གནའ་གྲོང་ལྷ་ས།

གནའ་གྲོང་ལྷ་ས།

ས་ར་ཌ་ཅནྡྲ་དས་ཀྱིས་བརྩམས་པའི་ལྷ་སའི་ལམ་ཡིག་ལས། ་འབྲས་སྤུངས་ཀྱི་མདའ་རུ་ལྷ་འབག་དང་དེའི་ཤར་ངོས་ལ་གནས་ཆུང་གི་ཕོ་བྲང་འབྱོར་མཚམས་སུ། ལྷ་ལྡན་གྱི་སྣེ་ཟིན་ནས་སྐྱིད་ཚལ་ཀླུ་ལྡིང་དང་། ཀྱང་ཐང་ནགས་ཁ། དེའི་བྱང་ཤར་མཚམས་ཡབ་གཞིས་ལྷ་ཀླུའི་བཀའ་བློན་གྱི་ཕོ་བྲང་དང་དེ་ནས་བྱེ་རགས། ལྷོར་ནོར་བུ་གླིང་ཁ་སྐྱབས་མགོན་རྒྱལ་བའི་དབང་པོའི་ཕོ་བྲང་། དེ་ནས་ཀུན་སྡེ་གླིང་སྤྲུལ་པའི་སྐུ་ད་ལྟ་བོད་རྒྱལ་ཁྲི་པ་ཡིན། དེ་ནས་བ་མ་རི་དང་། དེ་ནས་རྒྱ་ལྷ་ཁང་ཡོད། ལྕོག་པོའི་རི་དེ་ན་འཚོ་བྱེད་མང་པོ་ཡོད། དེ་ནས་བར་སྒོ་བཀའ་ཎི་ཟེར་བའི་མཆོད་རྟེན། དེ་ནས་རྩེ་པོ་ཏ་ལའི་ཕོ་བྲང་། ཞོལ་རྡོ་རིང་ཕྱི་ནང་གཉིས་པོ། དེ་ནས་ལྕང་སྲེབ་ཤར། ཡབ་གཞིས་ས་དབང་གཡུ་ཐོག་པའི་ཕོ་བྲང་། གཡུ་ཐོག་ཟམ་པ་ནས་ཕྱིན་པའི་ལྷ་ལྡན་ལྟེ་བར་སླེབས།

དེ་ནས་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་ཁང་པ་དཔལ་འབྱོར་རབ་བརྟན་དང་། སྟེང་བཀོད་ལྕང་སྲེབ་ཟེར་བའི་ཁང་པ་གཉིས་འདུག་པས་སྟེང་བཀོད་ལྕང་སྲེབ་ཏུ་གནས་ཚང་གཡར་ནས་ཞག་བཅོ་ལྔ་བར་བསྡད། ས་གའི་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཇོ་བོ་ཤཱཀྱ་མུ་ཎི་དང་རྩོས་དཀྱིལ་འཁོར་ལྡིང་གི་ལྷ་ཁང་རྩེ་ཤོད་དང་། ཐུགས་རྗེ་ཆེན་པོ་རང་བྱུང་ལྡན་རྭ་མོ་ཆེའི་ཇོ་བོ་མི་སྐྱོད་རྡོ་རྗེ་སོགས་རྟེན་རྣམས་མཇལ་བར་ཕྱིན་ནས་སྨོན་ལམ་གྱི་སྦྱོར་བྱས་ལེགས་པར་འཇལ། དེ་རྣམས་ཀྱི་ཆགས་ཚུལ་སོགས་ཞིབ་ཆ་དཀར་ཆག་ནང་དུ་གསལ་དང་། དེ་ནས་གཡས་སྐོར་དུ་བསྟན་རྒྱས་གླིང་སྤྲུལ་པའི་སྐུ་ཕོ་བྲང་། གཞིས་སྡེ་རྭ་སྒྲེང་སྤྲུལ་པའི་སྐུའི་ཕོ་བྲང་། ཚེ་སྨོན་གླིང་སྤྲུལ་པའི་སྐུའི་ཕོ་བྲང་། རྭ་མོ་ཆེར་ཇོ་བོ་མི་སྐྱོད་རྡོ་རྗེ་བཞུགས། དེ་ནས་རྒྱ་འབུམ་སྒང་ཟེར་བའི་མཆོད་རྟེན་ཆེན་པོ། སྨུ་རུ། ངག་སྤོས། རྒྱུད་སྨད། ཅང་སྐྱབས་པ་སྡེ་དཔོན་གྱི་གྲས་གནམ་སྡེ་ལེགས། སྲས་ཆུང་། ཡབ་གཞིས་ཕུན་ཁང་། རྡོ་རིང་། མདའ་དཔོན་ཕ་ལྷའི་བང་རྒྱས་ཤར། དེའི་ཤར་ཆོས་སྐྱོང་དཀར་མ་ཤར་གྱི་ཕོ་བྲང་། ཟུར་ཁང་མདའ་དཔོན། ཚ་རོང་། བླ་བྲང་སྙིང་པ། བསམ་གྲུབ་ཕོ་བྲང་ད་ལྟ་ཡབ་གཞིས། བཤད་སྒྲ། ར་ག་ཤག་བཀའ་བློན། རམ་པ་སོགས་ཀྱི་ཁག་མང་པོ་དང་། གཞན་ཡང་གྲོང་ཁྱེར་ནང་གི་ཁང་ཆེན་མང་པོ་འདུག་པའི་ནང་རྒྱལ་བལ་བོད་ཧོར་སྡེ་ཁག་སོགས་ཀྱི་ཚོང་པ་མང་པོ་དང་། རྒྱ་ནག་གི་དཔོན་པོ་ཨམ་བན་གཉིས་སོགས་ཀྱི་དཔོན་ཁག་མང་པོ། ལྷ་ལྡན་ནས་ནུབ་ཀྱི་ཉེ་འདབས་སུ་དགོན་ཆེན་འབྲས་སྤུངས་སུ་དགེ་འདུན་ཞལ་གྲངས་བདུན་སྟོང་བདུན་བརྒྱ། དེ་ནས་བྱང་གི་ཉེ་འདབས་སུ་གསེར་ར་དགེ་འདུན་ལྔ་སྟོང་ལྔ་བརྒྱ། དེ་ནས་ཤར་གྱི་ཕྱོགས་དགོན་ཆེན་དགའ་ལྡན་གསུམ་སྟོང་གསུམ་བརྒྱ། གླིང་ཁག་སོ་སོ་དང་། གྲ་ཕྱི་དགོན་པ། རྣམ་རྒྱལ་གྲྭ་ཚང་། རྒྱུད་སྟོད་སྨད་སོགས་དགེ་འདུན་སྟོང་ཕྲག་སྐོར་ཡོད་ཅེས་སོགས་གསལ།

བརྒྱུད་སྐུལ།

མཆན་སྤེལ།