ཀླུངས་ཤོད་དགེ་སློང་དཀོན་མཆོག་རྣམ་རྒྱལ་མཆོག་གི་རྣམ་ཐར།

མཁས་བཙུན་གྲུབ་པའི་ཁྱུ་མཆོག་བྱང་སེམས་བདག་ཉིད་ཆེན་པོ་དགེ་སློང་༧དཀོན་མཆོག་རྣམ་རྒྱལ་མཆོག་གི་རྣམ་ཐར་སྐལ་ལྡན་ཡིད་ཀྱི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།
དང་པོ། སྐུ་འཁྲུངས་ཏེ་ཐུན་མོང་གི་མཛད་པ།
མཚུངས་མེད་དགེ་སློང་དཀོན་མཆོག་རྣམ་རྒྱལ་མཆོག་ནི་དཔལ་གྱི་ཆོས་འཁོར་ལྷ་སའི་བྱང་ཕྱོགས་དབུས་སྟོད་འབྲི་གུང་གི་ཆར་གཏོགས་ཀླུངས་ཤོད་རོ་སྐམ་ཞེས་པར་དབུལ་ཞིང་འཕོངས་པ། དྲང་བདེན་གཡོ་སྒྱུ་མེད་པ། གཡོག་གླས་འཚོ་ཐབས་བྱེད་པའི་ཡུམ་ནོར་འཛིན་མ་གྲོང་དཀྱིལ་ནུབ་པ་ཞེས་པའི་ཁྱིམ་ཚང་ཞིག་ཏུ་བལ་འཁེལ་འཐག་སོགས་ཀྱི་གཡོག་ལས་བྱེད་ཅིང་ཡོད་པའི་ཚེ། ཕ་འདི་ཡིན་མེད་པར་རབ་བྱུང་བཅུ་དྲུག་པའི་རབ་གནས་མེ་གླང་ལོ་སྟེ། སྤྱི་ལོ་1937ལོར་གྲོད་ཐུམ་ཞིག་ཏུ་སྐུ་འཁྲུངས། དེ་སྐབས་ངོ་མཚར་བའི་ལྟས་བཟང་དང་བྱིས་པ་གཞན་དང་མི་འདྲ་བའི་མཚན་བཟང་། སྐྱེས་ཐོབ་རྣམ་རིག་བག་ཆགས་རྒོད་པ་སོགས་དམ་པའི་ཡོན་ཏན་དུ་མ་དེ་དུས་ནས་མངའ་ཡོད་ཚོད་འདུག་ཀྱང་། གཡོག་མོ་ཉམས་ཐག་གི་སྤྲང་ཕྲུག་ཞིག་ལ་སུ་ཞིག་གིས་དོ་སྣང་བྱེད། ཁོང་གི་ཡུམ་ལ་ཕྲུ་གུ་མིང་སྲིང་གཉིས་ཡོད་ཅིང་སྲིང་མོའི་མིང་ལ་དཀོན་མཆོག་སྒྲོལ་མ་དང་། བླ་མ་རིན་པོ་ཆེ་ལ་རྣམ་རྒྱལ་ཞེས་འབོད་ལ་མིང་སྲིང་གཉིས་ལས་ཆུང་བ་དེ་ཡིན། ཡུམ་གཞིས་ནི་དང་པོ་རླབས་ར་ཁྱིམ་ནས་ཡིན་ཅིང་དུད་ཚང་ཡང་ཆེ་གྲས་ཞིག་ཡོད་སྐད། ཁྱིམ་ཚང་འཛིན་མཁན་མིང་པོ་གསུམཙམ་ཡོད་པ་ལས་གཅིག་མ་གཏོགས་ཆོས་སྒོར་བཞུགས་ནས་དུད་ཁྱིམ་ཆེས་དབུལ་པོའི་གནས་སུ་ལྷུངས། མིང་པོ་རྒན་པ་གཅིག་གཉིས་ཚེ་དང་སྒྲུབ་པ་མཉམ་པའི་ཆོས་པ་ཕུལ་བྱུང་འགའ་ཡང་བྱུང་ཡོད་པ་བཤད་རྒྱུ་འདུག
དམ་པ་འདི་ཉིད་ཀྱི་ཡུམ་ནི་གཡོག་ལས་ཁོ་ནས་འཚོ་ཞིང་གད་ཧོར་དང་། རྟ་ཕུལ། རོ་སྐམ་ རྩེ་བ་སོགས་སུ་བལམལས་བྱས་ཏེ་སྡོད་ཀྱི་ཡོད། དེ་ནས་རིམ་བཞིན་འཚར་ལོངས་བྱུང་རྗེས་ར་ཁྱིམ་དུ་ཞང་པོ་ཚེ་འཕེལ་ཞེས་པའི་ར་ལུག་གི་རྫི་བོ་བྱས་ཏེ་བཞུགས། ཆུང་ངུའི་དུས་ནས་བྱམས་པ་དང་། སྙིང་རྗེ་སོགས་ལྷན་སྐྱེས་སུ་མངའ་ཞིང་ར་ལུག་སོགས་དུད་འགྲོའི་སེམས་ཅན་ལ་གཟིགས་ཏེ་སྤྱན་མི་འཛུམ་པར་སྙིང་རྗེའི་གཟིགས་སྟངས་ཀྱིས་ཡུན་རིང་དུ་གཟིགས་པ་དང་། ར་ལུག་རྐང་ཆག་དང་ནད་པ་དག་མཐོང་ཚེ་སྤྱན་ཆབ་བསིལ་བ་དང་ཕུ་འདེབས་པ། བཅོས་ཐབས་བྱེད་པ་སོགས་མཛད་ཀྱི་ཡོད། སེམས་ཅན་རང་རང་གང་འདོད་ཀྱི་རྩྭ་ཆུ་རོལ་བར་བཏང་ནས་རྫི་བོ་ཕྲུ་གུ་གཞན་རྣམས་ཉིན་གང་རྩེད་མོར་གཡེངས་ནས་བསྡད་ནའང་། དགོང་མོ་ཁོང་གིས་དཀའ་ཚེགས་མེད་པར་དེད་ཡོང་གི་ཡོད་པས་བྱིས་པ་གཞན་རྣམས་དམ་པ་འདི་དང་མཉམ་དུ་རྫི་བོ་འགྲོ་རྒྱུར་ཤོར་ཤོར་བྱེད་ཅེས་ཆུང་དུས་རིན་པོ་ཆེ་དང་མཉམ་དུ་ཕྱུགས་རྫིར་འགྲོ་མྱོང་བའི་རྒན་པོ་དག་གིས་གླེང་། ད་ེལྟར་སྤྱིར་བཏང་གི་བྱིས་པའི་སྤྱོད་ཚུལ་ལས་འདས་པའི་ཁྱད་པར་མངའ་ཞིང་བླ་མ་རིན་པོ་ཆེ་ཁོང་གི་ཞབས་གཡས་པ་སྐྱོན་ཅན་དུ་གྱུར་པ་ཡང་། ར་ལུག་རྣམས་ཞིང་སྟེང་དུ་བཏང་ནས་ཕ་བོང་ཞིག་གི་རྒྱབ་ཏུ་གཉིད་ཤོར་ཡོད་ཚུལ་བྱས་བསྡད་པས་ལ། ཞིང་སྲུང་བས་མཐོང་སྟེ་བརྡུང་རྡེག་བཏང་བས་ཞབས་གཡས་པར་ཉེས་སྐྱོན་ཕོག ཉིན་བཅོ་ལྔ་ཙམ་ནས་སྙུང་གཞི་ཅུང་ཟད་དྲག་སྐྱེས་སོང་ནའང་།སྟབས་མ་ལེགས་པར་ཞབས་གཡས་པ་ནད་པར་འགྱུར། འོན་ཀྱང་བླ་མ་རིན་པོ་ཆེ་ཁོང་ནི་གཞན་སྐྱོན་མི་སྒྲོག་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་སྟབས་ངའི་རྐང་པ་རང་གར་ན་ནས་འདི་ལྟར་གྱུར་པ་རེད་ཅེས་གསུང་གི་ཡོད། དེ་ནས་བཟུང་ཁོང་གིས་རྐང་པ་ནད་པ་དེ་ཅུང་བདེ་བར་འདུག་གསུངས་ཏེ་ཉིན་མཚན་ཀུན་ཏུ་ཙོག་པུར་བཞུགས་པ་ལས་རྐྱང་ཉལ་རྩ་བ་ནས་མི་མཛད་པར་ཉིན་མཚན་ཀུན་ཏུ་བྱམས་སྙིང་རྗེ་འབའ་ཞིག་བསྒོམ་སྟེ་བཞུགས་ཀྱི་ཡོད།
འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་།
གཉིས་པ།
ཆོས་སྒོར་ཞུགས་ཏེ་ཐོས་བསམ་མཛད་ཚུལ།
དེ་ནས་དགུང་ལོ་བཅུ་གསུམ་ཐོག་འབྲི་གུང་གདན་ས་གསུམ་གྱི་ཡ་གྱལ་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དུ་ཆོས་སྒོར་བཞུགས་ཏེ། རྒྱལ་བུ་དོན་ཀུན་འགྲུབ་པའི་རྟེན་གྱི་སྐུ་མདུན་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་སྡོམ་པ་དང་བར་མ་རབ་བྱུང་གི་སྡོམ་པ་མཉམ་དུ་བཞེས། མཚན་དཀོན་མཆོག་རྣམ་རྒྱལ་ཞེས་གསོལ། དགེ་རྒན་ཡོན་པ་ཞེས་པ་དང་རྒན་དོན་གྲུབ་བདེ་ཆེན་ལགས་ཀྱིས་ཡི་གེ་འབྲི་ཀླག་རྣམས་བསླབ་པས་ཚེགས་མེད་པར་མཁྱེན། མི་རིང་བར་ཆོས་སྤྱོད་ངག་འདོན་རྣམས་དང་གསོལ་ཁ་སོགས་འདོན་ཁ་ཁྲལ་དྲག་གྲས་སུ་གྱུར། རྩེ་བ་སོས་གཏོར་སོགས་ཀྱི་སྐབས་སུ་ཞབས་ནད་པ་ཡིན་པ་དང་ཧ་ཅང་སྙོམ་ཆུང་ཡིན་སྟབས་འཆམ་གཏོར་བསྲུན་མཁན་དུའང་བཞག་ཡོད་འདུག དེ་ནས་གྲྭ་ཚང་ནས་མགོན་ཁང་ལ་རྒྱུན་གསོལ་འདོན་མཁན་དུ་བཞག  དེ་སྐབས་སྤྱིར་བཏང་འཚོ་བའི་གནས་སྟངས་སྐྱོ་པོ་ཡིན་པས་ཁོང་ཡུམ་སྲས་ཉིན་རེའི་ལྟོ་འགྲང་ཙམ་ལས་གསོག་འཇོག་གི་རྟེན་གཞི་ཅི་ཡང་མེད་སྟབས་མགོན་ཁང་གི་མཆོད་གཏོར་རྙིང་པ་རྣམས་གསོལ་ཏེ་བཞུགས་པ་སོགས་སྣང་ཚུལ་ལ་འཚོ་བའི་དཀའ་ཚེགས་ཆེན་པོས་བཞུགས་ཚུལ་རྣམས་བླ་མ་རིན་པོ་ཆེ་ཁོང་ཉིད་ནས་གསུངས་ཏེ། ང་རང་གིས་ཚེ་སྔོན་མ་སྤྱིན་པའི་བསོད་ནམས་མ་བསགས་པས་རེད་ཨང་ཅེས་གསུང་གི་ཡོད། ད་ེལྟར་དགུང་གྲངས་བཅུ་བདུན་གྱི་བར་རྩེ་བ་གྲྭ་ཚང་དུ་བཞུགས།
འབྲི་གུང་ཉི་ལྕང་བཤད་གྲྭ་རབ་རྒྱས་་གླིང་།
དེ་སྐབས་འབྲི་གུང་གདན་རབས་སོ་བཞི་པ་༧དཀོན་མཆོག་བསྟན་འཛིན་ཐུབ་བསྟན་ཞི་བའི་བློ་གྲོས་མཆོག་གིས་གསར་བཙུགས་མཛད་པའི་འབྲི་གུང་སྤྱིའི་བཤད་གྲྭ་ཉི་ལྕང་ཆོས་གྲྭ་ཆེན་མོར་འཕགས་ཡུལ་གྱི་གཞུང་ཆེན་བཅུ་གསུམ་གྱིས་གཙོས་རིག་གཞུང་སྤྱི་དང་། བྱེ་བྲག་མགོན་པོ་འབྲི་གུང་པའི་བསྟན་དགོངས་སོགས་ལ་འཆད་འཁྲིད་ཕུན་སུམ་ཚོགས་པའི་སྒོ་ནས་མཁས་གྲུབ་མང་པོ་བསྐྱེད་བསྲིང་མཛད་ཅིང་ལོ་ལྔ་རེའི་མཚམས་སུ་འབྲི་གུང་དགོན་པ་ཁག་ནས་སློབ་མ་གསར་བསྡུ་མཛད་ཀྱི་ཡོད་པས། དེའི་ལོར་རྩེ་བ་གྲྭ་ཚང་ནས་གྲྭ་པ་གཅིག་བཏང་དེ་ཐོས་བསམ་གྱི་རྨང་གཞིའི་ཡོན་ཚད་མ་ལོངས་པས་གྲྭ་ཚང་ནས་རྗེ་འདི་ཉིད་ཉི་མ་ལྕང་རྭར་ཐོས་བསམ་སློབ་གཉེར་ལ་འགྲོ་དགོས་པའི་བཀའ་བྱུང་བར་བརྟེན། སེམས་ལ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་བྱུང་བཀའ་དང་ལེན་ཞུས་པ་ཡིན་གསུངས། ངའི་རྐང་པ་ནད་པ་འདི་ང་རང་ལ་ཕན་ཐོག་ཆེ་བའི་དྲིན་ཅན་ཡིན། ང་དང་པོ་ཆོས་སྒོར་ཞུགས་ཐུབ་པ་དང་། གཉིས་པ་ཐོས་བསམ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཐོབ་པ་ཡང་རྐང་པ་འདིའི་དྲིན་ཡིན་ཞེས་རྒྱུན་དུ་གསུང་གི་ཡོད། དེ་ནས་ཉི་ལྕང་བཤད་གྲྭར་ཕེབས་རན་ཁར་ཟས་གོས་སོགས་ཉེར་སྤྱད་ཅི་ཡང་འཁྱེར་རྒྱུ་མེད་པས་སྙིང་ཉེ་བའི་གྲྭ་གྲོགས་ཁག་གཅིག་གིས་རོགས་རམ་བྱས་པ་དང་། རྩེ་བ་ཕྱུག་པོ་འོག་མ་ལ་རྟ་ཞིག་གཡར་དེ་ལ་ཉེར་སྤྱད་ཉུང་ངུ་རྣམས་བཀལ་ནས་དགུང་ལོ་བཅུ་བདུན་ལ་འབྲི་གུང་ཉི་མ་ལྕང་རྭའི་བཤད་གྲྭར་ཕེབས་ནས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་བྱེད་པའི་དབུ་བརྩམས་སོ།། དེ་སྐབས་ཉི་ལྕང་བཤད་གྲྭའི་མཁན་ཐོག་ལྔ་པ་མཁན་ཨ་འབོལ་ལགས་མཁན་ཁྲིར་ཕེབས་ནས་བྱམས་ཆོས་ཀྱི་སྐོར་རྣམས་དང་དབུ་མ་རིགས་ཚོགས་རྣམས་གསུངས་རྗེས་མཁན་ཨ་འབོལ་ལགས་སྙུང་སྟེ་དགོངས་པ་ཞུས། སླར་ཡང་མཁན་མཚན་ལྡན་བཟང་པོ་ལགས་ཀྱིས་གཞུང་ཆེན་ཆ་ལག་དང་བཅས་པ་འཆད་འཁྲིད་མཛད་ཅིང་།སྐྱོན་དཔོན་རྒན་དཀོན་མཆོག་རྣམ་གཟིགས་ཀྱིས་མཛད།
དེ་དུས་བླ་མ་རིན་པོ་ཆེ་འདི་དང་མཉམ་དུ་འབྲི་གུང་གི་གནས་ཡོད་བླ་སྤྲུལ་ཆེས་མང་པོ་ཞིག་ཀྱང་ཀློག་པ་ཐོས་བསམ་གྱི་གནས་ལ་ཞུགས་ཤིང་ཆེས་དགའ་འོས་པའི་དུས་སྐབས་ཤིག་གི་འགོ་བཟུང་ཡོང་གི་ཡོད་པ་འདྲ་སྟེ། འབྲི་གུང་བ་ལོག་སྤྲུལ་སྐུ་ལ། སྒོ་ཅོག་སྤྲུལ་སྐུ། ཆོས་སྒོ་སྤྲུལ་སྐུ། ལ་དྭགས་རྟོགས་ལྡན་རིན་པོ་ཆེ། འབྲི་ཐེལ་ནུབ་པ་དཀོན་མཆོག་བསྟན་འཛིན་སོགས་བླ་གྲྭ་ལྔ་བཅུ་ལྷག་ཙམ་ཞིག་དང་ལྷན་དུ་འཕགས་ཡུལ་གཞུང་ཆེན་བཅུ་གསུམ་གྱིས་གཙོས་མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་སྒོམ་གསུམ་དཀྲུག་མར་མཛད། བླ་མ་རིན་པོ་ཆེ་འདི་ཉིད་ནི་ཐོས་རྟགས་ཞི་ཞིང་དུལ་བ་སྟེ་ཧ་ཅང་གི་སྙོམ་ཆུང་དམན་ས་འབའ་ཞིག་ཏུ་འཛིན་ཅིང་སྒོམ་རྟགས་ཉོན་མོངས་མེད་པ་ཉིན་མཚན་ཀུན་ཏུ་ཙོག་པུར་བཞུགས་ནས་ཉིན་མོ་ཆོས་འཁྲིད་དང་སྐྱོར་སྦྱང་ལས་ཐོས་པ་བྱས་པའི་དོན་ལ་མཚན་མོ་བསམ་པས་སྒྲོ་འདོགས་བཅད་དེ། མི་རིང་བར་མཁས་པའི་གོ་འཕངས་ཐོབ་རུང་ཅི་ཡང་མི་ཤེས་པའི་ཚུལ་གྱི་སྙོམ་ཆུང་དུ་བཞུགས་ཀྱི་ཡོད། ཉིན་ཞིག་ཁོང་འཆད་རྒྱུགས་འཁེལ་སོང་བས་སྐབས་བབས་ཀྱི་བཤད་བྱའི་གཞུང་དོན་ལུང་རིག་ཀྱིས་སྤྲོས་པ་དང་བཅས་རྒྱས་པར་འགྲེལ་བས་དེར་ཀུན་བསལ་ཡུལ་ལས་འདས་ཅིང་ཧ་ལས། ཆོས་འཁྲིད་གྲོལ་རྗེས་མཁན་པོས་གཟིམ་ཤག་ཏུ་ཤོག་དང་གསུངས། ངས་འཇོན་མདོག་བྱས་འགྲེལ་བཤད་བྱེད་སྟངས་ནོར་བ་མིན་ནམ་སྙམ་ཁོང་ཧ་ཅང་ཞེད་བྱུང་གསུངས། མཁན་པོས་མཇལ་དར་དང་དངུལ་ཊམ་ཁ་ཤས་ཐུགས་སྨོན་དང་བཅས་གནང་ཞིང་། བསྟོད་བསྔགས་དང་དབུགས་དབྱུང་གནང་སྟེ་མཉེས་ཚོར་དཔེ་མེད་གནང་ཞིང་ཐུགས་རྩིས་ཆེན་པོ་མཛད། ལོ་རེའི་དབྱར་ཟླ་དྲུག་པའི་ནང་ཆོས་མཚམས་ངལ་གསོ་མཛད་སྐབས་གྲྭ་བ་གཞན་རྣམས་རང་ཁྱིམ་དང་འབྲོག་ཁུལ་ལ་དཀར་བསོད་དུ་ཕེབས་ཀྱི་ཡོད།
བླ་མ་རིན་པོ་ཆེ་ཁོང་ནི་ཐག་རིང་ནས་ཕེབས་པའི་བླ་གྲྭ་རྣམས་དང་མཉམ་དུ་ཆོས་ལུང་ནང་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ར་ཧོར་ཆོས་གྲགས་སྐུ་མདུན་ནས་སྤྱོད་འཇུག་དང་སྙིང་ཐིག་ཡ་བཞི་སོགས་དབང་ལུང་ཁྲིད་ཀྱི་གདམས་པ་གསན་པ་དང་། རེ་འགའ་རྫོང་གསར་བཀྲ་ཤིས་ཚུགས་སུ་ཡོངས་འཛིན་སྒ་ཨ་དབྱང་ཐུབ་བསྟན་རིན་པོ་ཆེའི་སྐུ་མདུན་ནས་མགོན་པོ་འབྲི་གུང་པའི་གདམས་ཟབ་སྐོར་ཞུས་ནས་བཞུགས་ཀྱི་ཡོད་པ་སྟེ། ཁོང་གིས་འདི་ལྟར། ང་རང་རྐང་པ་ནད་པ་ཡིན་སྟབས་འབྲོག་པའི་སར་དཀར་བསོད་ལ་འགྲོ་ཐུབ་ཀྱི་མེད། ལོག་སའི་ནང་ནི་མེད་པས་ཐག་རིང་ནས་ཕེབས་པའི་གྲྭ་པ་ཚོ་དང་མཉམ་དུ་ཆོས་ལུང་དང་རྫོང་རྩེ་ལ་འཁྱམས་འགྲོ་གི་ཡོད་ཅེས་གསུང་གི་ཡོད། དེ་ནས་དགུང་གྲངས་ཉེར་གཅིག་བཞེས་པ་ཆུ་བྱ་ལོར་ཡོངས་འཛིན་ཨ་དབྱང་དང་། མཁན་ཆེན་མཚན་ལྡན་བཟང་པོ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའང་ཡོད་པར་གྲགས་ཤིང་མཁན་སློབ་གྲངས་ཚང་གི་དབུས་སུ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་བླངས། མཚན་ལ་༧དཀོན་མཆོག་ཤེས་རབ་འོད་ཟེར་ཞེས་གསོལ་ཞིང་དམ་ཆོས་འདུལ་བའི་གནང་བཀག་གི་གནད་ས་བརྐོ་རྩ་གཅོད་ཡན་གྱི་བསླབ་པ་ཕྲ་རགས་མིག་འབྲས་ལྟར་བསྲུངས་ཏེ་བཞུགས། དེ་ནས་རྫོང་གསར་བཀྲ་ཤིས་ཚུགས་སུ་ཁམས་ཉི་རྫོང་ཁྲི་པས་རིན་ཆེན་གཏེར་མཛོད་ཀྱི་དབང་འཁྲིད་གནང་སྐབས་ལྕང་རྭ་ནས་ཞོགས་པའི་ཆོས་འཁྲིད་གྲོལ་རྗེས་ཕར་སོང་དགོང་མོ་ཚུར་ལོག་དགོས་པས། ང་རང་རྐང་ཐབས་སྐྱོ་བས་སླེབས་མ་བྱུང་རྗེས་ཀྱི་བཀའ་གཏད་པོད་དབང་ལ་སྡུག་རུས་ཀྱིས་ཕྱིན་པ་ཡིན་གསུངས། དེ་ནས་ཉི་ལྕང་བཤད་གྲྭའི་མཁན་ཐོག་དྲུག་པ་ཀུན་མཁྱེན་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་མཆོག་རབ་བྱུང་བཅུ་དྲུག་པའི་ཕྱི་ལོ་ 1958 ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མཁན་ཁྲིར་བཞུགས་སུ་གསོལ་ནས་རིམ་བཞིན་སྤྱོད་འཇུག་དང་དབུ་མ་རིགས་ཚོགས་གཞན་རྣམས་དང་འཕགས་པ་ལྷའི་བཞི་བརྒྱ་པ་རྣམས་རྒྱས་པར་གསུངས་པ་ཐོབ་པ་དང་། དབུ་མ་འཇུག་པ་སེམས་བསྐྱེད་དང་པོའི་སྐབས་སུ་སླེབས་སྐབས། དུས་འགྱུར་གྱི་འགོ་ཚུགས་ཏེ་ས་གནས་སུ་ལས་དོན་མི་སྣ་འབྱོར་ཏེ་ཆོས་མཚམས་འཇོག་དགོས་པ་བྱུང་། དེ་ལྟར་བླ་མ་རིན་པོ་ཆེ་འདི་ཉིད་ལོ་ངོ་བདུན་ལྷག་གི་རིང་ཉི་མ་ལྕང་རྭའི་ཆོས་གྲྭར་མདོ་སྔགས་རིག་པའི་གནད་ལ་གསན་བསམ་བར་མ་ཆད་པར་མཛད་དེ་མཁས་པའི་རྒྱལ་སར་མངའ་བརྙེས་པའོ།།
 གསུམ་པ། 
  དུས་འགྱུར་ཀློང་ནས་ཉམས་ལེན་འབའ་ཞིག་མཛད་ཚུལ།
    བླ་མ་རིན་པོ་ཆེ་དགུང་ལོ་ཉེར་གསུམ་བཞེས་པ་སྤྱི་ལོ་༡༩༥༩ལོར་རིག་གནས་གསར་བརྗེ་ཞེས་པའི་དུས་འགྱུར་བཙུབ་རེག་ཆེན་པོའི་འོག་གྲྭ་བཙུན་རྣམས་རང་རང་སོ་སོའི་ལུང་པ་དང་ཁྱིམ་དུ་ལོག་དགོས་པའི་དཔྱད་ཁྲ་བཏང་། བླ་མ་རིན་པོ་ཆེ་ཁོང་ནི་སྤྱིར་སངས་རྒྱས་བསྟན་པར་ཉམས་རྒུད་ཚབ་ཆེན་དེ་ལྟ་བུ་ཞིག་བྱུང་བ་དང་། ལོག་སའི་ནང་ཡང་མེད་སྟབས་ཐུགས་ཕམ་ཚད་མེད་བྱུང་ཞིང་དཔེ་ཆའི་རིགས་རྣམས་དུད་ཁྱིམ་ཞིག་ལ་བཅོལ་ཏེ། གད་ཧོར་ལ་ལོག་སྟེ་ཁོང་གི་ཨ་མ་དང་མཉམ་དུ་རྭ་སྐོར་ཐོག་མེད་པ་ཞིག་གི་ནང་དུ་ཅུང་ཟད་བཞུགས་པ་སོགས་འོ་རྒྱལ་ཆེན་པོ་བྱུང་། དེ་རྗེས་འོལ་མོའི་ལྡེབས་སུ་སྲིང་མོ་དཀོན་མཆོག་སྒྲོལ་མའི་ནང་ཁོང་ཅག་གསུམ་མཉམ་དུ་ཅུང་ཟད་བཞུགས་རྗེས་རུ་ཁག་དང་སྲིང་མོས་གཙོས་ཡུལ་མི་རྣམས་ཀྱིས་འོལ་མོའི་ལྡེབས་ཀྱི་སྲིང་མོའི་ཁང་པའི་ཟུར་ཙམ་ན་འོལ་མོ་ཆོས་ལུང་ཞེས་སྔར་བཀའ་གདམས་པའི་བླ་མ་ཞིག་གིས་ཆོས་གསུངས་སར་གྲགས་པ་དེར་མི་གཉིས་གཤོངས་ཙམ་གྱི་ཁང་ཆུང་ཞིག་དང་སྤེན་མའི་སྤྱིལ་བུ་ཆུང་ངུ་ཞིག་བརྒྱབ་ནས་ཁོང་ཡུམ་སྲས་གཉིས་དེར་བཞུགས། རིང་པོར་མ་སོང་བར་ཡུམ་ཡང་གྲོངས་ཏེ་སྣང་ཚུལ་ལ་འོ་རྒྱལ་ཚད་ལས་འདས་པ་བྱུང་ཡོད་པ་སྣང་། དེ་སྐབས་མི་ཁ་ཤས་ཀྱི་མཐུན་རྐྱེན་བསྐྱལ་ནས་སེམས་གསོ་བྱེད་སྐབས་ཁོང་གིས་ཐོག་མ་མེད་པ་ནས་བཟུང་འདི་ལྟ་བུའི་སྡུག་བསྔལ་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེས་ཆེ་བའི་སྡུག་བསྔལ་མྱང་ཚར་པ་རེད། ད་ཕན་ཆད་ཀྱང་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་དེ་ལྟར་མྱོང་གི་རེད། ཏན་ཏན་རེད། འཁོར་བའི་སྡུག་བསྔལ་མུ་མཐའ་མེད་པ་མྱོང་ཞིང་རིགས་དྲུག་གི་གནས་རིས་གཅིག་ནས་གཅིག་ཏུ་འཁོར་བས་ན་འཁོར་བ་ཞེས་གསུངས་ཀྱི་ཡོད་པ་རེད། ཅེས་སོགས་གསུངས་ཏེ་འཁོར་བ་ནས་ངེས་པར་འབྱུང་བའི་གསུང་མོལ་རྒྱུན་དུ་གནང་ཞིང་སྲིང་མོ་འཁོར་བཅས་ཀྱིས་ཞབས་ཕྱི་ཞུས་ནས་ཉིན་མཚན་ཀུན་ཏུ་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་སྦྱོང་གི་ལམ་ལ་འབད་དེ་བཞུགས་སོ།།
                      བཞི་པ།
     རིས་མེད་བཤེས་གཉེན་བསྟན་ཏེ་དབང་འཁྲིད་གདམས་པ་གསན་ཚུལ།
དེ་ནས་སྤྱི་ལོ་1980 ལོ་ཙམ་ལ་དཔལ་ཡོན་གཉིས་དར་གྱི་སྲིད་ཇུས་བྱུང་སྟེ་སླར་ཡང་གངས་ལྗོངས་འདིར་ཆོས་དད་རང་མོས་ཀྱི་གོ་སྐབས་བྱུང་བ་དང་བླ་མ་རིན་པོ་ཆེ་ཁོང་གནས་མཇལ་དང་སྦྲག་ལྷ་སར་ཕེབས། འབྲི་གུང་ཡོངས་འཛིན་བརྒྱད་རྭ་སྐུ་གཤེགས་པའི་ཚེ་རྩེ་བ་གྲྭ་ཚང་གི་རྒན་དོན་གྲུབ་བདེ་ཆེན་སོགས་དང་མཉམ་དུ་འདས་མཆོད་ཚོགས་པ་དང་། རིན་པོ་ཆེ་ཁོང་ཞག་ཞེ་དགུའི་བར་དེར་བཞུགས།  དེ་སྐབས་འབྱོར་ལྡན་གཏོང་ཕོད་ཅན་ཚ་རོང་བུ་ཚུལ་ཁྲིམས་ཡེ་ཤེས་ལགས་དང་ཞལ་མཇལ་མཆོད་ཡོན་དུ་གྱུར་ནས་རྗེས་སོར་དེར་བཞུགས་ཤིང་རིམ་བཞིན་མདོ་དབུས་ཀྱི་སྐྱེས་ཆེན་དུ་མ་བསྟེན་པའི་གོ་སྐབས་བྱུང་།
རིམ་བཞིན་རྐར་སྟོབས་རིན་པོ་ཆེ་དང་འགར་ཆེན་རིན་པོ་ཆེ་སོགས་ལས་ཟབ་ཆོས་མང་དག་གསན། དེ་རྗེས་ཆུ་སྤྲེལ་ལོར་ཆེད་དུ་གཡོག་འཁོར་ཉུང་ཤས་དང་བཅས་གཏེར་སྒྲོམ་རྒྱབ་སྐོར་དུ་ཕེབས་ཤིང་། ནོར་བུ་ལ་ནས་རྡོ་རྗེ་ཞིག་རྙེད། ཁོང་གིས་དེ་མ་ཐག་ཐམས་ཅད་དུ་མ་ཕམ་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཞེས་གསུངས་ཏེ་དབུའི་ཐོག་ཏུ་འཇོག་ཙམ་བྱས་ནས་རུམ་དུ་བསྡུས། རིམ་བཞིན་ཚོགས་ཁང་སོགས་སྒྲུབ་ཕུག་མང་པོར་ཁོང་གཅིག་པུར་ཞག་རེ་བཞུགས། སྐུ་འཁོར་རྣམས་སྔོན་ལ་འབྲོང་ངུར་སུམ་མདོར་སོང་ཏེ་སྒུག  དེར་ལྷན་འཛོམས་བྱུང་སྐབས་དེ་རིང་ནི་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཡིན་པས་གནས་འདིར་ང་ཚོས་ཚོགས་འཁོར་ཞིག་བསྐོར་ནས་རྟེན་འབྲེལ་ཡག་པོ་ཞིག་བྱུང་གསུངས།  དེར་ཡང་ཟབ་ཀྱི་ཚོགས་བཏོན་ནས་ད་ལོ་ང་ཚོས་སྟོང་མིན་ཙམ་གྱི་རྟེན་འབྲེལ་བསྒྲིགས་ནས་རྗེས་མའི་སྤྲེལ་ལོ་གནས་འདིར་ཚོགས་ཐུབ་པའི་སྨོན་ལམ་ཡག་པོ་ཞིག་སྐྱོན་ཨ་ཅེས་གསུངས་ནས་ཐུགས་སྨོན་གནང་། དེ་སྐབས་རྒྱུན་གཏན་དང་མི་འདྲ་བར་རྟེན་འབྲེལ་གྱི་རྟགས་མཚན་བརྗོད་མི་ཤེས་པ་མང་དུ་བྱུང་ཟེར། རིམ་བཞིན་ཁ་ལེབ་ལ་རྒྱུད་དེ་ཕེབས་ནས་ཨ་ཕྱི་དང་། མགོན་པོའི་བླ་མཚོ་སོགས་ལ་འཁྲུས་མཛད་ནས་ཚ་འུག་ནས་འབྲི་གུང་ཐེལ་ལ་ཕེབས། འབྲི་གུང་གྲུབ་པའི་དབང་ཕྱུག་དཔའ་ཆུང་རྡོ་རྗེ་འཆང་དང་མཇལ་ནས་གསུང་གླེང་ཞིབ་རྒྱས་གནང་། དེ་སྐབས་དཔའ་ཆུང་རིན་པོ་ཆེའི་སྐུ་མདུན་ནས་གདམས་ཟབ་མང་པོ་ཞིག་ཀྱང་ཞུས་པར་གྲགས། རིམ་བཞིན་གཞུ་རོང་རྒྱུད་ཀླུངས་ཤོད་དུ་ཕེབས།  དེ་ནས་ཚ་རོང་བུ་ལགས་ཀྱིས་མཐུན་རྐྱེན་དང་ཕྱག་རོགས་གནང་སྟེ་ལྷོ་གནས་དང་གཙང་གནས་སོགས་མཇལ་ནས། གངས་རི་ཐོད་དཀར་མགུལ་དུ་ཀུན་མཁྱེན་ཀློང་ཆེན་པའི་སྒྲུབ་ཕུག་ཏུ་ཟླ་བ་གཉིས་ཙམ་རིང་སྒྲུབ་པ་ལ་བཞུགས། དེའི་སྐབས་སུ་གཟིགས་སྣང་དང་ངོ་མཚར་བའི་རྟགས་དང་རྟེན་འབྲེལ་བསམ་གྱི་མི་ཁྱབ་པ་མང་པོ་ཞིག་བྱུང་བར་སྣང་།
ཁོང་གི་དམ་པའི་ཡོན་ཏན་གྱིས་ཡིད་འཕྲོག་སྟེ། རིམ་བཞིན་སྲས་མོ་ལྷག་སྒྲོན་ལགས་དང་། བསྟན་པའི་སྦྱིན་བདག་ཆེན་མོ་ཨ་མདོ་ལུང་རྟོགས་སོགས་འབྱོར་ལྡན་སྦྱིན་བདག་མང་པོས་གོང་དུ་བཀུར་ཞིང་བླ་མར་བསྟེན། དེ་དག་བརྒྱུད་ནས་མདོ་དབུས་ཁམས་གསུམ་གྱི་བླ་མ་སྐྱེས་ཆེན་མང་པོ་མཇལ་ཕྲད་བྱུང་སྟེ་དབང་འཁྲིད་གདམས་པ་མང་པོ་ཐོབ་པར་མཛད། བླ་མ་རིན་པོ་ཆེའི་ཞལ་ནས། བུ་ལགས་ནི་ངའི་སྦྱིན་བདག་ཡིན་པ་དང་ཆོས་གྲོགས་ཀྱང་ཡིན། བྱང་ཆུབ་སེམས་དཔའ་ནོར་བཟང་བཞིན་དུ་བཤེས་གཉེན་བརྒྱ་ཕྲག་བསྟེན་མ་མྱོང་ནའང་བུ་ལགས་ཀྱི་བཀའ་དྲིན་ལས་བླ་མ་མང་པོ་མཇལ་མྱོང་ཞིང་ཆོས་འབྲེལ་ཡང་མང་པོ་རགས་བྱུང་སོགས་གསུངས་ཏེ། བུ་ལགས་ལ་རྒྱུན་གཏན་ནས་གུས་བཀུར་ཆེན་པོ་མཛད་གནང་ཡོད། དེ་ལྟར་རིན་ཆེན་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་ཉམས་ལེན་མཛད་ཅིང་འོལ་མོ་ཆོས་ལུང་དུ་འོལ་མོའི་དགེ་སློང་ཞེས། གསེར་ས་འོག་ཏུ་སྦས་རུང་། འོད་ནམ་མཁར་འཕྲོ་བཞིན་བཞུགས་སོ།།
 ལྔ་པ།
        བསྟན་པའི་མེ་རོ་རྨང་ནས་གསོས་ཚུལ།
དེ་ནས་རིམ་བཞིན་བླ་མ་རིན་པོ་ཆེ་ཉིད་ཀྱིས་གཙོ་བོའི་ཀུན་སློང་གནང་སྟེ། དབུས་སྟོད་ཀླུངས་ཤོད་ཕག་རུམ་བདུད་འདུལ་མཆོད་རྟེན་སླར་བཞེངས་གནང་བ་དང་།    གཡུལ་གྲོང་བྱང་ཆུབ་མཆོད་རྟེན། རག་བུམ་བྱང་ཆུབ་མཆོད་རྟེན། འོལ་མོ་རྣམ་རྒྱལ་མཆོད་རྟེན། གད་ཧོར་བྱང་ཆུབ་མཆོད་རྟེན་སོགས་སྔ་ཕྱིར་ཕྱག་བསྐོར་དང་མཆོད་རྟེན་བཅུ་ཕྲག་ཙམ་ཉམས་གསོ་གནང་། གད་ཧོར་ཡུལ་ཚོར་ཐོག་མར་ཆོས་གྲོགས་ལྔ་དྲུག་ཙམ་ཞིག་ལ་ཀློང་སྙིང་བླ་མ་རིག་འདུས་ཀྱི་ཚོགས་མཆོད་འཁྲིད་ལུང་གནང་བ་དང་ཚེས་བཅུའི་དུས་མཆོད་ཚོགས་པའི་བསྒྲིགས་འཛུགས་མཛད།  དེ་ནས་རིམ་བཞིན་གྲ་རྒྱས་སུ་ཕྱིན་པ་དང་མི་གྲངས་མང་དུ་སོང་རྗེས། ལོ་རེའི་ཚེས་བཅུའི་དུས་མཆོད་མི་ཚང་རེས་མོས་ཀྱིས་ཆད་མེད་གཏོང་སྲོལ་བཙུགས་ཤིང་ད་ལྟའི་བར་རྒྱུན་མ་ཆད་པར་ཡོད་ཅིང་བླ་མ་རིན་པོ་ཆེ་ཁོང་ཉིད་ཀྱང་ཕེབས་ནས་ཚེས་བཅུའི་ཕན་ཡོན་དང་ཐོག་མའི་མཆོད་པ་བཅའ་ལུགས་སོགས་དགེ་སྒྲུབ་སྡིག་སྤོང་གི་གནད་རྣམས་ཞར་དང་ཞོར་ལ་བཀའ་འཁྲིད་གནང་། དེ་ནས་རའི་གྲོང་གསར་ཤར་པའི་ནང་མི་གྲངས་སུམ་ཅུའི་སྐོར་ལ་འཕགས་པ་བརྒྱད་སྟོང་པའི་ལུང་འཁྲིད་དང་སློབ་སྟོན་མང་དུ་གནང་། གཡུལ་དགོན་དུ་བླ་མ་མཆོད་པའི་ཆོས་གྲོགས་བསྒྲིགས་འཛུགས་མཛད་པ་དང་ལོ་རེས་མོས་ཀྱི་བཤེས་སྤྲིངས། རྒྱལ་སྲས་ལག་ལེན། བདེ་ཆེན་ཞིང་འཁྲིད།  བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་ག་ཚོགས་ཏེ་མི་གྲངས་བདུན་བཅུ་ལྷག་སོགས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་གང་ལ་གང་འདུལ་དུ་ཆོས་སྦྱིན་གནང་།  དེ་བཞིན་དུ་ཁྲ་བ་ཁ། ཐ་བརྒྱད། གད་ཧོར། རའི་ནང་།   གཡུལ་གྲོང་། མི་ལོག་སོགས་སྟོད་སྨད་ཀྱི་ཁྱིམ་ཚང་མང་ཆེ་བར་སོ་སོས་སྨྱུང་གནས་ཆོ་ག་དང་། མ་ཎི། ཚེས་བཅུ། ཐེག་ཆེན་གསོ་སྦྱོང་ལེན་ཚུལ་སོགས་བླང་དོར་གྱི་གནད་རྣམས་མ་ནོར་བར་བསྟན་ཅིང་རྒྱལ་བའི་ལུང་རྟོགས་ཀྱི་སྒྲོན་མེ་དབུ་རུ་འབྲི་གུང་ཀླུངས་ཤོད་རྒྱུད་ནས་གསོ་ཞིང་སྦར་བར་མཛད། དེ་སྐབས་རྩེ་བ་དགོན་པའི་རྟེན་གཙོ་རྒྱལ་བུ་དོན་གྲུབ་ཀྱི་སྐུ་གཏོར་སྐྱོན་བྱུང་བ་དེ་ཨ་པོ་ཐུབ་བསྟན་དང་རིན་པོ་ཆེ་ཉིད་ཀྱིས་རྒྱ་དངུལ་ལས་གྲུབ་པ་མཐོ་ཚད་ཀུང་ཁྲེ་གང་ཙམ་བཞེངས།  དེ་སྐབས་ཤིག་ལ་འབྲི་གུང་སྐྱབས་མགོན་ཆེ་ཚང་མཆོག་ནས་འཕགས་ཡུལ་དུ་བྱང་གླིང་བཤད་གྲྭའི་མཁན་པོར་ཕེབས་དགོས་པའི་གདན་ཞུས་གནང་ཡང་། འདི་ཕྱོགས་ལ་ལུང་པ་མུན་ནག་ཡིན་པས་ཆེན་པོ་མ་འཇོན་རུང་སྨོན་ལམ་འདྲ་བརྒྱབ་ནས་འདིར་སྡོད་པ་ལས་གཞན་དུ་འགྲོ་གི་མིན་ཞེས་གསུངས་པར་གྲགས།།
དྲུག་པ། ཆོས་འཁོར་བྱ་བས་འདུས་སྡེ་བསྐྱངས་ཚུལ།
སྤྱི་ལོ་1982 ལོ་སྟེ་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོ་ནས་བཟུང་གཡའ་མ་རི་ལ་ཉི་ལྕང་བཤད་གྲྭ་ཐོག་མར་གནས་དེར་དབུ་ཚུགས་ཏེ་སྐྱོར་དཔོན་དཀོན་མཆོག་རྣམ་གཟིགས་རིན་པོ་ཆེ་དང་ལྷན་དུ་བླ་མ་རིན་པོ་ཆེ་ཁོང་གདན་ཞུས་ལྟར་ཕེབས། ཁོང་དང་ཞབས་ཕྱི་བ་བཅས་ཀྱི་གསོལ་ཆས་ཚང་མ་ཉིད་ནས་བསྣམས་ཕེབས་ཀྱི་ཡོད།  དེ་སྐབས་གཡའ་མ་རིའི་བཀའ་ཆོས་ཞེས་གང་སར་གྲགས་པས་འབྲི་གུང་དགོན་ཁག་གཞན་ནས་ཀྱང་སློབ་གཉེར་བ་བརྒྱ་ལ་ཉེ་བ་འདུ་གི་ཡོད་པ་དང་དེ་དག་ལ་སྡོམ་གསུམ་རྣམ་ངེས། བཤེས་སྤྲིངས། དགོངས་གཅིག་དང་བསྟན་སྙིང་། སྤྱོད་འཇུག་སོགས་འཁྲིད་སྐབས།
ལོ་རེས་འགའ་ནས་རྒན་རྣམ་གཟིགས་ལགས་ནས་ཁོང་གིས་ཆོས་འཁྲིད་གནང་དགོས་ཚུལ་གསུང་གི་ཡོད་ཀྱང་སྐྱོར་དཔོན་རྣམ་གཟིགས་ལགས་ནི་སྔོན་ཉི་མ་ལྕང་རྭའི་དུས་ནས་སྐྱོར་དཔོན་དང་མཁན་ཁྲིར་ཕེབས་ཆོག་ཆོག་གི་མཁས་པ་ཡིན་པས་ཁོང་གིས་ཆོས་འཁྲིད་མཛད། ངས་གང་ཤེས་ཚོད་ཀྱིས་སྐྱོར་སྦྱང་བྱེད་ཀྱི་ཡིན་གསུངས་ནས་དམན་ས་འབའ་ཞིག་བཟུང་ནས་སྙུང་གཞི་དང་ཞབས་ནད་པ་སོགས་ལ་མ་འཛེམས་པར་ལོ་ལྟར་ཆད་མེད་དུ་ཕེབས་ནས་སྐྱོར་སྦྱང་གནང་། ད་དུང་གད་ཧོར་རྒྱུད་ཀྱི་ལོ་ན་རྒན་རིམ་གྱི་ཨ་པོ་ཆོས་ཉིད་རྡོ་རྗེ་སོགས་ཁྱིམ་པ་རྒན་རྒོན་ཕོ་མོ་མང་པོར་རྒན་རྣམ་གཟིགས་ཀྱི་ཡོན་ཏན་བརྗོད་ནས་ཆོས་དད་མང་ཚོགས་ཤིག་ཡིན་ནས་བཟུང་། རྒྱུ་མཚན་ཤེས་པའི་སྒོ་ནས་ཆོས་བྱེད་དགོས་པའི་བཀའ་སློབ་ཡང་ཡང་གནང་། རིམ་བཞིན་བླ་མ་རིན་པོ་ཆེ་ཁོང་གཡའ་མ་རི་ལ་གཏན་འཇགས་བཞུགས་རྒྱུའི་ཞལ་བཞེས་གནང་སྟེ།  ཚ་རོང་བུ་ཚུལ་ཁྲིམས་ཡེ་ཤེས་དང་ཨ་མདོ་ལུང་རྟོགས་ལགས་བཅས་ལ་སྐུལ་མ་གནང་སྟེ་ལྷ་ས་ནུབ་རིགས་གསུམ་མགོན་པོའི་ལྷ་ཁང་དེ་བཤད་གྲྭའི་མཐུན་རྐྱེན་དུ་བྱུང་བ་དང་། རྫོགས་ཆེན་མཁན་གཞན་དགའི་རྒྱ་འགྲེལ་གཞུང་བཅུ་གསུམ་དང་སྡོམ་གསུམ་རྣམ་ངེས། བཤེས་པའི་སྤྲིངས་ཡིག་སོགས་དཔར་དུ་བཞེངས་པའི་གསུང་བསྐུལ་དང་ཞལ་འདེབས་གནང་བ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པར་སྲི་ཞུ་སྒྲུབ།
དེ་ནས་རབ་གནས་ཆུ་བྱ་ལོའི་ཆོས་འཁོར་དུས་ཆེན་གཟའ་ཚེས་དགེ་བའི་ཉིན་སྐྱབས་མགོན་༧ཆོས་ཀྱི་སྣང་བ་མཆོག་ཀྱང་རྟེན་འབྲེལ་མཛད་སྒོར་ཕེབས་ནས་བཤད་གྲྭ་དངོས་སུ་འགོ་ཚུགས་ཏེ། བླ་མ་རིན་པོ་ཉིད་ནས་དངོས་སུ་མཁན་པོའི་ཐུགས་འགན་བཞེས་པ་དང་། འབྲི་གུང་དགོན་ཁག་གཞན་ནས་ཀྱང་བསླབ་པ་སློབ་གཉེར་གཏོང་གནང་མཛད་དེ་སློབ་གྲྭ་དངོས་གཞི་དང་ཟུར་ཞུགས་བཅས་ཁྱོན་སུམ་བཅུ་ལྷག་ལ་བསྟན་འགྲེལ་ཉི་མའི་འོད་ཟེར། དམ་ཆོས་དགོངས་པ་གཅིག་པ་ལུང་རིགས་སྙིང་པོའི་གཏེར། དྭགས་པོ་ལམ་མཆོག་རིན་ཆེན་ཕྲེང་བ་སོགས་འཆད་འཁྲིད་མཛད་ཅིང་། འཆད་ཐབས་དང་། སྔ་རྗེས་ཀྱི་འདོན་ཆ། རྒྱུགས་ལེན་སོགས་སྔོན་གྱི་ཉི་ལྕང་བཤད་གྲྭའི་ཇི་ལྟ་བ་མ་ཡིན་པར། འབྲི་གུང་རང་ལུགས་གཙོ་ཆེར་མཛད་ནས་ཆོས་འཁྲིད་འགོར་ཏིང་ངེ་འཛིན་དབང་བསྐུར་སོགས་དང་མཇུག་ཏུ་འབྲི་གུང་བསྟན་རྒྱས་སྨོན་ལམ་སོགས་འདོན་སྲོལ་བཙུགས་ཏེ་ཉི་ལྕང་ཆོས་གྲྭ་སླར་གསོ་གནང་བ་དང་། ཕྱི་དྲོའི་སྐྱོར་སྦྱང་ཡང་ཁོང་ཉིད་ཀྱིས་མཛད།  དེ་ནས་ས་ཁྱི་ལོའི་སྨིན་དྲུག་ཟླ་བར་ལྷོ་ལུང་དཀར་དགོན་གྱི་མཁན་བླ་བཟང་བདེ་ཆེན་ལགས་ནས་ཆོས་རྗེ་སྐྱོབ་པའི་བཀའ་འབུམ་དང་རྗེ་ཆོས་གྲགས་ཀྱི་གསུང་འབུམ་སོགས་མགོན་པོ་འབྲི་གུང་པའི་ཆོས་སྐོར་མང་པོ་ཞིག་གི་ལྗགས་ལུང་སྩལ་ཅིང་སྤྱོད་འཇུག་ཞར་འཁྲིད་མཛད་སྐབས་ཁོང་ཉིད་ཀྱང་ལུང་ཞུར་ཕེབས་པ་དང་ཕྱི་དྲོར་སྐྱོར་སྦྱང་ཀྱང་མཛད།
ལུང་གྲུབ་རྗེས་ཉིད་ནས་དཀའ་འགྲེལ་མུན་སེལ་སྒྲོན་མེ་འཁྲིད་ནས་ལོ་གསར་གྱི་ཆོས་མཚམས་བཞག  ལོ་གསར་རྗེས་སྔར་མུས་བཞིན་སྐུ་ངལ་ལ་མ་འཛེམས་པར་དབུ་མ་རྩ་བ་ཤེས་རབ་དང་།  སྟོང་ཉིད་བདུན་ཅུ་པ།  རིག་པ་དྲུག་བཅུ་པ།  ཞིབ་མོ་རྣམ་འཐག   རྩོད་ཟློག  འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ་སོགས་ནན་ཆགས་ཀྱིས་འཁྲིད་གནང་མཛད་པ་དང་།  ཞར་ལ་དམ་ཆོས་འདུལ་བ་དང་མཐུན་པའི་གསོ་སྦྱོང་ཆག་མེད་གནང་། དགོན་པར་བཞུགས་རིང་སྐུ་འགྱེད་དང་བསྔོ་རྟེན་ཕུལ་བ་ཚང་མ་ཟླ་བ་གཉིས་རེ་ཙམ་ནས་ཕར་དགེ་འདུན་པར་འགྱེད་གཏོང་བ་ལས།  ཁོང་དང་ཞབས་ཕྱི་མ་དགའ་སྐྱིད་གཉིས་ནས་བཞེས་གནང་གི་མེད་ཅིང་། དམ་པའི་ཆོས་དང་རང་རྒྱུད་གཉིས་ཐ་དད་མ་སོང་བར།  རྣམ་པ་ཀུན་ཏུ་དམན་ས་འབའ་ཞིག་བཟུང་ནས་ཐ་ན་དུད་འགྲོའི་སེམས་ཅན་བྱ་ཁྱི་སོགས་ལའང་གུས་ཚུགས་དང་དགའ་ཞིང་འཛུམ་པའི་བཞིན་གྱིས་གཟིགས་པར་མཛད་དེ་ཐོས་བསམ་རང་རྒྱུད་ལ་མ་འབྱོར་བའི་བསམ་སྤྱོད་ལྟ་བུ་གཏན་ནས་མེད། ཆོས་འཁྲིད་ཀྱི་སྐབས་མདོ་རྒྱུད་ཆོས་ཀྱི་གནད་གསང་ཇི་བཞིན་ཆགས་ཐོག་མེད་པར་འཁྲིད་གནང་གི་ཡོད།  འབྲི་གུང་གྲུབ་དབང་བསྟན་འཛིན་ཉི་མ་མཆོག་གིས་ཀྱང་རྒན་རྣམ་གཟིགས་དང་། ཁོང་རྣམ་གཉིས་མཁས་པ་ཙམ་མ་ཟད་གྲུབ་པ་བརྙེས་པ་ཡང་ཡིན་པས་ཆོས་གསུངས་པར་བྱིན་རླབས་ཆེ་བའང་ཡོད་ཅེས་གསུངས།  དེ་ནས་བླ་མ་རིན་པོ་ཆེ་ཉིད་དགུང་ལོ་ཡང་ཅུང་མཐོ་ཙམ་ཕེབས་པ་དང་སྙུང་གཞི་བཅས་ཀྱིས་ཅུང་འོ་རྒྱལ་བྱུང་བས་ཕྱག་རོགས་མཁན་པོ་ཞིག་གདན་ཞུ་བྱས་ན་ཞེས་དགོངས་བསྐོར་ཞུས་པ་ལྟར་ཁོང་ཉིད་དང་དགེ་སློང་ཤ་རིའི་བུ་སོགས་ཀྱི་གྲོས་མོལ་མཐུན་པ་ལྟར།  རྫོགས་ཆེན་ནས་མཁན་པོ་བསྟན་འཛིན་བཟང་པོ་གདན་ཞུ་བྱས་པ་བཞིན་ཕེབས་ནས་དབུ་མ་འཇུག་པ། མཁས་འཇུག་སོགས་འཆད་འཁྲིད་གནང་། དེ་སྐབས་བླ་མ་རིན་པོ་ཆེའི་གཟིམ་ཤག་ཏུ་མཁན་བསྟན་འཛིན་བཟང་པོས་གཙོས་གྲྭ་པ་འགའ་ལ་དགོངས་གཅིག་གི་འགྲེལ་བ་སྣང་མཛད་ཡེ་ཤེས་སྒྲོན་མེའི་འབྲུ་ལུང་གནང་། མཇུག་མ་སྒྲིལ་ཙམ་རབ་གནས་ས་ཕག་ལོའི་དགུན་སྟོད་ཙམ་ལ་དོན་རྐྱེན་འགའ་ཞིག་གིས་རྐྱེན་པས་བཤད་གྲྭ་ཚུགས་མི་ཆོག་པའི་དཔྱད་ཁྲ་བཏང་ནས་གྲྭ་པ་རྣམས་སོ་སོའི་དགོན་པར་ཡང་ལོག་མི་ཆོག་པར་ཞིང་འབྲོག་གི་ལས་ཀ་བྱེད་དགོས་ཚུལ་བཤད་ནས་རང་རང་གི་ས་གནས་སུ་ལོག་བཅུག་པས། བླ་མ་རིན་པོ་ཆེ་ཉིད་ཀྱང་འོ་རྒྱལ་ཚད་མེད་བྱུང་བ་མ་ཟད་ཐུགས་ཕམ་ཆེན་པོས། ཨ་ཙིའི་དེ་འདྲའི་བར་ཆད། ཅེས་གསུངས་ནས་སྤྱན་ཆབ་བསིལ་བ་དང་གསུང་ཡང་བྱོན་མི་ཐུབ་པར་གྱུར་ཅིང་།
རིང་པོར་མ་སོང་བར་ཁོང་ཡང་གད་ཧོར་དུ་བསྐྱལ་བ་བཅས་ཀྱིས་འོ་རྒྱལ་ཆེན་པོ་བྱུང་བ་དང་བཤད་གྲྭ་འཐོར་བར་ཐུགས་ཕམ་ཚད་མེད་གནང་བ་སོགས་སྔར་གྱི་མཚམས་ཁང་ཆུང་ངུ་དེའི་ནང་བཞུགས།  དེའི་གཡས་གཡོན་གྱི་མི་རྣམས་ཀྱིས་ང་ཚོའི་བླ་མ་ང་ཚོའི་ལུང་པར་བཞུགས་རྒྱུ་བྱུང་སོང་ཞེས་དགའ་སྤྲོ་སྐྱེས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། ། ཞེས་པར་ལྟར་དབུས་གཙང་ཁམས་གསུམ་གཡས་གཡོན་གང་ས་ནས་ཆོས་ཞུ་མཇལ་བཅར་བ་རྒྱུན་མི་ཆད་པ་ཡོང་གི་ཡོད།  གད་ཧོར་སྲིད་གཞུང་དང་སྤུན་མཆེད་སྤྱིན་བདག་སོགས་ནས་མཚམས་ཁང་ཅུང་གཞི་རྒྱ་ཆེ་བ་ཞིག་བསྐྲུན་ན་ཞེས་ཞུས་ཀྱང་ཁོང་གིས་ག་ཚོད་སྡོད་རྒྱུ་མི་ཤེས་འདི་ཧ་ཅང་སྐྱིད་པོ་ཡོད་འདིས་འགྲིག་འདུག་གསུངས་ནས་རྩ་བ་ནས་ཞལ་གྱི་མ་བཞེས།    སླར་ཡང་བླ་མ་རིན་པོ་ཆེ་ཉིད་དང་དགེ་སློང་ཤ་རིའི་བུ་རྣམ་གཉིས་ཀྱིས་ཡང་འབད་བསྐྱར་འབད་ཀྱིས་ས་སྟག་སྤྱི་ལོ་1998 ལོ་ཆུ་སྟོད་ཟླ་བར་སླར་ཡང་རྫོགས་ཆེན་ནས་མཁན་པོ་ཚེ་རིང་བཟང་པོ་གདན་ཞུས་ཀྱིས་བཤད་གྲྭ་དབུ་ཚུགས་ཏེ་བླ་མ་རིན་པོ་ཆེ་ཉིད་ཀྱང་ཕེབས། སྤྱོད་འཇུག་འཁྲིད་ནས་ཡུན་རིང་མ་སོང་བར་སླར་ཡང་སྔོན་མའིི་གནས་ཚུལ་གྱིས་རྐྱེན་པས་འགལ་རྐྱེན་ཆེན་པོ་བྱུང་ཡང་རིན་པོ་ཆེ་ཉིད་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྙུང་གཞི་ལ་མ་འཛེམས་པར་སྤྱོད་འཇུག་གི་མཇུག་བསྐྱངས་པ་དང་། དྭགས་པོ་ལམ་རིམ་ཐར་རྒྱན། རྒྱུད་བླ་མ་བཅས་འཆད་འཁྲིད་མཛད་ཅིང་། རྒྱུན་གཏན་མཇལ་བཅར་བ་དང་ནད་པ་སོགས་ལ་ཞབས་རིམ་གཙོ་བོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་འདོན་དགོས་ཞེས་དམ་པའི་ཆོས་ཀྱི་རྨང་གཞི་གལ་ཆེ་བར་མཛད་ཀྱི་ཡོད།
ཁོང་ལ་འགའ་ཞིག་གིས་གཞུང་འགྲེལ་དང་ཉམས་ལེན་གྱི་གནད་སོགས་གསུང་རྩོམ་དག་མེད་དམ་ཞུས་པར། ཉིད་ནས་དམན་ས་ཁོ་ན་བཟུང་སྟེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཁོང་ཉིད་ལ་ཚང་མེད་གསུངས་པ་དང་། རྩོམ་ཤེས་རུང་དགོས་པ་ཆེར་མེད་ཚུལ་དང་རང་གིས་མཇལ་ཐུབ་ན་ས་དགེ་བཀའ་རྙིང་གི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་རྒྱས་བསྡུས་མང་པོ་དང་། སངས་རྒྱས་ཀྱི་བཀའ་སོགས་འདུག་པས་དེ་དག་ལས་ལྷག་པ་ང་ཚོས་ཅི་འཇོན་གསུངས། དེ་ནས་གད་ཧོར་འོལ་མོ་ཆོས་ལུང་དུ་སྔར་གྱི་མཚམས་ཁང་གོག་པོ་ཆུང་ངུ་དེའི་ནང་རང་འཇགས་བཞུགས།  དེ་ནས་འབྲི་ཐེལ་མཁན་བསོད་ནམས་རིན་ཆེན་མཆོག་རྒྱུད་བླ་མའི་དཀའ་གནད་འགའ་ཞིག་འདྲི་བ་དང་། ཆེད་དུ་ཕྱག་དཔེ་ཞིག་གི་ལུང་ཞུ་བར་ཕེབས་ནས་ཞག་པོ་གསུམ་བཞུགས། དེ་སྐབས་ཉིན་ཞིག་ཁོང་རྣམ་གཉིས་ཚོགས་གྲོལ་མཛད་ནས་ཡར་ཕེབས་སྐབས་བླ་མ་རིན་པོ་ཆེའི་ཞབས་གཡས་པ་ནད་པ་དེས་རྡོ་གཅལ་གྱི་རྡོ་ཞིག་གི་སྟེང་དུ་ཞབས་རྗེས་བཞག་པ་དངོས་སུ་མཇལ། ཞབས་ཕྱི་མ་དགའ་སྐྱིད་ལ་འདི་ཡར་བཀོག་ནས་ནང་དུ་ཉར་ཚགས་ཡག་པོ་གྱིས། འདི་གར་བཞག་ན་མཇལ་བཅར་མཁན་མི་མང་པོས་འགོམ་ཡུག་ཏུ་འགྲོ་གི་རེད་ཅེས་གསུངས་ཏེ་མཁན་བསོད་ནམས་རིན་ཆེན་ཁོང་གིས་ཡར་བཀོག
དེ་ནས་དགའ་སྐྱིད་ཀྱིས་རིན་པོ་ཆེས་བཀའ་སྐྱོན་གནང་དོགས་ནས་མི་གཞན་སུ་ལའང་མ་བཤད་པར་ཉར་བསྡད། དེ་ནས་གཟིམ་ཁང་རྙིང་པ་དེ་ལྕམ་རྩ་རུལ་སྐྱོན་བྱུང་བ་དང་མཇལ་བཅར་མཁན་མང་པོ་ཡོད་སྟབས་ཧ་ཅང་གུ་དོག་པས། ཀ་ཚལ་རིན་པོ་ཆེ་དང་དགོན་གཞུང་། ས་གནས་ཡུལ་མི་བཅས་ཀྱིས་ནན་ཞུས་བྱས་སྟབས། ཉིད་ནས་ང་ཡུན་རིང་པོ་མི་སྡོད་ཀྱང་ང་རང་ཤི་ས་ཞིག་དང་། མོ་དགའ་སྐྱིད་མ་ཡང་སྡོད་ས་ཞིག་དགོས་ཀྱི་རེད་ཅེས་གསུངས་ཏེ་ཞལ་གྱིས་བཞེས། དེ་ནས་ཀ་ཚལ་དགོན་པས་ལྕམ་གདུང་རྣམས་བསྐྱལ་བ་དང་ཡུལ་མི་ཚོས་ས་རྡོ་ལས་རྒྱུ་སོགས་འཚང་ཁ་ཤིག་ཤིག་གིས་འོང་ནས་གཟིམ་ཁང་ཀ་གཅིག་དང་།གསོལ་ཐབ་སྒོ་རྭ་གཟིམ་སྤྱོད་དང་བཅས་པ་ཞིག་བཞེངས་གྲུབ་ནས་དེར་ཞབས་སོར་འཁོད་དེ་བཞུགས་པའོ།།
 བདུན་པ།
       སྲིད་ཞི་གཉིས་ཀྱི་མཐར་མི་གནས་པར་མྱ་ངན་ལས་འདས་པའི་སྐོར།
བླ་མ་རིན་པོ་ཆེ་འདི་ཉིད་ལ་དགུང་ལོ་ཞེ་དགུ་ནས་བཟུང་སྙུང་གཞི་རྒྱུན་མ་ཆད་པ་བྱུང་ཞིང་། མ་གཤེགས་པའི་སྔ་རོལ་གྱི་ལོ་ངོ་གསུམ་ཙམ་ནས་གློ་བའི་སྙུང་གཞི་ཇེ་ལོད་དུ་སོང་།  དགའ་སྐྱིད་དང་རྒན་ལོ་ཡག་སོགས་སྐུ་འཁོར་རྣམས་ཀྱིས་སྨན་ཁང་དུ་ཕེབས་དགོས་ཇི་ཙམ་ཞུས་ཀྱང་ངའི་ན་ཚ་འདི་ལས་ནད་རེད། སྨན་ཁང་ལ་བསྟེན་ན་དྲག་གི་མ་རེད་གསུངས་ཏེ་མ་ཕེབས། ཤིང་བྱ་ལོའི་སྟོན་མཚམས་ཁོ་བོ་ཁམས་ནས་ཡར་ལོག་མ་ཐག་རིན་པོ་ཆེ་མཇལ་བར་ཕྱིན་པས་སྙུང་གཞི་ཡང་ཆེ་ཙམ་འདུག་ཅིང་། ཁོང་གིས་ང་ཚོ་འབྲི་གུང་པའི་འཆད་ཉན་ལུང་གི་བསྟན་པར་བར་ཆད་ཧ་ཅང་ཆེན་པོ་འདུག  དགེ་སློང་བསོད་ནམས་རིན་ཆེན་སྙུང་ནས་འབྲི་ཐེལ་གྱི་བཤད་གྲྭ་ཡང་མཚམས་ཆད་ཡོད།   ཅི་དྲག་དེ་འདྲའི་བར་ཆད། ང་ཚོས་དང་པོ་ནས་གཟའ་སྐར་ཅི་ཞིག་ཉེས་སོང་བ་ཡིན་ན། ཅེས་སོགས་གསུངས་ནས་ཧ་ཅང་གིས་ཐུགས་ཕམ་གནང་ཞིང་ད་ཁྱོད་ཡར་ལོག་ནས་བཤད་གྲྭ་ཞིག་ཚུགས་ཐུབ་པ་བྱེད་ཤོག་ད་དུང་ལམ་འགྲོ་ཨེ་ཡོང་། དུས་ཚོད་དེ་འདྲ་ཞིག་འོང་རྒྱུ་ལ་ཨ། ཅེས་སོགས་ཐུགས་ཁྲལ་དང་ལུང་བསྟན་ལྟ་བུ་གསུངས་ཀྱི་འདུག
རྗེས་ཕྱོགས་རིན་པོ་ཆེ་སྙུང་གཞི་ཇེ་ལོད་སོང་ཡོད་ཚུལ་གླེང་ནས་སློབ་ཚོགས་རྣམས་མཇལ་བར་འགྲོ་མཁན་མང་པོ་འདུག་ཅིང་ཁོ་བོའང་ཡང་བསྐྱར་རིན་པོ་ཆེ་མཇལ་བར་སོང་།  ཁོང་གིས་ཁྱོད་ཁོམ་ལོང་ཡོད་ན་མདོ་སྡེ་བསྐལ་བཟང་ཞིག་འདོན་རོགས་བྱས་ནས་ཉིན་ཤས་སྡོད་དང་གསུངས། ལགས་སོ་ཞུས་ནས་སྐལ་བཟང་འདོན་སྐབས་སངས་རྒྱས་སོ་སོའི་སྐུ་གདུང་དང་རིང་བསྲེལ་གྱི་སྐོར་མང་པོ་གསུང་གི་འདུག་ཅིང་། འཁོར་བ་འདིར་ཡར་སྐྱེས་མར་ཤི། ཡང་སྐྱེས་ཡང་ཤི་དེ་འདྲས་རྐྱང་རྐྱང་ཆོ་ཅི་སྣང་། སེམས་ཅན་འདི་དག་ཨ་ཁ་ཁ། སྐྱེ་འཆི་རེས་མོས་འདི་ལྟར་མྱོང་མི་དགོས་པ་ཞིག་བྱུང་ན་ཨ་ཞེས་སོགས་གསུངས་ཏེ། ཁོང་སྐུ་དངོས་ཀྱི་འདུལ་བྱ་རྫོགས་པའི་གསུང་མོལ་ལྟ་བུ་གསུངས་ཀྱི་འདུག   སྙུང་གཞི་ཡང་ཅུང་ཆེ་ཙམ་འདུག་སྟབས། ཁོ་བོས་ཁྱེད་ཀྱིས་བཞུགས་རྒྱུའི་ཐུགས་འདུན་གཏད་རོགས་ད་དུང་ཁྱེད་ཀྱི་གདུལ་བྱ་རྫོགས་མེད་ཅེས་གསོལ་བ་བཏབ་པས། ན་ཚ་འདིས་ངའི་ལུས་རྟེན་འདི་ལྟ་བུར་གྱུར་དུས་གདུལ་བྱའི་དོན་ཕར་ཚད་རེད། ཁྱོད་ཀྱིས་མཐོང་སོང་ང་། བསྐལ་བཟང་གི་སངས་རྒྱས་སྐྱེ་འཆིར་མངའ་དབང་བསྒྱུར་བ་དེ་ཙམ་འཇིག་རྟེན་དུ་བྱོན་ཀྱང་། ཚང་མ་མཐར་མྱ་ངན་ལས་འདས་པ་མ་གཏོགས་མ་འདས་པར་བཞུགས་པ་གཅིག་ཀྱང་མེད། ང་ལྟ་བུ་སྡོད་པའི་རང་དབང་ཅི་ཡོད། ངས་རང་གི་ནུས་ཚོད་ཀྱིས་གཞན་ཕན་གང་ཐུབ་བྱས། ད་ནི་ན་ཚ་འདིས་ཀྱང་བློས་གཏོང་བ་མི་འདུག་སོགས་གསུངས་ཏེ། ཉིན་གསུམ་རིང་སྐུ་མདུན་དུ་བསྡད། དེ་རྗེས་འབྲི་གུང་གཡའ་མ་རི་དགོན་གྱི་དགེ་སློང་ཤ་རིའི་བུ་དང་དགེ་སློང་ཡེ་ཤེས་དངོས་གྲུབ་གཉིས་ཀྱིས་དབུས་པའི་གྲྭ་དམངས་ཕེབས་ནས་མཁའ་འགྲོ་བསུ་ཟློག་དང་ཞབས་བརྟན་གསོལ་འདེབས་ཕུལ་ཀྱང་། ཁོང་གིས་ང་བསྡད་ནས་བྱེད་རྒྱུ་ཅི་ཡང་མི་འདུག་ཁྱེད་རྣམ་པས་སྙིང་པོ་དོན་གྱི་བསྟན་པ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་ལ་ད་དུང་འབད་པ་གནང་རོགས་སོགས་བཀའ་སློབ་བསྩལ་ཅིང་།  དེའི་གཡས་གཡོན་ནས་དད་ལྡན་མང་པོས་རིན་པོ་ཆེ་སྙུང་གཞི་ལྕི་བ་དང་བཞུགས་པར་ཞལ་མི་བཞེས་པ་སོགས་ཐོས་ཚེ་ཚང་མ་སེམས་མྱ་ངན་གྱིས་གདུངས་ཏེ་རིན་པོ་ཆེའི་སྐུ་མདུན་དུ་གཅིག་རྗེས་གཉིས་མཐུད་ཀྱིས་མཇལ་དར་དང་། གསོལ་ཇ། འོ་མ་འཁོལ་མ་སོགས་ཁྱེར་ནས་གང་དྲག་ཅི་དྲག་གིས་བཞུགས་རྒྱུའི་གསོལ་བ་བཏབ་པ་དང་ཞབས་བརྟན་སྒྲུབ་པ་སོགས་བྱས་ཀྱང་། ཞལ་བཞེས་མ་གནང་བར་ཉིད་ནས་ངའི་ཆོས་གྲོགས་ཚེས་བཅུ་པ་རྣམས་ཀྱིས་ང་ཤི་སོང་ན་བླ་མ་རིག་འཛིན་འདུས་པའི་ཆོ་ག་ཞིག་དང་། འཇམ་དཔལ་མཚན་བརྗོད།  བཟང་སྤྱོད་སྨོན་ལམ་ཞིག་ཐོན་རིག་འཛིན་འདུས་པའི་ཚོགས་གྲལ་དུ་མཇལ་བའི་སྨོན་ལམ་ཐོབ་ཤོག་ཨ། དེ་མིན་ཅི་ཡང་མི་དགོས་ཅེས་སོགས་བཀའ་སློབ་ཞལ་གདམས་གང་མང་བསྩལ། ལྷ་ས་ནས་བུ་ཚུལ་ཁྲིམས་ཡེ་ཤེས་ཉིད་ཀྱང་སྙུང་གཞིས་ཕེབས་མ་ཐུབ་ཀྱང་སྲས་མོ་ལྷག་སྒྲོན་ལགས་སྐུ་འཁོར་རྣམས་ཀྱང་ཕེབས་ནས་གང་དྲག་གིས་གསོལ་བ་བཏབ་པ་དང་སྨན་ཁང་དུ་ཕེབས་དགོས་ཀྱི་སོགས་ནན་ཞུས་དང་། རྒན་ལོ་ཡག  ཚུལ་ཁྲིམས་ཕུན་ཚོགས། རིན་ཆེན་འགྱུར་མེད་སོགས་སྐུ་འཁོར་རྣམས་ཀྱིས་ཀྱང་ཧ་ཅང་ནན་ཞུས་བྱས་མཐར་ཉིད་ནས་སྨན་ཁང་དུ་སོང་ནས་བཅོས་ཐབས་རྩ་བ་ནས་མེད། འོན་ཀྱང་ཁྱོད་ཚོའི་བློ་ཡིད་ཚིམ་གྱི་རེད་ངས་འགྲོ་ཆོག་ཞག་པོ་ཁ་ཤས་བསྡད་ནས་ལོག་འོང་ཨ་གསུངས་ནས་ལྷ་སར་སྨན་ཁང་དུ་གདན་ཞུས་ཀྱིས་སྨན་པར་བརྟག་དཔྱད་བྱེད་བཅུག་པས་སྨན་པ་རྣམས་ཧ་ལས་ནས་གློ་བ་དང་མཁལ་མ་རྩ་བ་ནས་མིན་འདུག་ད་དུང་གསོན་པ་ཡ་མཚན་རེད། ད་དེ་རིང་སང་ཙམ་ལས་འཁྱོལ་གྱི་མ་རེད་མགྱོགས་པོ་ཡར་ལོག་ན་དགའ་ཟེར་བས་ཚང་མ་རེ་ཐག་ཆད། ཞག་པོ་བརྒྱད་ཙམ་ཞིག་བཞུགས་དེར་ཀ་ཚལ་གཉའ་ལྟག་རིན་པོ་ཆེ་དང་འབྲི་གུང་སྐྱབས་མགོན་ཆུང་ཚང་ཆོས་ཀྱི་སྣང་བ་མཆོག་ཕེབས་ནས་ཆེས་མཐའ་མའི་མཇལ་འཛོམས་དང་ཞལ་གསུང་རྣམས་མཛད། བླ་མ་རིན་པོ་ཆེས་ང་རང་འདི་ནས་ཐད་ཀར་འབྲི་གུང་གདན་ས་ཐེལ་དུ་འགྲོ་གི་ཡིན་གཟུགས་ཕུང་འདི་བྱ་ལ་ཕར་སྟེར་དེ་ནས་ཅི་ཡང་མི་དགོས་ཅེས་གསུངས་པས། སྐྱབས་མགོན་རིན་པོ་ཆེ་དང་ཀ་ཚལ་གཉའ་ལྟག་རིན་པོ་ཆེས་ཁྱེད་དེ་ལྟར་མ་གསུངས། ལོ་ངོ་བཞི་བཅུ་ལྷག་ཐུགས་དམ་བཞུགས་སར་རང་གནས་ཡར་བྱོན་ན་ལེགས་ཚུལ་སོགས་གསུངས་པས་དེ་བཞིན་གཟིམ་ཁང་དུ་ཕེབས།   ད་ལྟ་ལྷ་སར་འགྲོ་རྒྱུ་དེ་ཡག་པོ་ཞིག་བྱུང་འབྲི་གུང་སྐྱབས་མགོན་དང་ཀ་ཚལ་གཉའ་ལྟག་རིན་པོ་ཆེ་རྣམ་གཉིས་མཇལ། དེ་མིན་ཤི་ཁར་མཇལ་གྱི་མ་རེད་ཅེས་གཉེས་མཉེས་མཛད།  ཉིན་ཞིག་ཁོང་ནས་ཞབས་ཕྱི་དགའ་སྐྱིད་ལ་སང་ཉིན་གསོན་བྱང་ཞིག་སྤར་ན་གཅིག་བྱས་ན་ང་དྲག་བསྐྱེད་ཡོང་འོང་། གལ་སྲིད་ཤི་ནའང་ཞི་ཁྲོ་གསལ་དགོས་པས་གསོན་པོའི་སྐབས་བཏོན་ན་ཡག་གི་རེད། རིན་ཆེན་འགྱུར་མེད་དང་ཆོས་རྗེ་ཁོང་རྣམ་གཉིས་ཕེབས་རོགས་ཞུས་གསུངས།ཕྱི་ཉིན་རྒྱལ་བ་ཞི་ཁྲོ་རིགས་བསྡུས་ཀྱི་ཆོ་གའི་སྒོ་ནས་ཁོང་ཉིད་ནས་གསོན་བྱང་སྤར་བསྲེགས་མཛད་ཅིང་འཕོ་བ་གསུངས་པས་དེ་ཉིན་བླ་མ་རིན་པོ་ཆེའི་གཟིམ་ཁང་སྟེང་འཇའ་འོད་དཀར་པོ་ཞིག་ཐད་ཀར་ཟུག་པ་གད་ཧོར་གཞུང་ནས་མི་མང་པོས་མཐོང་རྒྱུ་བྱུང་བས་དེ་ཉིན་ནས་ཞིང་ཁམས་སུ་ཕེབས་ཟིན་པ་འདྲ།  དེ་ནས་རབ་བྱུང་བཅུ་བདུན་པའི་མི་ཁྱི་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ཉིན་ཞོགས་པ་ནས་ཁོང་གི་སྙུང་གཞི་རྩ་མེད་དུ་དྭངས། རྒྱུན་གཏན་ཞལ་གསུང་ཆེར་གྲགས་མི་ཐུབ་པ་དང་གསོལ་བ་ཡང་བཞེས་མི་ཐུབ་ཀྱང་དེ་ཉིན་ཁོང་གིས་ངའི་ན་ཚ་དྲག་འདུག་གསུངས། བཞེས་འདུར་དང་གསོལ་ཇ་ཡང་མང་ཙམ་བཞེས་ནས་བདེ་འཆམ་མེར་བཞུགས། སྐུ་འཁོར་རྣམས་དགའ་སྤྲོའི་ངང་གནས།  དེ་ནས་ཚེས་བཅུ་བདུན་དགོང་མོ་བླ་མ་རིན་པོ་ཆེས་ཞབས་ཕྱི་གཞན་དག་ཡོད་ཀྱང་དགའ་སྐྱིད་མོ་གར་འདུག་ཅེས་བོས་ནས་སྤྱན་གྱིས་གཟིགས་ཡག་ཤིག་མཛད་ནས། ད་ཁྱོད་ཀྱིས་ང་ལ་སྐྱོར་མ་ཉུང་ངུ་ཞིག་རྒྱོབ་དང་གསུངས། དེ་གཙང་མ་བཞེས་ནས། བླ་མ་རིན་པོ་ཆེའི་ཚ་མོ་ལོ་མང་རིང་ཞབས་ཕྱི་དགའ་སྐྱིད་ལ་ཡག་བྱུང་ཅེས་གསུང་མཐའ་མ་དེ་བསྩལ་ནས། ད་འགྲིག་སོང་ང་ཉལ་གྱི་ཡིན་ཁྱོད་ཚོ་ཡང་ཉོལ་ཤོག་གསུངས། གཞན་རྣམས་ཉལ་བར་སོང་ཞིང་། རིན་ཆེན་འགྱུར་མེད་དང་། ཚུལ་ཁྲིམས་ཕུན་ཚོགས། ཆོས་རྗེ།  རྒན་ལོ་ཡག་བཅས་སྐུ་མདུན་དུ་མ་ཉལ་བར་བསྡད་པས་ཉིད་ནས་དོ་དགོང་ང་ཉལ་གྱི་ཡིན་ངའི་ཆོས་གོས་གར་འདུག་གསུངས། ཁོང་དགུང་ལོ་བཅུ་གསུམ་ནས་ད་བར་གཟིམ་མ་མྱོང་བས་དོ་དགོང་ཞིང་ལ་ཕེབས་རྒྱུ་རེད་སྙམ། ཆོས་གོས་བཞེས་ནས་གཞོག་གཡས་ཕབ་ཏེ་སེང་གེ་ཉལ་སྟངས་ཀྱིས་བདག་ཅག་གི་སྟོན་པ་མྱ་ངན་ལས་འདའ་བའི་གཟིམ་ཚུལ་ལྟར་གཟིམས། ཆུ་ཚོད་གཉིས་ཙམ་སོང་རྗེས། ང་ཡར་སློང་དང་གསལ་པོ་མི་འདུག  གསལ་པོ་མི་འདུག་ཅེས་གསུངས། རིན་ཆེན་འགྱུར་མེད་ཀྱིས་ཁྲོ་བོའི་སྨེ་བརྩེགས་འདྲ་འདོན་ན་ཞུས་པས། རེད་རེད། ཅེས་ཆོས་དབྱིངས་མཛོད་ཕྱག་དཔེ་ཞིག་གནང་ནས་སྔོན་ལ་དེ་གསལ་པོ་ཞིག་ཐོན་དང་དེ་ནས་ཁྱོད་ཚོས་སྨེ་བརྩེགས་ཐོན་ཨ་གསུངས། རྒྱུན་གཏན་བཞིན་དཀྱིལ་ཀྲུང་ངང་ཕྱག་མཉམ་བཞག་མཛད་དེ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་སྐུ་མྱ་ངན་ལས་འདས་ནས་ལོ་2550 སོང་བའི་ལོ་སྟེ། སྤྱི་ལོ་2005 བོད་མེ་ཁྱི་ལོའི་སྨིན་དྲུག་ཟླ་བའི< བོད་ཟླ་བཅུ་པའི་ཚེས་བཅོ་བརྒྱད>་དམར་ཕྱོགས་རྒྱལ་བ་གསུམ་པའི་ཐོ་རེངས་ཁར་གཡོ་འགུལ་མེད་པར་མཉམ་བཞག་རྩེ་གཅིག་པའི་ངང་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ།།    དེ་ནས་ཀ་ཚལ་གཉའ་ལྟག་རིན་པོ་ཆེ་སྐུ་འཁོར་གྲྭ་དམངས་བཅས་སྔ་མོར་ཕེབས་ནས་གསལ་འདེབས་མཛད་ཅིང་། བླ་མ་རིན་པོ་ཆེ་ཉིད་ཀྱི་བཀའ་སློབ་བཞིན་ཆོས་གྲོགས་ཚེས་བཅུ་པ་རྣམས་དང་གཏེར་སྒྲོམ་མཚམས་རྒན་ཁ་ཤས་སོགས་མཆེད་ལྕམ་བཅུ་བཞི་ཙམ་གྱིས་བླ་མ་རིག་འཛིན་འདུས་པའི་ཚོགས་མཆོད་ཀྱི་སྒོ་ནས་གདུང་ཆོག་ཚོགས་ཤིང་། ཉེ་འཁོར་གྱི་ཉིད་ཀྱི་སློབ་བུར་གྱུར་པའི་ཚེས་བཅུའི་ཚོགས་པ་དང་། མ་ཎི་ཚོགས་པ་བཅས་ཁག་བརྒྱད་ཙམ་རང་འགུལ་ངང་བླ་མའི་གཟིམ་ཁང་གི་གཡས་གཡོན་དུ་སོ་སོར་གུར་ཕུབ་སྟེ། ཀློང་ཆེན་སྙིང་ཐིག་དང་། པད་གླིང་།  སྤྱན་རས་གཟིགས་སྡུག་བསྔལ་རང་གྲོལ། མ་ཎི། བླ་མ་མཆོད་པ་སོགས་ཀྱི་ཆོ་ག་དང་སྨོན་ལམ་སོ་སོར་ཚོགས་ཤིང་།  ཉེ་འཁོར་གྱི་མི་རྣམས་ཡིད་མྱ་ངན་གྱིས་གདུང་བཞིན་ཉིན་མཚན་ཀུན་ཏུ་བླ་མའི་གཟིམ་ཁང་ལ་བསྐོར་བ་བྱེད་བཞིན་གནས། དེ་སྐབས་གཡའ་མ་རི་དགོན་ནས་སྐུ་གདུང་དགོན་པར་གདན་དྲངས་ནས་དགོན་པར་ཞུགས་འབུལ་བྱེད་དགོས་ཞེས་ལས་སྣེ་མོ་ཊ་དང་བཅས་པ་འབྱོར་རུང་། ཡུལ་མི་སློབ་འབངས་རྒན་གྲས་རྣམས་ཀྱིས་ཡུལ་ལུང་པ་རང་ལ་ཕན་ཕྱིར་ཞུགས་འབུལ་གདུང་རྟེན་དང་བཅས་པ་འདི་ག་རང་དུ་བྱེད་དགོས་ཞེས་བཤད།  ཉིད་ཀྱི་གདན་ས་རྩེ་བ་གྲྭ་ཚང་གི་གྲྭ་པ་ཚང་མ་དེར་ཕེབས་ནས་ཉིན་ལྟར་ཆོ་ག་དང་སྨོན་ལམ་ཆོགས་ཤིང་། དེ་བཞིན་གཡའ་མ་རི་དང་ཡངས་རི་སྒར། ཆོས་ལུང་།   རྫོང་རྩེ།   ཀ་ཚལ། འབྲི་ཐེལ། གཏེར་སྒྲོམ། བྱམས་པ་གླིང་།  དཔལ་འབར་དགོན།  ཁྲ་བ་ཁ། འགར་དམ་དགོན་བཅས་ཀྱི་གྲྭ་བཙུན་རྣམས་གདུང་མཇལ་དང་སྦྲགས་ཚོགས་མང་གིས་རང་རང་གི་ཆོ་ག་དང་སྨོན་ལམ་སྟོན་པ་སོགས་བསམ་ཡུལ་ལས་འདས་པ་བྱུང་།  དེ་ནས་ཤུལ་ལུས་རྗེས་འཇུག་རྣམས་ནས་ཀྱང་གདུང་ཆོག་རྒྱ་ཆེར་ཚོགས་ནས་ཞག་བདུན་ཕྲག་གཉིས་ཀྱི་རིང་མཉམ་བཞག་ཐུགས་དམ་ལས་མ་གཡོས་པར་བཞུགས། དེ་ནས་ཐུགས་དམ་ལས་བཞེངས་པར་གསོལ་ནས་ཚེས་ཉེར་བརྒྱད་ནས་སྐུ་གདུང་མཇལ་ཁ་བཏང་བས་ཉིན་གསུམ་གྱི་རིང་གདུང་མཇལ་བ་རྒྱུན་མ་ཆད་པར་ཁྲི་ཕྲག་ལ་ཉེ་བ་བྱུང་།   དེ་ནས་མགོ་ཟླ་བའི་ཚེས་གསུམ་ཉིན་དེ་གའི་ཡུལ་ལུང་ཁག་གི་མང་ཚོགས་སྟོང་ཕྲག་ཁ་ཤས་ཀྱི་དབུས་ན་འབྲི་གུང་དགོན་ཁག་སོ་སོའི་དགེ་འདུན་པ་རྣམས་དང་ཀ་ཚལ་སྐྱབས་རྗེ་གཉའ་ལྟག་ཐུབ་བསྟན་དབང་པོ་མཆོག་གིས་རྒྱལ་བ་ཞི་ཁྲོ་རིགས་བསྡུས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སྐུ་གདུང་དེ་ཉིད་སྔར་གྱི་གཟིམ་ཁང་རྙིང་པའི་ཤུལ་དེ་ཉིད་དུ་སྤུར་ཁང་བརྩེགས་ནས་མེ་ལྷར་མཆོད་དོ།། དེ་ཉིན་མཐོང་སྣང་མི་གཅིག་པ་དུ་མ་བྱུང་སྟེ་འཇའ་ཚོན་སྣ་ལྔ་བཀྲ་བ་དང་། སྤུར་ཁང་ནས་དུད་སྤྲིན་དཀར་པོ་གཅིག་ལྷོ་ཕྱོགས་སུ་ནར་གྱི་སོང་བ་དང་།  སྐུ་གདུང་ལས་འོད་ཟེར་འཕྲོ་བ་སོགས་མི་རྣམས་ལ་ངོ་མཚར་བའི་སྣང་ཚུལ་མང་པོ་བྱུང་འདུག
དེ་ནས་སྤུར་ཁང་དར་ཚོན་སྣ་ལྔས་མགུལ་བ་རྒྱན་ཏེ་འཁོར་ལོ་དང་སྐུ་རྟེན་གྱིས་ཁ་བཅད་ནས་ཉིན་ལྔ་བཞག  ཚེས་བརྒྱད་ཀྱི་ཉིན་གདུང་ཆོག་ཚོགས་མཁན་ཚེས་བཅུའི་ཆོས་གྲོགས་ཟུར་ཁང་རྒན་ཆོས་གྲགས་དང་རའི་ཞང་ཞང་སོགས་དང་།  གཏེར་སྒྲོམ་མཚམས་པ་དཀོན་མཆོག་པད་མོ་དང་ཟླ་བ་གཡང་སྐྱིད།  རིན་ཆེན་འགྱུར་མེད། ཆོས་རྗེ། ཚུལ་ཁྲིམས་ཕུན་ཚོགས་ང་རང་བཅས་མི་གྲངས་སུམ་ཅུ་ལྷག་དང་བཅས་གདུང་ཁང་སྒོ་ཕྱེ་བའི་ཆོ་ག་བྱས་ནས་ག་ལེར་མཇལ་བས་རིང་བསྲེལ་ཁ་དོག་ལྔ་ལྡན་ཧ་ཅང་མང་པོ་འཁྲུངས་འདུག་ཅིང་། སྐུ་རུས་ལ་བྱང་ཆུབ་ལྗོན་པའི་ལོ་རིས་འཁྲུལ་མེད་དོད་པ་ཆེས་མང་པོ་བྱུང་ཞིང་།  ད་དུང་ཆེས་ངོ་མཚར་བ་ཞིག་ལ་གདུང་ཐལ་གསེབ་ནས་སྲིད་ཞིར་མི་གནས་རང་བཞིན་རྫོགས།   ཞེས་པའི་ཡིག་འབྲུ་ཞིག་དོན་འདུག་པ་དེར་ཡོད་ཀུན་གྱིས་མངོན་སུམ་མིག་གི་ཡུལ་དུ་གྱུར། དེ་ནི་སྲིད་པ་ཁམས་གསུམ་འཁོར་བ་དང་ཞི་བ་ཉན་རང་གི་མཐའ་ལ་མི་གནས་པར་རང་བཞིན་ཆོས་དབྱིངས་རྫོགས་པའི་སངས་རྒྱས་ཀྱི་སར་ཕེབས་ཞེས་པའི་དོན་མ་ཡིན་ནམ། ཚང་མ་དད་པའི་འཆི་མ་འཁྲུག་ཅིང་ངོ་མཚར་བར་གྱུར་ཏོ།།  དེ་ལྟར་རྒན་ལོ་ཡག་དང་ཚུལ་ཁྲིམས་ཕུན་ཚོགས། དཀོན་མཆོག་ཚེ་རིང་སོགས་སྐུ་འཁོར་རྣམས་ཀྱིས་སྔ་ཕྱི་བར་གསུམ་གྱི་འགན་འཁུར་བཞེས་ཏེ་སྐུ་རུས་དང་སྤུར་ཐལ་རྣམས་སོ་སོར་གདུང་ཚྭ་བཏབ། གདུང་ཁང་དེར་དེ་དག་གཟུངས་སུ་ཞུགས་པའི་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཐུབ་པའི་རེ་བ་དང་འབད་པ་ཆེན་པོ་བྱས་ཀྱང་། གོང་རིམ་ནས་ཆོག་མཆན་མ་བྱུང་བས་མཐར་ཁང་བུ་བརྩེགས་པ་ཞིག་དང་། ཚྭ་ཁང་། བསང་ཁོག་དར་ཆེན་སྐོར་ལམ་དང་བཅས་པ་ཞིག་བཞེངས་པ་དང་། རིང་བསྲེལ་གྱི་སྙིང་པོ་ཅན་གྱི་གསེར་ཟངས་ཀྱི་བྱང་ཆུབ་མཆོད་རྟེན་གཅིག་དང་བླ་མ་རིན་པོ་ཆེའི་འདྲ་སྐུ་གཅིག་བཅས་བཞེངས་ནས་གདན་ས་རྩེ་བ་དགོན་དུ་གདན་དྲངས་པ་དང་། འདྲ་སྐུ་གཅིག་གཡའ་མ་རིའི་བཤད་གྲྭར་བཞུགས་སུ་གསོལ་ཞིང་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་བསོད་ནམས་གསོག་པའི་ཞིང་ས་བླ་ན་མ་མཆིས་པ་ཞིག་ཏུ་གྱུར་པའོ།།   ཞབས་ཕྱི་མ་དགའ་སྐྱིད་དང་ནང་མི་བཅས་ཀྱིས་ལོ་རེའི་འདས་མཆོད་ཀྱང་ཧ་ཅང་གྲ་རྒྱས་ཕུན་སུམ་ཚོགས་པ་དུས་ཐོག་ཏུ་གཏོང་བཞིན་པ་བཅས་བྱང་སེམས་བདག་ཉིད་ཆེན་པོ་ངེས་དོན་དགེ་བའི་བཤེས་གཉེན་དཀོན་མཆོག་རྣམ་རྒྱལ་རིན་པོ་ཆེའི་སྐུ་ཚེ་གཅིག་གི་མཛད་རྣམ་མདོ་ཙམ་བཀོད་པ་རྫོགས་སོ།།
ཁོང་གི་ཞལ་སློབ་ནི།    འབྲི་ཐེལ་མཁན་བསོད་ནམས་རིན་ཆེན། རྫོགས་ཆེན་བསྟན་འཛིན་བཟང་པོ། གཡའ་རིའི་དགེ་སློང་ཤ་རིའི་བུ།  འབྲི་གུང་དཀོན་མཆོག་རྒྱ་མཚོ།  ཆོས་སྒོ་བ་ཨ་པོ་ནོར་བུ་མཆོག  གཡའ་རིའི་ཚེ་དང་སྒྲུབ་པ་མཉམ་པའི་མཚམས་པ་དགེ་སློང་མཆོག་རང་གྲོལ་དང་དགེ་སློང་ཕུར་བུ་བཀྲ་ཤིས།  དགེ་སློང་བློ་བཟང་།  རིན་ཆེན་འགྱུར་མེད།  གཏེར་སྒྲོམ་མཚམས་པ་དཀོན་མཆོག་པད་མོ། ཟླ་བ་གཡང་སྐྱིད། བསྟན་པའི་སྦྱིན་བདག་ཚ་རོང་བུ་ཚུལ་ཁྲིམས་ཡེ་ཤེས་སོགས་བསྟན་མཁས་ཀྱི་ཡོན་ཏན་ལྡན་ཞིང་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་དགོངས་སྤྱོད་ལ་སློབ་ཅིང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བ་རྣམས་དང་།  གཞན་འབྲི་གུང་དགོན་པ་ཁག་གི་གྲྭ་བཙུན་ཕལ་ཆེ་བ་དམ་པ་དེ་ཉིད་ཀྱི་སློབ་བརྒྱུད་དུ་གྱུར་ཡོད་ཅིང་། གཞན་བཞུགས་གནས་གཡས་གཡོན་གྱི་ཚེས་བཅུ་དང་མ་ཎི། སྨྱུང་གནས་པ། ཐེག་ཆེན་གསོ་སྦྱོང་ལ་གནས་པ་བཅས་ཀྱི་ཁྱིམ་པའི་རྟེན་ཅན་དུ་གྱུར་པ་གྲངས་ལས་འདས་པ་དང་།  དྲིན་ཅན་བླ་མའི་དགོངས་སྤྱོད་ཀྱི་ཆ་ཙམ་ཡང་རྒྱུད་ལ་མ་ཞུགས་པའི་ཁོ་བོ་ཡང་དེ་དག་གི་གྲལ་མཐར་སོང་ཞིང་ངེས་དོན་དགེ་བའི་བཤེས་གཉེན་མཆོག་གི་བཀའ་དྲིན་སྙིང་ནས་གཟོ་ཕྱིར་དང་། བླ་མ་དམ་པའི་ཐུགས་དགོངས་རྫོགས་ཕྱིར་འདི་ཙམ་ཞིག་བགྱིས་པའི་དགེ་བས་དམ་པ་འདི་ཉིད་དང་འབྲེལ་ཚད་ཀྱིས་གཙོས་རང་གཞན་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ལས་གྲོལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག།   ཅེས་དཔལ་ལྡན་བླ་མ་དམ་པ་ཉིད་ཀྱི་སློབ་འབངས་ཀྱི་གྲལ་ཐ་བ་འབྲི་གུང་གཡའ་མ་རིའི་དཀོན་མཆོག་དོན་གྲུབ་བམ་བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་འགལ་བ་ས་གླང་ལོའི་སྟོན་པ་ལྷ་ལས་བབས་པའི་དུས་ཚེས་དགེ་བའི་ཉིན་དབེན་པའི་ཡོན་ཏན་ཀུན་ནས་རྫོགས་པ་གཡའ་རིའི་རང་ཤག་གཙུག་ལག་སྨྲ་བའི་ལྡེང་ཁང་ནས་གྲུབ་པར་བགྱིས་པའོ།།
མཇུག་ཏུ་རྣམ་ཐར་དེབ་ཆུང་འདིར་དཔྱད་གཞིའི་ཟིན་བྲིས་མཁོ་འདོན་བྱེད་མཁན་ཟུར་ཁང་རྒན་ཆོས་གྲགས་དང་། རྭའི་ཞང་ཞང་ལགས།  དབུ་མཛད་འོད་ཟེར་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་དགེ་སློང་ཤ་རིའི་བུ་མཆོག་དང་གཡའ་མ་རི་དགོན་ནས་དེབ་འདིིའི་དཔར་བསྐྲུན་ཐད་མ་དངུལ་བཏང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགེ་སློང་རིན་པོ་ཆེའི་རྣམ་ཐར་འདི་ནི་མཁན་པོ་དཀོན་མཆོག་དོན་གྲུབ་མཆོག་གིས་རྩོམ་གནང་བ་གཞིར་བཞག་ནས་གུས་ཀ་ཚལ་གྲྭ་འཕྲིན་ལས་བཟང་པོས་ཅུང་ཟད་བསྡུས་ཏེ་ཡི་གེར་ཕབ་ནས་དེང་སང་དྲྭ་བའི་ཁ་ཕྱོགས་དང་བསྟུན་ནས་དད་ལྡན་རྣམས་མཇལ་བདེ་བའི་ཆེད་དུ་འདིར་སྤེལ་བའོ།། རྒྱས་པ་གཟིགས་འདོད་ན་མཁན་དཀོན་མཆོག་དོན་གྲུབ་ཀྱིས་མཛད་པའི་དེབ་གཟུགས་དེར་གཟིགས་འཚལ།
ཡོང་ཁུངས། སྲོང་བཙན་གླིང་འཕྲིན་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།