༸རྒྱལ་དབང་བཅུ་གསུམ་པའི་སྐབས་བོད་དམག་ལ་གནང་བའི་ཐོབ།

༸རྒྱལ་དབང་བཅུ་གསུམ་པའི་སྐབས་བོད་དམག་ལ་གནང་བའི་ཐོབ།

 ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནི། རབ་བྱུང་བཅོ་ལྔ་པའི་མེ་བྱི་ལོ་སྟེ་ཕྱི་ལོ་ ༡༨༧༦ ལོར་བོད་དབུས་ཤར་དྭགས་སྨད་ཁུལ་གྱི་གླང་མདུན་ཞེས་པའི་གཟིམ་ཤག་ཏུ་ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་༸རྒྱལ་དབང་བཅུ་གཉིས་པ་སྐུ་མྱ་ངན་ལས་འདས་རྗེས་རྒྱལ་ཚབ་རྟ་ཚག་རིན་པོ་ཆེ་དང་། བོད་གཞུང་བཅས་ནས་ཡང་སྲིད་རྩད་གཅོད་ཀྱི་བཀོད་འདོམས་དང་། ངོས་འཛིན་ཞུ་ཕྱོགས་ཐད་སྔར་སྲོལ་ལྟར་ལྷ་བླར་ལུང་ཞུ་དང་བསྟུན། པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་མཆོག་ལ་ཐུགས་བརྟག་ཞུས་པར་ཡང་སྲིད་འཁྲུངས་ཡོད་ཚུལ་དང་། འཁྲུངས་ཕྱོགས་བཅས་ལུང་གསལ་བར་བྱུང་།

དེ་ནས་དྭགས་པོ་གླང་མདུན་དུ་འཁྲུངས་པའི་ཆུང་སྲིད་འདི་པ་ངོ་མཚར་དང་སྙན་གྲགས་ཆེ་བར་བརྟེན་མི་སྣ་ཆེད་རྫོངས་ཀྱིས་ཐོག་མའི་ངོས་འཛིན་ཞུས་ཐོག  པཎ་ཆེན་ཐམས་ཅད་མཁྱེན་པ་དང་རྒྱལ་ཚབ་རྟ་ཚག་རིན་པོ་ཆེ།  གདན་ས་གསུམ་དང་། བཀྲ་ཤིས་ལྷུན་པོ། གཞུང་ཞབས་སེར་སྐྱ་དཔོན་རིགས་བཅས་ནས་བློ་རྩེ་གཅིག་མཐུན་དུ་ཡང་སྲིད་རིན་པོ་ཆེ་དཔྱད་གསུམ་གྱིས་འཁྲུལ་བྲལ་ངོས་འཛིན་ཞུས་ཤིང་། རབ་བྱུང་བཅོ་ལྔ་པའི་མེ་གླང་ལོ་སྟེ་ཕྱི་ལོ་ ༡༨༧༧ ལོའི་ལོ་མཇུག་ལ་བོད་ཀྱི་བཀའ་བློན་གཙོས་པའི་སྐྱ་སེར་དཔོན་རིགས་ཀྱི་འཁོར་ཚོགས་ཆེན་པོས་ཡང་སྲིད་རིན་པོ་ཆེ་འཁྲུངས་ཡུལ་ནས་གདན་འདྲེན་ཞུས་ཏེ་ཚལ་གུང་ཐང་དུ་ཞབས་སོར་བཀོད།  ཕྱི་ལོའི་ལོ་གསེར་ཚེས་འགོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང་། རྒྱལ་ཚབ་རིན་པོ་ཆེ། ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་སོགས་བོད་རྒྱའི་ཆེ་རྒུ་རྣམས་ཀྱིས་༸རྒྱལ་བའི་ཡང་སྲིད་རིན་པོ་ཆེ་དང་ཞལ་འཛོམས་གནང་ཐོག ལེགས་སོའི་དར་འབུལ་ཞུས་བསྟུན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་ཡང་སྲིད་རིན་པོ་ཆེའི་དབུ་སྐྱེས་གཙུག་ཕུད་བཞེས་པར་མཛད།

རབ་བྱུང་བཅོ་ལྔ་པའི་ས་ཡོས་ཕྱི་ལོ་ ༡༨༧༩ ལོར་རྒྱལ་ཚབ་རིན་པོ་ཆེས་གཙོས་བོད་རྒྱའི་སེར་སྐྱ་དྲག་རིགས་དང་མི་སེར་རྒྱ་ཆེ་བས། ཆིབས་བསུ་སེར་སྦྲེང་གཟབ་ཅིང་རྒྱས་པ་སྔར་ལུགས་ལྟར་མཛད་དེ་ཡང་སྲིད་རིན་པོ་ཆེ་ཕོ་བྲང་ཆེན་པོ་གྲུ་འཛིན་གཉིས་པར་ཞབས་སོར་བཀོད་ཅིང་དེ་ནས་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཡང་སྔར་ལམ་ལྟར་བསམ་གྱིས་མི་ཁྱབ་པ་གནང་སྟེ་བོད་འབངས་སྐྱེ་བོ་མཐའ་དག་དགའ་སྤྲོའི་དཔལ་ལ་ཅི་དགར་རོལ་བར་བྱས་སོ།།

 

བརྒྱུད་སྐུལ།

མཆན་སྤེལ།