ཀོང་པོ་ཀཿརྣམ་གྲོང་ཚོ་ངོ་སྤྲོད།

ཀོང་པོ་ཀཿརྣམ་གྲོང་ཚོ་ངོ་སྤྲོད།

ཀཿགནམ་གྲོང་ཚོ་ནི། རང་བྱུང་གྲོང་ཚོ་དེ་ནི་ཀཿགནམ་གྲོང་ཚོ་ཆགས་ཡུལ་ཡིན་པ་དང་། མིང་གི་ལོ་རྒྱུས་ནི་གོང་དུ་ཞུས་ཟིན་དང་གཅིག་མཚུངས་ཡིན།
【ཀཿགནམ་སྡེ་པ། ཤོད་རྒྱུན་ལྟར་ན། སྤུར་རྒྱལ་གྲི་གུམ་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས་རྗེས། དེའི་སྲས་ཐ་ཆུང་བྱ་ཁྲི་སྤོ་ཡུལ་དུ་བྲོས། མི་རིང་བར་བྱ་ཁྲི་སྤུར་རྒྱལ་བཙན་པོའི་ཁྲིར་གསོལ་ཏེ་སྤུ་དེ་གུང་རྒྱལ་ཞེས་སུ་གྲགས། སྤོ་ཡུལ་ནི་དེའི་གདུང་རྒྱུད་ཀྱིས་མུ་མཐུད་མངའ་མཛད་པར་གསུངས། དགའ་ལྡན་ཕོ་བྲང་སྔོན་དུས་སུ་སྤོ་ཡུལ་ནི་དེའི་མངའ་ཁོངས་སུ་མིང་ཙམ་ལས་དོན་དུ་ཕྱེད་རང་བཙན་གྱི་རྣམ་པར་གནས་ཏེ། ཀཿགནམ་སྡེ་པ་ཞེས་གྲགས། བོད་ཀྱི་ཡིག་ཆར་ཀཿགནམ་སྡེ་པ་ཞེས་དང་། རྒྱ་ནག་ཡིག་ཆར་སྤོ་མེས་རྒྱལ་པོ་ཞེས་འཁོད། དེའི་མངའ་ཁོངས་སུ་ད་ལྟའི་སྤོ་བོ་རྫོང་དང་། མེ་ཏོག་རྫོང་། དེ་བཞིན་བྲག་ཡིབ་ཆུས་ཀྱི་ཤར་ངོས་ཀྱི་ཆ་ཤས་བཅས་གཏོགས་ཤིང་། མངའ་ཐང་རྒྱས་ཤོས་སྐབས་རྫོང་ཁག་བཅོ་བརྒྱད་དབང་དུ་བསྡུ་མྱོང་བར་གསུངས། དེའི་རྒྱལ་ས་སྤོ་བོ་ཀཿགནམ་དུ་ཆགས་པས་ཀཿགནམ་རྒྱལ་པོའམ་སྡེ་པ་ཞེས་ཡོངས་སུ་གྲགས།

1717ལོར་ཀཿགནམ་སྡེ་པ་དཔོན་རྒན་གྱིས་སོག་པོ་ཧོ་ཤོད་ཀྱི་འགོ་པ་གུ་ཤྲཱི་ཧན་གྱི་དམག་དང་འཐབ་པས་ཕམ་ཉེས་བྱུང་། མི་རིང་བར་བཀའ་ཤག་གིས་སྤོ་སྨད་ཁུལ་དུ་རྫོང་གཞིས་གསར་འཛུགས་ཐོག སྤོ་བོ་སྤྱི་ཁྱབ་ཀྱི་གོ་མིང་དང་བཅས་བོད་གཞུང་ལ་ཁྲལ་འུལ་གཏན་འབེབས་བཟོས། 1821ལོར་ཉི་མ་རྒྱལ་པོ་འདས་རྗེས་གདུང་རྒྱུད་ཆད་པས་སྡེ་པ་ནང་ཁུལ་དུ་འཐབ་རྩོད་མང་དུ་བྱུང་ཐོགསྤོ་ཡུལ་ཚོ་ཁག་གིས་ལམ་འཁེལ་ཚོང་འགྲུལ་ལ་འཕྲོག་བཅོམ་ཚད་མེད་བྱས་ཞིང་ཁྲོན་དམག་དང་འཛིང་རེས་ཡང་ཐེངས་མང་བྱས་པ་མ་ཟད་མི་བསད་རྟ་ཁྱེར་དང་ཁྲལ་འབུལ་རྩ་བ་ནས་མེད་པ་སོགས་ལ་བརྟེན། བོད་སྡོད་ཨམ་བན་ལན་ཡུས་ནས་རྒྱ་དམག་སྤོ་ཡུལ་ཁུལ་དུ་དྲངས་རུང་རྒྱ་དམག་གཡུལ་ལས་ཕམ་པས་གོང་མར་སྙན་ཞུ་འབུལ་དོན་བཞིན་སི་ཁྲོན་མཐའ་མཚམས་དོན་གཅོད་ཁང་གི་བློན་ཆེན་ཀྲོའོ་འར་ཕུང་གི་ཁྲོན་དམག་རོགས་འདེབས་སུ་མངགས་ཏེ་དེ་དང་འཐབ་པས་སྤོ་བོ་རྒྱལ་པོ་པདྨ་ཚེ་དབང་ཕམ་སྟེ་མེ་ཏོག་ཏུ་བྲོས།
མཐར་དེ་གའི་རྫོང་དཔོན་གྱིས་གཡོ་སྒྱུའི་སྦྱོར་བར་བརྟེན་ནས་བཀྲོངས།ཀྲོའོ་འར་ཕུང་གིས་སྤོ་ཡུལ་དུ་དཔོན་པོ་བསྐོ་སྲོལ་སྤེལ་རྩིས་བྱས་རུང་། རྒྱ་ནག་ཝུའུ་ཁྲང་གྱེན་ལངས་བྱུང་བས་དེ་དོན་ལམ་དུ་མ་སོང་།

དེ་ནས་སྐབས་ཤིག་རིང་རྒྱུད་འཛིན་ཆད་ལ་ཉེ་བར་པདྨ་ཚེ་དབང་གི་སྲས་མོ་སྨིན་དྲུག་ལ་ཉི་ལོག་སྡེ་པའི་སྲས་བགྲེས་པ་དབང་ཆེན་བདུད་འདུལ་ཞེས་པ་མག་པར་བསུས་ནས་སྲིད་ཀྱི་འཕྲོ་བསྐྱངས། དམག་འཁྲུག་ཞི་རྗེས་མག་པ་དབང་ཆེན་བདུད་འདུལ་སྤོ་ཡུལ་དུ་ཕྱིར་ལོག་བྱས་ཏེ་རྒྱལ་རྒྱུད་འཛིན། དེའི་གཟའ་ཟླ་འདས་པས་བཀའ་བློན་ཚ་རོང་གིས་གཉེན་སྒྲིག་ཐབས་ལ་བརྟེན་ནས་དེ་ཁུལ་བཀའ་ཤག་གི་མངའ་འོག་ཏུ་བསྡུ་རྩིས་བྱས་རུང་།དེ་ལས་ལྡོག་ཏེ་སྤོ་ཡུལ་དང་བཀའ་ཤག་དབར་གྱི་འགལ་ཟླ་སྔར་བས་རྣོ་ངར་ལ་སོང་མཐར། 1927ལོར་སྤོ་བོད་འཁྲུག་པ་བྱུང་བས་ཀཿགནམ་སྡེ་པ་མཐའ་མ་དབང་ཆེན་འདུད་འདུལ་མེ་ཏོག་བརྒྱུད་ནས་རྒྱ་གར་དུ་བྲོས་ཕྱིན་པས་སྤོ་ཡུལ་བཅས་པ་གཞུང་ས་དགའ་ལྡན་པའི་མངའ་འོག་ཏུ་ཚུད། དེ་ལྟར་ཀཿགནམ་སྡེ་པ་འཐོར་ཞིག་ཏུ་སོང་ནས་མིང་གི་ལྷག་མ་ཙམ་དུ་གྱུར། ཞེས་ཟེར།

《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

 

བརྒྱུད་སྐུལ།

མཆན་སྤེལ།