གནམ་གང་གི་བྱེད་སྒོ་ཁག་ངོ་སྤྲོད།

གནམ་གང་གི་བྱེད་སྒོ་ཁག་ངོ་སྤྲོད།

༈ གནམ་གང་ནི་ལོ་རྙིང་པ་སྐྱེལ་བའི་གྲིབ་གསོ་ལྟ་བུའི་ཉིན་མཐའ་མ་དང༌། ལོ་གསར་པ་ཤར་བའི་སྐྱ་རེངས་ལྟ་བུ་ཡིན་པས་ཉིན་འདིའི་གནང་སྒོ་ཡང༌། ལོ་གསར་གྱི་རྟེན་འབྲེལ་མཚོན་པའི་དངོས་པོ་རྣམས་དངོས་སུ་སྒྲིག་གཤོམ་གང་རྒྱས་བྱ་རྒྱུ་དེ་ཡིན་ཞིང༌། སྒྲིག་གཤོམ་བྱས་པའི་རྟེན་འབྲེལ་གྱི་དངོས་པོའི་ཐོག་ནས་བོད་མིའི་འཚོ་ཐབས་གཙོ་བོ་ཞིང་འབྲོག་གཉིས་ཀྱི་འབྲས་བུའི་ཉིང་བཅུད་རྣམས་མཆོད་ཡུལ་དཀོན་མཆོག་ལ་དགའ་དད་གུས་སྤྲོས་ཆེན་པོས་ཕུལ་ཏེ། ལོ་གསར་པའི་ནང་ལོ་ཕྱུགས་རྟག་ལེགས་དང༌། ཆར་ཆུ་དུས་བབས། ནད་མུག་འཁྲུག་རྩོད་སོགས་རྐྱེན་ངན་མི་ཡོང་བའི་རྟེན་འབྲེལ་མཚོན་ཞིང༌།
གནམ་གང་ཉིན་གཞུང་འབྲེལ་མཛད་སྒོར་རྩེའི་སྐུ་བཅར་ནང་མ་རྣམས་དང་རྩེ་ཤོད་གཞུང་ཞབས་ལྟོ་ཟན་ཇི་ཡོད་ལ་གཞུང་ནས་ལོ་གསར་གྱི་ཤིང་འབྲས་དང༌། དཀར་སྤྲོ་བཅས་གནང་ཆ་སྡེར་ཡིག་གཞིར་བཟུང་གསོལ་སྩལ་གནང་གི་ཡོད་ཅིང༌། དམངས་ཁྲོད་དུ་དགུ་ཐུག་གོང་གཡང་གཟའ་སོགས་དུས་ཚེས་ངན་པ་མ་འཁེལ་བའི་ཉིན་ཞིག་ཁང་པའི་ཕྱི་ནང་གང་སར་གད་ཕྱིས་ལེགས་པར་བྱས་རྗེས། གནམ་གང་ཉིན་གྲོ་སོ་ཕྱེ་མར་དང༌། སྡེར་ཁ། ལུག་མགོ ལོ་ཕུད། གྲོ་མ་འབྲས་སིལ། ཇ་མར་ཚྭ་གསུམ། ཚོགས་མཆོད་ཞལ་ཟས་སོགས་ཡུལ་གྲུ་སོ་སོའི་ཐོན་དངོས་དང་རང་གི་འཁོས་ཀ་ལ་གཞིགས་པའི་མཆོད་པའི་རྣམ་གྲངས་དུ་མ་ངེས་པར་སྒྲིག་གཤོམ་བྱ་དགོས་པའི་ཐོག ཐུད་དང༌། ཤིང་འབྲས། ཤེལ་ཀ་ར། བྱེ་རིལ། བུ་རམ་སོགས་ཟས་སྣའི་ཕུད་ཀྱི་བྱེ་བྲག་ལེགས་གྲས་གང་འཛོམས་མཆོད་གཤོམ་མདུན་སོགས་སུ་སྒྲིག་གཤོམ་བྱེད་དགོས་པ་མ་ཟད། མཆོད་གཤོམ་དང༌། སྐུ་ཐང་ལ་སྙན་ཤལ་གསར་པ་སྒྲོན་པ་དང༌། ཁང་པའི་གདུང་མ་དང༌། ཐབ་ཚང་གི་རྩིགས་ལྡེབས་ངོས་སུ་གྲོ་ཕྱེའི་དཀར་ཐིག་གི་ཡལ་སེ་དང༌། བཀྲིས་རྫས་རྟགས་སོགས་བཀྲིས་པའི་རི་མོ་དང༌། ཐབ་ཀྱི་ཐོད་དུ་ཀླུ་མོ་མཚོན་བྱེད་སྡིག་རའི་གཟུགས། ཕྱི་སྒོའི་མདུན་གཡུང་དྲུང་ངམ་ཡང་ན་བཀྲིས་ཀྱི་རི་མོ་སྣ་ཚོགས་ཀྱི་དཀར་ཐིག་འཐེན་ཏེ། སྣེ་རྫོགས་མཚམས་གཉིས་སུ་ཁྱི་སྣ་འབྲི་བ་དང༌། དཀར་ཐིག་གི་དཀྱིལ་དུ་བསྡུས་པར་གཡུང་དྲུང་དང༌། འདོད་ཡོན་སྣ་ལྔ་དང༌། རྒྱས་པར་བཀྲིས་རྫས་རྟགས་སོགས་བཀྲིས་པའི་རི་མོ་འབྲི་སྲོལ་ཡོད། གཞན་ཡང་ཆུ་ཟངས་དང༌། ཆུ་བན་སོགས་སྣོད་རྣམས་ལ་ཁ་བཏགས་དཀྲི་བ། སྒོ་དང་སྒེའུ་ཁུང་ལ་སྒོ་ཡོལ་དང་ཤམ་བུ་གསར་དུ་བརྗེ་བ། ཁ་གདན་གསར་པ་རྒྱག་པ། དེ་བཞིན་གནམ་གང་གི་ཉིན་འདིར་བོད་ཀྱི་ལུགས་སྲོལ་ལ་བུད་མེད་རྣམས་མགོ་སྐྲ་ངེས་པར་འཁྲུད་པ་ཡིན་ཞིང༌། སྐྱེས་པ་རྣམས་ཕྱི་ཉིན་དགུ་ཐུག་གི་ཉིན་མོར་སྐྲ་འཁྲུད་པ་ཤས་ཆེ་བ་ཡིན་ལ། ལོ་གསར་པའི་སྐབས་སྒྲིག་གཤོམ་བྱེད་པའི་རྟེན་འབྲེལ་གྱི་དངོས་པོའི་ནང་ནས་གལ་ཆེ་ཤོས་ནི་ཕྱེ་མར་དང༌། སྡེར་ཁ། ལུག་མགོ ལོ་ཕུད་བཅས་ཡིན་ཞིང༌། ཐོག་སྟེང་དུ་འཛུགས་རྒྱུའི་དར་ལྕོག་གྲ་སྒྲིག་བྱེད་པ་སོགས་མདོར་ན་ལོ་གསར་གྱི་སྐབས་འདིར་བོད་མི་རྣམས་རང་རང་གི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་རྣམས་ཡ་རབས་ཚུལ་མཐུན་དང༌། རྟེན་འབྲེལ་ཕྱིན་ཅི་མ་ལོག་པ་བྱེད་པ་འདི་དག་ལས་བོད་མི་རིགས་ནི་དཀོན་མཆོག་ལ་དད་མོས་ཆེ་ཞིང༌། ཡ་རབས་སྤྱོད་བཟང་དང༌། ཞི་བདེ་བག་ཕེབས་ལ་དགའ་བའི་མི་རིགས་ཤིག་ཡིན་པ་ཤིག་མཚོན་པ་བཅས་སོ།།

 

བརྒྱུད་སྐུལ།

མཆན་སྤེལ།