ཀུན་བདེ་གླིང་།

ཀུན་བདེ་གླིང་།
ཀུན་བདེ་གླིང་།
མིང་གཞན་བརྟན་བཞུགས་ཆོས་འཁོར་གླིང་ཡང་ཟེར་ཞིང་། དེ་ནི་རྟ་ཚག་ཧོ་ཐོག་ཐུ་བསྟན་པའི་མགོན་པོས་བཏགས་གནང་མཛད་པ་ཞིག་ཡིན། དབུས་གཙང་ཀུན་བདེ་གླིང་དགོན་པ་ཞེས་གྲགས་པ་དེ་ནི། གོང་མ་ཆན་ལུང་ཁྲི་ལོ་དྲུག་ཅུའི་སྐབས་གོར་ཁ་བཙན་འཛུལ་དམག་བོད་དུ་འབྱོར་བ་རྣམས་མཐར་སྐྲོད་བཏང་ནས། དབུས་གཙང་གཉིས་ཀྱི་ས་ཆ་བདེ་འཇགས་སུ་བཀོད་པར་དྲན་གསོ་ཞུ་བའི་ཆེད་དུ་གོང་མས་དགོན་མིང་ལ་དབུས་གཙང་ཀུན་བདེ་གླིང་ཞེས་བཏགས་ཏེ་རྒྱ་སོག་བོད་མན་གྱི་ཡིག་འབྲུ་བཞིའི་སྒོ་བྱང་གནང་བ་དེ་ནས་མིང་དེ་ཐོགས་པ་ཡིན། དགོན་པ་འདི་བར་མ་རིའི་ལྷོ་ངོས་སུ་བསྐྲུན་ཡོད་པ་དང་ཚན་ཙན་ཀུང་ཧའོ་ལན་ཁྲ་པ་ཐུ་སོགས་མན་ཇུའི་དཔོན་རིགས་མང་པོས་ཞལ་འདེབས་ཕུལ་ནས་བསྐྲུན་ཐོག་རྗེ་དྲུང་ཧོ་ཐོག་ཐུའི་བཞུགས་གནས་སུ་ཕུལ་བ་ཡིན་ཅིང་། ཆན་ལུང་ལོ་ལྔ་བཅུ་ང་དགུར་ (༡༧༩༤) ལོར་བསྐྲུན་ཟིན་ནས་བོད་བཞུགས་ཨམ་བན་ནང་བློན་ཞུའོ་ཧྲི་དང་ལིའུ་ཕྲེ་ལང་གཉིས་ཀྱི་རྩོམ་ཡིག་འབྲི་ས་ཡང་བྱེད་ཀྱི་ཡོད་པ་རེད། (དེང་སང་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་སྣེ་ལེན་ཁང་ཡོད་ས་དེ་ཡིན།) རྗེ་དྲུང་ཧོ་ཐོག་ཐུ་ནི་བོད་དུ་མཚན་སྙན་ཧ་ཅང་ཆེན་པོ་ཡོད་པའི་བླ་སྤྲུལ་གྱི་གྲས་ཤིག་ཡིན་ཅིང་། དེར་ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་གནས་བབ་ཤིན་ཏུ་མཐོན་པོ་ཡོད་པ་མ་ཟད། སྐུ་ཕྲེང་དྲུག་པའི་རྗེས་ནས་བོད་ཀྱི་ཆབ་སྲིད་ཁྱབ་ཁོངས་སུའང་གལ་ཆེའི་ཤུགས་རྐྱེན་ཡོད་ལ་དབང་ཆའང་ཧ་ཅང་ཆེན་པོ་ཡོད་པ་རེད། གོང་མ་ཆན་ལུང་ཁྲི་ལོ་ལྔ་བཅུ་ང་བདུན་སྐབས་གོར་ཁའི་བཙན་འཛུལ་དམག་མཐར་སྐྲོད་བཏང་རྗེས་ཧྥུ་ཁང་ཨན་གྱི་གཙོ་སྐྱོང་འོག་བོད་ཀྱི་ལས་དོན་བྱེད་ཕྱོགས་བཅོས་བསྒྲིགས་བྱས་པའི་རྩ་འཛིན་དོན་ཚན་ཉེར་དགུའི་ནང་གི་དོན་ཚན་བཅོ་བརྒྱད་པར་སླད་ཕྱིན་དགོན་སྡེ་ཁག་གི་མཁན་པོ་སྤྲུལ་སྐུ་འདེམས་བསྐོ་བྱེད་སྐབས་ཏཱ་ལའི་བླ་མ་དང་། བོད་བཞུགས་ཨམ་བན། རྗེ་དྲུང་ཧོ་ཐོག་ཐུ་སོགས་གྲོས་མོལ་གྱིས་གཏན་འབེབས་བྱེད་པ་དང་སྦྲགས་གསུམ་པོའི་ཐམ་ག་བརྒྱབ་པའི་བཀའ་ཡིག་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད། རྗེ་དྲུང་ཧོ་ཐོག་ཐུ་ཁྱོན་བསྡོམས་སྐུ་ཕྲེང་བཅུ་གཅིག་བྱུང་བའི་ནང་སྐུ་ཕྲེང་བརྒྱད་པ་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོ་ (ཁོང་གི་ལོ་རྒྱུས་ཟུར་དུ་གསལ།) བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐོག་ཤུགས་རྐྱེན་ཆེ་ཤོས་ཡིན་པ་དང་ཀུན་བདེ་གླིང་ནི་ཁོང་གིས་སྲིད་སྐྱོང་གནང་སྐབས་སྐྲུན་རྒྱུའི་འགན་བཞེས་གནང་བ་རེད། ཁོང་སྐུ་ན་གཞོན་ནུའི་སྐབས་མཁས་ཆེན་དཔལ་ལྡན་གྲགས་པ་དགེ་རྒན་དུ་བརྟེན་ཐོག་ ༡༧༧༡ ལོ་ནས་ ༡༧༨༡ ལོ་བར་བཀའ་ལྟར་རྒྱ་ནག་ཏུ་སློབ་སྦྱོང་ལ་ཕེབས་ཤིང་ཕྱིར་ལོག་ཕེབས་རྗེས་སླར་ཡང་འབྲས་སྤུངས་དགོན་གྱི་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་། ༡༧༨༩ ལོར་སླར་ཡང་བཀའ་ལྟར་རྒྱ་ནག་ཏུ་ཕེབས་ནས་པེ་ཅིན་གྱི་ཐམ་ག་བླ་མའི་མཚན་སྙན་ཐོབ་པ་དང་བཀའ་དང་ལེན་གྱིས་བོད་དུ་ཕེབས་ནས་ཏཱ་ལའི་བླ་མའི་སྲིད་དོན་ཕྱག་ལས་ལ་རམ་འདེགས་གནང་སྟབས་སྦི་ལིག་ཐུ་ནོ་མིན་ཧན་གྱི་གོ་གནས་ཐོབ། རྟ་ཚག་རྗེ་དྲུང་ནས་སྲིད་སྐྱོང་རྒྱལ་ཚབ་འགན་བཞེས་གནང་རིང་རྒྱ་བོད་མི་རིགས་དབར་གྱི་མཐུན་སྒྲིལ་ལ་ཕན་པའི་བྱ་བ་མང་པོ་གནང་ཡོད་ཅིང་། ལྷག་པར་དུ་ཆིང་རྒྱལ་རབས་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་གོར་ཁའི་བཙན་འཛུལ་ལ་རྒོལ་ལན་སློག་པའི་ལས་དོན་ནང་ཆིང་སྲིད་གཞུང་གི་མཐོང་ཆེན་ཐོབ་པ་དང་། ༡༧༩༢ ལོར་གོར་ཁའི་དམག་ཐག་ཆོད་རྗེས་ཆིང་རྒྱལ་རབས་ཀྱི་ནང་བློན་ཧྥུ་ཁང་ཨན་གྱིས་སྲིད་ཚབ་རྟ་ཚག་བསྟན་པའི་མགོན་པོ་དང་མཉམ་གྲོས་ཀྱིས་ཀུན་བདེ་གླིང་དགོན་པ་གསར་བསྐྲུན་བྱས་ཐོག་ཧྥུ་ཁང་ཨན་ངོ་མས་དངུལ་སྲང་བདུན་བརྒྱ་ཞལ་འདེབས་བརྒྱབ་པ་དང་། ཧའོ་ལན་ཁྲ་སོགས་དཔོན་དམག་གིས་ཀྱང་གཅིག་མཇུག་གཉིས་མཐུད་ངང་ཞལ་འདེབས་བརྒྱབ་པ། རྟ་ཚག་བསྟན་པའི་མགོན་པོ་མཆོག་ནས་ཀྱང་དངོས་ཤུགས་འབོར་ཆེན་གཅིག་བཏོན་པ་བཅས་བྱས་ནས་རི་སྟེང་གི་འོད་འཕྲོ་ལྷ་ཁང་དང་། རི་སྐེད་ཀྱི་ཀོན་ཏིས་ལྷ་ཁང་། རི་གཤམ་གྱི་ཀུན་བདེ་གླིང་དགོན་པ་བཅས་ཕྱག་བཏབ་གནང་བ་རེད། ཀུན་བདེ་གླིང་གཞི་ཁྱོན་ཧ་ཅང་ཆེ་ཞིང་དགོན་པའི་མཐའ་བསྐོར་དུ་སྔོ་ལྗང་ཅན་གྱི་ལྗོན་ཤིང་གིས་ཁེངས་པ་དང་ཁང་པ་ཕན་ཚུན་སྦྲེལ་ནས་ཡོད་པ་དེ་དག་མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་ཡོད། ཀུན་བདེ་གླིང་གི་ཐོག་བརྩེགས་ཁང་པ་གཙོ་བོར་ཐོག་སོ་བའི་ཡོད་པ་དང་ཚང་མ་རྡོ་བརྩིགས་ཡིན་ཁར་རྩིག་པའི་སྟེང་དུ་སྤེན་བད་ཡོད་པ་དང་དེའི་སྟེང་དུ་གསེར་འོད་འཕྲོ་བའི་རྒྱལ་མཚན། གན་ཇི་ར་བཅས་ཡོད། ཁང་པ་གཙོ་བོའི་དཀྱིལ་དབུས་སུ་མཐོ་ཞིང་ཆེ་བའི་མཆོད་ཁང་ཁང་མིག་ལྔ་ཡོད་ཅིང་། དེའི་དབུས་ནི་མཐོ་ཚད་ཐོག་སོ་གསུམ་ཙམ་ཡོད་པ། མཆོད་ཁང་གི་རྒྱབ་ངོས་ནི་ལྷ་ཁང་ཡིན་ཅིང་དེའི་དབུས་སུ་ཀ་བ་བཞི་ལྡན་གྱི་ཁང་མིག་གཅིག་ཡོད། དེའི་ནང་རྟེན་གྱི་གཙོ་བོ་ཙོང་ཁ་པ་དང་། གཞན་ཡང་ལྷ་སྐུ་ཧ་ཅང་མང་པོ་ཡོད། གཡས་གཡོན་གཉིས་སུ་ཀ་བ་གཉིས་ཡིན་པའི་རྟེན་མཁར་རེ་ཡོད་པ་དེའི་ནང་སྲུང་མ་སྣ་ཚོགས་ཀྱི་སྐུ་བརྙན་ཡོད། བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོའི་སྐུ་མདུང་དེ་གསེར་ཟངས་ཐོག་རིན་ཆེན་སྣ་ཚོགས་ཀྱི་ཁྲ་རྒྱན་ལྡན་ཡོད། དེ་མིན་སྐུ་གདུང་གཞན་གཉིས་ཡོད་པ་ནི་སྐུ་ཕྲེང་དགུ་པ་རྗེ་དྲུང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་དང་སྐུ་ཕྲེང་བཅུ་པ་རྗེ་དྲུང་སྤྲུལ་སྐུ་ངག་དབང་དཔལ་ལྡན་ཆོས་རྒྱལ་རྒྱལ་མཚན་གྱི་དངུལ་གདུང་ཡིན་ཅིང་། དེར་གསེར་གྱི་གའུ་དང་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་ཡོད། མཆོད་ཁང་ལྟེ་བའི་བཀོད་སྒྲིག་བྱེད་ཚུལ་ལའང་འགྱུར་ལྡོག་བཏང་ཡོད་ཅིང་དཀྱིལ་དབུས་སུ་སྐུ་ཕྲེང་བརྒྱད་པ་རྗེ་དྲུང་བསྟན་པའི་མགོན་པོའི་བཞུགས་ཁྲི་ཡོད་པ་དང་ད་དུང་གསེར་ཟངས་ཀྱིས་བཞེངས་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་དང་། བཤད་སྲོལ་ལ་དངུལ་གྱིས་ལུགས་བརྒྱབ་པ་ཡིན་ཟེར་བའི་བསྟན་པའི་མགོན་པོ་སོགས་ཀྱི་སྐུ་འདྲ་ཡོད། མཆོད་ཁང་གི་རྩེ་ཐོག་ཏུ་ཡོད་པའི་གཟིམ་ཆུང་ཁག་གི་ནང་ཆིང་རྒྱལ་རབས་ཀྱི་གོང་མ་རིམ་བྱུང་གིས་གནང་བའི་བྱ་དགའི་སྒོ་བྱང་དང་ནོར་བུའི་རིགས་བཀལ་བ་དང་ཉར་ཚགས་བྱས་ཡོད་པ་རེད། ཀུན་བདེ་གླིང་གི་མདུན་ངོས་སུ་རྡོ་རིང་གི་ཁང་བུ་ཡོད་པ་དེའི་ཐོག་ནི་རྫ་གཡམ་གཡུ་རྩི་མ་ཡིན་ཅིང་མཐོ་ཚད་སྤྱི་ཁྲེ་གསུམ་དང་གྲངས་ཆུང་བཞི་ཡོད་པ་དེའི་ནང་དུ་ཡོད་པའི་རྡོ་རིང་གི་ཐོག་རྒྱ་བོད་ཡིག་རིགས་གཉིས་ལས་གོར་ཁའི་བཙན་འཛུལ་མཐར་སྐྲོད་དུ་བཏང་བ་དང་། ཀུན་བདེ་གླིང་བསྐྲུན་པའི་ལོ་རྒྱུས་བྲིས་ཡོད། ཀུན་བདེ་གླིང་མཆོད་ཁང་གི་སྒོ་ཁང་དང་། རྒྱལ་སྒོ། ཚོམས་ཆེན་ཁག་ཐ་ན་མཛོད་ཁང་བཅས་ཚང་མའི་མདུན་དུ་སྒོ་བྱང་བཀལ་ཡོད་པ་དེ་དག་ནི་ཆིང་རྒྱལ་རབས་དང་། བོད་བཞུགས་ཨམ་བན། དེ་བཞིན་དེའི་གཤམ་འོག་དཔོན་རིགས་བཅས་ཀྱིས་སྤྲད་པ་ཞིག་རེད། དེ་ནི་རྗེ་དྲུང་སྤྲུལ་སྐུས་མེས་རྒྱལ་གྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་སླད་དུ་ལེགས་སྐྱེས་ཕུལ་བ་གསལ་པོར་མཚོན་པ་ཞིག་རེད།

(དུང་དཀར་ཚིག་མཛོད་ཆེན་མོ་) ནས་བཏུས།

 

བརྒྱུད་སྐུལ།

མཆན་སྤེལ།