གནའ་བོད་རྒྱལ་ཁབ་ཀྱི་མངའ་ཐང་དང་འབྲེལ་བའི་ཤེས་བྱ།

གནའ་བོད་རྒྱལ་ཁབ་ཀྱི་མངའ་ཐང་དང་འབྲེལ་བའི་ཤེས་བྱ།

བོད་ཀྱི་རྒྱལ་པོ་ཐོག་མ་སུ་ཞིག་ཡིན་མིན་དང་དེའི་མཚན་ཇི་ལྟར་ཐོགས་ཚུལ། ཡུལ་གང་ནས་ཡོང་མིན་དང་ཁོང་གིས་བཞེངས་སྐྲུན་གནང་བའི་མཁར་གྱི་མིང་དང་། ཕྱིས་སུ་སུ་དང་སུའི་དུས་སྐབས་སུ་མཁར་དེ་ཉམས་གསོ་གནང་བ་ཡིན་མིན་ཕྲིས།

ལན་དུ། བོད་ཀྱི་རྒྱལ་པོ་ཐོག་མ་ནི་གཉའ་ཁྲི་བཙན་པོ་ཡིན་པ་དང་། མཚན་དེ་ལྟར་ཐོགས་ཚུལ་ནི་རྒྱལ་པོ་འདི་ཐོག་མར་ཡར་ལུང་ཁུལ་དུ་སླེབས་པ་དང་བོན་ཤེས་ཅན་བཅུ་གཉིས་དང་འཕྲད་དེ་ཕན་ཚུན་གོ་བརྡ་མ་འཕྲོད་པར་རྒྱལ་པོ་འདིས་གནམ་ལ་མཛུབ་མོ་ཀེར་བས་བོན་པོ་རྣམས་གནམ་ལ་དགའ་སྟབས། གནམ་ནས་འོང་བར་ངེས་པས་བོད་ཁམས་ཀྱི་རྗེ་བོར་འོས་སོ་ཞེས་གཉའ་བར་ཁྲི་བྱས་ཏེ་བཏེགས་ནས་འོངས་པ་ལ་གཉའ་ཁྲི་བཙན་པོར་ཐོགས་པའོ། །ཡུལ་གང་ནས་ཡོང་མིན་ནི་ཐུན་མིན་སྣ་ཚོགས་ཤིག་མཆིས་རུང་ལུགས་འདིེར་རྒྱ་གར་བྷི་ཧར་ནང་མ་གྷ་དྷི་རྒྱལ་པོ་དམག་བརྒྱ་པར་སྲས་མིག་མས་བསྒྲིབས་སུ་ཡོད་པ། གཡུའི་སྨིན་མ་ཅན། དུང་སོ་འཁོར་མོར་ཡོད་པ། སོར་མོ་ཤའི་དྲ་བས་འབྲེལ་བ་ཞིག་འཁྲུངས་པ་དེ་གཞན་ལ་སྟོན་མི་ནུས་པར་སྤྱུགས་པས་རིམ་བཞིན་བོད་དུ་བསླེབས་ནས་རྒྱལ་པོ་ཆགས་པར་བཞེད་དོ། ཁོང་གི་དུས་སྐབས་སུ་བཞེངས་པའི་མཁར་གྱི་ཐོག་མ་ཡུམ་བུ་གླུ་མཁར་ཡིན་པ་དང་། ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་འབྲིང་ཤཱཀྱ་མགོན་པོས་ཉམས་གསོ་དང་སྟེང་གི་རྒྱ་ཕིབས་ཕུབ་པ་དང་། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ཉམས་གསོ་དང་རྒྱ་བསྐྱེད་གནང་སྟེ་སྔོན་མའི་མཁར་གྱི་རྩིག་རྨང་ཐོག་ཚད་ལྷག་ཙམ་དུས་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་སོ།།

གཉའ་ཁྲི་བཙན་པོ་ནས་གྲི་གུམ་བཙན་པོ་བར་གྱི་རྒྱལ་པོ་དེ་དག་ལ་བང་སོ་མེད་པའི་རྒྱུ་མཚན་དང་། གྲི་གུམ་བཙན་པོར་བང་སོ་ཡོད་པའི་རྒྱུ་མཚན་ཇི་ལྟར་དང་། གྲི་གུམ་བཙན་པོ་གཤེགས་རྐྱེན་དང་ཁོང་གི་བུ་བརྒྱུད་ཇི་ཡོད་དེ་དག་གི་མཛད་འགན་ཇི་ལྟར་ཡིན་ཕྲིས།

ལན་དུ། གཉའ་ཁྲི་ནས་གྲི་གུམ་བར་གྱི་རྒྱལ་པོ་དེ་དག་ལ་བང་སོ་མེད་དོན་ནི་དེ་དག་གཤེགས་པའི་ཚེ་རྨུ་ཐག་ལ་བརྟེན་ནས་ནམ་མཁར་ཡལ་བས་པུར་དང་བང་སོ་མེད་པར་གྲགས། གྲི་གུམ་བཙན་པོར་བང་སོ་ཡོད་དོན་ནི་གྲི་གུམ་བཙན་པོ་བློན་པོ་ལོང་ངམ་གྱིས་བཀྲོངས་ཏེ་ཆུར་བསྐྱུར་བ་ལས་ཀོང་པོར་ཐོན་ཏེ་དེར་བང་སོ་བརྩིགས་པ་དང་བང་སོའི་ཐོག་མ་ཡང་དེ་ཡིན། གྲི་གུམ་བཙན་པོ་གཤེགས་རྐྱེན་ནི་ཁོང་ལ་མཚན་དེ་ལྟར་འདོགས་ཉེས་ཤོར་བ་ལས་ཐུགས་རྒྱལ་བྱུང་སྟེ་གཞན་ལ་ཨུ་ཚུགས་ནན་གྱིས་འཐབ་ཡ་བྱེད་དགོས་ཚུལ་གྱི་བཀའ་བཏང་བ་ལྟར་བློན་པོ་ལོང་ངམ་གྱིས་གོ་སྐབས་དེ་དང་བསྟུན་ཏེ་དགྲ་ཤ་བླངས་པར་འདོད་དོ། ཁོང་གི་བུ་བརྒྱུད་དང་དེ་དག་གི་མཛད་འགན་ནི་ཁོང་ལ་བུ་བྱ་ཁྲི། ཤ་ཁྲི། ཉ་ཁྲི་བཅས་གསུམ་ཡོད་པ་དེ་དག་དང་ཡུམ་གཅིག་པའི་བུ་རུ་ལས་སྐྱེས་ཀྱིས་ལོང་ངམ་བསད་དེ༑ སྲས་བགྲེས་པ་བྱ་ཁྲི་གདན་དྲངས་ནས་རྒྱལ་སར་བསྐོས་པ་དང་། ཤ་ཁྲི་ཀོང་ཡུལ་རང་དུ་བཞུགས་ཤིང་ཆུང་ཤོས་ཉ་ཁྲི་སོག་ཡུལ་གྱི་རྗེ་བོར་གྱུར་ཏེ་སོག་པོའི་རྒྱལ་རྒྱུད་ཀྱི་ཐོག་མ་ཡིན་པ་ཡང་མཐུན་པར་གླེང་བ་བཅས་སོ།།

 

སྲོང་བཙན་སྒམ་པོའི་ཡབ་ཡུམ་གྱི་མཚན་དང་ཁོང་གི་འཁྲུངས་ལོ་ཇི་ཡིན། ཁོང་གིས་རྒྱལ་སྲིད་བཟུང་རྗེས་རྒྱ་གར་དུ་ཡི་གེ་སློབ་པར་བོད་ཕྲུག་ག་ཚོད་བཏང་མིན་དང་དེ་དག་གི་ཁྲོད་ནས་སུ་ཞིག་གིས་རྒྱ་གར་གྱི་ཡི་གེ་གང་དང་གང་ལ་དཔེ་མཛད་ནས་བོད་ཡིག་གསར་བཟོ་བྱས་སམ།

ལན་དུ། སྲོང་བཙན་སྒམ་པོའི་ཡབ་ཡུམ་གྱི་མཚན་ནི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་ཡུམ་ཐོ་གར་བཟའ་ཚེ་སྤོང་གཉིས་ཡིན་པ་དང་། ཁོང་གི་འཁྲུངས་ལོ་ནི་མེ་གླང་འདས་ལོ་ ༦༡༧ ལོར་ཡིན། ཁོང་གིས་རྒྱལ་སྲིད་བཟུང་རྗེས་རྒྱ་གར་དུ་ཡི་གེ་སློབ་པར་བོད་ཕྲུག་བཅུ་དྲུག་བཏང་བ་དང་དེའི་ཁྲོད་ནས་ཐོན་མི་སམ་བྷོ་ཌས་རྒྱ་གར་བྱང་ཕྱོགས་སུ་ཆེས་ཆེས་དར་བའི་ཡི་གེ་ཤ་ར་རྡ་དང་ན་ག་ར་གཉིས་ལ་གཞི་བྱས་ཏེ་བོད་ཡིག་གསར་བཟོ་བྱས་པའོ།།

 

སྲོང་བཙན་གྱིས་ཡུལ་གྲུ་གང་དག་ནས་བཙུན་མོ་ག་ཚོད་བཞེས་ཡོད་མེད་དང་བཙུན་མོ་སོ་སོའི་མཚན་དང་དེ་དག་གིས་བཞེངས་སྐྲུན་གནང་བའི་ལྷ་ཁང་ཁག་གི་མཚན་ཇི་ལྟར་ཡིན་ནམ།

ལན་དུ། སྲོང་བཙན་སྒམ་པོས་བལ་ཡུལ། རྒྱ་ནག ཞང་ཞུང་། མི་ཉག སྟོད་ལུང་བཅས་ཀྱི་ཡུལ་གྲུ་སོ་སོ་ནས་བཙུན་མོ་ལྔ་བཞེས་ཡོད་པ་དང་། བཙུན་མོ་དེ་དག་གི་མཚན་ནི་བལ་ཡུལ་ནས་བལ་བཟའ་ཁྲི་བཙུན། རྒྱ་ནག་ནས་ཝིན་ཤིང་ཀོང་ཇོ། ཞང་ཞུང་ནས་ཞང་ཞུང་བཟའ་ལི་ཐིག་དམན། མི་ཉག་ནས་རུ་ཡོང་བཟའ་རྒྱལ་མོ་བཙུན། སྟོད་ལུང་ནས་མོང་བཟའ་ཁྲི་ལྕམ་བཅས་སོ། བཙུན་མོ་དེ་དག་གིས་བཞེངས་པའི་ལྷ་ཁང་ཁག་ནི་བལ་བཟས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་དང་། རྒྱ་བཟའ་ཀོང་ཇོས་རྒྱ་སྟག་རྭ་མོ་ཆེའི་གཙུག་ལག་ཁང་བཞེངས། ཞང་ཞུང་བཟའ་ལི་ཐིག་སྨན་གྱིས་ཐིམ་བུ་བཀོག་པའི་ལྷ་ཁང་དང་རུ་ཡོངས་བཟས་བྲག་ལྷ་ཀླུ་ཕུག་གི་ལྷ་ཁང། མོང་བཟས་ཡེར་བའི་ལྷ་ཁང་བཅས་བཞེངས་པའོ།།

 

ཁྲི་སྲོང་ལྡེ་བཙན་དུས་ནམ་ཞིག་ལ་འཁྲུངས་མིན་དང་། ཁོང་གི་ཡབ་ཀྱི་གཤེགས་རྐྱེན་ལ་བཞེད་ཚུལ་མི་འདྲ་ཡོད་མེད་ཇི་ལྟར་དང་ཁོང་གི་དུས་སྐབས་སུ་སངས་རྒྱས་བསྟན་པ་རྒྱས་པར་གནང་ཚུལ་ཇི་ལྟར་ཡིན་མིན་ཕྲིས།

ལན་དུ། ཁྲི་སྲོང་ལྡེ་བཙན་ཆུ་རྟ་ ༧༤༢ ལོར་འཁྲུངས་པ་དང་། ཁོང་གི་ཡབ་གཤེགས་རྐྱེན་ལ་བཞེད་ཚུལ་མི་མཐུན་པ་སྦ་བཞེད་ཆོས་འབྱུང་ཕལ་ཆེ་བར་རྒྱལ་པོ་འདི་ཡར་འབྲོག་ཚལ་དུ་ཆིབས་སྒྲོན་པའི་སྐབས་གྲོངས་ཞེས་འཁོད་ཡོད་ཀྱང་། ཁྲི་སྲོང་ལྡེ་བཙན་སྐབས་བཙུགས་པའི་ལྷ་ས་པོ་ཏཱ་ལའི་ཞོལ་རྡོ་རིང་གི་ཡི་གེར་འབལ་ལྡོང་ཙབ་དང་ལང་མེས་ཟིགས་གཉིས་ཀྱིས་བཙན་པོ་ཡབ་ཁྲི་ལྡེ་བཙུན་རྩན་གྱི་སྐུ་ལ་བདོ་ནས་གཤེགས་སོ་ཞེས་གསལ་ལོ། སངས་རྒྱས་བསྟན་པ་རྒྱས་པར་གནང་ཚུལ་ནི་ཆོས་ལ་གནག་པའི་བློན་པོ་མ་ཞང་དྲོན་པ་སྐྱེད་དང་སྟག་ར་ཀླུ་གོང་གཉིས་མེད་པར་བཟོས་རྗེས་བློན་པོ་སྦ་གསལ་སྣང་མངགས་ཏེ་མཁན་ཆེན་ཞི་བ་ཚོ་གདན་དྲངས་ནས་སད་མི་བདུན་རབ་ཏུ་བྱུང་བ་སོགས་བྱས་ཏེ་སངས་རྒྱས་བསྟན་པ་རྒྱས་པར་མཛད་པའོ།།

 

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆུ་ཡོས་ ༧༦༣ལོར་རྒྱ་ནག་ཁྲང་ཨན་ཕྱོགས་སུ་དཔུང་འཇུག་བྱེད་དོན་གང་ཡིན་མིན་དང་སྐབས་དེར་དམག་དཔོན་དུ་སུ་ཞིག་བསྐོ་གཞག་བྱས་མིན་དང་དམག་ལ་རྒྱལ་ཕན་ཇི་བྱུང་ཕྲིས།

ལན་དུ། ཆུ་ཡོས་ ༧༦༣ ལོར་ཁྲང་ཨན་ཕྱོགས་སུ་དཔུང་འཇུག་བྱེད་དོན་ནི་ཞོལ་རྡོ་རིང་དུ་གསལ་བ་ལྟར་རྒྱ་རྗེ་ཧེའུ་འིཀ་ཝང་ནས་ལོ་རེ་བཞིན་དུ་བོད་ལ་དཔྱ་ཁྲལ་དར་ཡུག་ཁྲི་ལྔ་རེ་འབུལ་བཞིན་ཡོད་ཀྱང་རྒྱ་རྗེ་ཧེའུ་འིཀ་ཝང་གྲོངས་རྗེས། དེའི་སྲས་ཝང་པེ་ཝང་རྒྱལ་པོར་འཁོད་རྗེས་དཔྱ་ཁྲལ་ཚུལ་བཞིན་མ་མཇལ་བ་ལས་དཔུང་འཇུག་བྱ་དགོས་བྱུང་ཡོད། སྐབས་དེར་དམག་དཔོན་དུ་ཞང་ཆིམས་རྒྱལ་ཟིགས་ཤུ་ཐིང་དང་། སྟག་སྒྲ་ཀླུ་ཁོང་གཉིས་དམག་དཔོན་དུ་བསྐོ་གཞག་བསྩལ་བ་དང་བོད་དམག་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད།།

 

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ལ་བོད་ཀྱི་དྲག་པོའི་སྟོབས་ཤུགས་ཀྱི་ཁྱབ་ཚད་ཇི་ཙམ་ཡོད་མེད་དང་། དེའི་ཤེས་བྱེད་ཁུངས་ཡོད་མེད་ཇི་ལྟར་ཡིན་ནམ།

ལན་དུ། ཁོང་གི་སྐུ་ཚེའི་སྨད་ལ་བོད་ཀྱི་དྲག་པོའི་སྟོབས་ཤུགས་ཇི་ཙམ་ཡོད་མེད་ཀྱི་ཤེས་བྱེད་ཁུངས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་རང་གི་སྐུ་དུས་སུ་བཙུགས་པའི་འཕྱོངས་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་ལ་བྲིས་པ་དེ་ཡིན་ལ་རྡོ་རིང་དེའི་ནང་“ཡར་ནི་ར་ཞིག་གི་ས་མཚམས་མན་ཆད། མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཆད་ཆབ་འོག་ཏུ་འདུ་སྟེ་ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ་མཐའ་ཀླས་པར་ཆེའོ་”ཞེས་གསལ་བ་ལྟར་ཡིན་པ་དང་། ཡར་ནི་ར་ཞིག་ཅེས་པ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་འདི་ལྟར་འགྲེལ་བཤད་སྐྱོན་ཡོད་དེ་ཡར་ནི་ར་ཞིག་ཅེས་གོང་གསལ་ཨ་ལིབ་ཧ་ཧོན། ཨམ་ར་ཞིག་གི་ས་མཚམས་དང་། མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཆད་ཅེས་པ་རྒྱ་ནག་སན་ཤིའི་ནང་ལོང་ཤན་ཟེར་བའི་བར་བོད་ཀྱི་རྒྱལ་པོའི་མངའ་ཐང་གིས་ཁྱབ་ཡོད་པ་དངོས་སུ་ར་འཕྲོད་གསལ་པོའི་ཐོག་ནས་བརྗོད་ཆོག་ཅེས་གསུངས་འདུག དེ་བས་ན་བོད་ཀྱི་དྲག་པོའི་སྟོབས་ཤུགས་ཀྱིས་ཁྱབ་ཚད་ནི་ཤིན་ཏུ་རྒྱ་ཁྱབ་ཆེན་པོ་ཞིག་གོ །

ཡོང་ཁུངས། བཙན་པོའི་རིག་གནས།

མངའ་བདག་ཁྲི་རལ་པ་ཅན་ཁྲིར་ཕེབས་པ་དང་རྒྱ་བོད་གཉིས་ཕན་ཚུན་འབྲེལ་བ་ཇེ་ཆེ་དང་། འཁོན་འཛིན་ཇེ་ཆུང་དུ་སོང་སྟེ་དབོན་ཞང་མཐུན་པའི་ཆིངས་འགྲིགས་བྱ་རྒྱུའི་འགོ་ཚུགས་པ་དང་སྐབས་དེར་རྒྱ་ནག་གི་སྐུ་ཚབ་སུ་དང་སུས་བོད་ཀྱི་སྐུ་ཚབ་སུ་དང་སུ་ལ་ཡི་གེ་ཁག་བཞི་བཏང་བ་དང་། ཡི་གེ་དེ་དག་གི་ནང་དོན་ཇི་ལྟར་ཡིན་མིན་ཕྲིས།

ལན་དུ། རྒྱ་ནག་གི་སྐུ་ཚབ་ཅུའུ་ཅུང་ལ་ཡིང་དང་ཝང་པི་ཟེར་བ་གཉིས་ནས་ཡི་གེ་དང་པོ་བོད་ཀྱི་ནང་བློན་བྲན་ཀ་དཔལ་ཡོན་ལ་བཏང་བ་དང་། ཡི་གེ་གཉིས་པ་ས་མཚམས་ལ་བཞུགས་པའི་ཞི་དྲག་གཉིས་ཀྱི་སྤྱི་ཁྱབ་པ་ཞང་ཆེ་བཙན་ལ་བཏང་། ཡི་གེ་གསུམ་པ་ཐའོ་ཟེར་བའི་ས་ཆར་བོད་ཀྱི་དྲག་པོའི་སྤྱི་ཁྱབ་གུང་ལུང་ལ་བཏང་། ཡི་གེ་བཞི་པ་ཐའོ་ཁུལ་གྱི་སྤྱི་ཁྱབ་ལུང་བཙན་པོ་ལ་བཏང་བའོ། །ཡི་གེ་དེ་དག་གི་ནང་དོན་ནི་དང་པོའི་ནང་དབོན་ཞང་འབྲེལ་བ་ཇེ་ཡག་དང་ཆིངས་ཡིག་གསར་འཇོག་ཐུབ་རྒྱུར་སྔོན་ལ་བོད་པས་དབང་འཛིན་བྱས་པའི་རྒྱ་ནག་གི་ས་ཆ་ཅིན་ཆའོ་དང་ཡུན་ཆའོ། །ཨན་ལོ་ཆའོ་གསུམ་ཕྱིར་སྤྲོད་གནང་རོགས་ཞེས་དང་སྤྱི་ལོ་ ༧༨༧ ཆིངས་གྲོས་སར་འཇུས་པའི་ཅེན་ཤུ་ཅུའུ་དང་ལུའུ་པ་ཡེ་གཉིས་ལས་ཅེན་ཤུ་ཅུའི་གྲོངས་ཚར་བའི་རུས་པ་དང་ལུའུ་པ་ཡེ་རྩིས་སྤྲོད་གནང་རོགས་ཞེས་འཁོད་ཡོད།

ཡི་གེ་གཉིས་པའི་ནང་དོན་གཙོ་བོ་རྒྱ་ནག་དང་མཉམ་དུ་མཐུན་འབྲེལ་ངོ་མ་གནང་འདོད་ན་ས་མཚམས་གསར་པ་ཞིག་ལ་ས་རྟགས་རྒྱག་དགོས་པ་དང་ལྷག་པར་རྙོག་དྲ་ཡོད་པའི་ས་ཆ་གསུམ་པོ་ཚུར་མ་སློག་པར་ས་མཚམས་གསར་པའི་རྟགས་ཀྱང་རྒྱག་མི་ཐུབ་ཅིང་དོན་རྩ་ཆུང་ངུའི་དོན་དུ་ཆེན་པོ་བློས་གཏོང་མི་རུང་ཚུལ་འཁོད་ཡོད།

ཡི་གེ་གསུམ་པའི་ནང་དོན་གཙོ་བོ་གུང་ལུང་ནས་དྲིས་པའི་སྐད་ཆར་ལན་འདེབས་བྱས་པ་ཞིག་ཡིན་པ་དང་དེ་ཡང་གཙོ་བོ་ཕན་ཚུན་མཐུན་ལམ་ཇེ་བཟང་དུ་འགྲོ་ཕྱིར་ལན་འདེབས་བྱས་པ་ཡིན་ཚུལ་བཀོད་ཡོད།

ཡི་གེ་བཞི་པའི་ནང་དོན་གཙོ་བོ་ཏང་ཁུད་པ་ཚོས་མགོ་གཉིས་མ་བྱེད་ཀྱི་ཡོད་ཚུལ་དང་ཏང་ཁུད་ལ་ཕེབས་སྐབས་དབུ་མ་འཁོར་བ་གནང་དགོས་པ་དང་ཕྱོགས་གཉིས་པོའི་མཐུན་ལམ་ལ་དགོངས་བཞེས་ཀྱིས་ཕྱག་ལས་གནང་དགོས་ཚུལ་ནན་བརྗོད་གནང་འདུག་གོ།

 

བཙན་པོ་ཁྲི་རལ་སྐབས་དབོན་ཞང་རྡོ་རིང་ག་དུས་བཙུགས་མིན་དང་དབོན་ཞང་ཞེས་པའི་གོ་དོན་ཇི་ལྟར་དང་དབོན་ཞང་རྡོ་རིང་བཙུགས་དོན་དང་རྡོ་རིང་གི་ནང་དོན། གཞན་ཡང་སྐབས་དེར་རྡོ་རིང་ཁག་ག་ཚོད་ཡུལ་ལུང་གང་དག་ཏུ་བཙུགས་ཡོད་དམ།

ལན་དུ། དབོན་ཞང་རྡོ་རིང་ནི་སྤྱི་ལོ་ ༨༢༣ ཟླ་བ་ ༢ ཚེས་ ༡༤ ཉིན་བཙུགས་པ་དང་དབོན་ཞང་ཞེས་པའི་གོ་དོན་ནི་དབོན་ཞང་ཞེས་པ་རྒྱའི་སྐད་དུ་ཤང་ཅིའུ་ཟེར་བ་དང་། དེ་ནི་སྔར་རྒྱ་བཟའ་ཅིན་དྲེང་ཀོང་ཇོ་མེས་ཨག་ཚོམ་གྱི་བཙུན་མོར་ཕེབས་ཏེ་རིགས་སྲས་རྒྱུད་པ་ཡོད་མུས་ཀྱི་དབོན་པོ་བོད་དང་། ཞང་པོ་རྒྱ་ཞེས་འབོད་པ་ཡིན་ནོ༑ ༑དབོན་ཞང་རྡོ་རིང་བཙུགས་དོན་ནི་དབོན་ཞང་གཉིས་ཆབ་སྲིད་སྐོར་ལ་ཞི་ཆིངས་མཛད་རྒྱུའི་དགོངས་པ་གཅིག་མཐུན་བྱུང་བ་དེ་དག་ནམ་ཡང་མི་འགྱུར་བར་ལྷ་མི་ཀུན་གྱིས་ཤེས་ཤིང་དཔང་པོ་བྱས་ཏེ་མི་རབས་ནས་མི་རབས་བར་གཏམ་རྒྱུད་བརྗོད་རྒྱུ་ཡོང་ཕྱིར་ཆོད་དོན་རྡོ་རིང་ལ་བྲིས་ཤིང་བཙུགས་པའོ། །རྡོ་རིང་གི་ནང་དོན་ནི་བོད་རྒྱ་གཉིས་ད་ལྟ་རང་ལག་ཏུ་ཡོད་པའི་ཡུལ་དང་ས་མཚམས་སྲུང་ཞིང་དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ནག་གི་ཡུལ་དང་ནུབ་ཕྱོགས་ཐམས་ཅད་བོད་ཆེན་པོའི་ཡུལ་ཡིན་པས་དེ་ལས་ཕན་ཚུན་དགྲར་མི་འཛིན་དམག་མི་དྲངས་པ་སོགས་མནའ་སྐྱེལ་དམ་བཅའ་བྱས་པ་སོགས་འཁོད་ཡོད། སྐབས་དེར་རྡོ་རིང་ཁག་གསུམ་བཙུགས་ཡོད་པ་དང་དེ་དག་ནི་བོད་རྒྱའི་ས་མཚམས་གུ་གུ་རྨེ་རུར་རྡོ་རིང་གཅིག བོད་ཀྱི་རྒྱལ་ས་གཙུག་ལག་ཁང་གི་མདུན་དུ་རྡོ་རིང་གཅིག རྒྱའི་རྒྱལ་ས་ཅཱ་རྔན་གྱི་ཕོ་བྲང་ཀེང་ཤིའི་མདུན་དུ་རྡོ་རིང་གཅིག་བཅས་བཙུགས་པའོ།། །།

བརྒྱུད་སྐུལ།

མཆན་སྤེལ།