ཀོང་པོ་བོན་རི།

ཀོང་པོ་བོན་རི།

མིང་གཞན་ལ་ཐུགས་སྤྲུལ་བོན་རི་ཡང་ཟེར། དེ་ནི་བྲག་ཡིབ་གྲོང་ཁྱེར་གྱི་ཤར་ངོས་སྤྱི་ལེ25ཙམ་གྱི་སར་ཡོད། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད4600ཡོད། ཀོང་པོ་བོན་རི་ནི་བོན་ལུགས་ཀྱི་གནས་རི་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་།སྤྱི་ལོ1330ལོར་བོན་གྱི་གྲུབ་ཐོབ་རི་པ་འབྲུག་གསས་མཆོག་གིས་གནས་སྒོ་ཕྱེ་བ་ཞིག་ཡིན། བོན་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན། སྔར་བདུད་ཁྱབ་པ་ལག་རིང་གིས་གཤེན་རབ་མི་བོ་ཆེའི་ཕེབས་ལམ་འགོག་ཕྱིར་གཙང་པོའི་ལྷོ་ཕྱོགས་དེར་རི་མཐོ་ཞིང་མདོག་ནག་པོ་ཞིག་ལ་སྤྲུལ་ནས་འགྱིང་ངེར་བསྡད་པས། གཤེན་རབ་ཀྱིས་རྫུ་འཕྲུལ་བསྟན་ནས་དེ་ལས་མཐོ་བའི་རི་ཞིག་ཏུ་སྤྲུལ་ནས་དེའི་མིང་དུ་བོན་རི་ཞེས་བཏགས་སྐད།

གནས་རི་དེར་སྐོར་ཆེན་དང་སྐོར་ཆུང་། དེ་བཞིན་རྒྱབ་སྐོར་བཅས་སྐོར་ལམ་མི་འདྲ་བ་གསུམ་ཙམ་མཆིས།སྐོར་ཆུང་ལ་བོན་རི་གདོང་མཇལ་ཡང་ཟེར། གཟིགས་ཕུ་ནས་ཐོན་ཏེ། མཁར་སྲིན་མོ། སྟག་རྩེ། སྤང་སྣེ། ཆུ་འཁོར། མི་ཡུལ་སྐྱིད་ཐང་དུར་ཁྲོད། ཀོང་ཡུལ་བྲེ་སྣ། གཡུང་དྲུང་འཛིན། སྨན་རི། བྲོ་གར་ཞབས་རྗེས། རྫོང་ཆུང་སྟེང་། ཆུ་ལུང་ནང་། གཤེན་རི་བདེ་ལྡན། ཕྱག་འཚལ་གདོང་། རྩམ་འགམ་གདོང་བཅས་བརྒྱུད་གཟིགས་ཕུ་བར་དུ་ཡིན། སྐོར་ཆེན་ནི་གཟིགས་ཕུ་ནས་ཐོན་ཏེ། མཁར་སྲིན་མོ། སྟག་རྩེ། སྤང་སྣེ། ཆུ་འཁོར། མི་ཡུལ་སྐྱིད་ཐང་དུར་ཁྲོད། ཀོང་ཡུལ་བྲེ་སྣ། གཡུང་དྲུང་འཛིན། སྨན་རི། བྲོ་གར་ཞབས་ རྗེས། ལ་རྒྱགས་པ། སྤུས་མོ་སྟེང་ཁ། ཆོས་རྡོ་ཕུང་། གཤེན་རི་བདེ་ལྡན། ཕྱག་འཚལ་གདོང་། རྩམ་འགམ་གདོང་བཅས་བརྒྱུད་གཟིགས་ཕུ་བར་དུ་ཡིན། རྒྱབ་སྐོར་ནི་གཟིགས་ཕུ་ནས་ཐོན་ཏེ།མཁར་སྲིན་མོ། སྟག་རྩེ། སྤང་སྣེ། ཆུ་འཁོར། དམུ་ཡུལ་སྐྱིད་ཐང་དུར་ཁྲོད། ཀོང་ཡུལ་བྲེ་སྣ། གཡུང་དྲུང་འཛིན། སྨན་རི། དེ་མོ་ལུང་པ། དེ་མོ་ལ་ཁ། ཀོང་པོ་ཀླུ་ནང་། གསེར་སྐྱེམས་ལ་བརྒྱུད་གཟིགས་ཕུ་བར་དུ་ཡིན།
ཐུགས་སྤྲུལ་བོན་རི་ལ་བོད་ཀྱི་གནས་རི་གཞན་དང་མི་འདྲ་བའི་ཁྱད་ཆོས་ཞིག་ཡོད་པ་ནི་གནས་རི་དེར་བོན་སྐོར་རྒྱག་དགོས་པ་དེ་ཡིན། གནས་རི་དེ་བསྐོར་བར་ཉིན་གཉིས་ཙམ་དགོས་ལ་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ72ལྷག་ཙམ་ཡོད།བོན་རི་ཆེན་པོའི་ཕྱོགས་བཞི་དང་དབུས་བཅས་ལྔར་སྟོན་པ་གཤེན་རབ་མི་བོ་ཕེབས་ནས་འགྲོ་དོན་ཇི་ལྟར་མཛད་ཚུལ་དང་། བདུད་འཁོར་རྣམས་སྟོན་པའི་རྗེས་སུ་ཇི་ལྟར་ཞུགས་པ་དང་སྟོན་པ་ཉིད་ཀྱིས་བྱིན་གྱིས་བརླབས་ནས་ཕྱིས་རབས་འགྲོ་བའི་དོན་དུ་སྐུ་རྟེན་དང་གསུང་རྟེན་རྣམ་པ་གསུམ་སོགས་རྗེས་བཞག་མཛད་པའི་ཚུལ་དང་། ཕྱི་སྔ་དར་རིག་འཛིན་རྣམས་ཀྱི་བྱིན་གྱིས་བརླབས་པའི་བཀའ་རྟགས་རང་བྱོན། ཁྱད་པར་རྟོགས་ལྡན་འབྲུག་གསས་ཆེན་པོས་གནས་དེར་བཞུགས་ནས་ཞལ་གསོ་གནང་ཚུལ་དང་ཕྱོགས་བཞི་དབུས་བཅས་ལྔའི་ཁྱད་འཕགས་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད། བོན་རིའི་ཕྱོགས་བཞི་དང་དབུས་བཅས་ལྔར་ཡོད་པའི་ཁྱད་འཕགས་སྒྲུབ་ཕུག་ནི། དབུས་ཀྱི་གཏེར་གནས་གསང་བ་ཡོངས་རྫོང་དང་། ནུབ་ཀྱི་གཏེར་གནས་བྱ་ཏི་སྒྲུབ་ཕུག ལྷོ་ཡི་གཏེར་གནས་ཉི་མ་སྒྲུབ་ཕུག ཤར་གྱི་གཏེར་ལུང་གསང་བ་རང་གྲོལ་སྒྲུབ་ཕུག བྱང་གི་གཏེར་གནས་སྲིན་མོ་སྒྲུབ་ཕུག་བཅས་ཡིན། ཁྱད་འཕགས་དུར་ཁྲོད་ལྔ་ནི་དབུས་ཀྱི་དཀྱིལ་འཁོར་དུར་ཁྲོད་ཀླུ་མོ་ཕུག་དང་། དུར་ཁྲོད་ཆེན་མོ་མི་ཡུལ་སྐྱིད་མཐིང་། གཙང་གསུམ་འདུས་འགོའི་དུར་ཁྲོད། ཤར་གྱི་དཀྱིལ་འཁོར་དུར་ཁྲོད་བ་ཤ བྱང་གི་དཀྱིལ་འཁོར་སྲིན་མོ་དུར་ཁྲོད་བཅས་ཡིན། བོན་རིའི་གནས་ཀྱི་སྒོ་སྲུང་ཆེན་པོ་མཆེད་ལྔ་ནི་དབུས་ཀྱི་ལྷ་གཉན་གཡུང་དྲུང་རྩལ། དུང་སེང་ཆིབས་ནས་དམར་བྱ་སྤོར་ཞེས་པ་དེ་བོན་རི་ཆེན་མོའི་དབུས་ཀྱི་གནས་བདག་ཡིན། ཤར་ཕྱོགས་ཆབ་དཀར་གསེར་གྱི་གླིང་ཆེན་ཞེས་པ་ནི། གཙང་པོའི་གཡས་འཁྱིལ་ནས་ཐུགས་ཀ་བྲག་གམ་ཡོངས་གྲགས་སུ་ཀུན་བཟང་བྲག་དཀར་ཟེར་བའི་བར་དུ་ངོས་འཛིན་ཞིང་། ཤར་གྱི་རྒྱལ་པོ་གངས་གཉན་རྗེ། གླང་ཆེན་འཆིབ་ནས་སྦ་ལྕག་འཛིན་ཞེས་པ་དེ་ཤར་གྱི་སྒོ་སྲུང་ཡིན་པ་དང་། ཡོངས་གྲགས་སུ་རི་བོ་གནམ་ལྕགས་འབར་བ་ཞེས། བོན་རིའི་ལ་ཁ་ནས་ཤར་ངོས་ཀྱི་རི་བོ་དེ་ཉིད་ཡིན།ལྷོ་ཕྱོགས་ཆབ་ནག་གཡུ་ཡི་གླིང་ཆེན་ཞེས་པ་དེ། ཆུ་སྐོར་གྲོང་ཚོ་ནས་གཙང་པོ་གཡས་འཁྱིལ་གྱི་བར་ཏེ།གནས་ཆེན་བོན་རིའི་ལྷོ་ཡི་ཕྱོགས་སུ་གཏོགས། ལྷོ་ཡི་མ་མོ་གཡུ་འོད་སྨན། སྨན་ཤ་འཆིབ་ནས་ནེ་ཙོ་འཛིན་ཞེས་པ་དེ་ལྷོ་ཡི་སྒོ་སྲུང་ཡིན་པ་དང་།གཙང་ཆབ་ཕ་རོལ་གྱི་རི་བོ་དེ་ཡིན། བྱང་ཕྱོགས་དྭགས་པོ་ལྕགས་ཀྱི་གླིང་ཆེན་ཞེས་པ་དེ་བོན་རིའི་ཀུན་བཟང་བྲག་དཀར་ནས་བོན་རིའི་མདུན་གྱི་ལེའུ་ལྷ་སྟེང་ཞེས་པའམ་མཁར་སྲིན་མོ་བར་དུ་ངོས་འཛིན་པ་ཡིན་ཞིང་།བྱང་གི་ཉང་ལྷ་བཙན་དྲུག་ནི། རྟ་དམར་ཆིབས་ནས་དར་མདུང་ཕྱར་ཞེས་པ་དེ་བྱང་གི་སྒོ་སྲུང་ཡིན་པ་དང་། གསེར་སྐྱེམས་ལའི་གཡས་ངོས་ཀྱི་གཤང་རིའི་ཡར་ངོས་ཀྱི་རི་དེ་ཡིན། ནུབ་ཕྱོགས་ཉང་པོ་ཟངས་ཀྱི་གླིང་ཆེན་ཞེས་པ་དེ། བྲག་ཡིབ་ཆུས་ནས་སྤང་སྣེ་བྲག་གི་ཡན་དུ་ངོས་འཛིན་ཞིང་། ནུབ་ཀྱི་བདུད་ནག་རྔམ་འདྲ་ནི། གཡུ་འབྲུག་འཆིབ་ནས་མདའ་མོ་བསུར་པ་དེ་ནུབ་ཀྱི་སྒོ་སྲུང་ཡིན་པ་དང་།བོན་རིའི་མདུན་གྱི་རི་དེ་ཡིན། ད་དུང་བོན་རིའི་གཡས་གཡོན་ལ་དགོན་པ་ཁག་བརྒྱད་ཙམ་ཡོད་པའི་ནང་ད་ལྟ་ཉམས་གསོ་བྱས་ཟིན་པ་ནི་དགོན་པ་དྲུག་དང་ལྷ་ཁང་གཅིག་ཡོད།

《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།