ཀོང་པོ་གཡུང་དྲུང་འཛིན་གྱི་བཀའ་གཙིགས་རྡོ་བརྐོས། ཁག་གཉིས།

དང་པོ། བཀའ་གཙིགས་རྡོ་བརྐོས།

ཀོང་པོ་ཉིང་ཁྲི་རྫོང་ངམ་དེང་གི་བྲག་ཡིབ་ཁུལ་སྨན་རི་ཡུལ་ཚོའི་གཡུང་དྲུང་འཛིན་གྲོང་ཚོའི་ཞིང་ཁར་བཙན་པོའི་དུས་ཀྱི་བཀའ་གཙིགས་རྡོ་བརྐོས་ཤིག་ཡོད། གྲོང་པ་དེར་གཡུང་དྲུང་འཛིན་ཟེར་བས་བྲག་བརྐོས་བཀའ་གཙིགས་དེར་ཡང་དེང་སྐབས་གཡུང་དྲུང་འཛིན་གྱི་བཀའ་གཙིགས་ཞེས་ཞིབ་འཇུག་སྡེ་ཁག་དག་གིས་འབོད། ང་ཚོ་ཞོགས་པ་དེར་ཀོང་པོ་སྨན་ལུང་དུ་སོང་ནས་ཕྱིར་སྨན་གླིང་རྫོང་བརྒྱུད་ཀོང་ཆུ་དང་། ཡར་ཀླུང་གཙང་བོ་འདྲེས་མཚམས་ནས་ཀོང་པོ་བོན་རི་དང་། ཀོང་པོ་ཆུ་ཇོ་བོ་སོགས་ཀྱི་ཕྱོགས་སུ་བསྐྱོད་པའི་ལམ་བར་ནས་བཀའ་གཙིགས་རྡོ་བརྐོས་དེ་གང་དུ་ཡོད་མེད་ལ་སྐད་ཆ་འདྲི་འགོ་ཚུགས། ད་སྔོན་ཞིབ་འཇུག་པ་མང་པོས་བཀའ་གཙིགས་དེར་”དེ་མོའི་བྲག་བརྐོས་”དང་། “དེ་མོའི་རྡོ་རིང་”སོགས་ཀྱི་མིང་གིས་བསྙད་པ་བཞིན་ང་ཚོས་ཀྱང་དེ་མོའི་རྡོ་རིང་ཡོད་ས་གང་ཡིན་དྲིས་པར། ཕོ་སར་ཞིག་གིས།   “ཨ་ཅ་རྒྱ་བཟའི་རྡོ་རིང་ཨེ་རེད། དེ་ངེད་ཚང་གི་ཁང་རྒྱབ་ཏུ་ཡོད། དེ་མིན་གཞན་མི་ཤེས་”ཟེར། དེ་ནས་ཡང་བུད་མེད་ཅིག་ལ་དྲིས་པས། མོས་ཀྱང་”ང་ཚོའི་ཨ་ཅ་རྒྱ་བཟའི་རྡོ་རིང་ཟེར་བ་རེད། གཤམ་གྱི་གྲོང་པའི་ནང་དུ་ཡོད་པས་དེ་ཡིན་ན་སྐད་ཆ་དྲིས་དང་ཤེས་ཡོང་”ཟེར།

ངེད་ཚོས་ཀོང་པོའི་ཆུ་ཇོ་བོ་ལྷ་ཁང་མཇལ་ཟིན་ནས་མར་ལམ་གཡུང་དྲུང་འཛིན་གྱི་བཀའ་གཙིགས་ལ་ལྟ་སྐོར་འཁྱུག་ཙམ་བྱས། རྡོ་བརྐོས་བཀའ་གཙིགས་ཡོད་ས་དེར་ར་བ་ཆེན་པོ་ཞིག་བརྒྱབ་འདུག་ལ། ར་སྐོར་དེའི་ནང་དུ་འགྲོ་མཁན་མི་གཅིག་ཀྱང་མེད་པར་སྒོ་ཆེན་གཏན་འདུག་ཅིང་། སྒོ་ཆེན་འཁྲིས་ཀྱི་ར་བའི་སྟེང་ལ་ལྡིང་ནས་ནང་དུ་འགྲོ་དགོས། ནང་དུ་སོང་བས་བཀའ་གཙིགས་ཀྱི་ལོགས་སུ་སྐྱེད་མོའི་ཚལ་གྱི་ངལ་གསོའི་ས་ཚིགས་ལྟ་བུའི་ཁང་པ་ཞིག་བསྐྲུན་འདུག

དོན་དུ་བཀའ་གཙིགས་རྡོ་བརྐོས་དེ་ནི་རྒྱ་བཟའ་སྔ་ཕྱི་གཉིས་ལ་འབྲེལ་བ་སྤུ་ཙམ་མེད་པ་ཞིག་སྟེ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཀོང་རྗེ་དཀར་པོ་ལ་གནང་བའི་བཀའ་གཙིགས་ཡི་གེ་ཞིག་རེད། དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བཀའ་གཙིགས་དང་པོ་བསྩལ་ཞིང་། ཀོང་དཀར་པོ་རྗེ་ནི་བཙན་པོའི་གཉེན་ཚན་དུ་གཏོགས་པས་ཁྲིམས་སྒོ་དང་ཁྲལ་འུ་ལག་སོགས་ཀྱང་རང་བདག་ལྟ་བུ་ཞིག་ཏུ་གནས་པ་ལ་སྐབས་འགར་ས་གནས་ཀྱི་འུ་ལག་པས་དཀའ་ཁག་དང་སུན་འཚེར་སྤྲད་པས། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀོང་དཀར་པོ་རྗེའི་རེ་ཞུ་ལྟར་བཙན་པོས་སྔར་ནས་མཆིས་པའི་ཀོང་དཀར་པོའི་ཁྲིམས་སྒོ་རང་འཇགས་སུ་གནས་ཆོག་པའི་བཀའ་གཙིགས་གནང་བ་དང་། དེའི་ཕྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཀོང་དཀར་པོ་རྗེའི་སྔར་གྱི་དབང་ཆ་བརྟན་གནས་ཡོང་བའི་ཕྱིར་ཡང་བསྐྱར་བཙན་པོའི་གཞུང་ལ་ཞུ་བ་བརྒྱུད་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཀྱང་ཀོང་དཀར་པོ་ནི་བཙན་པོའི་གདུང་རྒྱུད་ཡིན་པ་དང་། སྤུ་རྒྱལ་གྱི་རྒྱལ་སྲིད་ལ་ལེགས་སྐྱེས་ཕུལ་ཡོད་པ་སོགས་ཀྱི་རྒྱུ་མཚན་གྱིས་བཀའ་གཙིགས་ཕྱི་མ་གནང་ཞིང་། བཀའ་གཙིགས་ཀྱི་ཡི་གེ་རིན་ཆེན་ཕྲ་མེན་གྱིས་སྒྲོམ་བུ་བསྩལ་བའི་དཔེར་བྲིས་པ་གནང་ཞིང་། དེ་ནམ་ནམ་ཞར་ཞར་གཡུང་དྲུང་དུ་བརྟན་པའི་ཕྱིར་རིན་ཆེན་རྡོ་ལ་འཕྲུལ་གྱིས་བརྐོས་པ་ཞིག་རེད། བཀའ་གཙིགས་དེ་ནི་བྲག་རྡོ་ཞིག་གི་ངོས་སུ་བརྐོས་ཤིང་། བྲག་རྡོའི་ལྷོ་ངོས་ལེབ་མོའི་ངོས་སུ་མཐོ་ཚད་ལ་སྨི་1.85 དང་ཞེང་ཚད་ལ་སྨི་7.75 ཡོད་ཅིང་དེའི་སྟེང་སུ་ཡིག་ཕྲེང་21དང་། ཁྱོན་སྡོམ་ཡིག་འབྲུ་365བརྐོས་པའི་ཁྲོད་ཡིག་འབྲུ་གཉིས་གསུམ་ཞིག་མག་མོག་ཏུ་ཡོད་པ་ལས་གཞན་རྣམས་ཞིབ་ཏུ་བལྟས་པས་གསལ་བོ་ཀློག་ཐུབ། དེ་མིན་ཞབས་རའི་མཐོ་ཚད་ལ་སྨི་0.25ཡོད་པའི་ངོས་སུ་གཡུང་དྲུང་གི་རི་མོ་ནང་འཁོར་བཅུ་འཕྲེད་དུ་བསྟར་མར་བརྐོས་ཡོད། ང་ཚོའི་བྲག་བརྐོས་བཀའ་གཙིགས་དེར་ཞིབ་ཏུ་བལྟས་ཟིན་ནས་ཕྱིར་ལོག་རན་ཁའི་ཕྱི་དྲོ་དེར་གྲོང་ཚོའི་དེ་མི་ཚང་ཞིག་གི་སྒོ་ཁར་རྒད་པོ་ལོ་ན་ལྔ་བཅུ་ཡས་མས་ཤིག་ཨེ་མིན་སྙམ་པ་ཞིག་གིས་མཛོ་མོ་ཞིག་འཇོ་བཞིན་འདུག་པས་དེར་”གྲོང་པ་འདིའི་མིང་ལ་ཅི་ཟེར་”ཞེས་དྲིས་པར། “གཡུང་དྲུང་འཛིན་ཟེར་”ཟེར། “ཀོང་པོ་གཡུང་དྲུང་འཛིན། གཡུང་དྲུང་འཛིན།”ཞེས་རྡོ་རིང་སྐོར་གྱི་རྩོམ་ཡིག་དག་ལས་བདག་གིས་མང་དུ་མཐོང་ཐོས་ཡོད་ཀྱང་ད་ཅི་བརྗེད་ངས་ཀྱིས་ཁྱེར་འདུག རྒད་པའི་སྐད་ཆ་དེ་ནི་བདག་གི་བློ་སྒོ་འབྱེད་བྱེད་ཅིག་ཏུ་གྱུར། དེ་ཡང་གཙོ་བོ་དཔེ་ཐོག་གི་མཐོང་ཐོས་ལས་ཡུལ་ངོས་སུ་སོང་ནས་མཐོང་མ་མྱོང་བས་རེད།  རྒད་པོ་ཞིག་གིས་འོ་མ་འཇོ་བ་མཐོང་བ་ཐོག་མ་ཡིན་པས་མཚར་མཚར་དུ་མཐོང་མོད། དེ་ཡང་མི་སྲིད་པ་ཞིག་མ་རེད། ང་ཚོའི་ཕ་ཡུལ་དུ་ཡང་དེ་འདྲ་རེ་འགའ་ཡོད་པར་ཐོས་མྱོང་ཡོད། ཀོང་པོའི་ཡུལ་གྱི་རི་དང་ཆུ་ཡོད་ཚད་ཡུལ་སྐོར་བྱེད་གནས་སུ་གྱུར་ཅིང་། རང་བཞིན་གྱི་རི་དེའུ་རེ་དང་མཚེའུ་ཆུང་རེ་ལ་ཡང་ལོ་རྒྱུས་དང་གཏམ་རྒྱུད་རྫུན་མ་བྲིས་ནས་ཡུལ་སྐོར་བ་དག་མགོ་སྐོར་གྱིན་ཡོད་ཀྱང་། རིན་ཆེན་དང་པོ་ཞུན་མར་བསྟར་བ་བྲེ་སྟོང་ཚོ་སྤྲད་ཀྱང་མི་ཁུག་པའི་བཙན་པོའི་བཀའ་གཙིགས་དྲི་མ་མེད་པ་འདི་ལྟ་བུ་ཡང་བདག་མེད་ལྟར་དུ་གྱུར་པ་ནི་ལོ་རྒྱུས་དང་རིག་དངོས་ཀྱི་རིན་ཐང་མ་རྟོགས་པའམ་བསམ་བཞིན་དུ་སྣང་མེད་དུ་བཞག་པ་ཞིག་ཀྱང་ཡིན་སྲིད། གང་ལྟར་ཁོ་བོ་ཀོང་པོའི་རོང་དུ་ལྟ་སྐོར་ལ་ཡོང་བའི་དོན་སྒོ་བཀའ་གཙིགས་འདི་མཇལ་བ་ལས་གཞན་མེད་ཀྱང་ཆོག་འདུག་སྙམ་པ་ཞིག་བྱུང་།

བདག་གིས་བསམ་གཞིག་བྱས་ན་བཀའ་གཙིགས་ཡི་གེ་འདིས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་དོན་གནད་ཆེན་པོ་བཞི་ལ་གསལ་བཤད་ཐུབ་པར་འདོད། རྗེ་གཉའ་ཁྲིའི་ཡབ་ནི་ཕྱྭ་ཡབ་ལྷ་བདག་དྲུག་ཡིན་པ་དང་གཅིག ཕོ་བྲང་ཕྱིང་བ་སྟག་རྩེ་རྗེ་གཉའ་ཁྲི་སོགས་ཁྲི་བདུན་སྐབས་ནས་བཞེངས་ཡོད་པ་དང་གཉིས། ཀོང་པོའི་རྒྱལ་པོ་ཀོང་དཀར་པོ་རྗེ་རྒྱལ་པོ་གྲི་གུམ་བཙན་པོའི་སྲས་ཉ་ཁྲིའི་གདུང་རྒྱུད་ཡིན་པ་དང་གསུམ། བཙན་པོའི་གཉེན་ཚན་ཡིན་ལ་བཙན་པོའི་གཞུང་ལ་བློ་དཀར་ཞིང་བྱས་རྗེས་ཡོད་མཁན་ལ་རང་གི་འདོད་མོས་ལྟར་དམིགས་བསལ་ཁྲིམས་སྒོ་རང་བདག་བྱ་ཆོག་བའི་སྲོལ་ཡོད་པར་མ་ཟད། དེར་ས་ཞིང་དང་། འབྲོག་ཐང་། བྲན་གཡོགས་སོགས་སྔར་ཡོད་རང་འཇགས་དང་། རྒྱལ་རྒྱུད་གོ་བབས་རང་གི་གཉེན་ཚན་ནང་ཁུལ་ནས་རྒྱུན་འཛིན་བྱ་ཆོག་པ་དང་ཁྲལ་དང་འུ་ལག་མང་དུ་མི་གཏོང་བར་མ་ཟད། ས་ཚིགས་ཀྱི་འུ་ལག་འབྲུ་ཕོགས་སོགས་ཀྱང་སྔར་རྒྱུན་རང་འཇགས་ལས་དོ་ཕོག་མི་གཏོང་བ་དང་བཞི་བཅས་ཡིན་ནོ།།

 

གཉིས།  ཞར་བྱུང་རྡོ་བརྐོས་ཁག་གཅིག

བཀའ་གཅིགས་རྡོ་བརྐོས་ཀྱི་ཉེ་འཁྲམ་དུ་མ་ཎི་རྡོ་བརྐོས་རྙིང་པ་དང་། ལྷ་སྐུ་རྡོ་བརྐོས་རྙིང་པ་སོགས་རྡོ་བརྐོས་མང་དུ་ཡོད་ཅིང་། མ་ཎི་རྡོ་བརྐོས་རྙིང་ཐག་ཆོད་པ་བྲག་རྡོ་ཞིག་གི་སྟེང་དུ་བརྐོས་པ་ཞིག་འདུག་ཅིང་། དེའི་རིང་ཚད་ལ་སྨི་2 ཙམ་དང་མཐོ་ཚད་ལ་ལི་སྨི་50ཙམ་འདུག  དེ་མིན་རྡོ་ཆུང་ངུའི་ངོར་བརྐོས་པའི་མ་ཎི་དང་། ལན་ཛའི་ཡི་གེ་སོགས་ཀྱང་འགའ་རེ་འདུག

རྡོ་བརྐོས་ལྷ་སྐུ་ལ་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ། སྨན་བླ། གུ་རུ། གཞན་སྤྱན་རས་གཟིགས་གཙོ་སྐུ་ཡིན་པའི་རིག་གསུམ་མགོན་པོ་དང་། གུ་རུ་གཙོ་འཁོར་གསུམ་རྣམས་རྡོ་གཅིག་གི་སྟེང་དུ་བརྐོས་པ་སོགས་རྡོ་སྐུ་རྙིང་པ་བཅུ་ཙམ་ཞིག་འདུག་ལ། དེའི་ཁྲོད་བྱུང་མང་བ་སྤྱན་རས་གཟིགས་ཀྱི་སྐུ་ཡིན་ཞིང་ད་ཡོད་རྡོ་སྐུ་ཁག་ལས་སྐུ་བཞི་ལྔ་ཞིག་སྤྱན་རས་གཟིགས་རེད་འདུག གསར་བཞེངས་མ་ཎི་རྡོ་རྩིག་ཅིག་གི་ཕྱོགས་སོ་སོའི་མཐའ་སྐོར་དུ་རྡོ་སྐུ་རྙིང་པ་རྣམས་བཞག་འདུག་ཅིང་། མ་ཎི་རྡོ་རྩིག་དེའི་ནང་ལོགས་སུ་ད་དུང་རྡོ་སྐུ་རྙིང་པ་དང་མ་ཎི་བརྐོས་མ་རྙིང་པ་ཡོད་ན་ཡང་ཅི་ཤེས། འདིར་ཡོད་པ་རྣམས་ནི་བཟོ་རྩལ་དང་རྣམ་པ་གང་ལ་བལྟས་ཀྱང་རྒྱ་གར་གྱི་ལུགས་ལྟར་བཞེངས་པ་སྟེ་ཤ་ཉམས་རྒྱགས་ཅིང་།  གཙུག་ཏོར་ཟླུམ་ལ་མཐོ་བ། པད་གདན་མཐོ་ལ་ཆེ་བ། ཕྱག་མཚན་ཤིན་ཏུ་གསལ་བོ་དོད་ཅིང་ན་བཟའི་རི་མོ་ཤིན་ཏུ་གསལ་བ་ཤ་སྟག་རེད། དེ་ལས་འཇམ་དབྱངས་ཀྱི་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་ལྟར་དུ་གནས་ཤིང་། གཡས་གཡོན་གྱི་པདྨའི་འདབ་མའི་སྟེང་སུ་གཡས་སུ་རལ་གྲི་དང་། གཡོན་དུ་པི་ཏི་ཡོད་པ་ཞིག་དང་། སྤྱན་རས་གཟིགས་ཀྱི་དབུའི་གཙུག་དོར་མཐོ་ལ་དེར་དབུ་རྒྱན་ལེགས་པར་བརྒྱན་པ་སྐུ་གཅིག་གཉིས་ཤིག་ལ་དབུ་སྟེང་དུ་ཨ་མུ་དྷེ་ཝའི་སྐུ་དང་། དབུ་སྐྲ་ལྕང་ལོ་ལྟར་གནས་ཤིང་། མནབས་བཟའ་དར་ཟབ་ལྟ་བུའི་བརྒྱན་པ་སོགས་རྒྱན་ཆ་ལུགས་རྫོགས་པ་ཞིག་ཏུ་འདུག གུ་རུ་གཙོ་འཁོར་གསུམ་ལས་གཙོ་སྐུ་གུ་རུ་ནི་ཞབས་དཀྱིལ་དྲུང་གིས་བཞུགས་ཤིང་དབུར་པད་ཞྭ་མནབས་པ། དབུ་སྐྲ་ལྟག་རྒྱབ་ཏུ་གཟར་བ། སྙན་ཐད་སོར་རྒྱ་ཆེ་ཞིང་། དེའི་སྣེར་སྙན་རྒྱན་བཏགས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་ཀ་པ་ལ་བསྣམས་པ།  གཡས་ཀྱི་ལྷ་མོའི་ཕྱག་གཡོན་དང་། གཡོན་པས་ཕྱག་གཡས་ཀྱིས་མཆོད་པ་འབུལ་བའི་རྣམ་པར་ཡོད་པ་ཞིག་ཏུ་འདུག གཡས་སུ་ཡོད་པ་དེ་ལྷ་ལྕམ་མནྡ་ར་བ་དང་། གཡོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པར་སྤྱི་ལུགས་ལྟར་ཚོད་འཇོག་བྱས། རྡོ་སྐུ་གཞན་རྣམས་ནི་སྤྱི་ཁྱབ་ལྟར་ལགས། རྡོ་སྐུ་དག་གི་ཆེ་ཆུང་ཚད་ནི། ཕལ་ཆེར་སྲིད་དུ་ལི་སྨི་50ནས་60ཙམ་དང་། ཞེང་ཚད་ལ་ལི་སྨི་30ནས་40ཡས་མས་ཙམ་ཡོད་འདུག་ལ། རིག་གསུམ་མགོན་པོའི་སྐུ་དང་། གུ་རུ་གཙོ་འཁོར་གྱི་སྐུ་གཉིས་ཞེང་དེ་ལས་ཆེ་ཙམ་འདུག

རྡོ་སྐུ་འདི་དག་རྙིང་ཐག་ཆོད་པ་འབའ་ཞིག་ཏུ་འདུག་ཀྱང་ད་སྔོན་དེའི་སྐོར་གྱི་ཞིབ་འཇུག་བྱས་པ་ཞིག་གཏན་ནས་མ་མཐོང་བ་དང་། བདག་གི་ད་ཐེངས་ཀྱི་ལྟ་སྐོར་དུས་ཡུན་ཐུང་དྲགས་པ་སོགས་ཀྱིས་ལེགས་པར་དཔྱད་པའི་རྔོ་མི་ཐོགས་ཀྱང་དཔྱད་གཞིའི་ས་བོན་དུ་འབུལ་བ་ཡིན་ནོ།།

ཀོང་པོ་གཡུང་དྲུང་འཛིན་གྱི་བྲག་བརྐོས་བཀའ་གཙིགས་མ་ཡིག་ངོ་བཤུས།

༄།།ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་དང་།  ལྡེ་སྲོང་ཡབ་སྲས་ཀྱྀ་རིང་ལཱ། །། །རྐོང་དཀར་པོ་ལ་གཙྀགས་གནང་བའ། །

༄ །།།།ཀར་པོ་མང་པོ་རྗེ་དང་། ། བློན་པོ་གྱའྀ་རུང་ཙྀས་གསོལད་བའ། །  ཐོག་མ་ཕྱཱ་ཡབླ་བདག་དྲུག་གྀ་སྲས་ལས།ཉ་ཁྲྀ་བཙན་པོ་མྱི་ཡུལ་གྱྀ་རྗེར། །  ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད། དྲི་གུམ་བཙན་པོ་ཕན་ཆད།  གདུང་རབས་བདུན་གྱྀ་བར་དུ། །  ཕྱིང་བ་སྟག་རྩེ་ན་བཞུགས་བཞུགས། །  དྲྀ་གུམ་བཙན་པོའི་སྲས། གཅེན་ཉ་ཁྱྀ་དང་།  གཅུངཤ་ཁྱྀ་གཉིས་ལ།  གཅུང་ཤ་ཁྱྀ་ནི།  ལྷ་བཙན་པོ། གཅེན་ཉ་ཁྱྀ་

ནྀ་རྐོང་ཀར་པོའི་རྗེ།  གཅེན་ཀར་པོ་ནྀ།  ཐོག་མ་ཡས་གཤེགས་པའི་ཚེ། ། མཆེད་གཉྀས་ཀྱི།  སྐུ་བླ་གཉན་པོ་གསོལ་བ་དང་།  སྐུ་བླ་དེ་མོ་དང་བཤོས་པ་ཡབ་ལྷ་བདག་བགྱྀད་ཀྱིས་ཀྱང་།  ལྷ་སྲས་ཀྱྀ་སྐུ་རྀམ་གྲོ་ལ། བདགྀ་སྲོག་ལའ་བབ་པ་མན་ཆད་ཀྱྀ་ཆོ་གར་མཛད་པ། སྲོག་ཕོབས་མ་བགྱྀས་ཏེ། ། ལྷ་སྲས་ཀྱྀ་ཆབ་སྲྀད་འདྀ་ལྟར་མཐོ། དབུ་རྨོག་བརྩནད།  ཡོང་ལྷ་སྲས་གནམ་དང་འདྲ་པའྀ་ཆགས་འོག་ན།  གནམ་ཀོལ་དུ་གནང་བའང་ཅྀས་བས་ཞྀག་མཆིས་ནའ། བདགཅག་ལྟ་ཞྀག ། ། ཐོག་མ་མཆེད་གྱེས་ནས། །  ཕ་མྱེས་དང་པོ་ལྷ་མྱི་མ་ཕྱེ་བ་ཚུན་ཆད། བདེ་སྐྱྀད་ཅྀང་། ཆུ་སྲྀད་གཡུང་དྲུང་དང་འདྲ་བར་གནང་གྀས་ཀྱང་།  དེང་སང་དུ་ཁབ་སོ་དཔོན་སྣ་དགྀས། །  ཁྲལ་གྱྀ་སྣ་བཙལ་ཏེ།  གཙེས་ཤྀང་མཆིས་ན། ནམ་དུའང་བདེ་བར་ཐུགས་པག་མཛད་པའྀ།  གཙྀགས་ཙཾ་ཞྀག་ཅྀ་གནང་ཞེས་གསོལད་ནས།  དེ་བཞྀན་དུ་གནང་སྟེ།   །  གཙྀགས་འཕྲ་མེད་སྒྲོམ་བུ་སྩལད་བའྀ་དཔེར་བྲྀས་པའ།

༄།།། བཙན་པོ་ལྷ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱྀ་རིང་ལ།  ཀར་པོའི་གཙྀགས་གནང་བ་ལས་ལྷ་སྲས་ལྡེ་སྲོང་གྀ་སྐུ་རིང་ལ།  གཙྀགས་སྔ་མ་བས་བསྐྱེད་པར།  བཀའས།  གནང་བཱ།

༄།།ནམ་ཞར་ཀྱང་།  རྐོང་ཀར་པོའི་རྒྱལ་པོར་གཞན་མྱྀ་གཞུག་པར། ཀར་པོ་མང་པོ་རྗེའི་བུ་ཙ་འཕེལ་རྒྱུད་ལས་སྩལད་པར་གནང་ངོ་།

ཀར་པོ་མང་པོ་རྗེའྀ་རྒྱུད་རབས(ཆད་ན)གཅེན་རྒྱལ་པོ།  ཀར་པོའི་མྱིང་མྱི་རླག་པར། རྒྱལ་པོར་ཡང་། །  ཀར་པོ་རྒྱལ་བརྩན་གྱྀ་རྒྱུད་ལས།

་བསྐོལ། །  རྒྱལ་བརྩན་གྱི་རྒྱུད་ཀྱང་རབས་ཆད་ན། །  ཉེ་འཚམས་ལས། ཁ་ཆེམས་ཀྱྀས་གང་། །  གསོལ་བའྀ་ནང་ནས། སྤུང་ང་། སྦྱརད་ཏེ། །  གང་འོས་པ་གཅྀག་སྩལད་པར་གནང་ངོ་། །

རྐོང་ཀར་པོའྀ་བྲན་དང་།  ཞིང་འབྲོག ། སླན་ཆད་མྱྀ་དབྲྀ་ཞིང་། ། རྗེ་བླས་དང་། ། དཔྱའ་ཁྲལ་བླ་སྐྱེས་མྱྀ་དབབ་བ་དང་། སྩང་ར་ཁྱབ་ནས་དང་། །  འབྲས་གང་འབུལ་བ་རུང་། །  འབུལ་བའི་ས་ཚིགས། །  ལྟར་གྱྀ་ལས་མྱྀ་བསྲིང་བར། །  ། །ལྷ་སྲས། ། ཡབ་ཀྱི་བཀའས། ། གནང་བ་བཞི། ན་དུ། །  ལྷ་སྲས་ལྡེ་སྲོང་གྀ་སྐུ་རིང་ལ། །  རྗེ། ། བློན་མོལ་ཏེ།

བཀའས། ། གནང་ངོ་། །

 

༢༠༡༩/༤/༢༠ཉིན་ཡུལ་དབུས་ལྷ་ལྡན་དུ་ཤར་མཚམས་སྤྲིན་ནམ་མི་ཉག་འཇིགས་མེད་རྡོ་རྗེས་སྦྱར་བའོ།།

 

 

བརྒྱུད་སྐུལ།

མཆན་སྤེལ།