གནའ་རབས་རྟག་བརྟན་ཕུན་ཚོགས་གླིང་གི་ཕོ་བྲང་འཛུགས་སྐྲུན།

གནའ་རབས་རྟག་བརྟན་ཕུན་ཚོགས་གླིང་གི་ཕོ་བྲང་འཛུགས་སྐྲུན།

གནའ་རབས་རྟག་བརྟན་ཕུན་ཚོགས་གླིང་གི་ཕོ་བྲང་འཛུགས་སྐྲུན་དང་དེའི་རིག་གནས་ཀྱི་སྐོར།

ལར་བོད་ཀྱི་གནའ་བོའི་ས་དཔྱད་གཞུང་ལུགས་ལྟར་ན་ཕོ་བྲང་སྐྲུན་སའི་ས་ནི་ཕྱོགས་ཀུན་ལས་རྣམ་པར་མཐོ་བ་ཞིག་ཏུ་འདེམས་པ་ཡིན་ཏེ།  དེ་ནི་གནའ་བོའི་བོན་གྱི་རིག་གནས་དང་འབྲེལ་བ་ཡོད་པས་ཡིན།  བོན་གྱི་དཔེ་གཞུང་ནང་དུ།  ཕོ་ཡི་དུར་དང་མཁར་གྱི་ས།། མཐོ་ལ་རྔམ་པ་བཟང་བ་ནི།། ཞེས་གསུངས་པ་ལྟར་ཕོ་བྲང་སྐྲུན་ས་ནི་མཐོ་བར་བཟང་བར་བརྩིས་བ་ཡིན་པས་བོད་ཀྱི་མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་ཡང་རི་ཡི་སྣེ་རྩེར་བཞེངས་ཡོད་ལ། དེ་བཞིན་དུ་ཁྱུང་ལུང་དངུལ་མཁར་དང་།  ཕོ་བྲང་འཕྱིང་བ་སྟག་རྩེ།  ཕོ་བྲང་ཁྲི་རྩེ་དམར་པོ་ཡང་རི་རྩེར་བཞེངས་ཡོད།  ཕྱིས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་བོད་ལ་དར་རྗེས་སུ་ཕོ་བྲང་འཛུགས་སྐྲུན་གྱི་རྒྱུན་དེ་སྔར་སྲོལ་ལྟར་མ་ཉམས་པར་བརྒྱུད་འཛིན་དང་དར་སྤེལ་བཏང་གིན་ཡོད་འདུག  དཔེར་ན།  ཕོ་བྲང་པོ་ཏ་ལ་དང་།  གུ་གེ་རྒྱལ་པོའི་ཕོ་བྲང་།  གཞིས་ཀ་བསམ་གྲུབ་རྩེ་སོགས་ཕལ་ཆེ་བ་རི་མཐོ་བའི་སྟེང་དུ་འགྱིང་ངེར་བཞེངས་པ་ཤ་སྟག་ཡིན།  དེ་དང་འདྲ་བ་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་ཡང་རི་བོ་མཐོན་པོ་ཞིག་གི་སྟེང་ནས་བཞེངས་ཡོད་པ་ཞིག་སྟེ།  ཕོ་བྲང་དེ་དག་ནི་གཤམ་དུ་ཆགས་པའི་གྲོང་སྡེ་དང་བསྡུར་ན།  མཐོ་ཞིང་བཙན་ལ་རྔམ་ཞིང་ཟིལ་ཆེ་བས།  མཐའ་འཁོར་གྱི་ཡུལ་སྡེ་རྣམས་སྦར་མཐིལ་དུ་གཤམས་པ་ལྟར་ཡིན་ལ།  དགྲ་ཟོན་གྱི་སོ་ཁ་བྱེད་བདེ་བའང་ཡིན།  ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་འདིའི་ཕོ་བྲང་འཛུགས་སྐྲུན་གྱི་རི་མོ་ལ་བལྟས་འོང་ན།

 

ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་།  རི་མོ།

 

ད་ལྟའི་ཕོ་བྲང་པོ་ཏ་ལ་བཞིན་ཆོས་སྲིད་གཉིས་ཀ་མཚོན་བྱེད་ཀྱི་ཕོ་བྲང་ཞིག་བསྐྲུན་ཡོད་པ་ཤ་སྟག་རེད།  བློ་ཕམ་པ་ཞིག་ལ་ཕུན་ཚོགས་གླིང་གི་ཞོལ་གྱི་དགོན་སྡེ་ལས་རི་སྣེ་ལ་ཆགས་ཡོད་པའི་ཕོ་བྲང་ལ་ཆགས་འཇིག་བྱུང་བས་ཁ་ཚང་ལྟ་ས་མེད་འདུག

 

ཕུན་ཚོགས་གླིང་གི་མཁར་ཤུལ།

 

ཡིནའང་མཁར་ཤུལ་དང་སྔོན་གྱི་རི་མོ་ལ་བལྟས་འོང་ན།  འདི་འདྲ་བ་ཞིག་ཡིན་ས་རེད་སྙམ་པའི་ཡུལ་དངོས་ཤིག་ངམ་ཤུགས་ཀྱིས་བསྐྲུན་ཡོང་གིན་འདུག  མ་གཞི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཕོ་བྲང་འཛུགས་སྐྲུན་གྱི་རིག་གནས་ཕལ་ཆེ་བ་གཅིག་ས་འདུག་ལ།  ཕོ་བྲང་ཡུམ་བུ་བླ་མཁར་ནས་འཕྱིང་བ་སྟག་རྩེ།  དམར་པོ་རིའི་ཕོ་བྲང་གང་ཡིན་ཀྱང་།  རི་མཐོ་ས་བཞེངས་ཡོད་ལ།  རིའི་སྣེ་དེའི་རྩེ་མོར་ཕོ་བྲང་གི་གཙོ་བོར་བཞེངས་ཤིང་།  དེའི་མཐའ་སྐོར་ཕོ་བྲང་ཆེ་མ་ཆུང་གསུམ་སྐས་རིམ་བཞིན་དུ་བཞེངས་ཏེ།  རི་ཞོལ་ནས་ཕོ་བྲང་གཙོའི་མཐའ་དབར་དུ་རྡོ་སྐས་ཀྱིས་རུས་རྒྱན་ལྟར་མཐུད་ཡོད་པ་ཤ་སྟག་རེད།  དེ་ལྟར་བཞེངས་དགོས་པ་ནི། དགྲ་འགོག་གི་ནུས་པ། སོ་སྲུང་གི་ནུས་པ།  རྔམ་ཟིལ་ཆེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད་པས་ཡིན་སྙམ།  བོད་བཙན་པོ་རྒྱལ་རབས་འཐོར་རྗེས་སུ་འོད་སྲུང་གི་གདུང་རྒྱུད་ཀྱིས་དབུས་ནས་ས་མ་ཟིན་པར་སྟོད་མངའ་རིས་སུ་ས་བཟུང་ནས་ཕོ་བྲང་འཛུགས་སྐྲུན་བྱས་པ་ཡིན།  སྐབས་དེར་ཕོ་བྲང་འཛུགས་སྐྲུན་གྱི་རིག་གནས་དེ་སྔར་ལྟར་བཞེངས་ཀིན་ཡོད་ལ།  དེ་ནི་མངའ་རིས་གུ་གེ་རྒྱལ་པོའི་ཕོ་བྲང་བཞེངས་སྟངས་དེ་རེད།  དེ་ནས་བོད་སིལ་བུར་འཐོར་རྗེས་ཀྱི་ལོ་ངོ་བཞི་བརྒྱ་ལྷག་གི་རྗེས་སུ་སོག་པོའི་སྟོབས་ཤུགས་ལ་རྟེན་ནས་ས་སྐྱ་བས་བོད་ཡོངས་ཀྱི་ཆོས་སྲིད་གཉིས་ལ་དབང་བཟུང་ཞིང་།  ཆོས་སྲིད་གཉིས་ཀྱི་ལྟེ་བ་ས་སྐྱ་ནས་བཙུགས་ཤིང་།  ས་སྐྱའི་ལྷ་ཁང་ཆེན་མོའི་ཕོ་བྲང་ཡང་ས་སྐྱར་བཞེངས་པ་ཡིན།  ཡིནའང་ཕོ་བྲང་འཛུགས་སྐྲུན་གྱི་ཐད་ནས་བོད་བཙན་པོའི་དུས་ཀྱི་ཕོ་བྲང་འཛུགས་སྐྲུན་གྱི་རིག་གནས་དེ་གས་ཆག་འདྲ་ཤོར་ནས་སྔར་ལྟར་དུ་མ་བཞེངས་པ་ཡིན།  དེ་ནི་ཐང་གི་དཀྱིལ་དུ་བཞེངས་ཡོད་ལ།  ཕོ་བྲང་གི་མཐའ་སྐོར་ལྕགས་རིས་བསྐོར་ཡོད་ཅིང་། ཚོན་རྩི་དཀར་དམར་སྔོ་གསུམ་བྱུགས་ཡོད་པ་ཡིན།  ས་སྐྱའི་ལྷ་ཁང་ཆེན་མོ་ནི་སྔར་གྱི་ཕོ་བྲང་ལྟར་རི་མཐོན་པོར་བཞེངས་མེད་ལ། ཐང་དཀྱིལ་དུ་བཞེངས་ཤིང་། ཕོ་བྲང་གི་མཐའ་ལྕགས་རིས་བསྐོར་ཡོད་པ་སོགས་རྒྱ་ནག་གི་ཕོ་བྲང་བཞེངས་སྟེང་ལྟར་འཛུགས་སྐྲུན་བྱས་ཡོད། ཡོན་རྒྱལ་རབས་བཙུགས་རྗེས་སེ་ཆན་ཧན་གྱིས་རྒྱལ་ས་པེ་ཅིང་དུ་སྤོར་ནས་ཕོ་བྲང་བཞེངས་པ་ཡིན།  དེའི་སྔོན་དུ་རྒྱ་ནག་གི་ལོ་རྒྱུས་སྟེང་དུ་རྒྱལ་ས་པེ་ཅིང་བྱས་པ་ཞིག་མེད།  ཡོན་རྒྱལ་རབས་ཀྱི་སྟོབས་ཤུགས་ཉམས་རྗེས་སུ་མིང་གི་གོང་མ་ཀྲོའུ་ཏཱས་ཡིས་རྒྱལ་ས་པེ་ཅིང་བྱས་ནས་མན་ཆིང་རྒྱལ་རབས་བར་པེ་ཅིང་རྒྱལ་ས་བྱས་ནི་རེད། དེས་ན་རྒྱ་ནག་གི་རྒྱལ་ས་ནི་ནམ་ཡིན་ཀྱང་ཐང་དཀྱིལ་དུ་བཞེངས་ཤིང་མཐའ་སྐོར་ལྕགས་རིས་བསྐོར་ཡོད་པ་ཤ་སྟག་ཡིན།  དེ་ནི་རྒྱའི་གོང་མའི་རིག་གནས་དང་འབྲེལ་བར་ཡོད་པར་བཤད།  གང་ལྟར་ས་སྐྱའི་ཕོ་བྲང་ནི་རྒྱ་ནག་གི་རིག་གནས་དང་འབྲེལ་བ་ཡོད་འདུག་གོ། དེས་ན་ཐང་དཀྱིལ་དུ་ཕོ་བྲང་དང་ལྷ་ཁང་བཞེངས་པ་ས་སྐྱའི་སྔོན་ལ་མེད་པ་ཨེ་རེད་ཟེར་ན། དེའང་མ་རེད།  དཔེར་ན།  བསམ་ཡས་དང་སྐར་ཆུང་ལྷ་ཁང་སོགས་བཙན་པོ་དུས་སུ་ཐང་དཀྱིལ་དུ་བཞེངས་ཡོད་པ་ཡིན་འདུག  ཡོན་རྒྱལ་རབས་ཀྱི་སྟོབས་ཤུགས་ཉམས་རྗེས་ས་སྐྱའི་དབང་ཤུགས་ཀྱང་རང་བཞིན་གྱིས་ཉམས་ཤིང་། དེའི་ས་སྐྱའི་བླ་བྲང་བཞི་བོའི་ནང་ཁུལ་གྱི་རྩོད་པའི་གླགས་དང་བསྟུན་ཕག་གྲུ་བ་ཏཱ་སི་ཏུས་ས་སྐྱའི་སྲིད་དབང་མགོ་རྟིང་བསློགས་ནས་ཕག་གྲུའི་སྲིད་དབང་ཞེས་བོད་ཡོངས་ལ་དབང་བསྒྱུར་བྱས་ཤིང་། རྫོག་ཁག་བཅུ་གསུམ་གསར་འཛུགས་བྱས་ལ།  དེའི་ནང་ནས་ཀྱང་སྤྱི་ལོ་༡༣༤༦ལོར་གཞིས་ཀ་བསམ་གྲུབ་རྩེ་སོགས་སྔར་བོད་བཙན་པོའི་ཕོ་བྲང་འཛུགས་སྐྲུན་ལྟར་ཉམས་གསོ་བྱས་ཤིང་ཕག་གྲུའི་སྲིད་ཀྱི་ལྟེ་བ་རུ་བྱས་པའོ།།  ཕག་གྲུའི་སྲིད་དབང་དུས་སུ་བོད་ཀྱི་ཕོ་བྲང་འཛུགས་སྐྲུན་ཐད་ལ་འཕེལ་རྒྱས་སྔར་ལས་སོང་ཡོད།  དཔེར་ན།  རྒྱལ་རྩེ་རྫོང་དང་། ཨེ་ཝཾ་ཆོས་སྡེ་སོགས་ལག་རྩལ་རྩེར་སོན་ལ་མིག་དཔེ་བལྟ་འོས་པའི་དགོན་པ་དག་སྐབས་དེར་བཞེངས་པ་ཡིན།  ཕག་གྲུའི་སྲིད་དབང་གི་སྐབས་སུ་ཆབ་སྲིད་ཀྱི་སྒྲིག་གཞི་དང་ཁྲིམས་ལུགས་སོགས་བཙན་པོ་རྒྱལ་རབས་ལ་མིག་དཔེ་བལྟས་པ་མ་ཟད།  སྐབས་དེའི་བོད་ཀྱི་འཛུགས་སྐྲུན་ཐད་དུའང་བཙན་པོའི་རྒྱལ་རབས་ཀྱི་རྒྱུན་བསྐྱངས་ཡོད་དེ།  སྐབས་དེའི་གཞུང་ཕྱོགས་ནས་བསྐྲུན་པའི་རྫོང་ཆེན་བཅུ་གསུམ་པོ་དེ་དག་ཀྱང་བོད་ཀྱི་སྲོལ་རྒྱུན་ལྟར་མཁར་རྫོང་གི་རྣམ་པར་བསྐྲུན་ཡོད་ལ།  ཆབ་སྲིད་དང་དམག་དོན་གཞི་གཅིག་ཏུ་གྲུབ་པའི་ནུས་པ་ལྡན་ཞིག་གོ།  ཕག་གྲུའི་སྲིད་དབང་བཙུགས་ནས་མ་རིང་བར་མིང་ལ་ཕག་གྲུའི་སྲིད་དབང་ཟེར་ཡང་།  དོན་ལ་རིན་སྤུངས་པས་ཕག་གྲུའི་སྲིད་དབང་ལ་སྟིངས་འཛིན་བྱས་ཡོད།   སྐབས་དེར་སྡེ་བ་རིན་སྤུངས་པ་དང་སྣེ་གདོང་པ་གཉིས་ཀྱི་ཞབས་འབྲིང་ཡིན་པའི་ཞང་གཅིག་པ་ཚེ་བརྟན་རྡོ་རྗེས་སྤྱི་ལོ་༡༦༡༨ལོར་སྡེ་བ་རིན་སྤུངས་པའི་ལག་ནས་སྲིད་དབང་འཕྲོགས་ཤིང་།  གཙང་པའི་སྲིད་དབང་ཞེས་བོད་ཡོངས་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་དུས་ཚོད་གསར་བ་ཞིག་སླེབས་པ་ཡིན།  གཙང་པ་རྒྱལ་པོའི་རྒྱལ་ས་ཡང་གཞིས་ཀ་བསམ་གྲུབ་རྩེ་རྒྱས་འཛུགས་སྐྲུན་བྱས་ཤིང་དེར་སྲིད་ཀྱི་ལྟེ་བར་བྱས་སོ།།  སྐབས་དེར་གཙང་པ་རྒྱལ་པོས་ཇོ་ནང་ཏཱ་ར་ནཱ་ཐ་བླ་མ་བཀུར་ནས་གཙང་པ་རྒྱལ་པོས་ཡོན་བདག་བྱས་པས་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གསར་དུ་བཏབ་ཅིང་། ཕོ་བྲང་དེ་ཆོས་སྲིད་གཉིས་ཀ་མཚོན་བྱེད་ཀྱི་མཁར་རྫོང་དང་དགོན་པའི་རྣམ་པ་སོགས་ཡོད་པ་ཞིག་བརྩིགས།

ཐང་དཀྱིལ་དུ་བཞེངས་ཤིང་ཚོན་མདོག་གསུམ་གྱིས་ཚོས་གཞི་བྱུགས་ཡོད་པའི་ས་སྐྱའི་ལྷ་ཁང་ཆེན་མོ།

 

འདི་ནས་བསམ་གཞིག་གཞན་ཞིག་བྱ་འོས་སྙམ།  དེ་ནི་ཇོ་ནང་རྗེ་བཙུན་ཏཱ་ར་ཐས་རྟག་བརྟན་ཕུན་ཚོགས་གླིང་གི་ཕོ་བྲང་ལྷ་རྩེ་ཕྱོགས་ནས་བཞེངས་པ་ལས།  དབུས་ཀྱི་ལྷ་ས་དང་།  ས་ཆ་གཞན་ན་མ་བཞེངས་པའམ་མ་སྤོར་བའི་རྒྱུ་མཚན་ནི་བཙན་པོའི་རྒྱལ་རབས་རྩ་ཐོར་དུ་ཕྱིན་རྗེས་གྲུབ་མཐའ་ཁག་སོ་སོའི་སྟོབས་ཤུགས་ཀྱི་ལྟེ་གནས་ཚང་མ་ནི་དགོན་སྡེ་དག་ཡིན་ལ།  དགོན་སྡེ་ཡང་རང་རང་གི་དད་ལྡན་པ་རྣམས་དང་ཐག་ཉེ་སར་སྐྲུན་ན་སོ་སོའི་གྲུབ་མཐའི་སྟོབས་ཤུགས་ལ་འགན་ལེན་ལྡན་པ་ལས་དེ་མིན་རང་རང་གི་དད་ལྡན་པ་དང་ཐག་རིང་དྲགས་ན་དགྲ་གཉེན་སོགས་ཡོད་པས་ལྷ་ཁང་དེ་ཡང་ཇོ་ནང་གི་ཁོངས་སུ་སྐྲུན་ལ་རྣམ་པ་ཡང་ལྷ་ཁང་དང་ཕོ་བྲང་ཟུང་འབྲེལ་བྱས་ཡོད།  དཔེར་ན། ས་སྐྱའི་ལྷ་ཁང་ཆེན་མོ་ས་སྐྱའི་ཁོངས་སུ་བཞེངས་པ་དང་།  དགའ་ལྡན་སྲིད་དབང་བཙུགས་ས་དབུས་ཀྱི་སེ་འབྲས་དགའ་གསུམ་དང་ཐག་ཉེ་སར་སྐྲུན་པ་སོགས་རྒྱུ་མཚན་གཅིག་རེད་སྙམ།  དེ་མིན་ཇོ་ནང་ཏཱ་ར་ནཱ་ཐ་ལྟ་བུའི་ས་དཔྱད་ལ་མཁས་པ་ཞིག་གིས་གང་བྱུང་དུ་ས་ཆ་ཞིག་ལ་ལྷ་ཁང་བཞེངས་པ་དཔེ་མི་སྲིད་པ་ཞིག་རེད།  ཇོ་ནང་ཏཱ་ར་ནཱ་ཐས་༼མྱང་ཆོས་འབྱུང་།༽བརྩམས་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་ས་ཁམས་རིགས་པ་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞགས་ཡོད་པ་དེང་རབས་ལོ་རྒྱུས་སྨྲ་བ་ཀུན་ཀྱིས་གཅིག་མཐུན་དུ་ཁས་བླངས་པའོ།།

རྟག་བརྟན་ཕུན་ཚོགས་གླིང་ཕོ་བྲང་གི་རྡོ་རྩིག

དང་པོ།  རྟག་བརྟན་ཕུན་ཚོགས་གླིང་གི་རྩིག་པའི་ཁྱད་ཆོས།

 

ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་ཕྱི་རྩིག་ནི་བོད་ཀྱི་ལུགས་སྲོལ་རྣལ་མ་ལྟར་རྡོ་རྩིག་ཡིན།  བོད་ཀྱི་ཕོ་བྲང་གི་ཕྱི་རྩིག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་བྲག་རི་གཡང་གཟར་གྱི་རི་བོའི་གཡང་ངོས་སུ་རྡོ་རྩིག་ལེགས་པོས་སྐྲུན་ཞིང་དེར་འཐེན་བཏང་བ་དེ་ཡིན་ཏེ།  གནའ་སྔ་མོའི་ཕོ་བྲང་ནས་ད་ལྟའི་པོ་ཏ་ལའི་བར་ཚང་མ་དེ་ལྟར་ཡིན།  དཔེར་ན་འཕྱིང་བ་སྟག་རྩེ་ལྟ་བུ་ནི་གཡང་གཟར་གྱི་རི་བོའི་ངོས་སུ་རིའི་གཟར་ཕྱོགས་དང་བསྟུན་ནས་རྡོས་བརྩིགས་པས་ཕར་བལྟས་པ་ཙམ་གྱི་སྐྱི་གཡའ་བ་ཞིག་འདུག  དེ་ལྟར་སྐྲུན་པའི་སྐབས་སུ་རྡོ་བཟོ་བ་རྣམས་ཉིན་ལྟར་གཡང་གཟར་པོ་དེའི་གས་སུ་ལངས་ནས་ནན་ཏན་གྱིས་རྡོ་ལེབ་རེ་རེ་བཞིན་དུ་བརྩིགས་ཀྱིན་ཡོད།  འོན་ཀྱང་ང་ཚོས་ད་ལྟ་དེའི་སྟེང་དུ་སྡོད་རྒྱུ་ལྟ་ཅི་འཁྲིས་ནས་མར་བལྟས་ཀྱང་མགོ་ཡོམ་འཁོར་ལ་ཉྭ་རྩ་འདར་བ་ཞིག་འདུག་པས་སྐབས་དེ་དུས་ཀྱི་རྡོ་བཟོ་བ་དེ་དག་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ལ།  དེ་བཞིན་དུ་གཡང་ངོས་ཀྱི་རྡོ་རྩིག་དེ་དག་ངོས་སྙོམས་ཤིང་ཞེང་ཚད་ལ་རྨིད་གཅིག་ནས་གཉིས་ལྷག་ཙམ་ལྡན་ལ་ཤིན་ཏུ་བརྟན་པས་ད་ལྟའང་འགྱིང་ངེར་གནང་ཡོད། དེ་དག་ལས་རྡོ་རྩིག་གི་ལག་རྩལ་དེ་མཐོན་པོར་སླེབས་པ་མཚོན་ཐུབ།  དེའི་ལག་རྩལ་གྱི་རྒྱུན་དེ་མ་ཆད་པར་འཕེལ་རྒྱས་ཕྱིན་པས་ཕོ་བྲང་པོ་ཏ་ལའང་གཡང་གཟར་གྱི་བྲག་རྡོའི་ཐོག་ཏུ་རྩིག་རྨང་བྱས་ནས་བཞེངས་ཡོད་པ་དེ་དག་འདྲའོ།།

རིའི་གཟར་ཕྱོགས་དང་བསྟུན་ནས་མཁར་རྩིག་པ།

གཉིས་པ།  རྟག་བརྟན་ཕུན་ཚོགས་གླིང་གི་གྱང་གི་ཁྱད་ཆོས།

 

སྤྱིར་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་འདི་རི་སྣེ་རུ་ཆགས་ཡོད་ལ། མཐོ་སར་མཁར་རྫོང་གི་རྣམ་པ་བསྐྲུན་ཡོད།  ཞོལ་དུ་དགོན་པའི་རྣམ་པ་ལྟར་བཟོས་ཤིང་རྒྱུ་ཆ་གྱང་བརྡུངས་ནས་འཛུགས་སྐྲུན་བྱས་ཡོད་ལ།  དེ་ཡང་གྱང་རྩིག་པའི་སྲོལ་དེ་བོད་ཁུལ་དུ་རྒྱ་ཁྱབ་ཏུ་སྤྱོད་སྲོལ་ཡོད་དེ།  རྣམ་སྲས་གླིང་གཞིས་ཀ་དང་གནས་རྙིང་དགོན་གྱི་གྱང་།  རྒྱལ་རྩེའི་རྫོང་སོགས་ཚང་མ་གྱང་བརྡུངས་ནས་ལག་རྩལ་སྤྱད་ཡོད།  གྱང་བརྡུངས་པའི་ཁང་པ་དག་ནི་སྲ་ཞིང་འཐས་པ་ཡིན་ཏེ།  དེའི་འཛུགས་སྐྲུན་གྱི་ཁྱད་ཆོས་ནི་འཛུགས་སྐྲུན་གྱི་ཕུང་པོ་ཚང་མ་གཞི་གཅིག་ཏུ་གྱུར་ནས་རྡོ་ལས་ཀྱང་སྲ་བ་ཞིག་ཏུ་གྱུར་ཡོད་པས་དེ་སྔ་དབྱིན་འགོག་དམག་འཁྲུག་གི་སྐབས་སུ་རྒྱལ་རྩེ་རྫོང་དང་ཁང་དམར་གྱི་གནས་རྙིང་དགོན་སོགས་སུ་དབྱིན་དམག་གིས་མེ་མདའ་དང་མེ་སྒྱོགས་བརྒྱབས་པ་སོགས་དེང་རབས་ཅན་གྱི་མཚོན་ཆ་སྤྱད་ནས་ཚ་རྒོལ་བྱས་ཀྱང་གྱང་ལ་རྨ་ཁ་བཟོས་ནས་ཤུལ་ཙམ་སྡོད་པ་ལས།  ཚབས་ཆེ་བའི་གནོད་སྐྱོན་ཕོག་ཐུབ་ཀྱིན་མེད།  དེར་རྟེན་གྱང་བརྡུངས་པའི་རྩིག་པ་དེར་ཡང་སྲ་ཞིང་བརྟན་པའི་ཁྱད་ཆོས་ལྡན་ཡོད།

རིའི་སྣེ་རྩེ་མོར་ཆགས་ཡོད་པའི་ཕོ་བྲང་རྟག་བརྟན་ཕུན་ཚོགས་གླིང་།

གསུམ་པ།  རྟག་བརྟན་ཕུན་ཚོགས་གླིང་གི་ཕྱིའི་ཚོས་མདོག་གི་ཁྱད་ཆོས།

 

དམར་པོ།  ད་ལྟ་ང་ཚོ་ཡུལ་དངོས་སུ་ཐོན་སྐབས་མཁར་ཤུལ་དང་རི་མོ་གཉིས་ཀྱི་སྟེང་ལ་ཚོས་དམར་པོར་བྱུགས་ཡོད་པའི་བདེན་དཔང་རྙེད་ཐུབ།  རྟག་བརྟན་ཕུན་ཚོགས་གླིང་གི་རི་མོ་དང་མཁར་ཤུལ་བལྟས་འོང་ན།  ཚོས་དམར་པོ་བྱུགས་ཡོད་ས་ནི་རིའི་མཐོ་སར་ཡོད་པའི་མཁར་གཙོ་བོ་དག་ལས།  ཞོལ་གྱི་དགོན་ཁང་སོགས་ལ་ཚོས་དམར་པོ་བྱུགས་མེད་འདུག་སྙམ།  སྤྱིར་བོད་ཀྱི་ལོ་རྒྱུས་ལ་བལྟས་འོང་ན་བོད་པ་རྣམས་ཚོས་གཞི་དམར་པོ་ལ་ཧ་དགའ་པོ་ཡོད་འདུག  དཔེར་ན། གནའ་བོའི་དུས་སུ་བོད་ཀྱི་དཔའ་བོ་ཚོས་གདོང་ལ་ཁྲག་བྱུགས་ཤིང་། ཕྱིས་སུ་ཚོས་གཞི་དམར་པོ་བྱུགས་པ་ལྟ་བུ་སོགས་གང་ལྟར་ཚོས་གཞི་དམར་པོ་བྱུག་པའི་སྤྱོད་སྒོ་དེ་དར་སྲོལ་ཆེན་པོ་ཡོད་འདུག  དེ་དང་འདྲ་བར་ཕོ་བྲང་གི་ཕྱིའི་ཚོས་གཞིར་དམར་པོ་བྱུགས་པའི་སྲོལ་ནི་སྔ་མོ་ནས་ཡོད་དེ།  ཕོ་བྲང་ཆེན་པོ་འཕྱིང་བ་སྟག་རྩེ་ལ་དམར་པོ་བྱུགས་ཡོད་པ་ད་ལྟའང་དེའི་མཁར་ཤུལ་གྱི་ཞིག་རོ་དག་ལས་མཐོང་ཐུབ།  ཕོ་བྲང་ཁྲི་རྩེ་དམར་པོ་ནི་ཕྱིའི་ཚོས་མདོག་དམར་པོ་ཡིན་པ་མིང་ལས་ཤེས་ཐུབ་ཅིང་།  ལྡེབས་རིས་སུ་བྲིས་པ་དེའང་མཁར་དམར་པོ་ཞིག་ཏུ་ཡོད། དེ་ལྟར་གནའ་མཁར་གྱི་ཕྱི་རྩིག་གི་ཚོས་གཞི་ཕལ་ཆེ་བ་དམར་པོ་ཡིན།  དམར་པོ་ནི་དབང་ཐང་མཚོན་བྱེད་ཀྱི་ཁ་དོག་ཡིན་ལ་དེའི་དཔའ་ངར་དང་སྟོབས་ཤུགས་མཚོན་པ་ཞིག་ཡིན།  དེས་ན་སྐབས་དེའི་རྟག་བརྟན་ཕུན་ཚོགས་གླིང་ནི་ཕལ་ཆེར་གཙང་བ་སྡེ་སྲིད་ཀྱི་དབང་ཐང་དང་སྟོབས་ཤུགས་མཚོན་བྱེད་ཅིག་ཏུ་གྲུབ་ཡོད་སྙམ།  ཕོ་བྲང་བསྐྲུན་པར་ཕྱིའི་རྩིག་པར་ཚོས་དམར་བྱུགས་ན་རྔམ་བརྗིད་ལྡན་ལ་ཕ་རོལ་པོར་འཇིགས་པ་སྐྱེ་ཞིང་ཟིལ་གྱིས་གནོན་པའི་དགེ་མཚན་ལྡན་ཡོད། སྤྱིར་སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་བོད་ཀྱི་དགོན་སྡེ་དག་གིས་ཀྱང་ཚོས་གཞི་དམར་པོ་བྱུགས་པའི་སྤྱོད་སྒོ་དང་ལེན་བྱས་ཏེ།  གུ་གེ་ཕོ་བྲང་དང་རྟག་བརྟན་ཕུན་ཚོགས་གླིང་།  ཕོ་བྲང་པོ་ཏ་ལ་སོགས་ལ་ཚོས་གཞི་དམར་པོ་བྱུགས་ཡོད།  ཡིན་ནའང་ཕྱིས་སུ་དགོན་སྡེ་མང་པོ་ཞིག་ནས་ཚོས་གཞི་དམར་པོ་བྱུགས་ཡོད་ས་དག་ནི་གདུང་རྟེན་ཁང་དང་བཙན་མཁར་ལ་སོགས་ལ་བྱུགས་པ་ཡིན།  དཔེར་ན།  པོ་ཏ་ལའི་ཚོས་གཞི་དམར་པོ་བྱུགས་ཡོད་ས་དག་ནི་རྒྱལ་དབང་སྐུ་འཕྲེང་གི་གདུང་རྟེན་བཞག་ཡོད་ས་དེ་རེད། དེ་མིན་མགོན་ཁང་སོགས་ལའང་ཚོས་གཞི་དམར་པོ་བྱུགས་པ་ད་ལྟའང་མཐོང་རྒྱུ་འདུག  དེ་ནི་དེའི་དཔའ་ངར་དང་སྟོབས་ཤུགས་སོགས་མཚོན་པས་ཡིན། འོན་ཏེ།  མདོ་སྨད་ཕྱོགས་སུ་གང་བྱུང་དུ་ཚོས་གཞི་དམར་པོ་བྱུགས་ཀྱིན་པ་དེ་དེའི་སྐོར་གྱི་རིག་གནས་རྨོངས་པས་ཨེ་ཡིན་སྙམ།

ཚོས་གཞི་དམར་པོ་བྱུགས་ཡོད་པའི་ཕུན་ཚོགས་ཕོ་བྲང་གི་མཁར་ཤུལ།

 

དཀར་པོ།  དེ་ཡང་ང་ཚོ་མཚོ་བོད་མཐོ་སྒང་གི་འཚོ་བའི་ཁྲོད་དུ་ཤ་ལ་དམར་དང་།  འོ་མའི་ཐོན་རྫས་ལ་དཀར་ཟེར་ཞིང་འདི་གཉིས་ཀྱིས་བོད་ཀྱི་འཚོ་བའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད། དེ་བས་ཚོས་གཞི་དཀར་པོ་ནི་བལྟ་སྣང་འདོད་ལ་གཙང་ཞིང་དྲི་མ་མེད་པ། ཞི་འཇམ་དང་ཞི་བདེ་སོགས་ཀྱི་མཚོན་བྱེད་དུ་གྱུར།  བོད་མི་རྣམས་ཤིན་ཏུ་དགའ་བའི་ཚོས་གཞི་ཡང་རེད། ཕོ་གཞོན་རྣམས་སྣམ་བུའི་འཕྱིང་པ་དཀར་རྐྱང་གྱོན་ནས་དུས་ཆེན་གཏོང་བ།  ལོ་སར་སོགས་ཀྱི་སྐབས་སུ་ཁང་བའི་མང་དུ་རྩམ་པ་དཀར་པོ་མཆོད་པ་དང་།  རྒས་ཁོག་དགུང་ལོ་བརྒྱད་ཅུ་སོན་རྗེས་གོས་དཀར་གྱི་འཕྱིང་པ་གྱོན་ནས་མུ་མཐུད་ནས་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་སོགས་འཚོ་བའི་ཁྲོད་དུ་གྲུབ་ཡོད།  དེ་བཞིན་དུ་ཕོ་བྲང་དང་ཁང་ཁྱིམ་སོགས་ལ་ཚོས་གཞི་དཀར་པོ་བྱུགས་ཡོད་པ་དེ། གནའ་སྔ་མོ་དར་ཡོད་ཅིང་། པོ་ཏ་ལ་དང་ལྕགས་པོ་རིའི་སྟེང་གི་ཕོ་བྲང་གི་ཕྱི་རྩིག་ལ་ཚོས་གཞི་དཀར་པོ་བྱུགས་ཡོད། གང་ལྟར་རྟག་བརྟན་ཕུན་ཚོགས་གླིང་གི་དགོན་ཁང་དང་འདུ་ཁང་ཕོ་བྲང་སོགས་ལ་ཚོས་གཞི་དཀར་པོ་བྱུགས་པ་ནི་བབས་ཆགས་དང་ཞི་བདེའི་རྣམ་པ་མཚོན་པ་ཞིག་ཡིན་ལ་ཕར་བལྟས་པ་ཙམ་གྱིས་ཡིད་ཀྱི་དང་བ་འདྲེན་ནུས་པ་དང་བཀྲ་ཤིས་པའི་སྣང་བ་ཞིག་སྟེར་བ་ཡིན་ནོ།།

ཚོས་གཞི་དཀར་པོ་བྱུགས་ཡོད་པའི་རྟན་བརྟན་ཕུན་ཚོགས་གླིང་།

 

ཚོས་གཞི་གཞན།  ནག་པོ་དང་སེར་པོ། དཔེར་ན་རྟག་བརྟན་ཕུན་ཚོགས་གླིང་ན་ད་ལྟར་མཐོང་རྒྱུ་ཡོད་པའི་སྒྲུབ་ཁང་དང་འདུ་ཁང་སོགས་ཀྱི་སྒོ་དང་ཁུང་བུ་སོགས་ལ་ཚོས་གཞི་ནག་པོ་ནག་རྐྱང་བྱུགས་ཡོད།  གཅིག་ནག་པོ་ནི་ཕར་བལྟས་ན་སྒམ་ཞིང་བརླིངས་བའི་སྣང་བ་སྟེར་གྱིན་ཡོད་ལ་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་ལྟར་ན་དེས་དྲག་པོའི་དོན་མཚོན་པ་ཡིན།  གཉིས་བོད་ཀྱི་འཛུགས་སྐྲུན་ཕལ་ཆེ་བའི་སྐབས་སུ་ཚོས་གཞི་ནག་པོ་བྱུགས་ས་ནི་སྒོ་དང་སྒེའུ་ཁུང་གི་མཐའ་ཡིན། དེ་ནི་གཅིག་ནས་མཛེས་ཉམས་སྟོན་ཆེད་དང་།  གཉིས་ནས་དེས་དགུན་དུས་སུ་སྒེའུ་ཁུང་ནང་དུ་འཕྲོས་པའི་ཉི་འོད་རྣམས་ལྡོག་འཕྲོ་མ་བྱས་པར། དྲོད་ཚད་ནང་དུ་འཐེན་པའི་ནུས་པ་ཆེན་པོ་ལྡན་ཡོད་ཅེས་རྒན་རབས་པའི་ཞལ་ནས་གསུངས།  དེ་བཞིན་དུ་ས་སྐྱའི་ལྷ་ཁང་ཆེན་མོའི་ཕྱིའི་ལྕགས་རའི་ཚོས་མདོག  དཀར་པོ་དང་དམར་པོ། སྔོ་ནག་གསུམ་གྱིས་གྲུབ་ཡོད་ཅིང་། དེའི་མཚོན་དོན་ནི་རིགས་གསུམ་མགོན་པོའི་མཚོན་དོན་ཡིན་ཞེས་གསུང་མཁན་འདུག

ཚོས་གཞི་ནག་པོ་བྱུགས་ཡོད་པའི་རྟག་བརྟན་ཕུན་ཚོགས་གླིང་གི་འདུ་ཁང་སྒོ་ཆེན།

 

སེར་པོ་ནི་བོད་ཀྱི་འཛུགས་སྐྲུན་ཁྲོད་དུ་དེ་འདྲ་སྤྱོད་སྒོ་མི་ཆེ།  སེར་པོ་ཕལ་ཆེ་བ་གསེར་དང་འབྲེལ་བ་ཆེ་སྟེ།  བཙན་པོའི་རྒྱལ་རབས་སུ་བཙན་པོའི་ཕོ་བྲང་དུ་གསེར་གྱི་གཅན་གཟན་གྱི་གཟུགས་སྒྲུག་སྲོལ་ཡོད་འདུག དེ་མིན་བཙན་པོའི་སྐུ་གསེར་ལ་དཔེ་འཇོག་གི་ཡོད་འདུག  འོན་ཏང་།  སྐབས་དེ་དུས་སུ་ཕོ་བྲང་ལ་སེར་པོ་བྱུགས་སྲོལ་མེད་སྙམ།  ཕྱིས་སུ་སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་སུ་སེར་པོ་བྱུགས་སྲོལ་དར་ཞིང་།  ཁྲི་སྲོང་སྐབས་སུ་བུ་ཚ་གསེར་གྱི་ལྷ་ཁང་བཞེངས་ཡོད་པ་དེ་བོད་ཀྱི་ཨར་སྐྲུན་གྱི་ཕྱི་རྩིག་ཐོག་ནས་སེར་པོ་བྱུགས་ཡོད་སའི་ཕོ་བྲང་ཐོག་མ་དེ་འཇོག་གི་འདུག  དེ་རྗེས་ཀྱི་མཐོ་ལྡིང་གསེར་གྱི་ལྷ་ཁང་དེ་ཡང་ཕྱི་རྩིག་སེར་པོ་ཡིན།  ཕྱིས་སུ་དགོན་སྡེ་ཁག་གི་རྟེན་གཙོ་བཞུགས་ས་ཕལ་ཆེ་བ་ཚོས་གཞི་སེར་པོ་བྱུགས་འདུག  དེ་མིན་དཔེར་ན་པོ་ཏ་ལའི་ཕོ་བྲང་གི་དཀར་པོ་དང་དམར་པོ་གཉིས་དབར་དུ་ཚོས་གཞི་སེར་པོ་བྱུགས་ཡོད་སའི་ཁང་པ་ནི་སྐུ་ཚེ་རིམ་འགྲོ་སྒྲུབ་མཁན་བཞུགས་ས་ཡིན།  དེས་ན་ང་ཚོས་མཐོང་བའི་རྟག་བརྟན་ཕུན་གླིང་གི་རི་མོའི་ངོས་མཐོང་ཐུབ་པའི་ཚོས་གཞི་སེར་པོ་བྱུགས་ཡོད་སའི་ཁང་པ་དེ།  སྐུ་རིམ་སྒྲུབ་མཁན་བཞུགས་ས་ཡིན་ནམ་གཙོ་སྐུ་བཞུགས་ས་གང་ཡིན་ད་ལྟ་བཤད་ཐབས་བྲལ།  གང་ལྟར་གནའ་མའི་གསུངས་པ་བཞིན། འཇིག་རྟེན་ཁམས་ཀྱི་འཕྲིན་ལས་དེ་བྱ་བ་ཐམས་ཅད།  ཞི།  རྒྱས།  དབང་།  དྲག་བཞིའི་ཁོངས་སུ་མ་འདས་པ་མེད་ཅིང་།  ཞི་བ་ནི་འཇམ་པོའི་ལས་དེ་མཚོན་བྱེད་དཀར་པོ་ཡིན་པ་དང་།  རྒྱས་པ་ནི་དར་ཞིང་རྒྱས་པའི་ལས་དེ་མཚོན་བྱེད་སེར་པོ།  དབང་ནི་དབང་ཐང་དང་སྟོབས་ཤུགས་ཀྱི་ལས་དེ་ཚོས་མདོག་དམར་པོ།  དྲག་པོ་ནི་སྟོབས་ཤུགས་ཀྱི་ལས་དེ་ཚོས་གཞི་ནག་པོའི་མཚོན་པ་ཡིན།  གསུངས་པ་ལྟར།  བོད་ཀྱི་ཕོ་བྲང་འཛུགས་སྐྲུན་གྱི་ཕྱི་རྩིག་གི་ཚོས་མདོག་རེ་རེར་ཆོས་སྲིད་ལུགས་གཉིས་ཀྱི་ཐོག་ནས་རང་རང་གི་མཚོན་དོན་ཁྱད་པར་ཅན་ཡིན་ནོ།།

 

པོ་ཏ་ལའི་ཚོས་གཞི་དཀར་དམར་གཉིས་ཀྱི་དབར་ཏུ་ཡོད་པའི་ཚོས་གཞི་སེར་པོ་བྱུགས་ཡོད་པའི་ཁང་སེར།

 

དེས་ན་གཙང་སྟོད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་གནས་གཞི་ཆེན་པོ་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དེ་ཉིད་ནི།  བོད་རྒྱལ་ལོ་༡༧༤༢སྟེ་རབ་བྱུང་བཅུ་པ།  སྤྱི་ལོ་སྟེ་༡༦༡༥ལོ་ཇོ་ནང་རྗེ་བཙུན་ཏཱ་ར་ཐས་ཐོག་མར་ཕྱག་བཏབ་པའི་རྟག་བརྟན་ཕུན་ཚོགས་གླིང་གི་ཕོ་བྲང་ནི་གཙང་སྟོད་རྒྱལ་པོའི་རྣམ་ཐར་ལས་གསུངས་པའི་ཕོ་བྲང་གཞིས་ཀ་བསམ་གྲུབ་རྩེ་ཇི་བཞིན། “རྣམ་པར་རྒྱལ་བའི་ཁང་བཟང་དམ་པ་འདི་ཉིད་ཡིན་ལ་རི་རྒྱལ་རིན་ཆེན་སྤུངས་པ་འདྲ་བ་ཕྱོགས་བཞི་བྲག་གི་སེང་གེ་འདྲ་བ་དྲུག་གིས་བཏེགས་པ། ཕྱིའི་སྒོ་ལྕོག་སེང་གེ་སྒོ་མོ།  ལྕགས་རི་འོབས་མུ་ཁྱུད་རྣམས་ནི་སྲིན་པོའི་མཁར་ལྟར་བཙན་ཞིང་བརྔམས་པ་དང་།  དགྲ་བོའི་མགོ་བོ་དང་རྒྱུ་མ།  མ་རུངས་པ་ཁྲིམས་ལས་བསྒྲལ་བའི་མིག་དང་ལག་པའི་ཕྲེང་བ་སོགས་འཇིགས་ཤིང་སྐྱི་གཡའ་བ།  བར་གྱི་སྒོ་ལྕོག་རྣམ་སྲས་ཀྱི་ཁང་བཟང་ལྟར་འབྲུ་རིན་པོ་ཆེའི་དཀོར་མཛོད་དང་།  རྡོ་ལེབ་ཟླ་ལྟར་དཀར་བ་གཅལ་དུ་བཀྲམ་པའི་ར་བ་ཡངས་པ།  ཕྱོགས་བཞིར་སྒོ་ཁང་དང་བསིལ་ཁང་དང་སྐས་ཀྱིས་མཛེས་པ།  ཕོ་བྲང་གི་ལྟེ་བ་ནི་ལྷའི་ཁང་བཟང་ལྟར་མཛེས་ཤིང་ལྟ་བས་མི་ངོམས་པ་གསེར་གྱི་རྒྱ་ཕུབས་དང་བྲེ་འགྱོགས་ཟ་རམ་བརྩེགས་ཀྱིས་མཛེས་པ། ཞེས་འཁོད་ཡོད་བཞིན།  ཕོ་བྲང་རྟག་བརྟན་ཕུན་ཚོགས་གླིང་ནི་རྔམ་བརྗིད་ལྡན་པའི་མཁར་རྫོང་གི་རྣམ་པ་ཅན་གྱི་ཕོ་བྲང་ཞིག་ཡིན་པ་རྟོགས་ནུས།  སྐབས་དེ་དུས་སུ་ཕྱི་གླིང་གི་ཡེ་ཤུ་ཆོས་སྤེལ་མཁན་འགའ་བོད་དུ་སླེབས་ནས་པོ་ཏ་ལའི་རྣམ་པ་རི་མོའི་ལམ་ནས་བྲིས་ཀྱང་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་རི་མོ་ཞིག་ལག་སོན་མ་བྱུང་།  དེའི་ཕྱིས་ཤིག་ལ་དབྱི་ཐ་ལས་མཁས་རྒན་ཞིག་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་ཡུལ་དངོས་སུ་ཐོན་པ་མ་ཟད།  ཕུན་ཚོགས་གླིང་གི་ལྡེབས་རིས་སོགས་ལ་ཞིབ་འཇུག་བྱས་ཤིང་། ཁོང་གིས་ལྷ་སར་བསྐྱོད་པའི་ཟིན་བྲིས་ཀྱི་དེབ་ནང་དུ་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་ཇོ་ནང་རི་མོའི་སྐོར་དེ་ཐེངས་གཉིས་ལ་གསལ་འདེབས་བྱས་ཀྱང་།  རྟག་བརྟན་ཕུན་ཚོགས་གླིང་གི་ཕྱིའི་བཀོད་པ་སོགས་ཐེངས་གཅིག་ལ་གླེང་གིན་མི་འདུག  འོན་ཀྱང་།  ད་ལྟ་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་འདུ་ཁང་གི་སྒོ་འགྲམ་གྱི་ཀ་བའི་སྟེང་དུ་ཕུན་ཚོགས་གླིང་གི་ཕྱིའི་འཛུགས་སྐྲུན་གྱི་རྣམ་པ་ཞིག་རི་མོའི་ལམ་ནས་བྲིས་པ་ཞིག་མཐོང་བྱུང་།  རི་མོ་དེའི་ཕྱི་མོ་ནི་སྔར་ནས་ཡོད་པ་ཨེ་ཡིན་སྙམ།

 

གཞིས་ཀ་བསམ་གྲུབ་རྩེ།

 

སྤྱིར་ང་ཚོས་འདི་ལྟར་བསམ་གཞིག་བཏང་ན་ཆོག་འདུག

སྤྱི་ལོ་༡༦༤༢ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་སོག་པོ་ཨོ་རོད་ཚོ་བའི་དམག་དཔུང་ལ་བརྟེན་ནས་གཙང་པ་རྒྱལ་པོའི་སྲིད་དབང་མགོ་རྟིང་སློགས་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་དབུ་ཚུགས།  སྐབས་དེར་གཙང་པ་རྒྱལ་བོའི་མཆོད་གནས་གཙོ་བོ་ཇོ་ནང་དང་བཀའ་བརྒྱུད་གཉིས་ལ་བཀའ་གྱོན་ཆེན་པོ་གནང་ཞིང་། ཇོ་བཀའ་གཉིས་ཀྱི་དགོན་སྡེ་མང་པོ་ཞིག་ཞྭ་སེར་བསྟན་པའི་གྲས་སུ་བསྒྱུར་བ་ཡིན།  དེ་དུས་ཀྱི་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་ནི་ཇོ་ནང་སྤྱི་དང་གཙང་པ་རྒྱལ་པོའི་གཉིས་ཀྱི་ཆོས་སྲིད་གཉིས་ཀྱི་སྟོབས་ཤུགས་མཚོན་བྱེད་ཀྱི་ལྟེ་བ་ཞིག་ལ་ཆགས་ཡོད།  ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་ན།  ཕྱི་ཕྱོགས་ནས་འོངས་པའི་སྒྱུ་རྩལ་བ།  ལྷ་བཟོ་བ།  པར་རྐོ་བ།  ཆོས་ལུགས་པ།  ཆབ་སྲིད་པ།  མཚན་ཉིད་པ་སོགས་ལས་རིགས་གང་ལ་བྱང་ཆུབ་པའི་ཆེད་མཁས་མང་པོ་ཡོད་པ་ལོ་རྒྱུས་དག་ལས་ཤེས་ཐུབ།  ཕྱིས་སུ་༡༦༥༠ལོ་རྒྱལ་དབང་པས་བཀའ་བསྩལ་བ་བཞིན།  སྡེ་སྲིད་བསོད་ནམས་རབ་བརྟན་སྐུ་དངོས་སུ་རྟག་བརྟན་ཕུན་ཚོགས་གླིང་ལ་འབྱོར་ནས་ཇོ་ནང་རྟག་བརྟན་ཕུན་ཚོགས་དེ་ཉིད་དགེ་ལུགས་པར་བསྒྱུར་ནས།  མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏག  སྐབས་དེ་དུས་སུ་སྲིད་ཀྱི་དབང་ཐང་མཚོན་བྱེད་ཚོས་གཞི་དམར་པོ་བྱུགས་ཡོད་སའི་ཕོ་བྲང་ཚང་མ་གཏོར་ནས་ཞོལ་གྱི་དགོན་སྡེ་ལས་མ་བསྐྱུར་བར་སྙམ།  སྡེ་སྲིད་བསོད་ནམས་རབ་བརྟན་ནི་སྐབས་ཏག་ཏག་དེར་ཕོ་བྲང་པོ་ཏ་ལར་འཛུགས་སྐྲུན་གྱི་ལས་བཟོ་ཡོངས་ཀྱི་འགོ་བ་རེད།  བསོད་ནམས་རབ་བསྟན་ཁོང་གིས་གཙང་པ་རྒྱལ་པོའི་གཞིས་ཀ་བསམ་གྲུབ་རྩེ་དང་ཇོ་ནང་ཏཱ་ར་ནཱ་ཐའི་བློ་བཟོ་ལས་བྱུང་བའི་རྟག་བརྟན་ཕུན་ཚོགས་གླིང་གི་འཛུགས་སྐྲུན་གྱི་དཔེ་བླངས་ནས་འཛམ་གླིང་གི་ནོར་བུ་ཕོ་བྲང་པོ་ཏ་ལ་བཞེངས་པ་རེད་སྙམ།  དེ་ནི་གང་ནས་ཤེས་ཐུབ་ཟེར་ན།

འཇོན་གུར་བེར་གྱིས་བྲིས་པའི་པོ་ཏ་ལའི་རི་མོ།  ༡༦༦༠ལོར།

 

ཕྱི་གླིང་བ་འཇོན་གུར་བེར་གྱིས་སྤྱི་ལོ་༡༦༦༠ལོར་བྲིས་པའི་པོ་ཏ་ལའི་རི་མོ་དང་རྟག་བརྟན་ཕུན་ཚོགས་གླིང་གི་རི་མོ་གཉིས་བསྡུར་ན་ཤེས་ཐུབ།  མ་ཟད་པོ་ཏ་ལ་མ་བཞེངས་གོང་གི་གཙང་པ་རྒྱལ་པོའི་གཞིས་ཀ་བསམ་གྲུབ་རྩེ་དང་རྟག་བརྟན་ཕུན་ཚོགས་གླིང་གཉིས་ད་ལྟའི་ཕོ་བྲང་པོ་ཏ་ལ་དང་གཞི་རྒྱ་ཆེ་ཆུང་ཙམ་ལས། ཕྱིའི་བཀོད་པ་ལ་འདི་དང་དེའོ་ཟེར་ན་ཆོག་འདུག་ལགས།  སྐབས་དེར་དགའ་ལྡན་སྲིད་དབང་བཙུགས་ནས་དུས་ཡུན་རིང་པོ་མ་འགོར་བས་གཞན་ལ་སློབ་སྦྱོང་དང་ཇོ་བཀའ་གཉིས་ཀྱི་དགོན་ཆེན་དག་ནས་སྒྱུ་རྩལ་བརྩམས་ཆོས་མིང་དོན་མཚུངས་ལ་མིག་དཔེ་བལྟ་འོས་པ་སོགས་པོ་ཏ་ལ་ལར་ནང་འདྲེན་བྱེད་ཀྱིན་འདུག  དཔེར་ན། པོ་ཏ་ལར་བཞུགས་ཡོད་པའི་གསེར་ཟངས་ལས་གྲུབ་པའི་དུས་འཁོར་གཞལ་ཡས་ཁང་དེ་ནི་སྔར་རྟག་བརྟན་ཕུན་ཚོགས་གླིང་ལ་བཞུགས་ཡོད་རེད།  ཕྱིས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལར་གདན་དྲངས་པ་ཞིག་རེད།  དཔེ་དེ་དང་འདྲ་བ་མང་པོ་འདུག་རུང་དེ་རིང་འདི་ནས་མི་སྤྲོ།

ཕོ་བྲང་པོ་ཏ་ལའི་ལྡེབས་རིས་རྙིང་པ།

 

གང་ལྟར་ལོ་རྒྱུས་ཀྱི་དུས་འགྱུར་ཁྲོད་ནས་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དུས་འགྱུར་དེ་དག་ལ་གཡོལ་མ་ཐུབ་པས་ད་ལྟ་ང་ཚོས་མཐོང་ཐུབ་པའི་རྟག་བརྟན་ཕུན་ཚོགས་གླིང་གི་ཕོ་བྲང་གས་གསུམ་ལ་བཏང་གས་གཅིག་ལས་མཐོང་ཐུབ་ཀིན་མེད་རེད།  ཁོ་བོ་ལྟ་བུའི་དཔེ་ཆ་ལ་མཐོང་མཐོས་གང་ཡང་དཀོན་པའི་མི་བུ་ཞིག་གིས་འདི་རེད་དེ་རེད་ཟེར་ནས་ཁ་ཚོད་གཅོད་དཀའ་མོད།  ད་ཐེངས་ཕུན་ཚོགས་གླིང་གི་ཡུལ་དངོས་སུ་དུས་ཚོད་གཅིག་ལ་ཐོན་ཐུབ་པའི་སྐབས་དེའི་མཐོང་སྣང་དང་བསམ་སྣང་སོགས་ཡི་གེར་བཀོད་ནས་རང་གི་གྲོགས་པོ་ཚྭ་ཁ་རབ་གསལ་ལམ་ལོ་མ་དམར་བོ་རུ་འབོད་པ་ལ་འཕུལ་བའོ།།  མཇུག་མཐར་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།

༢༠༡༩  ༢  ༡༥ཉིན་ལྷ་སའི་གནམ་གྲུའི་ཐང་ནས་བྲིས་པའོ།།

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།