གཉའ་ཁྲི་བཙན་པོའི་ཞང་རྒྱུད་ཀྱི་ལོ་རྒྱུས་དང་རིག་དངོས་ཤུལ་རྫས།

གཉའ་ཁྲི་བཙན་པོའི་ཞང་རྒྱུད་ཀྱི་ལོ་རྒྱུས་དང་རིག་དངོས་ཤུལ་རྫས།
གཉའ་ཁྲི་བཙན་པོའི་ཞང་རྒྱུད་ཀྱི་ལོ་རྒྱུས་དང་། རིག་དངོས་ཤུལ་རྫས་རགས་བསྡུས་སུ་བཤད་པ།
 

༈ གཉའ་ཁྲི་བཙན་པོ་ནི་བོད་ཀྱི་རྒྱལ་པོའི་ཐོག་མ་ཡིན་པ་དང་། ཁོང་གི་གདུང་རུས་དང་གང་ནས་བྱོན་པའི་སྐོར་ལ་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་པ་ཡོངས་གྲགས་རེད། གནད་དོན་དེའི་འཁྲིས་ན་ཁོང་གི་ཡུམ་ཕྱོགས་རིགས་རུས་སོགས་དཔྱད་པ་དང་ངོས་འཛིན་ཡོད་པ་ཧ་ཅང་དཀོན་པོ་རེད། དོན་དངོས་ཐོག་དེ་ནི་བོད་ཀྱི་ལོ་རྒྱུས་པ་རྣམས་ཀྱིས་དཔྱད་བརྗོད་དགོས་ངེས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་སྨོས་མེད་རེད། དེས་ན་ད་རེས་ཉེ་ཆར་བརྩད་འཚོལ་ཐུབ་པའི་ཡིག་རིགས་དང་། རིག་གནས་གནའ་ཤུལ་ཁག་ལ་ཕྱོགས་སྡོམ་དང་འབྲེལ་འབྲེལ་ཡོད་ཡིག་ཆ་ཁག་ལ་དཔྱད་བསྡུར་ཅུང་ཟད་བགྱིས་ནས་གོང་གསལ་ཁ་བྱང་ཡོད་པའི་རྩོམ་ཡིག་ཐུང་ངུ་ཞིག་འབྲི་འདོད་བྱུང་། དེ་ཡང་དོན་ཚན་གསུམ་ལ་བསྡུས་ནས་གསལ་བཤད་བྱེད་པར་འདོད་དེ། དང་པོ་གཉའ་ཁྲིའི་ཞང་རྒྱུད་ངོས་འཛིན་དང་དེའི་ལོ་རྒྱུས་ཉུང་ངུ་། གཉིས་པ་དེ་དག་གནས་ཡུལ་དང་ཤུལ་བཞག་དངོས་རྫས། གསུམ་པ་དེ་དག་གི་གནས་ལུགས་སྤྱི་སྡོམས་སུ་བཤད་པ་བཅས་ལས། 

 

༡ གཉའ་ཁྲིའི་ཞང་རྒྱུད་ངོས་འཛིན་དང་དེ་དག་ལོ་རྒྱུས། 1 གཉའ་ཁྲི་བཙན་པོའི་ཞང་རྒྱུད་ངོས་འཛིན། དེ་ཡང་བཤད་སྲོལ་མང་དུ་ཡོད་པ་བསྒྲགས་པ་བོན་ལུགས། གསང་བ་ཆོས་ལུགས། ཡང་གསང་ཐེ་བྲང་ལུགས། ཞེས་ཆེ་བ་གསུམ། དེའི་ནང་ནས་སྒྲགས་པ་བོན་ལུགས་ནི། ཡབ་ཡུམ་གཉིས་ཀ་སྨོས་ཤིང་། བོད་ཀྱི་རུས་ཚོ་རྣམས་དང་འབྲེལ་བདེ་བས་ལྷང་ཙམ་སྨྲ་བ་ལ། འབྲས་སྤུངས་ཀྱི་ཡིག་རྙིང་། ཕྱི་ར ༢༨༨ རྟགས་ཅན། ཆོས་འབྱུང་གསལ་བྱེད་མིག་ཐུར་གྱི། ། འགྲེལ་པ་ཞེས་བྱ་བ་བཞུགས་སོ། །ཞེས་པ་ལྡེབ་༣ན༧པ་ལས། དེ་ནས་རྗེ་གཉའ་ཁྲི་བཙན་པོ་སྤྱན་དྲངས་པ་ལ། གཞུང་ལས་དེ་ནས་སྙ་ཁྲི་བཙན་པོ་བྱོན་པ་ལ། །གླེང་ལུགས་མི་མཐུན་གསང་བགྲགས་ཡང་གསང་ཟེར། །གང་ལྟར་འཐེན་ཀྱང་སྙ་ཁྲི་མཐུན་པ་སྟེ། །དེ་ཡང་སྒྲགས་པའི་ལུགས་ཀྱིས་ལྷ་ལས་ཆད་པར་འདོད། །ལྷ་རབས་མཆེད་བཞི་མཆེད་བདུན་ཚིགས་གཅིག་རྨུ་ཡུལ་བཤུགས་ཏེ་ཁྲི་ནི་རྒྱལ་བ་ཟེར། ། དེའི་བུ་ནི་སྙ་ཁྲིར་བཙན་པོར་གྲགས། །སྙ་ཁྲི་དེ་ཡང་གུང་ལས་དོག་ལ་གཤེགས། །ཞེས་པས་སྟོན་ཏེ། ཞེས་དང་། གསང་བ་རྒྱལ་པོ་ལས་ཆད་པ་ཆོས་ལུགས་སུ་གླེང་བ། བགྲགས་པ་ལྷ་ལས་ཆད་པ་བོན་ལུགས་སུ་གླེང་པ། ཡང་གསང་ཐེ་བྲང་ལས་ཆད་པ་འཚང་ལུགས་སུ་གླེང་པ། གསུམ་ལགས་སྐད། གང་ལྟར་འཐེན་ཀྱང་སྙ་ཁྲི་བཙན་པོར་མཐུན་སྐད་པ། ཞེས་སོགས་མང་ན་ཡང་། འདིར་ཞང་རྒྱུད་དང་འབྲེལ་པ་བསྒྲགས་པ་བོན་ལུགས་ལས། གོང་གི་ཚིགས་བཅད་ཀྱི་དོན། ལྷ་རབས་མཆེད་བཞི་ཞེས་པ་སྲིད་པའི་ལྷ་རབས་བཞི་ཞེས་པ། ཡབ་ལྷ་བདལ་དྲུག་དང་། ཕྱག་ལྷ་བྲམ་ཆེན། རྒྱ་ལྷ་འབྲོང་ནམ། འོ་དེ་གུང་རྒྱལ་བཞི་ཡོད་པ་ལས། གཉིས་མི་ཡུལ་དུ་འགྲོ་དགོས་པ་ཤོ་བརྒྱན་བཏབ་པས། རྒྱ་ལྷ་འབྲོང་ནམ་རྒྱ་མི་མང་གི་ལྷར་བྱོན། འོ་དེ་གུང་རྒྱལ་བོད་དུ་བྱོན། བོད་ཀྱི་ལྷ་ཆེན་ཕལ་ཆེ་བའི་ཕ་རྒན་དུ་གྱུར། གཅེན་ཡབ་ལྷ་བརྡལ་དྲུག་ལ་སྲས་ལྕམ་སྲིང་བརྒྱད་བྱུང་བའི་སྲས་གཅེན་གསུམ་གཅུང་གསུམ་གྱི་བར་པ་བདུན་ཚིགས་ནི་ཁྲི་རྒྱལ་བ་ཞེས་པ་བྱུང་ཞིང་། དེ་ནི་ཡར་ཡབ་དང་གཅེན་རྣམས་ལ་གནོད། མར་ཡུམ་དང་གཅུང་པོ་རྣམས་ལ་གནོད་པས། གནམ་ས་བཅུ་གསུམ་གྱི་སྟེང་ནས། གནམ་རིམ་པ་ལྔའི་སྟེང་དུ་ཞང་པོ་རྨུ་ཡུལ་བཤུགས་པས། ཁོར་འགྲོ་མ་བཏུབ་ནས་ཡབ་ཡུམ་གྱི་སྐོར་ཆག་མང་དུ་བྱིན་ནས་བཤུགས། ཁྲི་རྒྱལ་བ་དང་། དྲེ་རྨུ་དྲེ་བཙན་མོ་བཤོས་པའི་སྲས། ཟླ་བ་ཉའི་ནུབ་མོ་མའི་མགུལ་གྱི་སྙ་ནས་སྐྱེས་པས་སྙ་ཁྲི་བཙན་པོ་ཞེས་ཀྱང་བྱ། ཟླ་བ་ཉའི་ནུབ་མོ་བཙས་པས་ཉ་ཁྲི་ཞེས་ཀྱང་བྱ། དེ་ལྟར་བུ་དེ་གནམ་གུང་ནས་ས་དོག་ལ་བྱོན་པས། སྙ་ཁྲི་དེ་ཡང་གུང་ནས་དོག་ལ་གཤེགས་སྐད་དོ། །ཞེས་པས་གཉའ་ཁྲིའི་ཡུམ་རྨུའི་རིགས་ཡིན་པ་དང་། ཡབ་རྨུའི་ཡུལ་ལ་སྤྱུགས་པ་གསལ་ཞིང་། ཡབ་ལྷ་བདལ་དྲུག་ནི་མེས་པོ་དང་། འོ་དེ་གུང་རྒྱལ་ནི་ཁུ་མེས། འོ་དེ་གུང་རྒྱལ་གྱི་སྲས་ཡར་ལྷ་ཤམ་པོ་སོགས་ནི་ཕ་སྤུན་གྱི་བུ་སྤུན་དུ་གྱུར་པ་ལགས་སོ། །གཞན་ཡང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། ལྡེབ་༡༣༡བ༡ལས། བར་སྣང་ནས་ལྷའི་སྒྲ་སྒྲགས་པ། བཀའི་བོད་འབངས་མགོ་ནག་གི་རྗེ་འདོད་ན། རྨུ་ཡུལ་ངམ་འབྲང་ལྕང་འབྲང་བྱ་བ་ན། གནམ་རིམ་པ་བདུན་གྱིས་སྟེངས། གསེར་མཁར་གཡུ་བད་ཅན་གྱི་ནང་ན་ལྷའི་གདུང་རྨུའི་ཚ་ལྷེ་གཉའ་ཁྲི་བཙན་པོ་བྱ་བ་བཞུགས་ཀྱིས་མགོ་ནག་གི་རྗེར་སྤྱན་དྲོངས་ཅིག་བྱ་བའི་སྒྲ་བྱུང་། ཞེས་དང་། ཡང་། <ཆོས་འབྱུང་གསལ་བྱེད་མིག་ཐུར་གྱི། །འགྲེལ་པ་ཞེས་བྱ་བ་>ལས། རྗེ་དཀར་མ་ཡོ་བདེའི་ཞལ་ནས། རྗེ་གཉའ་ཁྲི་བཙན་པོ་བྱ་བ་ལྷའི་སྲས་པོ་རྨུའི་དབོན་པོ་གཅིག་ཡོད་པས་དེ་སྤྱན་དྲང་ངམ་བྱས་[ན[ནས]། ཞེས་པ་སོགས་ཀྱིས་གཉའ་ཁྲི་བཙན་པོའི་ཞང་པོ་རྨུ་ཡིན་པར་བསྟན་ནས། ཞང་རྒྱུད་དེ་དག་འགའ་ཞིག་གི་གནས་ཡུལ་དང་། ལས་སྟབས་སོགས་རགས་ཙམ་བསྟན་པ་ལ།  <ལྡེའུ་ཆོས་འབྱུང་> ལྡེབ་༡༣༠བ༥དང་། གཉའ་ཁྲི་བཙན་པོ་ཞིབ་འཇུག་ཅེས་པ་P489ལས། ཞང་ཞུང་ཡུལ་དུ་སོང་ཅིག། ཅེས་རྨུ་ཡུལ་དེ་ཞང་ཞུང་ཡིན་པ་འདྲ་ཞིག་བསྟན་ཡོད་པ་རེད། གང་ལྟར་ཕྱིས་སུ་གཉའ་ཁྲིའི་ཞང་རྒྱུད་ཡིན་ཟེར་བ་མང་དག་ཞིག་སྟོད་ཕྱོགས་འདིར་གནས་པ་དང་། དེ་དག་གི་རུས་མིང་འཕོ་འགྱུར་དང་རུས་ཚོ་འགའ་ཞིག་ཏུ་གྱེས་སྐོར་བཅས་ལམ་ཙམ་གསལ་བ་འདི་ལྟར། དེ་ཡང་ལ་སྟོད་ཐང་ཆུང་པར་གྲགས་པའི་གདུང་འཛིན་ཤཱཀྱ་མཆོག་ལྡན་སོགས་ཀྱིས། དུས་རབས་བཅུ་བདུན་པར་རྟེན་གསུམ་མང་དུ་བཞེངས་པའི་<དཀར་ཆག་གསལ་བའི་མེ་ལོང་> ལས། མཉམ་མེད་ཐང་ཆུང་པ་ཡི་བྱིན་གྱིས་བརླབས། །གནས་འདིར་སྐྱེས་པའི་མི་ལ་གྲགས་པའི་གཏམ། །སྔོན་ཚེ་ཆོས་རྒྱལ་གཉའ་ཁྲི་བཙད་པོ་ཡི། །སྐུ་ཞང་བློན་ཆེན་བྱམས་པ་ཐོག་རྒྱལ་གྱི། །རྒྱུད་ལ་བྱམས་པ་ཡེར་ཡེར་ལ་སོགས་པའི། །སྟོད་ཀྱི་གྲོ་ཆེན་བུ་དྲུག་བྱ་བ་བྱུང་། །བེར་དམར་གྱོན་རྒྱུད་སྟོད་པོ་ཞེས་བྱ་དང་། །ཁྲབ་ཀླག་གྱོན་རྒྱུད་དཔོན་པོ་ཞེས་བྱ་དང་། །རྟ་ནག་གཞོན་རྒྱུད་རྒྱ་དཔོན་ཞེས་བྱ་དང་། །དར་ཀློག་གྱོན་རྒྱུད་མེན་གཞང་ཞེས་བྱ་དང་། །རས་ཀློག་གྱོན་རྒྱུད་རྣམས་རུ་ཞེས་བྱ་དང་། །རྩི་ཤོག་གྱོན་རྒྱུད་བཟངས་རྒྱུད་ཞེས་བྱ་དྲུག །ཅེས་པས། གདུང་རྒྱུད་དྲུག་ཏུ་གྱེས་པར་བསྟན་པ་དང་། ཡང་དུས་རབས་གོང་མཚུངས་<བྲག་ནག་གི་རྡོ་རྐོས་མཎ་ཐང་གི་དཀར་ཆག་ཅུང་ཟད་ཆག་ནས་ཆ་ཤས་ཅུང་ཟད་མ་ཚང་བ་ཞིག་གི་ཡིག་ཕྲེང་དྲུག་པ་>ལས། བླ་མའི་དན་ས་རྒོན་ཆེན་གྲག་ནག་འདིར། སྒྲུབ་ཐོབ་རིམས་པར་བྱོན་་་་་་་་་་་<ཡང་དེའི་ཡིག་ཕྲེང་བདུན་པ>ལས། ལྡན་པ་སྟོད་ཀྱི་བདུང་། བེར་རྨར་དགོན་ཀྱི་རྩུན་རྒྱུད་བྲག་ནག་པ། འགྲོ་བའི་འགོན་པོ་ཤཀྱ་སིང་གེ་་་་་་་་་་་་་ཞེས་པ་རྣམས་ཚིག་ཟིན་ལས།  དགོན་ཆེན་བྲག་ནག་འདི་བླ་མའི་གདན་ས་ཡིན་པ་དང་། བླ་མ་ཡང་གཅིག་གཉིས་ཙམ་མ་ཡིན་པ་རིམ་པར་བྱོན་པའི་གནས་ཡིན་ཅིང་། དེ་དག་ཀྱང་གཙོ་བོ་གདུང་རྒྱུད་ཅན་གྱི་བླ་མ་ཡིན་པ། དེའི་གདུང་རུས་ཀྱང་སྤྱིར་སྟོད་པ། དེའི་ནང་ནས་ཀྱང་བེར་དམར་གྱོན་རྒྱུད་བཙུན་རྒྱུད་དུ་གྲགས་པ་ཡིན་པར་གསལ་ལ། གོང་གསལ་དཀར་ཆག་གསལ་བའི་མེ་ལོང་ལས། གཉའ་ཁྲིའི་ཞང་རྒྱུད་དྲུག་ཏུ་གྱེས་པའི་ཡ་གྱལ་བེར་ནག་གྱོན་རྒྱུད་སྟོད་པ་ཞེས་པ་དེ་ཡིན་པ་གུང་འགྲིགས་ཤིང་། ཡང་། སྟོད་པ་ཞེས་པའི་རུས་དེའི་མཆེད་ཁུངས་སྐོར་ལ། <དཔལ་ལྡན་བླ་མ་དམ་པ་ཆོས་ལེགས་མཚན་ཅན་གྱི་རྣམ་ཐར་ཡོན་ཏན་འབྲུག་སྒྲ>སྤར་མ་ལྡེབ་༧ན༢ལས། ཕ་མེས་རྒན་པོ་རྣམས་ཀྱི་གཏམ་ལས་འདི་སྐད་ཅེས་ཐོས་ཏེ། ངའི་རིགས་འདི་དང་པོ་མི་བརྒྱུད་ལྷ་ལས་ཆད་པ། ལྷ་འོད་དེ་གུང་རྒྱལ་གནམ་གྱི་འཇུ་ཐག་ཅན། ལྷ་ལས་དམུ་རུ་ཆད་པ་དམུ་རིན་ཆེན་འབར་བ། དམུ་ལས་བཙན་དུ་ཆད་པ། བཙན་ཐོ་ཐོགས་ཀྱི་དཔོན་པོ་གཡུང་དྲུང་རྒྱལ་བ། བཙན་ལས་མི་རུ་ཆད་པ་སྟོད་མ་བཟངས་ཀྱི་སྐྱེས་གཅིག། སྟོད་ནས་སྟོད་དུ་ཆད་པ་ལས་བུ་སྤུན་གསུམ་བྱུང་སྟེ། བུ་ཆེ་བ་ལས་ཞྭ་ནག་གྱོན་གྱི་ཆེ་བརྒྱུད། བར་པ་ལས་བེར་ནག་གྱོན་གྱི་བཙུན་བརྒྱུད། ཆུང་བ་ལས་རྟ་ནག་གཞོན་གྱི་མགྱོགས་བརྒྱུད་བྱ་བ་གསུམ་བྱུང་སྐད། ཅེས་པ་རྣམས་ཀྱིས་གཉའ་ཁྲི་བཙན་པོའི་ཞང་རྒྱུད་ངོས་འཛིན་ཙམ་བྱས་པར་བསྟན་ལ། 2 དེ་དག་གི་ལོ་རྒྱུས་དང་གནས་ཡུལ་ལམ་ཙམ་བསྟན་པ་ནི། དེ་ལ་བུ་ཆེ་བའི་བརྒྱུད་པ་ནི། ཐོ་ལིང་ནས་མི་རྐྱང་གིས་དགོང་ལྔ་ཙམ་ལྷོ་ནུབ་ཏུ་ཕྱིན་པ་ན་མུ་རང་ཞེས་བྱ་བའི་ཡུལ་ཅིག་ཡོད། དེ་དང་པོ་གུ་གེ་པའི་འོག་ཡིན་པས་དེ་ན་མངའ་བདག་རྩེ་སྡེས་བཏབ་པའི་མུ་རང་མཁར་པོ་ཆེ་ཞེས་བྱ་བ་ཡོད། དེ་ན་ད་ལྟ་སྟོད་སྙེལ་གྲུ་པ་ཞེས་བྱ་བ་གཡོག་གྲོང་ཁྱེར་སུམ་བརྒྱ་ཙམ་དང་བཅས་པ་ཡོད་དེ། དིང་སང་ཁུ་ནུའི་འོག་ཏུ་གཏོགས་པ་ཡིན་པ་འདུག། བར་པའི་བརྒྱུད་པ་ནི། ད་ལྟ་གུ་གེ་རྒྱལ་པོའི་བློན་པོའི་རིགས་མང་དབེར་བ་ཞེས་གྲགས་པ་འདི་ཚོ་ཡིན། བུ་ཆུང་བས་རྟ་འོལ་བ་རྟིང་དཀར་བཟང་པོ་ཅིག་ཡོད་པ་དང་། གསེར་ཐིག་པོ་ར་མཆིན་ཙམ་ཅིག་ཡོད་པ་ཁྱེར་ནས་ཤར་ཕྱོགས་སུ་འོངས་ཏེ། སྤྱིར་ལ་སྟོད་ལྷོའི་སྨད། གཞུང་ཆུ་བོང་ཤོད་གཙང་པོའི་ལྷོ། སྤྱི་མིང་ལ་བ་རོག་[1]གཞུང་ཟེར་བ། དེའི་ནང་གི་གཙོ་ཚོ་[2]གཞུང་བྱ་བ་ཅིག་ཡོད་པ་དེ་བཟུང་ནས་བསྡད། ཅེས་པས་རྨུའི་རུས་དེ་ལས་སྟོད་པ་ཞེས་པ་མཆེད་པ་དང་དེ་ལས་ཀྱང་། སྟོད་སྙེལ་གྲུ་པ་དང་། མང་ཝེར་བ། གཙོ་ཚོ་བ་གསུམ་གྱེས་པ་དང་དེ་དག་གི་གནས་ཡུལ་བཅས་ལམ་ཙམ་བསྟན་པ་དང་། ཡང་<དཔལ་ལྡན་བླ་མ་དམ་པ་ཆོས་ལེགས་མཚན་ཅན་གྱི་རྣམ་ཐར་ཡོན་ཏན་འབྲུག་སྒྲ>སྤར་མ་ལྡེབ་༨བ༦ལས། དེ་ནས་ཇོ་བོ་ཚང་དང་འགྲས་ཆེན་པོ་བྱུང་ནས་ཁྱམ་འགོ་རུ་ཐོན་ཏེ། གཙོ་ཚོ་ཟེར་བའི་ཡུལ་དེ་བཏབ། སྤྱིར་ཡང་། ལས་མདོ་རྒྱ་གར་གླིང་ཆུང་། ཁྱམ་འགོའི་ཁྱུང་རྫོང་སྨུག་པོ། བྲེའི་གནམ་རྫོང་དཀར་པོ་རྣམས་མེན་ཞང་གིས་བཏབ་པའི་རྫོང་ཡིན་ཟེར་ཏེ། ཨེ་བདེན་ནི་མི་ཤེས། དེ་ནས་ཀྱང་ངེད་ཀྱི་རིགས་འདི་ཡར་ཡར་འོངས་ཏེ། 

རྫོང་ཁྲ་རུམ། དེང་སྐབས་སྐྱིད་གྲོང་རྫོང་ཀྲེ་པ་ཤང་ཁོངས་ན་ཡོད། 
རིམ་གྱིས་ཁྲ་རུམ་དང་། མར་ལུང་གི་གཙོ་ཚོ་རྣམས་བཟུང་། ཁྱམ་འགོ་བཟུང་མན་ཆད་གུང་ཐང་ཁབ་པའི་འབངས་སུ་ཞུགས་ཏེ་ཁྲལ་དམག་རྒྱུགས་པས། མེན་ཞང་ཁབ་པའི་རྩ་བའི་མི་སྡེ་ཡིན་ཟེར་བ་ཡང་དེ་ནས་བྱུང་བ་འདྲ། དེ་ཙམ་གྱི་དུས་ན་ལྷོ་ནུབ་[3]གུང་གསུམ་སྡེ་གོ་བཞིས་[4]དབང་བྱས་པས། ཁབ་པའི་གདུང་རྒྱུད་འདིའི་རྒྱལ་ས་ཡང་ཁབ་ལ་མཛད། མངའ་ཐང་ཡང་ཆེན་པོ་མེད་ཅིང་། མཚན་ཡང་བཙད་ཆུང་ཁབ་པ་ཞེས་པ་ཙམ་ལས་མ་གྲགས། ཕྱིས་འགྲོ་མགོན་འཕགས་པའི་སྐུ་དྲིན་ལ། དབོན་འབུམ་ལྡེ་མགོན་གྱི་གཡོག་ཏུ་མངའ་རིས་བརྒྱ་ཚོ་བཅུ་གསུམ་བསྒྲིགས། དབོན་ཆེན་དེ་ཉིད་ཀྱིས་ཀྱང་རྫོང་དཀར་བཏབ་པ་ལ་སོགས་པ་གླང་གི་ལས་སྟབས་བཅུ་གསུམ་ལ་སོགས་པ་ཡང་མཛད་འདུག །དེ་ནས་ཀྱང་ངེད་ཀྱི་མི་རྒྱུད་འདི་ཡར་ཐོན་ཏེ། ཕ་སྒོ་གཉིས་སུ་གྱེས་ནས། ཕུ་བོས་ཀུ་རྩེ་གདོང་གི་རྫོང་དང་། ནུ་བོས་རེ་ལའི་རྫོང་བཟུང་སྟེ། ཕུ་བོའི་རྒྱུད་པ་ལ་སུམ་གཉིས་པ་ཟེར་བ་འདི་དང་། ནུ་བོའི་བརྒྱུད་པ་ལ་གཙོ་ཚོ་པ་ཞེས་གྲགས་པ་འདི་བྱུང་སྟེ། དེ་གཉིས་ལ་སེ་དཔག་གཉིས་ཞེས་ཀྱང་ཟེར་བ་ཡིན། ངེད་ཀྱི་ཕ་མེས་ཚོ་རེ་ལ་ན་གནས་པའི་དུས་ན་ཡང་། རྟ་སྒ་པ་དང་ཡོན་མཆོད་འབྲེལ་ཅན་དུ་སོང་བ་འདྲ་སྟེ། ཞེས་པས། དོན་འདི་དག་བསྟན་ཏེ། a གཙོ་ཚོ་བ་དིང་རིའི་གཙོ་ཚོ་ནས་གཙང་སོའི་ཁྱམ་འགོར་འཕྱུགས་པ་དང་། དེར་གནས་གཞི་རེ་གཉིས་བཟུང་ཞིང་། མིང་གཙོ་ཚོ་བ་རང་འཇགས་སུ་བྱུང་བ། ད་དུང་མིང་གཞན་ཞིག་ཡོད་པ་ནི། མེན་ཞང་ཞེས་པ་ཞིག་ཡོད་པ་བཅས་མངོན་ཞིང་། b གུང་ཐང་ཁབ་པ་སྟེ་གུང་ཐང་རྒྱལ་པོའི་མངའ་ཞབས་སུ་ཞུགས་པ། དེ་ཡང་སྐབས་དེར་བཙད་ཆུང་ཁབ་པ་མངའ་ཐང་མི་ཆེ་བ་བསྟན་པས་དུས་ཀྱང་སྔ་རབས་གུང་ཐང་རྒྱལ་པོའམ་བཙད་པོ་ཁབ་གོང་སྟེང་འདྲ་ཞེས་པ་སོགས་སུ་བཞུགས་པའི་སྐབས་ཡིན་པར་བསྟན་ཅིང་། མངའ་བདག་འབུམ་ལྡེ་མགོན་པོ་ཚུན་ཆད་རྣམས་མངའ་རིས་ཁྱུང་རྫོང་དཀར་མོར་གནས་པའོ། ། 

མར་ལུང་ངམ་མན་ལུང་ཡང་ཟེར།  

 

c དེ་རྗེས་གཙོ་ཚོ་བ་ཁག་གཉིས་སུ་གྱེས་ནས་ཁག་གཅིག་གི་མིང་ལ་སུམ་གཉིས་པ་ཟེར་ཞིང་ཀུ་རྩེ་གདོང་ཞེས་པའི་རྫོང་བཟུང་བ་དང་། ཁག་གཅིག་གིས་རེ་ལ་ཞེས་པའི་རྫོང་བཟུང་ནས་གནས་པ་ལ་གཙོ་ཚོ་པ་ཞེས་མིང་རང་འཇགས་སུ་གནས་པ་རྣམས་བསྟན་ལ། ད་དུང་སྐབས་དེ་ཙམ་ནས་མཚལ་པ་བཀའ་རྒྱུད་ཀྱི་ནང་ཚན་སྟོད་མཚལ་པའི་གདན་ས་ནུབ་རི་རྟ་སྒ་དགོན་དང་མཆོད་ཡོན་དུ་འབྲེལ་ཞིང་། སྐུ་གསུང་ཐུགས་རྟེན་སོགས་ བཞེངས་པའི་སྐོར་སོགས་རིམ་གྱིས་ཡོང་བ་ཡིན་ལ། དེ་དག་འབྲེལ་ལམ་དམ་ཟབ་ཡིན་པའི་སྐོར། <དཔལ་ལྡན་བླ་མ་དམ་པ་ཆོས་ལེགས་མཚན་ཅན་གྱི་རྣམ་ཐར་ཡོན་ཏན་འབྲུག་སྒྲ>སྤར་མ་ལྡེབ་༡༡ན༤ལས། དེ་ཙམ་གྱི་དུས་ན། ཡོན་བདག་གུང་ཐང་ཁབ་པ། བླ་མཆོད་མཚལ་པ། མི་སྡེ་མེན་ཞང་ཡིན་ཟེར་བ་ཡིག་ཚང་རྙིང་པ་འགའ་ཞིག་ན་འདུག་ཅིང་། ཞེས་དང་། <དཔལ་ལྡན་བླ་མ་དམ་པ་ཆོས་ལེགས་མཚན་ཅན་གྱི་རྣམ་ཐར་ཡོན་ཏན་འབྲུག་སྒྲ>སྤར་མ་ལྡེབ་༡༥ན༡ལས། གཞན་ཡང་སྐབས་ཤིག་གི་ཚེ། གཉག་མི་དཔོན་གྱིས་(དམག་དཔོན་)བྱས་པའི་བྱང་པའི་དམག་ཆེན་འོངས་ནས། པུ་རངས་མན་ཆད་ཆམ་ལ་ཕབ་པའི་དུས། བཅུ་དཔོན་ཁྲི་རྒྱལ་འབུམ་ལ་སོགས་པ་མི་དྲག་པ་འགའ་ཞིག་གཡོག་དང་བཅས་པ་ཕྱིན་ནས། ཁོང་ལ་མཉེས་བྱས། ལོ་[5]མ་ལ་ལོ་རེ་བཞིན་ཚེར་མོ་སྟོང་ཕྲག་རེ་འབུལ་བར་བྱས་པའི་དུས་སུ། གཉག་མི་དཔོན་གྱི་གསུང་གིས། ཁྱེད་རང་གི་བྱེད་ལུགས་འདི་ལེགས་པོ་ཡིན། ངས་ཀྱང་ཞུ་གྲོགས་སུ་འགྲོ་བ་བྱེད་པས། ཁྱེད་རང་གི་ཡང་མི་དྲག་པ་འདྲ་ངམ་རིངས་སུ་ཕྱག་འབུལ་ཤོག་གསུངས་པས། བཅུ་དཔོན་ཁྲི་རྒྱལ་[6]འབུམ་གྱིས། གྲལ་དེར་བཅངས་ཙམ་བྱས་ནས། བཛྲ་སཏྭབ་སྦྲོང་ཚད་ཁྲི་མ་ང་ཡི་ཡར་འདྲེན་མིན། །ཡར་འདྲེན་ཡིན་ངོས་ཤེས་ཅིག་རྟ་སྒ་ཤུག་ཁྲོད་མ་གི་ན་ཡོད། །ཞྭ་ཐོ་སྟར་ཐོགས་ཚད་ཁྲི་མ་ང་ཡི་ལུས་རྗེ་མིན། །ལུས་རྗེ་ཡིན་ངོས་ཤེས་ཅིག་ཁྱུང་རྫོང་དཀར་པོ་མ་གི་ན་ཡོད། །དཔོན་ས་བྱང་པ་ལ་ཕྱག་འབུལ་མི་ཞུ་གོང་དུ། །ཁྱུང་རྫོང་དཀར་པོར་ཞལ་ཏ་ཅིག་ཞུ། ཟེར་བའི་གླུ་བླངས། དེ་དུས་གྲལ་གྲོགས་ཀྱིས་གྲུ་མོ་སུག་སུག་བྱེད་དགོས་པ་བྱུང་སྐད། གང་ལྟར་གུང་ཐང་ཁབ་པ་དང་། གཙོ་ཚོ་པའམ་མེན་ཞང་པ་གཉིས་ཀྱི་འབྲེལ་ལམ་སྔ་ཙམ་ནས་བྱུང་བ་མངོན་གསལ་རེད། གཞན་ཡང་<དཔལ་ལྡན་བླ་མ་དམ་པ་ཆོས་ལེགས་མཚན་ཅན་གྱི་རྣམ་ཐར་ཡོན་ཏན་འབྲུག་སྒྲ>སྤར་མ་ལྡེབ་༡༦ན༡ལས། དེ་ཡང་དགུན་གྱི་དུས་སུ། བྱང་གི་ཡུལ་ཕྱོགས་ཁ་བ་ཆུང་བས། འབྲོག་པ་རྣམས་དེར་ལུག་གུ་གློག་པ་ལ། ལྷོ་ཕྱོགས་གྲོ་ཤོད་ནས་བྱང་དུ་འགྲོ་བའི་བར་ལམ། བར་ཡང་གི་ས་ཆ། ཉ་ཀྱུལ་དིང་སྐབས་འབྲོང་པ་རྫོང་ཡག་ར་ཤང་གི་རྟའུ་གྲོང་ཚོའི་ས་ཉ་པ་ཀྱུལ་ལུ་ཞེས་བྱ་བར། མེ་མོ་སྦྲུལ་གྱི་1437ལོ། ཧོར་ཟླ་བཅུ་གཅིག་པ་སྨལ་པོ་མགོས་ཉ་བའི་ཟླ་བའི་ཉེར་གསུམ་གྱི་ནུབ་མོ། སྐར་མ་བྱ་མ་ལ་བབ་པ་ན་བཙས་པ་ཡིན་ཟེར། ཞེས་འཁོད་པས། སྐབས་དེ་དུས་ཀྱི་གནས་ཡུལ་ལམ་ཙམ་ཤེས། ཡང་རྣམ་ཐར་དེའི་ལྡེབ་༢༤ན༦ལས། དེ་ཙམ་གྱི་དུས་ན་གཙོ་ཚོ་པ་ཡང་སྟོབས་ཆེ་སྟེ། གཉེན་ཟླ་ཡང་། སྟོད་ཀྱི་པུ་རངས་པ་དང་། རུ་ཐོག་པ་དང་། གུག་བློན་བླ་བསྐོར་བ་དང་། བར་གྱི་དོལ་པོ་ར་ནག་པ་དང་། སུམ་ཁྲ་བ་དང་། ཤི་ཚ་བ་དང་། བདེ་བ་ཅན་པ་དང་། སྨོས་ཐང་པ་དང་། སྨད་ཀྱི་ཁང་གསམ་པ་ལ་སོགས་པ་ཡིན། ཁྱད་པར་ཁྲི་རྒྱལ་འབུམ་གྱི་སྲས་པོ། བཅུ་དཔོན་རིག་འཛིན་འབུམ་གྱིས་ཡབ་གྲོངས་དུས། དགོན་གོ་གསུམ་གྱི་བླ་མ་དགེ་འདུན་དང་བཅས་པའི་གཙོ་བོ་ལ། རྟ་སྒ་ནས་བླ་ཆེན་ཤཱཀྱ་པ་དཔོན་སློབ་ཉི་ཤུ་རྩ་གཅིག་སྤྱན་དྲངས། དེའི་ཚེ་བླ་ཆེན་པའི་དྲུང་དུ་འབུལ་བ་ཇི་ཙམ་བྱེད་ཀྱི་གྲོས་བྱུང་དུས། ཁྲི་རྒྱལ་འབུམ་གྱི་ཡབ་མདོ་སྡེ་གྲོངས་པའི་དུས་སུ། རྟ་སྒ་བླ་ཆེན་པ་ལ་རྟ་བདུན་གྱིས་མགོ་བྱས་ཕུལ་འདུག་པ་ལ། རིག་འཛིན་འབུམ་གྱི་ཨ་ཁུ་དཀོན་མཆོག་འབུམ་ན་རེ། ངའི་ཕ་དང་ཁྱོད་ཀྱི་ཕ་ཡང་ཅུང་མི་འདྲ། ང་དང་ཁྱོད་ཀྱང་ཅུང་མི་འདྲ་བས་རྟ་གཉིས་ཆོག་ལ་བཅོ་ལྔ་ཕུལ་ཟེར་ནས། རུ་ཐོག་གྲ་བོས་མགོ་བྱས་ཀྱི་རྟ་བཅོ་ལྔ། རས་ཟོང་དང་། གསེར་དངུལ་སོགས་ཀྱིས་བརྒྱན་པ་ཕུལ། ཕྱག་ཕྱི་པ་ཉི་ཤུ་པོ་རེ་རེ་ལ། ཏིམ་བི་རེ། རྔ་མ་རེ། བལ་སྐྱེར་རེ། སྣམ་བུ་རེ། ཀ་དན་རེ། ཕྱིང་པ་རེ། ལུ་གུ་རེ། ར་མ་རེ། ཐོང་པ་རེ། མ་མོ་རེ། ཁལ་པ་རེ་རྣམས་ཕུལ་ཟེར་བ། དེ་དུས་ཀྱི་ཕྱག་ཕྱི་ཉེ་གནས་ཆོས་ཀྱི་བཀྲ་ཤིས་ཟེར་བའི་ཁ་ནས་ཐོས་ཤིང་། འདི་འདྲའི་རིགས་ལ་གཡག་ཤད་གྲུས་རེ་ཙམ་ཡང་འོང་བར་རིགས་ཏེ། ང་རང་ལ་ནི་དེའི་ངེས་ཤེས་མེད། ཅེས་གསུངས་པས། སྐབས་དེར་གཙོ་ཚོ་པའམ་མེན་ཞང་པ་རྣམས་ཀྱི་ཁྱབ་ཁོངས་དང་། མངའ་ཐང་། མཆོད་ཡུལ་གཙོ་བོ་བཅས་ལམ་ཙམ་གསལ་ལ། གཞན་ཡང་རྣམ་ཐར་དེ་དང་། གུང་ཐང་རྒྱལ་རབས་རྣམས་ནས། བཟང་རྒྱུད་པ་ཞེས་པའི་འབྲོག་པའི་དཔོན་པོ་ཞིག་བསྟན་པས། གོང་གསལ་བྲག་ནག་གི་དཀར་ཆག་གསལ་བའི་མེ་ལོང་གིས། གཉའ་ཁྲིའི་ཞང་རྒྱུད་རུས་ཚན་དྲུག་ཏུ་གྱེས་པར་བཤད་པ་རྣམས་ལ་རྒྱབ་བརྟེན་ཡིག་ཆ་ཁུངས་ལྡན་བྱུང་བས། བདེན་པའི་གནས་ལུགས་ཆེན་པོ་ཞིག་ཡིན་ནམ་བསམ་མོ། །

༢ གཉའ་ཁྲི་བཙན་པོའི་ཞང་རྒྱུད་རྣམས་ཀྱིས་བཞག་པའི་འཛུགས་སྐྲུན་མཁར་ཤུལ་དང་། དགོན་ཤུལ། རིག་གནས་ཤུལ་རྫས། རྡོ་བསྐོས་ཡི་གེ། དཀར་ཆག་དང་རྣམ་ཐར་སོགས་ཀྱི་སྐོར། 1 བྲག་ནག་ཐང་ཆུང་པའི་སྐོར་ལ། བྲག་ནག་ཐང་ཆུང་ཞེས་པ་བྲག་ནག་མང་པོ་ཡོད་པ་ལས། གཙང་སོའི་བྲག་ནག་ཡིན་ལ། ཐང་ཆུང་ཡང་དེའི་ཆ་ཤས་ཤིག་གི་མིང་ཡིན། དིང་སྐབས་སྐྱིད་གྲོང་རྫོང་བྲག་སྣེའམ་བྲག་ནག་ཤང་ཞེས་པའི་གནས་ཡུལ་ཡིན། དེར་སྔོན་དུས་སུ་ཐང་ཆུང་པ་ཞེས་པའི་གདུང་རྒྱུད་འཛིན་པའི་བླ་མ་སྐད་གྲགས་ཅན་མང་དུ་བྱུང་བར་གྲགས་ཤིང་། དེའི་ཁུངས་ཡང་གོང་གི་དཀར་ཆག་ཁག་ནས་བསྟན་པའི་གཉའ་ཁྲིའི་ཞང་རྒྱུད། སྤྱིར་གྱི་མིང་སྟོད་པ། བྱེ་བྲག་གི་མིང་བེར་དམར་རམ་བེར་ནག་གྱོན་རྒྱུད་བཙུན་རྒྱུད་དུ་གྲགས་པ་དེ་ཡིན་པར་བཤད་ལ། དེ་ཡི་རྒྱུད་ལ། མི་སྣ་གྲགས་ཆེན། ཞི་བྱེད་སྐམ་ལུགས་ཀྱི་བླ་མ་སྤྲུལ་སྐུ་ཐང་ཆུང་པ་དང་། ཀརྨ་པ་དུས་གསུམ་མཁྱེན་པའི་སློབ་མར་གཏོགས་ཤིང་། མི་ཉག་རྒྱལ་པོའི་དབུ་བླ་གཙང་སོ་(11??-1216)པ། འགྲོ་མགོན་འཕགས་པ་དང་ཐོག་མཚུངས་པ་ཐང་ཆུང་པ་ཤཱཀྱ་སེང་གེ། ལྔ་པ་ཆེན་པོའི་སྐབས་ཀྱི་ཐང་ཆུང་པ་ཤཱཀྱ་མཆོག་ལྡན་སོགས་མཚན་སྙན་ཅན་མང་པོ་བྱུང་ཡོད་ངེས་ཀྱང་། མང་པོ་ཞིག་གི་མཚན་དང་ལོ་རྒྱུས་རྙེད་སོན་མ་ཐུབ་པ་རེད། འོན་ཀྱང་དེ་དག་གིས་བཞེངས་སྐྲུན་བྱས་པའི་འཛུགས་སྐྲུན་དངོས་པོ་བྲག་ནག་འདིར་ལྷག་པ་མཆོད་རྟེན་རྣམ་རྒྱལ་དང་། བླ་བྲང་ཁྲ་མོ་འཇིག་ཤུལ། དེ་ནས་རྙེད་པའི་གསུང་རབ་མདོ་ལངྒར་གཤེགས་པ་གསེར་བྲིས། མཐའ་ཤོག་སྐྱ་ཤོག་ཅན། དགོངས་པ་ངེས་པར་འགྲེལ་པ་གསེར་བྲིས། སྔ་མ་ཁ་ཤོག་དང་ཤོག་བུ་གཉིས་ཙམ་ལས་མ་ལྷག་པ་དང་། རྗེས་མ་པོད་ཆེན་ལྡེབ་གྲངས་༣༩༠ཅན་ཞབས་ཤོག་ལ་གཡས་གཡོན་གཉིས་སུ་ལྷ་ཚོན་མ་དང་བཅས། ཀ་རྟགས་ཡོད་པ་ཞིག་ཕལ་ཆེ་བ་ཡོད་པ་དང་། དུས་རས་བཅུ་བདུན་པའི་ནང་དུ་ཐང་ཆུང་པ་ཤཱཀྱ་མཆོག་ལྡན་སྐབས་སུ་བཞེངས་པ་ཡིན་ངེས་པའི་གསུང་རབ་སོགས་རྟེན་གསུམ་གཞན་དག་བཞེངས་པའི་དཀར་ཆག་རྣམ་གྲངས་གསུམ། དུས་ཚོད་དེ་མཚུངས། རྡོ་རྐོས་མ་ཎི་བཞེངས་པའི་དཀར་ཆག་ཆག་གྲུམ་གང་འཚམས་སོང་བ་གཉིས་བཅས་ཡོད་པ་དང་། བླ་བྲང་ཁྲ་མོའི་ཀ་སྟེགས། རྡོ་ལ་བཟོས་རྐོས་བགྱིས་ཤིང་ལོགས་ལ་ཀ་རྟགས་ཡོད་པ། ༼དང་རྟགས་ཅན་གཉིས། བཅས་བཞུགས་ཤིང་། དཀར་ཆག་རྣམས་སུ་བྲག་ནག་གི་ས་དབྱིབས་དང་། གནས་ཡུལ། དེ་དག་གི་ཡོན་ཏན། དེར་གནས་པའི་ཐང་ཆུང་པ་སོགས་ཀྱི་ཆེ་བཤད། རྒྱལ་རབས་དང་ཆོས་ཀྱི་གནས་ལུགས་བཤད་སྲོལ་སྤྱི་མཚུངས་ཀྱིས་མདོར་བསྡུས་ཚིགས་བཅད་དུ་བསྡེབས་པ་སོགས་བཞུགས་ཤིང་། དེ་ཡང་དཔེ་མཚོན་ཙམ་དྲངས་ན། འདི་ལྟར། སྤྱན་རས་གཟིགས་དབང་ཞིང་ཁངས་བོད་འདིར་ནི། །ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་རིང་། །ལོ་པན་སྒྲུབ་སྙེས་སྐར་ཚོགས་ལྟ་བུ་ཡི། །མདོ་སྔགས་ཆོས་ཆར་བསམ་གྱི་མི་ཁྱབ་ཕབ། །སྟན་པའི་སྙིང་པོ་གངས་རིའི་ལྗོངས་འདིར་དར། །དར་བའི་ནང་ནས་འཛིན་སྐྱོང་སྤེལ་བའི་ས། །རྡོ་རྗེ་གདན་བྱང་རྫིང་བུ་དལ་འབབ་ལྷོ། །ཆོས་འཁོར་ལྷ་སའི་ནུབ་ཕྱོགས་ཏེ་སེའི་ཤར། །དེ་བཞིའི་དབུས་འགྱུར་གཙང་སྟོད་བྲག་ནག་ཅེས། །བྲག་རི་ཨུ་དཔལ་འདྲ་བའི་པདྨའི་སྟེང་། །རྒྱབ་རི་སེང་ཆེན་འགྱིང་ལྟར་བརྗིད་ལྡན་མཐོ། །མདུན་ན་ཐང་ཆེན་མཎྜལ་འཕུལ་བ་འདྲ་ཞིང་། །གཡས་ན་འབྲུ་བཅུད་སྣ་ཚོགས་སྨིན་པའི་ས། ། གཡོན་ན་ཆུ་རླུང་དཔག་ཤུ་དལ་གྱི་འབབ། །མ་དང་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས། ། མཉམ་མེད་ཐང་ཆུང་པ་ཡི་བྱིན་གྱིས་བརླབས། །གནས་འདིར་སྐྱེས་པའི་མི་ལ་གྲགས་པའི་གཏམ། །སྔོན་ཚེ་ཆོས་རྒྱལ་གཉའ་ཁྲི་བཙད་པོ་ཡི། །སྐུ་ཞང་བློན་ཆེན་བྱམས་པ་ཐོག་རྒྱལ་གྱི། ། རྒྱུད་ལ་བྱམས་པ་ཡེར་ཡེར་ལ་སོགས་པའི། །སྟོད་ཀྱི་གྲོ་ཆེན་བུ་དྲུག་བྱ་བ་བྱུང་། ། བེར་དམར་གྱོན་རྒྱུད་སྟོད་པོ་ཞེས་བྱ་དང་། །ཁྲབ་ཀླག་གྱོན་རྒྱུད་དཔོན་པོ་ཞེས་བྱ་དང་། །རྟ་ནག་གཞོན་རྒྱུད་རྒྱ་དཔོན་ཞེས་བྱ་དང་། །དར་ཀློག་གྱོན་རྒྱུད་མེན་གཞང་ཞེས་བྱ་དང་། །རས་ཀློག་གྱོན་རྒྱུད་རྣམས་རུ་ཞེས་བྱ་དང་། །རྩི་ཤོག་གྱོན་རྒྱུད་བཟངས་རྒྱུད་ཞེས་བྱ་དྲུག །དེ་རྣམས་ནང་མེན་གཞང་པ་ཡི་རྒྱུད། །སྲེགས་བཅད་བདར་བའི་གསེར་བཞིན་སྐྱོན་བྲལ་བ། །མཆོད་འོས་ཐོད་བཞིན་འཁུར་བའི་དད་པ་ཅན། །མཆོད་རྫས་ལྷུན་པོ་འདེགས་པའི་སྟོབས་པོ་ཆེ། ། གཏོང་ཕོད་ལུགས་རྒྱས་སྤྲས་པའི་ཡོན་བདག་ནི། །བསླབ་གསུམ་ལྡན་པའི་རབ་བྱུང་སྟན་རྡོར་དང་། །བསམ་ཤེས་དད་ལྡན་བསམ་འགྲུབ་ཚེ་རིང་། སྨྲ་མཁས་དཔའ་རྩལ་ལྡན་པའི་བཀྲས་ཚེ་དང་། །བློ་གསལ་ཡིད་གཞུངས་བསོད་ནམས་ཚེ་རིང་དང་། །འཕགས་པའི་ཚུལ་འཛིན་ཨ་ནི་ཆོས་སྒྲོན་དང་། །རིགས་རུས་ཕུན་ཚོགས་ཨ་ར་པའི་རྒྱུད། །བཞིན་མཛེས་ཡིད་འོང་སྒྲོལ་མ་ཚེ་རིང་དང་། །གབ་གོ་པ་ཞེས་ཆེ་བའི་རུས་འཛིན་མ། །ལྷ་མོར་འདྲན་བཟོད་རྣམ་རྒྱལ་དཔལ་མོ་བཅས། །སྐུ་མཆེད་ཡབ་ཡུམ་སྲས་བཅས་ཐམས་ཅད་ཀྱིས། །ཐུགས་དགོངས་དཀར་པོའི་དགེ་ལ་ལེགས་མཐུན་ནས། །སངས་རྒྱས་བསྟན་པ་རབ་ཏུ་རྒྱས་ཕྱིར་དང་། །ཐུབ་སྟན་དམ་ཆོས་ཀུན་གྱི་མངའ་བདག་མཆོག །སྟན་འཛིན་ལྷ་མི་ཡོངས་ཀྱི་བཙུག་གི་རྒྱན། །སྟོན་པ་བུ་རམ་ཤིང་པའི་རྒྱལ་ཚབ་ནི། །རྣམ་འདྲེན་དམ་པ་བློ་བཟང་རྒྱ་མཚོ་ཡི། །ཞབས་པད་བསྐལ་བརྒྱའི་བར་དུ་བསྟན་ཕྱིར་དང་། །སྔོན་བསགས་བསོད་ནམས་སྤུངས་པའི་ལྷུན་པོ་ལ། །མངའ་འབངས་ཆུ་གཏེར་རྒྱས་པའི་རྒྱ་མཚོས་མཆོད། །མཐོ་དམན་ཀུན་ལ་སྙོམས་པའི་ཉིན་བྱེད་པོ། །ལུགས་གཉིས་འཁོར་ལོ་སྒྱུར་རྒྱལ་ཆེན་པོ་ནི། །སངས་རྒྱས་རྒྱ་མཚོའི་ཞབས་པད་བསྟན་ཕྱིར་དང་། ། བྲག་ནག་གདུང་རྒྱུད་སྐུ་ཚེ་བསྟན་ཕྱིར་དང་། །མཁའ་སྙམས་སེམས་ཅན་སངས་རྒྱས་ཐོབ་ཕྱིར་དང་། །ཁྱད་པར་ཚེ་འདས་ཕ་ཆེན་གཙོམ་མཆོག་དང་། །ཡུམ་ཆེན་བསོད་ནམས་སངས་རྒྱས་ཐོབ་ཕྱིར་དང་། །ད་ལྟར་ཞལ་བཞུགས་སྡིག་སྒྲིབ་སྦྱང་ཕྱིར་དང་། །ཚེ་འདིའི་འགལ་རྐྱེན་མ་ལུས་སེལ་ཕྱིར་དང་། །རབ་དགེའི་མཐུན་རྐྱེན་ཐམས་ཅད་འགྲུབ་ཕྱིར་དང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་ཕྱིར་དང་། །སྒྱུ་མའི་ནོར་ལ་སྙིང་པོ་སླང་ཕྱིར་དུ། །སྟོབས་བཅུ་མངའ་བ་ཤཱཀྱ་སེང་གེ་ཡི། ། ཐུགས་ཀྱི་དཔལ་བེའུ་ལས་སྟོན་ཚེམས་ཀྱི་ནི། །གདུང་བར་གནས་གསུངས་ལྗགས་ཀྱི་པདྨོ་ལ། ། སྔོན་པར་རབ་བཀྲམ་བཀའི་འཁོར་ལོ་ནི། །བར་བར་གྲགས་པའི་འཕགས་པ་བརྒྱད་སྟོང་པ། ། འདུས་པ་ཆེན་པོ་ཏོག་གི་གཟུངས་དང་ནི། །གཟུངས་ཆེན་སྒྲལ་ལྔ་གསེར་འོད་དམ་ཆེན་དང་། ། ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི། །བཀའི་སྙིང་པོ་བར་དོ་ཐོས་གྲོལ་བཞེངས། །རབ་དཀར་ཤོག་བུ་གངས་རི་ལྟ་བུ་ལ། །རབ་སྣག་ཆུ་འཛིན་བུང་བའི་མདངས་དང་ལྡན། །རབ་ལེགས་འཕྲུལ་ཡིག་ཕྱག་ཚད་ལྡན་པ་འདི། །སྔོན་ཚེ་རྒྱལ་བའི་ཐུགས་ཀྱི་ཀློང་དུ་ཤར། །ཀུན་བཟང་དོན་གྱི་ཡི་གེ་ཞེས་བྱ་ཡིན། །ཞེས་སོགས་རྒྱས་པར་བཞུགས་ཀྱང་། འདིར་དེ་ཙམ་ཡིན་ནོ། །

མཆོད་རྟེན་རྣམ་རྒྱལ།  

 

ཐང་ཆུང་བའི་བླ་བྲང་ཁྲ་མོའི་ཤུལ། 

མདོ་དགོངས་པ་ངེས་འགྲེལ་གསེར་བྲིས། 

རྡོ་བརྐོད་མ་ཎིའི་དཀར་ཆག

ཀ་གདན་ག་དང་ཏ། 

དེ་བཞིན་དུ་ཡུལ་གྲོང་གཞན་དུ་ཡང་སྟོད་པ་ཞེས་པའི་རུས་རྒྱུད་འདིས་མ་ཎི་རྡོ་རྐོས་བཞེངས་པ་འདི་ལྟར། རྫོང་དང་ཤང་བྲག་ནག་དང་གཅིག་མཚུངས་དཔལ་ཁུད་མཚོའི་ཤར་སྣེ་ན་གནས་པའི་གུང་མུར་གྲོང་སྡེར། མཎ་ཐང་གི་དཀར་འགའ་ཞིག་ཡོད་པ་ལས། གཅིག་དྲངས་ན། འདི་ལྟར།

༡ ༄༅།། ན་མོ་ལོ་ཀི་ཤ་ར་

༢ ཡ།། སྤྱན་རས་གཟིགས་ལ་ཕྱག་

༣ འཚལ་ལོ།། སྐུ་ཞི་མ་ཎི་འབུར་མ་

༤ སུཾརྱ་[7]ཁ་ཡར་འདི།། རིགས་

༥ རུས་ཁུངས་བཙུན་འོད་གསལ་

༦ བསྟོད་ཀྱི་རྒྱུད། དད་ཙོན་ལྡན་པ་

༧ མི་དཔོན་འཕན་དར་ཀྱིས།། ཕ་མས་

༨ ཙོ་བྱས་སེཾས་ཅན་ཐཾདང་།། ཁྱད་པར་

༩ ཡུཾ་གྱི་བྲིན་ལན་བསབ་ཕྱིར་ཞེངྶ།

༡༠ ཨེ་མ་འཛམ་གླིང་རྒྱན་ཕྱེད་དུ། ཀྲིས།

ཡང་གཅིག་ལ་འདི་ལྟར།

༡ ༄། །ན་མོ་ལོ་ཀེ་ཤྭ་ར་ཡ།

༢ གསུང་མཆོག་ཡིག་དྲུག་འབུར་

༣ མ་སུམ་རྒྱ་འདི། མི་ཡི་མཆོག་གྱུར་བསོད་ནམས་དཔལ་དང་

༤ ལྡན། རིགས་རུས་ལྡན་པ་རུས་ཆེན་ཊོད་[8]ཀྱི་རྒྱུད། ཡོན་གྱི་བདག་པོ་མི་

༥ དཔོན་འཕན་དར་ལྕམ་སྲིན་གཉིས་གྱི། བསགྶ་པའི་ནོར་ལ་སྙིང་པོ་ལེན་པ་དང་། །ཁྱད་པར་

༦ ཡབ་དཔལ་འགོན། ཡུམ་ལྷ་མོ་གཉྶི་གི་དྲིན་ལན་བསབ་ཕྱིར་དང་། བདེ་བར་གཤེགས་པ་རྣཾས་ཀྱི་ཐུགྶ་དགོངས་

༧ རྫོགས་ཕྱིར་དང་། རང་གཞན་སེཾས་ཅན་ཐམས་ཅད་སྡིག་སྒྲིབ་སྦྱང་ཕྱིར་དང་།

༨ ཁྱད་པར་ཚེ་ལ་མི་ཊག་མཆི་བ་དྲན་ཕྱིར་གཞེངས། །དགེ་བས་འགྲོ་

༩ ཀུན་སངས་རྒྱས་མྱུར་ཐོབ་ཤོག །

ཡང་རྫོང་གོང་མཚུངས། ཀྲེ་པ་ཤང་གི་བྱ་མང་པོ་གྲོང་སྡེར། རྡོ་རྐོས་མ་ཎིའི་དཀར་ཆག་གཅིག་ལ་འདི་ལྟར།

 
༡ ༄༅། ན་མོ་ལོ་ཀེ་ཤ་ར་ཡ། ཆོས་དབྱིངས་སྤྲོས་བྲལ་རྒྱལ་བ་འོད་དཔག་མེད། དེ་ཆེན་ལོངས་སྐུ་མགོན་༢ པོ་སྤྱན་རས་གཟིགས། སྤྲུལ་སྐུ་འགྲོ་བའི་དོན་མཛད་སྲོང་རྩེན་གམ། རྣམ་པར་གཟིགས་པའི་གསུང་ལ་ཕྱག་འཚལ་ལོ། །

༣ ཀྱཻ། གླིང་གི་མཆོག་གྱུར་ལྷོ་ཕྱོགས་འཛམ་བུ་གླིང་། དམ་ཆོས་དར་བ་བོད་ཡུལ་ཟལ་མོའི་གང་། །  ཨེ་མ་ཧོ། ཡུལ་ལ་

༤ གཡང་ཕྱགས་དཔལྡན་མང་པོ་ནས། རིགས་རུས་ཁུངས་གཙུན་ཕ་ཆེན་སྟོད་གྱིས་རྒྱུད། ཡོན་གྱི་བདག་པོ་

༥ ཇོ་མོ་ཕུན་ཚོགས་དང་། ཕྱུག་པོ་བསོད་རྣཾས་རྒྱལ་མགོན་པོ་དང་། སྦྱིན་པའི་བདག་མོ་བྱང་སེམས་དཔལ་མོ་དང་།

༦ མཚོ་རྒྱལ་བསོད་ནམས་བུ་སྲིང་མ་སྨད་སོགས། དྲིན་ཅན་ཕ་མའི་དྲིན་ལན་བསམ་ཕྱིརཾ། བདེ་བར་གཤེགས་པ་

༧ ཐུགས་དགོངས་རྫོགས་ཕྱིར་དུ། བོད་ཀྱི་ཆོས་སྐལ་ཡིག་དྲུག་འབུར་སྟོན་ནི། སྔ་ཕྱིར་འདོམས་པས་ཉིས་སྟོང་ཁ་

༨ འཐོར་བཞེངས། བཀྲ་ཤིས། འདི་ཕྱིར་འབྲེལ་ཐོགས་ཀུན་ཀྱང་བདེ་བ་ཅན་དུ་སྐྱེ་བར་ཤོག།  བཀྲ་ཤིས་ཞལ་གྲོ།

༈ གཞན་ཡང་རེ་ལ་རྫོང་ཞེས་པ། ས་དགའ་རྫོང་གི་འཕྲང་འགོ་ཤང་ན་ཡོད་པར་འདུག་ཀྱང་ད་རེས་པར་ལེན་མ་ཐུབ། རྫོང་གཞན་རེ་གཉིས་དང་ས་གནས་རེ་གཉིས་ད་དུང་སླད་ནས་རྩད་འཚོལ་བྱ་དགོས་པ་བཅས་ལགས་སོ། །

༣ དེ་དག་གི་གནས་ལུགས་སྤྱི་སྡོམས་སུ་བཤད་པ་ནི། གང་ལྟར་གཉའ་ཁྲི་བཙན་པོའི་ཞང་པོའི་བུ་རྒྱུད་དུ་གཏོགས་མང་པོ་ཞིག་དིང་སྐབས་ཀྱི་སྐྱིད་གྲོང་དང་། ས་དགའ། འབྲོང་པ་བཅས་རྫོང་གསུམ་གྱི་ཁོངས་གནས་ཡོད་པར་མངོན་ཞིང་། མང་ཆེ་བ་དཔོན་རྒྱུད་ལྟ་བུར་སོང་བ་དང་། དེ་དག་གི་ནང་ནས་གཙོ་ཚོ་བའི་མི་ངོ་ཆོས་ལེགས་མཚན་ཅན་(1437-1521)གྱིས་ཆོས་མཛད་པའི་བཀའ་རྙིང་བོ་དོང་དང་བཅས་པ་ལ་མཁས་གྲགས་མཛད་རྗེས་ཆེ་བའི་བླ་མ་དང་། གོང་གསལ་གཉའ་ཁྲིའི་ཞང་རྒྱུད་རུས་རྒྱུད་དྲུག་ཏུ་ཕྱིན་པའི་ཡ་གྱལ་བེར་དམར་རམ་བེར་ནག་གྱོན་རྒྱུད་བཙུན་རྒྱུད་དང་། མེན་ཞང་དང་། བཟང་རྒྱུད་པ་དང་གསུམ་བྱུང་ངེས་དང་། གཞན་དག་གནམ་རུ་ཞེས་པའི་ས་མིང་བྱུང་ལུགས་ལ་དཔགས་ན་དེ་ཡང་བྱུང་ངེས་སྙམ། གཞན་བརྒྱ་དཔོན་ཞེས་པ་ཡང་ས་ཆ་རེ་གཉིས་ན་འདུག་ཀྱང་ད་ལྟ་རུས་རྒྱུད་དེ་ཡིན་མིན་གསལ་ཁ་མ་ཤེས་པས། ད་རེས་འདིར་གླེང་བརྗོད་མེད། དེ་དག་གི་ནང་ནས། བེར་དམར་རམ་བེར་ནག་གྱོན་རྒྱུད་བཙུན་རྒྱུད་དུ་གྲགས་པ་གཙང་སོའི་བྲག་ནག་གི་ཐང་ཆུང་པ་འདི་ཚང་མ་ཆོས་གནང་མཁན་སྔགས་རྒྱུད་འཛིན་པ་ཞིག་ཡིན་འདུག་ཅིང་། དགོན་པའམ་བླ་བྲང་ཁྲ་མོ་ཞེས་པ་འདི་ཕྱག་འདེབས་མཁན་སོགས་གསལ་ཁ་མ་ཤེས་ཀྱང་། དུས་རབས་བཅུ་གཉིས་པའི་ནང་ན་ཡོད་ངོས་ཤེས་པ་ལོ་རྒྱུས་ལས་གསལ་ཞིང་། ཐང་ཆུང་པར་གྲགས་པའི་བླ་མ་ཞི་བྱེད་སྐམ་ལུགས་ཀྱི་རྒྱུད་འཛིན་ངེས་བླ་མ་ཞིག་དང་། མི་ཉག་རྒྱལ་པོའི་དབུ་བླ་གཙང་སོ་དགེ་བཤེས། ཐང་ཆུང་པ་ཤཱཀྱ་སེང་གེ་སོགས་བླ་མ་མཚན་སྙན་ཅན་མང་བྱུང་འདུག་པའི་རེ་གཉིས་རབ་བྱུང་དང་། སྔགས་པ་གཉིས་ཀ་ཡོད་ཚོད་འདུག་པ་བཅས་གཉའ་ཁྲི་བཙན་པོའི་བཙན་པོའི་ཞང་རྒྱུད་ཡིན་པར་གྲགས་པའི་རུས་ཚོ་འགའ་ཞིག་ལོ་རྒྱུས་ཉུང་ངུ་འདི། གཙང་སོ་བྲག་ནག་གི་བདེ་སྐྱིད་པས་སྔོན་ནས་ལོ་རྒྱུས་ཤིག་རྩོམ་སྒྲིག་དགོས་པའི་སྐུལ་མ་དང་སྦྲགས་དཔྱད་གཞི་འགའ་ཡང་མཁོ་འདོན་བྱུང་བ་དང་། ཕྲན་རང་ཡང་སྟོད་ཕྱོགས་ཀྱི་ལོ་རྒྱུས་རྩད་འཚོལ་བྱེད་མུས་མ་ཟད་འདི་ལོ་སྐྱིད་གྲོང་དང་། ས་དགའ། འབྲོང་པ་སོགས་ཀྱི་ས་ཆ་འགའ་ཞིག་ལ་ས་ཆ་དང་སྦྲགས་ནས་ལོ་རྒྱུས་དཔྱད་ཞིབ་བྱེད་པར་ཕྱིན་པས། རྡོ་རྐོས་མཎ་ཐང་གི་དཀར་ཆག་འགའ་ཞིག་མཐོང་ཞིང་། ས་ཆ་དངོས་ལ་བརྟགས་ནས་དབྱེ་ཞིབ་བྱས་པ་རྣམས་རགས་བསྡུས་ཤིག་གླེང་བརྗོད་བྱ་དགོས་པར་བསམས་ནས་རྩོམ་ཡིག་ཐུང་ངུ་འདི་སྤེལ་བ་ཡིན།

གོང་གསལ་དཀར་ཆག་དང་། རྡོ་རྐོས་ཡི་གེ་ཡིག་བཏགས་ཕབ་བཤུས་བྱས་པ་རྣམས་མ་ཡིག་གི་དག་ཆ་དང་བྲི་སྟངས་སོགས་སོར་བཞག་གང་ཐུབ་བྱས་ཡོད་པས། གོ་མི་བདེ་བ་དང་དག་ནོར་ཕྲན་བུ་ཡོད་པ་ཚང་མས་བསམ་གཞིག་གནང་རོགས།

བཅས་སྤོང་རོང་འབྲོག་རྒན་གྱིས་༢༠༡༩ལོའི་ཟླ་༩པའི་༢༧ལ།

 

མཆན། 


[1] དིང་རི་རྫོང་ཆུ་ལྷོ་ཤང་དིང་རི་དགོན་པ་ཕུག་གི་ཉེ་འདབ། 

[2] དགོན་པ་ཕུག་གི་ཉེ་འདབ།

[3] ལྷོ་སྐྱིད་གྲོང་། ནུབ་རི། གུང་ཐང་།

[4] ལོ་པཎ་གྱིས་ཆེ་བ་ཡང་ཐོག་པ། མཐུ་ཡིས་ཆེ་བ་གོ་འཆོ། འབངས་ཀྱིས་ཆེ་བ་རོ་གམ། ཟམ་འཕྲང་གིས་ཆེ་བ་གསར་ཚོ། དེ་ཚོ་ཚང་མ་དགོན་པ་དབང་ཅན་ཤ་སྟག་བྱུང་། གསར་ཚོ་ཀུ་ཐང་ན་ཡོད། གཞན་གསུམ་རྫོང་ཁའི་ཉེ་འདབས་སུ་བྱུང་བར་མངོན།

[5] དཔྱའམ་ཁྲལ།

[6] གཙོ་ཚོ་བའི་བུ་ཆོས་ལེགས་མཚན་ཅན་གྱི་ཁུ་མེས།

[7] སུམ་བརྒྱ།

[8] འདིར་སྟོད་པའི་ཚབ་ལ་ཊོད་པ་ཞེས་བྲིས་འདུག་པས་བྲི་སྟངས་གཞན་ཡིན་ནམ་ཡང་ན་ནོར་བ་ཡིན་དཔྱད་དགོས།

 

 

བརྒྱུད་སྐུལ།

མཆན་སྤེལ།