གནས་ཆེན་ལ་སྟོད་དིང་རི་ཤེལ་དཀར་དགོན་དུ་གནས་མཇལ་དང་འཚོལ་ཞིག་ཆུང་ངུ་ཞིག

གནས་ཆེན་ལ་སྟོད་དིང་རི་ཤེལ་དཀར་དགོན་དུ་གནས་མཇལ་དང་འཚོལ་ཞིག་ཆུང་ངུ་ཞིག
༄༅། །འཛམ་གླིང་ཡང་རྩེར་གནས་པའི་བརྗིད་ཆགས་ཇོ་མོ་གླང་མ། །

སྙན་ཅིང་ཡིད་དབང་འཕྲོག་པའི་ལ་སྟོད་དིང་རིའི་དམངས་གཞས། །
འགྱུར་ཁུག་དབྱངས་ཀྱི་མཆོད་པ་རྒྱལ་བ་རྣམས་ལ་ཕུལ་ནས། །
རང་རིགས་ཁ་བ་གངས་ཅན་ལྗོངས་ཀྱི་དབུ་འཕང་དེ་མཐོ། །

བོད་རྒྱལ་ལོ་ ༢༡༤༥ ས་ག་ཟླ་བའི་ཚེས་ ༢༠ སྟེ་སྤྱི་ཟླ་ ༦ ཚེས་ ༣ ཉིན་ལ་སྟོད་དིང་རི་རྫོང་ཤེལ་དཀར་ཆོས་སྡེ་དགོན་དུ་སྔར་གྱི་ལས་སྨོན་དང་། ད་ལྟའི་བཅར་འདོད་བསམ་པས་དགོན་དེར་ཆོས་མཇལ་དུ་འགྲོ་བའི་སྐལ་བ་བཟང་པོ་དེ་གཞི་ནས་ཐོབ། དང་པོ་དགོན་པ་དེར་མ་བཅར་གོང་ལ་སེམས་ནང་དྲན་པ་ནི་དགོན་པ་དེ་གའི་ལོ་རྒྱུས་དང་། རང་ཉིད་ཀྱི་རྫོང་དེའི་སྔར་བྱུང་གི་ལོ་རྒྱུས། ལྷ་བདག་རྣམ་པའི་མཛད་པ་རྣམས་ཤེས་འདོད་ཀྱི་བློ་ཞིག་ཁྱེར་ནས་དགོན་དེར་ཆོས་མཇལ་དུ་ཕྱིན་པ་ཡིན།

ལ་སྟོད་དིང་རི་ཤེལ་དཀར་ཆོས་སྡེའི་མཚན་རྒྱས་པར་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་ཞེས་ཞུ། དགོན་དེའི་གནས་སྟངས་ནི་སྔོན་དཔང་ལོ་ཙཱ་བས་ལུང་བསྟན་པ་བཞིན་རྗེ་བཙུན་སྒྲོལ་མའི་ཞབས་གཡས་རྐྱང་གཡོན་བསྐུམས་པ། དེ་ཡང་གཡོན་བསྐུམས་པའི་སྟེང་དུ་ཆགས་ཡོད། དེའང་ཤེལ་རི་རྒྱལ་མོ་རིར་སྔོན་དུས་ལོ་ཙཱ་བ་དཔང་ལོ་བློ་གྲོས་བརྟན་པའི་སྒྲུབ་གནས་དགོན་ཆུང་ཞིག་ཡོད་པ་དེར་ལོ་ཆེན་བྱང་ཆུབ་རྩེ་མོ་ཞབས་ཀྱིས་བཅགས་ནས་གནས་དེར་བཤད་གྲྭ་བཙུགས་ན་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཡོང་བའི་ལུང་བསྟན་མཛད་པ་དང་། ལྷོ་བདག་དོན་ཡོད་དཔལ་བཟང་ལ་སྦྱིན་བདག་གི་ཁུར་ལེན་མཛོད་ཅིག་ཅེས་བཀའ་གནང་བའི་མོས། དེ་རྗེས་ ༡༣༨༥ རབ་བྱུང་དྲུག་པའི་ཤིང་གླང་ལོར་ལྷོ་བདག་དོན་ཡོད་དཔལ་བཟང་གི་སྲས་སི་ཏུ་ཆོས་ཀྱི་རིན་ཆེན་མཆོག་ལ་སྟོད་ལྷོའི་ཁྲི་སྐོར་གྱི་ཁྲིར་འཁོད་རིང་སྦྱིན་བདག་མཛད་དེ་ལོ་ཆེན་གྲགས་པ་རྒྱལ་མཚན་མཆོག་གིས་སྔར་གྱི་དགོན་ཆུང་ཡོད་སར་བཤད་གྲྭ་གསར་དུ་བཏབ། དང་ཐོག་ས་ལུགས་གྲྭ་ཚང་བདུན་དང་། བོ་ལུགས་གྲྭ་ཚང་བདུན་མཆིས། ཕྱིས་སུ་དགེ་ལུགས་གྲྭ་ཚང་བདུན་དང་བཅས་པ་འཕེལ་རྒྱས་བྱུང་། དགེ་འདུན་ཞལ་གྲངས་ ༨༠༠ ཙམ་བྱུང་། རྗེ་ཙོང་ཁ་པ་ཆེན་པོ་དང་། རྗེ་དགེ་འདུན་གྲུབ་གཉིས་ཀྱང་དགོན་དེར་ཐུགས་གཉེར་གྲྭ་སྐོར་གནང་མྱོང་། ༡༦༤༣ རབ་བྱུང་བཅུ་གཅིག་པའི་ཆུ་ལུག་ལོར་མཁན་ཆེན་ལེགས་པ་དོན་གྲུབ་ཕེབས་པ་ནས་བཟུང་རི་བོ་དགེ་ལྡན་པའི་ལུགས་གཙང་དག་ཕྱག་བཞེས་མཛད། ས་ལུགས་དང་བོ་ལུགས་ཀྱི་གྲྭ་ཚང་རྣམས་གནས་གཞན་དུ་སྤོ་རུ་བཅུག །སྔར་ཡོད་དགེ་ལུགས་ཀྱི་གྲྭ་ཚང་ཤར་པ། གསེར་གླིང་། བུར་བརྫི། སྤོ། ཀུན་འཛམ། གནས་འོག་གཟེ་མཁར་བཅས་ཀྱི་ཐོག་ལ་སྟོད་ལྷོ་ཁུལ་ནས་བུ་ཁྲལ་བསྡུས་ཏེ་ལ་སྟོད་ལྷོ་ཁུལ་གྱི་ཞྭ་སེར་བསྟན་པའི་སྲོག་ཤིང་ལྟ་བུའི་ཆོས་གྲྭ་ཆེན་པོ་འདི་གསར་དུ་བཙུགས།

ཡང་ལོ་རྒྱུས་གཞན་ལ་༼ལྔ་པ་ཆེན་པོའི་སྐབས་བཀའ་གདམས་གསར་མར་གཏན་འཁེལ་གནང་བ་ནས་བཟུང་དགེ་ལུགས་ཕྱག་བཞེས་མཛད་དེ་རི་བོ་དགེ་ལུགས་པའི་ལུགས་སུ་གཙང་མ་མཛད། དགེ་འདུན་ཞལ་གྲངས་ ༣༠༠ གཏན་འཁེལ་བྱས། དེ་ནས་དགའ་ལྡན་ལེགས་བཤད་གླིང་ཞེས་པའི་མཚན་ཡང་དེ་ལྟར་ཐོགས་པ་མིན་ནམ་སྙམ།

༡༧༣༠ རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོར་བོད་ཀྱི་སྲིད་འཛིན་པ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་ཤེལ་དཀར་ཆོས་སྡེའི་ཉེ་འདབས་སུ་པར་ཁང་བདེན་བཞི་ཆོས་འཁོར་ཁང་བཙུགས། ཐོག་མར་བཀའ་འགྱུར་པར་བརྐོ་སའང་དགོན་དེའི་པར་ཁང་དུ་ཡིན་པ་ལ། ༡༧༤༡ ལྕགས་བྱ་ལོར་སྣར་ཐང་དུ་སྤོས། ད་ལྟ་སྣར་ཐང་དུ་ཡོད་པའི་བཀའ་འགྱུར་མ་དཔེ་དེ་རྣམས་ཡིན་ ༼སྣར་ཐང་པར་མར་གྲགས་པ་དེ་ཡིན།༽


རིག་གནས་གསར་བརྗེའི་རླུང་ནག་ནང་དགོན་པ་དང་། དེའི་སྐུ་གསུང་ཐུགས་རྟེན་ལ་ཆག་འཇིག་ཆེན་པོ་བྱུང་། ༡༩༨༤ ལོའི་ཡས་མས་ལས་དགོན་གྱི་གྲྭ་དམངས་ཚོས་རིམ་བཞིན་ཉམས་གསོའི་ལས་འགོ་བཙུགས་ཏེ་དགོན་པའི་རྟེན་གཙོ་སྐུ་རྒྱུ་འཇིམ་པ་ལས་གྲུབ་པ་སྐུ་ཚད་སྔོན་དང་མཚུངས་པའི་ཇོ་བོའི་སྐུ་ཞིག་གསར་བཞེངས་མཛད།
ཤེལ་དཀར་ཆོས་སྡེའི་མཁན་བརྒྱུད་རིམ་བྱོན། དེའང་ཤེལ་དཀར་ཆོས་སྡེ་མ་བཏབ་གོང་གནས་དེར་དཔང་ལོ་ཙཱ་བའི་སྒྲུབ་གནས་དགོན་ཆུང་ཡོད་པས་ལྷོ་བདག་སི་ཏུ་རིན་ཆེན་གྱིས་བླ་མ་མཛད་པ། ལོ་ཆེན་བྱང་ཆུབ་རྩེ་མོས་དེར་ཞབས་ཀྱིས་བཅགས་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་སྔོན་བྱོན་གྱི་མཁན་བརྒྱུད་ཐོག་མ་ནི་དཔང་ལོ་ཙཱ་བ་དང་། གཉིས་པ་ནི་ལོ་ཆེན་བྱང་ཆུབ་རྩེ་མོ། དེ་རྗེས་ལོ་ཆེན་གྲགས་པ་རྒྱལ་མཚན། རྗེ་བཙུན་འཇིགས་བྲལ་ཆེན་པོ། བོ་དོང་ཕྱོགས་ལས་རྣམ་རྒྱལ། རྗེ་ངག་དབང་རྒྱལ་མཚན། རྗེ་བློ་གྲོས་རྒྱལ་མཚན། འཇམ་དབྱངས་དོན་ཡོད་རྣམ་རྒྱལ། ནམ་མཁའ་རྡོ་རྗེ། ནམ་མཁའ་རིན་ཆེན། ནམ་མཁའ་དཀོན་མཆོག །ནམ་མཁའ་འོད་ཟེར། ནམ་མཁའ་རིན་ཆེན། ཡེ་ཤེས་མཚོ་མོ་མཁའ་སྤྱོད་མ་ཞིག་ཡིན་པར་སྙམ།༽ འཇམ་མགོན་ཚུལ་ཁྲིམས་གྲགས་པ། ཆོས་ཀྱི་རྒྱལ་མཚན། འདྲེན་པོ་ཆོས་མཛད་ ༼ཡུལ་མིང་ཙམ་ཞིག་ཡིན་པ་ལས་ཆོས་ཕྱོགས་ཀྱི་མཚན་ནི་མི་གསལ།༽ གཞན་ཡང་ཞྭ་སེར་རི་བོ་དགེ་ལྡན་པའི་ལུགས་གཙང་དག་ཕྱག་བཞེས་གནང་རྗེས་ཀྱི་མཁན་བརྒྱུད་ཡང་རྩིས་གསོལ་ཡོད་པར་གྲགས།
དགོན་དེ་ནི་རྒྱན་ཆུ། སྲེ་ཆུ། ལོ་ཆུ། བུམ་ཆུ་སོགས་ཆུ་ཆེན་བཞི་དང་། ཤར་དུ་དཔལ་ལྡན་ས་སྐྱ། ལྷོ་རུ་གནས་ཆེན་ཚ་བོ། ནུབ་ཏུ་རྩིབས་རིའམ་ཤྲི། བྱང་དུ་རྒྱལ་བ་རྒོད་ཚང་པའི་བཞུགས་གནས་བཅས་གནས་ཆེན་བཞི་དང་། གཞན་ཡང་ཤར་དུ་ལྷ་རྒོད་གངས་རི། ལྷོ་རུ་ཇོ་མོ་གླང་མ། ནུབ་ཏུ་རྟ་སྐྱོངས་གངས་རི། བྱང་དུ་བུ་ལའི་གངས་རི་བཅས་གངས་ཆེན་བཞིས་བསྐོར་བའི་དབུས་སུ་ཆགས་ཡོད།

 

བོད་རྒྱལ་ལོ་ ༢༡༤༥ ས་ག་ཟླ་བའི་ཚེས་ ༢༠ སྟེ་སྤྱི་ཟླ་ ༦ ཚེས་ ༣ ཉིན་དིང་རི་དང་ས་སྐྱའི་ལམ་ཁ་ནས་ཟིན་བྲིས་པ་ཆོས་ཤེས་སམ་ཡེ་ཤེས་རྒྱལ་མཚན་ནས།

 

བརྒྱུད་སྐུལ།

མཆན་སྤེལ།