ཀོང་པོ་རྒྱ་མདའ་རྫོང་།

ཀོང་པོ་རྒྱ་མདའ་རྫོང་།

ཀོང་པོ་རྒྱ་མདའ་རྫོང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ནུབ་ཕྱོགས་ཏེ། ཉང་ཆུ་གཙང་པོའི་སྟོད་རྒྱུད། གྲོང་ཁྱེར་ལྷ་སའི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད། ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཐིག29°26′ནས30°35′ཡི་མཚམས་དང་། ཤར་གྱི་གཞུང་ཐིག92°09ནས94°25མཚམས་ན་གནས་ཡོད། རྫོང་གྲོང་རྡལ་ཀོ་གྲུ་ཁར་ཡོད། རྫོང་དེའི་བྱང་དུ་གཉན་ཆེན་ཐང་ལའི་རི་རྒྱུད་དང་། ལྷོ་རུ་རི་བོ་ཧི་མ་ལའི་རི་རྒྱུད། ནུབ་ཏུ་དབུས་ཀོང་ཡུལ་གཉིས་ཀྱི་ས་མཚམས་ཀོང་པོ་བར་ལའི་རི་རྒྱུད་བཅས་ཆགས་ཡོད། དེ་བཞིན་རྫོང་དེའི་ཤར་ནི་ཉིང་ཁྲིའི་བྲག་ཡིབ་ཆུས་དང་། བྱང་ནི་ནག་ཆུའི་ལྷ་རི་རྫོང་། ནུབ་ནི་ལྷ་སའི་མལ་གྲོ་གུང་དཀར་རྫོང་། ལྷོ་ནི་ལྷོ་ཁའི་རྒྱ་ཚ་རྫོང་དང་ཉིང་ཁྲིའི་སྣང་རྫོང་བཅས་ཀྱི་ས་དང་འབྲེལ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་གནས་ཡུལ་བྲག་ཡིབ་ཆུས་དང་རྒྱང་ཐག་སྤྱི་ལེ130དང་། དབུས་ཀྱི་ལྷ་ས་དང་རྒྱང་ཐག་སྤྱི་ལེ276ཙམ་ཡོད། རྫོང་སྲིད་གཞུང་གནས་ཁུལ་གྱི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད3600དང་ལོ་འཁོར་མོའི་གནམ་གཤིས་ཀྱི་ཆ་སྙོམས་དྲོད་ཚད་ནི8℃ཡིན།
རྒྱ་མདའ་ཞེས་པའི་ས་མིང་གི་བྱུང་ཚུལ་ཐད་བཤད་སྲོལ་མི་འདྲ་བ་འགའ་ཞིག་ཡོད་དེ། སྔར་ས་དེར་ཐེམ་དུད་བརྒྱ་ཐམ་པ་ཡོད་པས། བརྒྱ་མདའ་ཞེས་དང་། ལ་ལས་ས་ཆ་དེ་ནི་ཕུ་ཡི་གྲོང་ཚོ་བརྒྱ་ཡི་མདའ་རུ་གནས་པས། བརྒྱ་མདའ་ཞེས་དང་། ཡང་ལ་ལས་ཉང་པོའི་དབུ་ནང་དང་། སྤྱི་ནང་། རྐང་ནང་། སྤྱི་མདའི་འབྲོང་ནང་།ཤབ་ནང་། རྒྱ་ཤིང་གི་ཞི་ནང་། འབྲས་ནང་། ཞོ་ནང་ལ་སོགས་པའི་ནང་ཡིག་དེས་ལུང་པའི་དོན་སྟོན་ཅིང་།དེ་ལྟ་བུའི་ལུང་པ་བརྒྱ་ཡི་མདའ་རུ་གནས་པས། གྲངས་ངེས་པའི་ཐོག་ནས་བརྒྱ་མདའ་ཞེས་མིང་ཐོགས་པ་ཡིན་ཟེར། གང་ལྟར་ཕྱི་རབས་པས་ཡིག་ཟོར་ཡང་དུ་བཏང་ནས་བརྒྱའི་སྔོན་འཇུག་བ་ཡིག་བསྡུས་འབྲི་བྱས་པས། རྒྱ་མདའ་ཞེས་ཡི་གེར་འབྲི་བ་ཡིན་ཟེར། ད་ལྟ་ཉང་པོ་དང་། ལོང་པོ། ཞོལ་ཁ་གསུམ་གྱི་སྤྱི་མིང་ལ་ཀོང་པོ་རྒྱ་མདའ་རུ་འབོད་ནའང་། སྔ་མོའི་དུས་སུ་རྒྱ་མདའ་ཞེས་ད་ལྟའི་རྒྱ་མདའ་ཤང་གི་ས་ཁོངས་དེར་གོ་བ་དང་། ཉང་པོ་ཞེས་ད་ལྟའི་ཉང་པོ་ཤང་དང་།སྤྱི་མདའ་ཤང་། རྒྱ་ཤིང་ཤང་གསུམ་གྱི་མངའ་ཁོངས་ལ་ཟེར་བ། ལོང་པོ་ཞེས་ད་ལྟའི་རྒྱ་མདའ་གྲོང་རྡལ་གྱི་ས་ཁོངས་ལ་ཟེར་བ་ཡིན།

ལོ་རྒྱུས་དེབ་ཐེར་ནང་འཁོད་པར་གཞིགས་ན། སྤུ་རྒྱལ་གདུང་རབས་བདུན་པ་གྲི་གུམ་བཙན་པོའི་སྲས་ཤ་ཁྲི་དང་ཉ་ཁྲི་གཉིས་གནའ་བོའི་ཀོང་པོ་(ད་ལྟའི་ཉིང་ཁྲིའི་ཁུལ་དང་སྨན་གླིང་རྫོང་གི་བྱང་རྒྱུད་)དང་ཉང་ (མྱང་)པོར་བྲོས་བྱོལ་དུ་ཡོང་རྗེས་ཀོང་པོ་དང་ཉང་པོ་སོ་སོའི་རྒྱལ་པོ་བྱས་པས། ཀོང་དཀར་པོ་རྗེ་དང་ཉང་བཙུན་གླང་རྒྱལ་ཞེས་བརྗོད། སྐབས་དེར་རྒྱ་མདའ་ནི་ཉང་པོ་རྗེའི་མངའ་རིས་སུ་གཏོགས། སྤྱི་ལོའི་དུས་རབས་བདུན་པ་ནས་དགུ་པའི་དུས་དཀྱིལ་བར་རྒྱ་མདའི་ཁུལ་དེ་སྤུ་རྒྱལ་བཙན་པོའི་སྲིད་དབང་གི་ཁོངས་སུ་གཏོགས་ནའང་། སྐབས་དེར་བོད་ཡུལ་རུ་ཆེན་ལྔར་དབྱེ་སྐབས་ཉང་པོ་དེ་ཉིད་རུ་གང་གི་ཁོངས་སུ་ཡང་གཏོགས་མེད་པའི་དོན་དངོས་ལ་གཞིགས་ན། ཕལ་ཆེར་རྒྱ་མདའ་ཚུད་པའི་ཉང་པོའི་ས་ཁོངས་རྣམས་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་བསྙོན་མེད་ཉང་བཙུན་གླང་རྒྱལ་མི་མུས་རྒྱུད་བཅས་ཀྱིས་དབང་བསྒྱུར་བའི་རང་བདག་ས་ཆ་ཞིག་ཡིན་པར་མངོན།
སྤྱི་ལོ1642ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་སོག་པོའི་འགོ་དཔོན་གོ་ཤྲི་ཧན་གྱི་དཔུང་རོགས་འོག་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ནས་བོད་ཡོངས་ལ་དབང་བསྒྱུར་བྱས། བོད་ས་གནས་སྲིད་གཞུང་གིས་སྔ་རྗེས་སུ་གནའ་བོའི་ཀོང་པོའི་ཁུལ་དུ་རྩེ་ལྷ་རྫོང་དང་། ཇོ་མོ་རྫོང་།ཞོལ་ཁ་རྫོང་བཙུགས་པ་དང་། རྒྱ་མདའ་རུ་རྒྱ་མདའ་རྫོང་བཙུགས། རྒྱ་མདའ་རྫོང་གནས་ཡུལ་ནི་ཉང་ཆུའི་གཤམ་རྒྱུད་ཀྱི་གནའ་བོའི་ཀོང་ཡུལ་དང་ས་འབྲེལ་ཡིན་པ་མ་ཟད། རྒྱ་མདའ་དང་ཀོང་ཡུལ་གཉིས་ཀྱི་རིག་གནས་དང་འཚོ་བའི་གོམས་གཤིས་སོགས་གང་ཅིའི་ཐད་འདྲ་བས། རིམ་བཞིན་དམངས་ཁྲོད་དུ་རྒྱ་མདའ་དེ་བཞིན་ཀོང་པོའི་ཁུལ་དུ་བརྩིས་ཏེ་ཀོང་པོ་རྒྱ་མདའ་ཞེས་བརྗོད། བོད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་ཀོང་པོ་རྒྱ་མདའ་རྫོང་དང་། རྩེ་ལྷ་རྫོང་། ཇོ་མོ་རྫོང་། ཞོལ་ཁ་རྫོང་བཅས་ལ་ཀོང་ཡུལ་རྫོང་བཞི་ཟེར། ད་ལྟ་ཀོང་པོ་རྒྱ་མདའ་རྫོང་གི་མངའ་ཁོངས་སུ་སྤྱི་མདའ་དང་། ཀོང་པོ་རྒྱ་མདའ། བྲག་ཆུ་བཅས་ གྲོང་རྡལ་གསུམ་དང་། རྒྱ་ཤིང་། ཉང་པོ། རྒྱ་མདའ། གྲོང་གསར།མཚོ་འགོ འབྲུ་ལ་བཅས་ཤང་དྲུག བཅའ་སྡེ་སྒང་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གཅིག་བཅས་ཡོད་པར་ཁྱོན་མི་གྲངས་ཁྲི3ཙམ་ཡོད།

བརྒྱུད་སྐུལ།

མཆན་སྤེལ།