གནས་ངོ་མཚར་ཅན་ལ་སྟོད་དིང་རི་རྒྱལ་གྱི་ཤྲཱི། 

གནས་ངོ་མཚར་ཅན་ལ་སྟོད་དིང་རི་རྒྱལ་གྱི་ཤྲཱི། 

སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བའི་ཞལ་སྔ་ནས། ལ་སྟོད་རྒྱལ་གྱི་ཤྲཱི་འདི་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རི་ཡིན་པས་དེ་ལ་སྒོམས། ཞེས་ཐུགས་སྲས་ཀྱི་ཐུ་བོ་རྗེ་བཙུན་མི་ལ་རས་པར་ནན་ཏན་དུ་གདམས་པར་མཛད་པ་ལྟར། རྗེ་བཙུན་མི་ལས་སྒྲུབ་པ་ཡུན་རིང་མཛད་ནས་བཞུགས་པའི་གནས་ཡིན་ལ། འདིར་དཔལ་འཁོར་ལོ་སྡོམ་པ་དངོས་སུ་བཞུགས་པའི་གནས་མཆོག་འབྲེལ་ཚད་དོན་ལྡན་ལ་སྟོད་རྒྱལ་གྱི་ཤྲཱི་ནས་རྗེ་བཙུན་ཆེན་པོས་འབྲི་སྒོམ་རས་པ་རྗེས་སུ་བཟུང་ཚུལ་མགུར་འབུམ་ལས་ཁོལ་དུ་ཕྱུངས་ཏེ་བཀོད་ན།

ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ་སྟོད་རྒྱལ་གྱི་ཤྲཱི་རི་ལ་ཐུགས་དམ་ལ་བཞུགས་པའི་དུས་ནམ་ཞིག་གི་ཚེ། ཇག་པ་དཔོན་གཡོག་འགའ་བྱུང་བ་དེ་རྣམས་རྗེ་བཙུན་ལ་ཕྱག་རྫས་དང༌། མཐུན་རྐྱེན་ཅི་ཡང་མེད་པ་ལ་དམ་པའི་ཆོས་མཛད་ཚུལ་མཐོང་ནས་དད་པ་སྐྱེས་ཏེ། བླ་མ་ལགས། གནས་ཆུ་ངན་ལ་མཐུན་རྐྱེན་དཀོན་པ་འདི་འདྲར་བཞུགས་ནས་ཅི་མཛད། ངེད་ཀྱི་ཡུལ་དུ་ཕེབས་པར་ཞུ་ཞབས་ཏོག་འབུལ་ཟེར་བ་ལ། རྗེ་བཙུན་གྱིས་གནས་འདི་མཐུན་རྐྱེན་དཀོན་ཞིང་ཆུ་ངན་རུང་དེ་ཀས་ང་ལ་དགོས་པའི་བསམ་གཏན་འཕེལ་བ་ཡིན་པས། ཁྱེད་ཀྱི་ཡུལ་དུ་མཐུན་རྐྱེན་འཛོམས་རུང་ང་མི་འགྲོ། དེ་བས་ཁྱེད་རང་རྣམས་ཀྱང་སྐལ་བ་དང་ལས་འཕྲོ་ཡོད་ན། རྒྱལ་གྱི་ཤྲཱི་རི་ལ་སྒོམ་དུ་ཤོག་གསུངས་ནས་མགུར་འདི་གསུངས་སོ། །
གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་རི་འདི། །ས་སྐོར་ཐག་རིང་སྟེ་ལམ་བགྲོད་ཐག་ཉེ་བའི་གནས། །སྐལ་ལྡན་དད་པ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་རི་འདི། །གནས་ཆུ་ཐག་རིང་ཡང་ཉམས་རྟོགས་སྒྲུབ་ཐག་ཉེ། །སྐལ་ལྡན་ལས་འཕྲོ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་རི་འདི། །ཆུ་མེ་ཤིང་དཀོན་ཡང་མཁའ་འགྲོ་འདུ་འཚོགས་མང༌། །སྐལ་ལྡན་ལས་འཕྲོ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་རི་ལ། །ཡི་དམ་བྱིན་རླབས་ཅན་བདེ་མཆོག་འཁོར་ལོ་བཞུགས། །དེ་དངོས་གྲུབ་སྟེར་བའི་ཡི་དམ་ཡིན། །སྐལ་ལྡན་ལས་འཕྲོ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་རི་ན། །ཆོས་སྐྱོང་ངོ་མཚར་ཅན་མ་མགོན་ལྕམ་དྲལ་བཞུགས། །དེ་བར་ཆོད་སེལ་བའི་ཆོས་སྐྱོང་ཡིན། །སྐལ་ལྡན་དད་པ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་རི་ལ་བྱོན། །
ཞེས་གསུངས་པས། ཇག་དཔོན་དེ་ཤིན་ཏུ་དད་པར་གྱུར་ནས། ཕྱག་བཙལ་ཞབས་སྤྱི་བོར་བླངས་ནས། ཕྱིས་མྱུར་དུ་མཇལ་དུ་ཡོང་ཟེར་སོང་བ་ལས། ཁོས་ཕྱིས་གཡུ་རྡོག་ཆེན་པོ་གཅིག་ཕུལ་བ་དྲག་གམ་སྙམ་ཐེ་ཚོམ་ལོག་གེ་བ་ལ་ཁྱེར། གཞན་འབུལ་བ་མཚོན་པ་ཞིག་ཁྱེར་ནས་མཇལ་དུ་ཕྱིན་ཏེ། འབུལ་བ་ཆུང་བ་དེ་སྔོན་ལ་ཕུལ་བས། རྗེ་བཙུན་ཞལ་འཛུམ་མཛད་ནས། ང་ལ་བསྔོས་པའི་གཡུ་དེ་ཕུལ་ཐེ་ཚོམ་མི་དགོས། ང་ལ་གཡུའི་དགོས་པ་མེད་དེ། ཁྱོད་རང་ཚོགས་རྫོགས་པ་ཡིན་གསུངས་པས། ཁོ་མངོན་མཁྱེན་ཐོགས་ཐུག་མེད་པ་མངའ་བ་འདུག་སྙམ་གཡུ་ཕུལ་བས་རེ་ཞིག་བཞེས་ཏེ། ཡང་ཁོ་རང་ལ་ཁྱོད་རང་གི་སྒྲུབ་རྒྱགས་གྱིས་ཤིག་གསུངས་ནས་གཡུ་ཁོ་རང་ལ་གནང་བས། ནོར་ལ་ཞེན་པ་མི་འདུག་སྙམ་མི་ཕྱེད་པའི་དད་པ་ཐོབ་སྟེ། ཕྱག་ཕྱིར་འབྲངས་པ་ལ་དབང་དང་གདམས་པ་གནང་ནས་བསྒོམས་པས། ཉམས་རྟོགས་མཐར་ཕྱིན་པ་འབྲི་སྒོམ་གླིང་ཁ་པ་ཞེས་བྱ་བའི་ཐུགས་སྲས་དེ་བྱུང་བ་ཡིན་ནོ། །རྒྱལ་གྱི་ཤྲཱི་རིར་འབྲི་སྒོམ་རས་པ་དང་མཇལ་བའི་སྐོར་རོ། །
དེ་ཡང་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་སྲོལ་འབྱེད་ཆེན་པོ། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པའི་ཐུགས་སྲས། དང་པོར་ཆེ་བ་པ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས་ཞེས་གྲགས་པ་ལས། སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུའི་བསྟན་པའི་མངའ་བདག་ཏུ་གྱུར་པ་རྒྱལ་བ་རྒོད་ཚང་པས་ཁྱུང་དཀར་དང༌། ཡང་དཀར་དུ་ལོ་གསུམ། རྒོད་ཚང་དུ་ལོ་ངོ་བརྒྱད་དེ་དྲིལ་བས་རྒྱལ་གྱི་ཤྲཱི་རིར་ལོ་ངོ་བཅུ་གཅིག་བཞུགས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་པར་རྣམ་ཐར་དུ་གསལ་ལ། དེ་ལས་ཀྱང་ཆོས་རྗེ་རྒོད་ཚང་པས། མི་ང་དང་གཅིག །བྱ་ཁྱོད་དང་གཉིས། བྲག་འདི་དང་གསུམ། མིང་གཅིག་ཏུ་མ་སོང་བར་སྒྲུབ་པ་ཉམས་ལེན་མཛད་པར་དམ་བཅས་ནས་བཞུགས་པས། ཁོང་གི་མཚན་ལའང་རྒོད་ཚང་པ་ཞེས་ཐོགས་པའི་རྒོད་ཚང་སྒྲུབ་ཕུག་འདི་ནི་ཤིན་ཏུ་བྱིན་ཆེན་ཞིག་ཡིན་ཏེ།
རྣམ་ཐར་ལས། དེ་ནས་ཡང་རྒོད་ཚང་དུ་ཕེབས་པས། རྗེ་ཡི་ཞལ་ནས་འུ་ཡི་བྲག་ཕུག་འདི་ཆུང་འདུག །ཆེར་སྐྱེད་དགོས་པ་འདུག་པས། ཁྱེད་རང་ཚོ་རྡོ་ཐོན་ཅིག་ངས་སློག་གིས་གསུངས་ནས། སྣང་བ་སྒྱུ་མར་རྟོགས་ནས། སྣང་བ་ཟང་ཐལ་མའི་དུས་སུ་མགུར་བཞེངས་པ་ནི།
ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཕྱིའི་སྣང་བ་འདི་ཀུན་ཟང་ངེ་ཐལ་ལེ་རུ་འདུག །འདུས་བྱས་འདི་ཀུན་མི་རྟག་འཇིག་པ་རུ་འདུག །ཅེས་གསུངས་ནས། བྲག་ལ་ཟན་གཅོད་གཅོད་མཛད་ནས་བྲག་ཕུག་ཆེར་བསྐྱེད་པས། དེ་དུས་ཉེ་གནས་པས། ཆོས་རྗེ་པ་འདིའི་ཕྱོགས་ལ་ནག་ཚང་མཛད་པར་ཞུ། འདིའི་ཕྱོགས་སུ་གཟིམས་ཁང་མཛད་པར་ཞུ་ཟེར་ཞིང་མཛུབ་རིས་བྱས་པས། རྗེའི་ཞལ་ནས། འོ་ད་ཆོག་པར་གྱིས་ཁྱེད་ཞེན་པ་སྐྱེ་བར་འདུག །ཞེན་པ་སྐྱེས་པའི་ཁང་པའི་དོན་མེད་གསུངས་ནས། ཕྱག་གཡས་བྲག་ལ་བརྒྱབ་པས། ཕྱག་གི་རྗེས་བྱུང་བ་དུས་ད་ལྟའི་བར་དུ་ཡང་ཡོད་དོ། །
དེར་ཡང་རྗེ་རྒོད་ཚང་པའི་ཞལ་ནས། རང་བྱུང་གི་ཕུག་པ་འདིར་རྡོག་པ་བརྒྱབ་ཚད་ངན་སོང་དུ་སོང་ན་ང་མགོན་པོ་རྡོ་རྗེ་མི་མིན་གསུངས་ཤིང༌། དེས་ན་རྒོད་ཚང་བསྐོར་ཚད་ངན་སོང་དུ་མི་འགྲོ་བར་རྗེ་རྒོད་ཚང་པས་ཞལ་གྱིས་བཞེས་འདུག་ཅིང༌། སྒྲུབ་པ་བྱས་ན་ལྟ་ཅི་སྨོས་སོ། །དེར་ཐམས་ཅད་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཤིང༌། འདི་ལྟ་བུའི་བླ་མ་སངས་རྒྱས་དངོས་དང་མཇལ་བ་རེ་དགའ་ཟེར་ཞིང་སྤྲོ་བར་གྱུར་ཏོ། །ཞེས་གསུངས་ཤིང་།
རྒྱལ་བ་རྒོད་ཚང་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྟན་པ་ཐོབ་ས་འདི་ཡང་གནས་འདི་ཁོ་ན་ཡིན་ཏེ། རྣམ་ཐར་ལས། ངས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཉིན་མཚན་མེད་པ་དང་མཉམ་རྗེས་མེད་པར་གང་ཤར་གང་སྣང་གིས་ཆོག་པའི་བརྟན་པ་ཤྲཱི་རིར་ཐོབ་པ་ཡིན། ཞེས་དང་། གསུང་མགུར་ལས། ང་རྒྱལ་གྱི་ཤྲཱི་རིར་སྒོམ་ཙ་ན། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །འགྲོ་དོན་བྱས་ན་འགྲུབ་ཚོད་གདའ། །ད་ལྟ་སྦས་པའི་རྣལ་འབྱོར་ལགས། །ཞེས་གསུངས་པ་དང་། འགྲོ་དོན་གྱི་མགོ་ཡང་རྒོད་ཚང་ནས་བཙུགས་པ་ཡིན་པར་རྣམ་ཐར་དུ་གསལ་ལོ། །

སྟོད་འབྲུག་བསྟན་པའི་ཕ་ས།
གནས་ངོ་མཚར་ཅན་ལ་སྟོད་རྒྱལ་གྱི་ཤྲཱི།
རྒྱལ་གྱི་ཤྲཱིའི་རྒོད་ཚང་བྲག་དང་།
རྒོད་ཚང་སྒྲུབ་ཕུག་གི་ཆགས་དབྱིབ།
རྒྱལ་བ་རྒོད་ཚང་པས་སྒྲུབ་ཁང་ལ་རབ་གནས་མཛད་སྐབས་རྩིག་རྡོར་ཕྱག་ནས་དངོས་སུ་ཐིམ་པ་ད་ལྟའང་བཞུགས་པ།
བྲག་ཐེམ་རྣམས་སུ་བཞུགས་པའི་མཆོད་རྟེན་རྙིང་པ་དག་གི་གནའ་ཤུལ།

 

རྒྱལ་བ་རྒོད་ཚང་པའི་རྫུ་འཕྲུལ་ཞབས་རྗེས།

 

རྒོད་ཚང་བྲག་གི་འཁྲིས་སུ་གནས་པའི་རྫ་བྱ་གོང་མོ།
རྒྱལ་གྱི་ཤྲཱིའི་མདུན་ཐད་ཀྱི་རི་རྒྱལ་ཇོ་མོ་གླང་མ།

བརྒྱུད་སྐུལ།

མཆན་སྤེལ།