ཀོང་བཙུན་དེ་མོའི་ལྷ་ཁང་།

ཀོང་བཙུན་དེ་མོའི་ལྷ་ཁང་།

ཀོང་བཙུན་དེ་མོ་ལྷ་ཁང་ནི། ཕད་གྲོང་རྡལ་གཡུ་གསུམ་གྲོང་ཚོར་ཆགས་ཤིང་། སྨན་གླིང་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ 107 ལྷག་ཙམ་དང་། ཕད་གྲོང་བརྡལ་ནས་སྤྱི་ལེ་ 15 ཙམ་གྱི་བསྐྱོད་པའི་སར་ཆགས་ཡོད། ཀོང་བཙུན་དེ་མོའི་ལྷ་ཁང་ལ་ཐོག་སོ་གཉིས་ཡོད་པ་དང་། གྲུབ་མཐའ་རྙིང་མ་ཡིན། པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེར་བསྐྱོན་པའི་ཚིག་འགྲེལ་ནང་ཀོང་བཙུན་དེ་མོ་ནི་ཀོང་ཡུལ་གྱི་གནས་བདག་གྲགས་ཅན་ཞིག་དང་། སྤུ་རྒྱལ་བཙན་པོའི་སྐུ་ལྷ་ཡིན་པ་དང་། ཕྱིས་བོད་ཀྱི་བརྟན་མ་བཅུ་གཉིས་ཀྱི་ཡ་གྱལ་གྱི་ཁོངས་སུ་གཏོགས་ཞེས་འཁོད།
མ་ཟད་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བོན་གྱི་བརྟན་མ་བཅུ་གཉིས་དམ་ལ་བཏགས་ནས་སངས་རྒྱས་བསྟན་པའི་སྲུང་མར་བཀའ་བཀོད་གནང་བའི་གྲས་སུ་ཀོང་བཙུན་དེ་མོ་གནམ་ས་ཕྱེད་ཀྱི་སྲོག་བདག་བོད་ཁམས་སྐྱོང་བའི་སྲུང་མ་གཙོ་བོར་དབང་བསྐུར་མཛད་པ་ཞིག་ཡིན་འདུག དགོངས་གཏེར་གསོལ་ཁ་ལས། ཡུལ་ནི་ཀོང་ཡུལ་ལྗོན་པའི་ཚལ། །གནས་ནི་གཡུ་གསུམ་བྲེ་སྣ་གདོང་། །སྨན་བཙུན་དགྱེས་པའི་བསྟི་གནས་ནས། །རྡོ་རྗེ་དེ་མོ་བོད་ཁམས་སྐྱོང་། །ཞེས་གསལ།
ལྷ་ཁང་གི་རྟེན་གཙོར་ཀོང་བཙུན་དེ་མོའི་ཞལ་ཐང་ཞིག་ཡོད་པ་དེ་ནི་སྔར་ཨོ་རྒྱན་རིན་པོ་ཆེས་སྲིན་པོའི་རྒྱལ་པོ་ཡཀྵ་ནག་པོ་འདུལ་དུས་བདུད་གྲིབ་ཕོག་ནས་ཤངས་མཚལ་མང་དུ་བྱུང་བ་ཕྱག་གཡས་སྲིན་མཛུབ་ཀྱིས་བླངས་ཏེ་བྲིས་པ་ཡིན་སྐད། ཐིམ་གུ་རུ་སྒྲུབ་ཕུག་གི་གནས་ཡིག་ཏུ། བདུད་ཀྱི་གྲིབ་ཕོག་ཤངས་ཁྲག་མང་དུ་བྱུང་། །ཕྱག་གཡས་སྲིན་མཛུབ་གནོད་སྦྱིན་སྐུ་འབག་བཞེངས། །དེ་ལ་ཀོང་ཡུལ་མཐིལ་དུ་དེ་མོ་ཞེས། །བོད་ཁམས་སྐྱོང་བའི་སོ་པ་ཅིག་ཏུ་བསྐོས། །ཞེས་འཁོད་པ་ལྟར་རོ།།

ཞལ་ཐང་དེ་མངའ་བདག་ཉང་རལ་གྱིས་ཀོ་མོ་མཚོ་མོར་ཡང་གཏེར་དུ་སྦས་པ་རྒྱལ་བ་ཀརྨ་པས་གཏེར་ནས་བཞེས་ཤིང་། ལྷ་ཁང་ཞིག་བཞེངས་ནས་ནང་རྟེན་གཙོ་བོར་བཞུགས་སུ་གསོལ་བ་ད་ལྟའི་ཀོང་བཙུན་དེ་མོའི་ལྷ་ཁང་འདི་ཉིད་ཡིན་ནོ། །ཞལ་ཐང་དེ་རིག་གནས་གསར་བརྗེའི་སྐབས་དཀོན་གཉེར་གྱིས་སྦས་ཀྱང་སྟབས་མི་ལེགས་པར་རུལ་སྐྱོན་སོང་བས་རས་ཐུམ་བཟོས་ཏེ་རྟེན་དུ་བཞག ད་ལྟའི་ཀོང་བཙུན་དེ་མོའི་ཞལ་ཐང་གསར་པ་དེ་ནི་བླ་མ་གླིང་གི་ཆོས་ཉིད་རིན་པོ་ཆེས་གནང་བ་ཡིན། ལྷ་ཁང་གི་འོག་ཁང་དུ་གུ་རུའི་སྐུ་དང་། ཀོང་བཙུན་དེ་མོའི་ཞལ་ཐང་གིས་གཙོས་སྐུ་གསུང་ཐུགས་རྟེན་བཞུགས་ཡོད། ཀོང་བཙུན་དེ་མོ་ནི་འཛམ་གླིང་གི་སྲོག་བདག་ཡིན་སྟབས་སྟེང་ཐོག་ཏུ་དབུགས་ཁང་སོགས་མཇལ་རྒྱུ་ཡོད།

《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

 

བརྒྱུད་སྐུལ།

མཆན་སྤེལ།