔའ་བོའི་བཞུད་ལམ》། ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། 
རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》།  མི་རིགས་དཔེ་སྐྲུན་ཁང་།
དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི《ཆོས་བྱུང་མཁས་པའི་དགའ་སྟོན》།  མི་རིགས་དཔེ་སྐྲུན་ཁང་།


《བོད་ལྗོངས་ཞིབ་འཇུག》༡༩༨༩ལོའི་དུས་དེབ་དང་པོ་དང་། ༡༩༩༤ལོའི་དུས་དེབ་དང་པོ།

བརྒྱུད་སྐུལ།

མཆན་སྤེལ།