ཁྲི་རྒྱབ་དྲུག་འགྱོགས་ཞེས་པ་ནི། སངས་རྒྱས་བྱང་སེམས་ཀུན་གྱི་བཞུགས་ཁྲིའི་རྒྱབ་ཡོལ་སེམས་ཅན་མི་འདྲ་བ་དྲུག་གིས་བཏེགས་ཡོད་པས་ན་དེ་སྐད་ཅེས་བྱ་ཞིང༌། དེ་ལ་ཁྲི་དྲུག་བཏེགས་སམ་ཁྲི་དྲུག་འགྱོགས་ཀྱང་ཟེར། སེམས་ཅན་འདྲ་མིན་དྲུག་གིས་བཏེགས་ཡོད་པས་དེ་ལྟར་བརྗོད་དོ། །དེ་ཡང་ཡོངས་གྲགས་སུ་ཁྲི་དྲུག་འགྱོགས་དང་རྒྱབ་ཡོལ་དྲུག་འགྱོགས་ཞེས་གཉིས་སུ་དབྱེ་ཡོད་ལ། དེ་གཉིས་ནི་གཏན་ནས་མི་འདྲ་སྟེ། ཁྲི་དྲུག་འགྱོགས་ནི། ཁྲི་རང་ཉིད་ཀྱི་སྟེང་དུ་འབྲེལ་བ་ཡོད་པ་ལས་རྒྱབ་ཡོལ་ལ་མེད་པ་འཕགས་ཡུལ་གྱི་རྡོ་ལས་བྱས་པའི་ཁྲི་དང༌། བོད་གངས་ཅན་གྱི་གནའ་བོའི་དགོན་སྡེའི་འདུ་ཁང་རྙིང་ཁུངས་དག་གི་བཞུགས་ཁྲི་ལས་རྟོགས་ཐུབ།
རྒྱལ་བའི་སྐུ་རྟེན་གྱི་ཁྲི་རྒྱབ་ལ་རྒྱས་བསྡུས་སྣ་ཚོགས་ཤིག་འབྱུང་ཡང༌། བླ་མའི་ཡོན་ཏན་ཡོངས་གཟུང་གི་རྒྱུད་དོན་བཞིན་གདན་ཁྲི་རྒྱབ་ཡོལ་དང་བཅས་པ་ལ་བྱང་ཕྱོགས་ཀྱི་ཆོས་སྡེ་ཚན་བདུན་དག་པའི་ཆོས་དང་སྦྱར་བ་ཁྲི་འགྱོགས་ལེ་ཚན་བདུན་དུ་གྲགས་པ་ནི། ཁྲི་གདན། ཁྲི་གདོང༌། ཁྲི་ཡི་རྐང༌། ཁྲི་རྨང་གཉིས་དང༌། བ་གམ། ལན་ཀན་ཏེ་རྣམ་པ་བདུན་ནོ། །
དེ་ཡང་དབུས་ཀྱི་རྩེར་བྱ་ཁྱུང་དང༌། གཡས་གཡོན་གཉིས་སུ་ཀླུ་མོ༑ཆུ་སྲིན། བུ་ཆུང༌། ཤ་རལ། སེངྒེ་དང༌། གླང་ཆེན་བཅས་དྲུག་གོ།
ཁྲི་ལ་འདེགས་བྱེད་དུ་སེངྒེ་སོགས་ཡོད་པའི་མཚོན་དོན་ནི། སེངྒེས་སྟོབས་བཅུ་དང༌། གླང་ཆེན་གྱིས་སོ་སོར་ཡང་དག་པའི་རིག་པ། རྟ་མཆོག་གིས་དབང་བཅུ། རྨ་བྱས་སྨོན་གནས་ཤེས་པ། ཤང་ཤང་གིས་བྱང་ཆུབ་ཕྱོགས་མཚོན་པ་བཅས་ཡིན་ཞིང༌། འདེགས་བྱེད་ཀྱི་བར་དུ་ནོར་བུས་སྤྲས་པའི་ཀ་བ། བ་གམ། པད་ཆུང་སོགས་རིམ་པ་གཞན་ལའང་པདྨ་པ་ཏྲ། ཕྲ་ཚོམ་སོགས་དང༌། ཁྲི་ཁེབས་མཛེས་པར་བཀོད་པའི་སྟེང་དུ་བྱང་ཕྱོགས་ཀྱི་ཆོས་མཚོན་པའི་ནོར་བུ། སྒྲིབ་པ་གསུམ་གྱི་སྐྱོན་གྱིས་མ་གོས་པ་མཚོན་པའི་པདྨ། བདེན་གཉིས་ལས་དོན་དམ་ཨེ་མཚོན་པའི་ཉི་མ་དང༌། ཀུན་རྫོབ་ཝཾ་མཚོན་བྱེད་ཟླ་བ་ཡིན། རྒྱལ་ཡོལ་གྱི་མཐའ་ལ་ཡོད་པའི་རི་མོས་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་ལ། དེ་ལས་དམའ་ཙམ་གྱི་གཡས་གཡོན་དུ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན་གཉིས་ཡོད་པ་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་གི་ཕྱོགས་གཉིས་ཀྱི་གདུང་ནོར་བུས་སྤྲས་པའི་སྟེང་དུ་ཡོད་པའི་ཆུ་སྲིན་པ་ཏྲའི་མཇུག་མ་ཅན་གྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་གཉིས་སུ་མཛེས་པའི་བུ་ཆུང་ཤིང་ལོ་གྱོན་པ་གཉིས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་གཉིས་སུ་རི་དྭགས་ཤ་རལ་ཅན་རྭ་གཅིག་པ་ཅན་གཉིས་ཡོད་པ་དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་ཏུ་གླང་པོ་ཆེ་རྒྱན་གྱིས་སྤྲས་ཤིང་སྣས་བུམ་པ་བཟུང་བ་དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེ་དག་གི་བར་གསེང་དུ་ཤིང་ལོ་དང་པ་ཏྲ། འབྲས་བུ་དང་མེ་ཏོགའཇའ་སྤྲིན་ཕྲ་ཚོམ་སོགས་བཀོད་པ་ནི་རྒྱན་སྤྲོས་ཡིན་པ་ལས་མཚོན་བྱ་གཞན་མེད། རྒྱབ་ཡོལ་ཁག་ཅིག་གླང་པོ་རིན་པོ་ཆེས་བརྒྱན་པའི་གོང་དུ་གངས་ཀྱི་སེངྒེ་བསྟན་ཏེ་བདུན་རེ་བྱེད་པ་ནི་བོད་བཟོ་ཁོ་ནའི་ལུགས་སུ་སྣང་ངོ༌། ། ཡང་ན། ཀླུས་ལུས་ཀྱི་ལས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ༑ལོག་གཡེམ། ངག་གི་ལས་རྫུན་དང༌། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་སྤོང་བ་བདུན་མཚོན། ཆུ་སྲིན་གྱིས་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན། བུ་ཆུང་གིས་མཁོ་བ་སྦྱིན་པ་དང༌། སྙན་པར་སྨྲ་བ། འཇིག་རྟེན་དོན་མཐུན་པ༑གདུལ་བྱའི་དོན་ལ་བརྩོན་པ་སྟེ་བསྡུ་བའི་དངོས་པོ་བཞི་མཚོན། ཤ་རལ་གྱིས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དམན་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་སོགས་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་སྟོབས་བཅུ་མཚོན། སེངྒེས་བྱང་ཆུབ་སེམས་དཔའི་ས་གཉིས་དྲི་མ་མེད་པ་དང༌། གླང་པོ་ཆེས་ས་གསུམ་པ་འོད་འཕྲོ་བ་སོགས་མཚོན་ཚུལ་ཡང་གསུངས་སོ།།
ལྷན་རྒྱས་སྐུ་ཁམས་བཟང་།
མཚུངས་མེད་བསྟན་དར་ལགས། སྐུ་ཁམས་བཟང་།