གཙང་གི་ཇོ་མོ་ཁ་རག

གཙང་གི་ཇོ་མོ་ཁ་རག

   ༇ དབུས་གཙང་གཉིས་ཀྱི་ས་མཚམས་སུ་ཡུལ་སྐྱིད་པོ་ཁ་རག་ཞེས་པར་སྲིད་པའི་གངས་རི་གཉིས་བརྗིད་ངེར་འགྱིངས་བཞིན་ཡོད། ཡར་ཆབ་གཙང་པོས་གནས་འདིར་བསྐོར་བའི་ཚུལ་དུ་རྒྱུག་བཞིན་ཡོད། ཡུལ་འདིར་གནས་པའི་མི་ཚོས་སྔ་འདྲོ་དེའི་ཕྱོགས་སུ་བསང་གསོལ་དང་གསོལ་འདེབས་བྱེད་མུས་ལ་ལམ་དུ་འགྲོ་བའི་མི་ཚོས་ཀྱང་དད་གུས་ཀྱི་རེ་སྨོན་ཞུ་བཞིན་ཡོད་ལ་བོད་ཟླ་བཞི་པའི་ནང་དེའི་མཐའ་འཁོར་གྱི་གྲོང་སྡེ་ཆུ་ཤུལ་གོང་དཀར་སྣ་དཀར་རྩེ་སྙེ་མོ་རིན་སྤུངས་སོགས་ནས་གངས་བསྐོར་ལ་ཕེབས་མཁན་མང་། འདི་ནི་གཙང་གི་ཇོ་མོ་ཁ་རག་ཞེས་འབོད་པའི་གངས་རི་དེ་ཡིན། དམངས་ཁྲོད་དུ་དེའི་སྐོར་ལ་གསུང་རྒྱུན་འདི་འདྲ་ཞིག་ཡོད། ཁ་རག་ཇོ་ཕོ་དང་ཇོ་མོའི་རི་ནི་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་ཡིན་པ་དང་ཇོ་ཕོ་དང་ཇོ་མོ་གཉིས་ཁྱོ་ཤུག་ཡིན་ཁོ་གཉིས་ལ་ཕྲུ་གུ་གཉིས་བྱུང་བ་ནི་ཇོ་ཕོ་ཇོ་མོའི་འགྲམ་གྱི་རི་ཆུ་ཆུང་ཆུང་དེ་གཉིས་ཡིན་ཟེར། སྐབས་ཞིག་ཁོང་གཉིས་ཐུག་པ་བསྐོལ་སྐབས་འཁྲུག་འཛིང་ཤོར་ཏེ་ཇོ་ཕོས་ཇོ་མོའི་འགྲམ་པར་གཟར་བུ་བཞུས་པས་དེ་ནས་བཟུང་ཇོ་མོ་ཁོང་ཁྲོ་ལངས་ཏེ་ཞལ་རིན་སྤུངས་རྫོངས་ཁོངས་སུ་ཡོད་པའི་བར་ཐང་དུ་བསློགས་ནས་བཞུགས་པ་རེད་ཟེར་བ་དང་ཡང་གསུང་རྒྱུན་གཞན་ཞིག་ལ་དགུན་ཟླ་ར་བའི་སྐབས་ཅིག་ཇོ་མོའི་སྟེང་དུ་ཁ་བ་ཅུང་ཙམ་མང་བ་བབས་པས་ཇོ་ཕོས་མིག་སེར་ལྟ་བུས་ཁྱེད་ཀྱིས་དུས་རྒྱུན་ང་ལ་གུས་ཞབས་བྱེད་ཀྱིན་ཡོད།

 

དེ་རིང་ལྟག་པ་གྱེར་གྱེར་གྱི་ང་ལ་གུས་ཞབས་བྱེད་ཀྱི་མིན་འདུག མྱང་གི་གནོད་སྦྱིན་གང་བཟང་ལ་སེམས་ཤོར་བ་འདྲ་བཤད་པས་ཇོ་མོས་ང་ལ་མ་ཉེས་ཁག་གཡོགས་བྱས་བྱུང་ཞེས་བཤད་པ་མ་ཟད་དེ་ནས་བཟུང་མགོ་ཚུར་མ་བསློགས་པར་བཤད་དེའི་རྐྱེན་གྱིས་བར་ཐང་གི་བུ་མོ་ཚོ་མཛེས་པོ་ཡོད་ཟེར་བ་དང་ཇོ་ཕོའི་ཞལ་ཁ་རག་ཏུ་གཟིགས་པས་ཁ་རག་གི་བུ་རྣམས་རྫིག་པོ་ཡོད་པ་དེའི་བྱིན་བརླབས་ཡིན་ཟེར། ཇོ་མོའི་རི་བོའི་རྒྱབ་ཏུ་རི་གཞན་ཞིག་ཡོད་པ་དེའི་མིང་ལ་ཁ་རག་ཁྱུང་འཛིན་རྡོ་རྗེ་དཔལ་གྱི་རི་བོ་ཟེར། དབྱིབས་ནི་བྱ་རྒྱལ་ཁྱུང་ཆེན་འདྲ་བ་ཞིག་ཡོད་ཟེར། དེའི་བཤད་སྲོལ་ལ་གནའ་སྔོན་མ་ཞིག་ལ་སྙེ་མོའི་ཐོན་ཁུལ་དུ་ལོ་རྟག་པར་ལོ་ཉེས་ཡོང་གི་ཡོད་པས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་ཟེར། ཡུལ་དེར་རྒྱ་གར་གྱི་སྔགས་པ་གཉིས་ཡོང་བར་ཡུལ་མི་ཚོས་ཡུལ་ལ་ལོ་ཉེས་ཁོ་ན་ཡོང་བའི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲིས་པར་སྔགས་རྒན་ན་རེ།   ཁ་རག་ཇོ་མོའི་རྒྱབ་ཀྱི་ཁྱུང་གི་ཁ་ཁྱོད་ཚོའི་ཡུལ་ཕྱོགས་སུ་ལྡིང་ནས་བསྡད་ཡོད་པའི་རྐྱེན་གྱི་རེད། ཅེས་བཤད།

 

   ཡུལ་མི་ཚོས་དེ་ཟློག་ཐབས་ཤིག་གནང་རོགས་ཞེས་བཤད་པར་སྔགས་རྒན་ཨ་ཙ་ར་གཉིས་ནས་གསང་སྔགས་ཀྱི་སྒོ་ནས་གཏོར་བཅོས་བྱས་སྐབས་ནམ་མཁར་སྤྲིན་འཁྲིགས། ས་སྟེང་དུ་རླུང་དམར་ལང་ལོང་བྱེད་པའི་སྐབས་དེར་མཁའ་དབྱིངས་ནས་ཐོག་དམར་པོའི་མདའ་འཕེན་པ་ལྟ་བུ་ཞིག་བརྒྱབ་པས་ཁྱུང་གི་ཡས་མཆུར་ཕོག་སྟེ་ས་འགུལ་འུར་སྒྲ་ཆེན་པོ་ཞིག་བརྒྱབ་པ་དང་ཆབས་ཅིག་ཏུ་ཁྱུང་དེའི་གཤོག་མཆུར་ཕོག་སྟེ་མཆུ་ཏོ་རི་གཤམ་དུ་ལྷུང་བ་རེད། དེ་ནས་བཟུང་སྙེ་མོའི་ཐོན་ཁུལ་དུ་ལོ་ལྟར་ལོ་ལེགས་བྱུང་བ་རེད་ཅེས་བཤད་སྲོལ་འདུག ཤོད་སྲོལ་ནི་ཤོད་སྲོལ་རང་ཡིན་པས་ཐ་གཅིག་ཏུ་བདེན་པར་དཀའ། འོན་ཏེ་དེས་ལོ་རྒྱུས་ཡུན་རིང་ཡིན་པ་ཧ་གོ་དགོས། འཛམ་གླིང་ཚ་དྲོད་ཇེ་ཆེར་སོང་བས་ད་ནི་སྲིད་པའི་གངས་རི་དེ་ཡང་ནུབ་བྱང་ལ་གངས་ཅུང་ཙམ་ལས་རྫ་རི་ལྟ་བུར་འགྱུར་ཚར་བཞགས།  འོན་ཏེ་གནས་འདི་ནི་ནང་པའི་གནས་རྩ་ཆེན་ཞིག་ཡིན་ལ་རྩྭ་ཆུ་ཡང་ཧ་ཅང་འཛོམས་པའི་ས་ཞིག་ཡིན། སྔོན་ཁ་རག་སྒོམ་ཆུང་རིན་པོ་ཆེ་ཞེས་པའི་བཀའ་གདམས་པའི་བླ་མ་ཁྱད་འཕགས་ཤིག་གནས་འདིར་སྐུ་ཚེ་མཐར་ཕྱིན་པ་དང་འགྲོ་མགོན་གཙང་པ་རྒྱ་རས་རྩ་རིའི་གནས་སྒོ་མ་ཕྱེ་གོང་གནས་འདི་གནས་སྒོ་ཕྱེས་པའི་ལོ་རྒྱུས་དང་ཇོ་གདན་མཚལ་མིན་པ་བསོད་ནམས་བཟང་པོའམ་གཉག་དབོན་བསོད་ནམས་བཟང་པོ་ཞེས་རྒྱལ་བ་ཇོ་ནང་པའི་བསྟན་འཛིན་ཆེན་པོ་དེ་ཡང་གནས་འདིར་ཡུན་རིང་བཞུགས་པའི་ལོ་རྒྱུས་ཡོད་ལ་འདིར་ཁོང་གི་བཏབ་པའི་དགོན་ཞིག་ཡོད་ལ་ཁོང་གཤེགས་རྗེས་དེ་གའི་སློབ་མ་ཚོས་གདུང་རྟེན་གྱི་བུམ་པ་ཡང་གནས་འདིར་བཞེངས་གསུངས་འོན་ཏེ་དགོན་སྡེ་སོ་སོས་སོ་སོའི་ཁུལ་དུ་གདུང་རྟེན་ཁ་ཤས་བཞེངས་པ་འདྲ། བླ་མ་ཁོང་ལ་འཕགས་ཡུལ་གྱི་པཎ་ཆེན་ནགས་རིན་གྱིས་ཀྱང་། བོད་ཀྱི་རྣལ་འབྱོར་པ་ཞིག་ལ་འདི་བཟང་བར་འདུག་གསུངས་པའི་སྐོར་ཆག་ལོའི་དུས་འཁོར་ཆོས་འབྱུང་ལས་བཤད། གཞན་ཡང་ཇོ་ནང་བསྟན་པའི་མངའ་བདག་གསང་བདག་ཆེན་པོ་རྗེ་བཙུན་ཏཱ་ར་ནཱ་ཐ་གནས་འདིར་འཁྲུངས་པ་དང་དུས་འགྱུར་གོང་ཁ་རག་རྗེ་བཙུན་སྐུ་ཞབས་ཞུ་བའི་རྣལ་འབྱོར་མ་སྐད་གྲགས་ཅན་ཞིག་ཀྱང་འདི་ནས་འཁྲུངས་པའོ།། ས་འདི་ནི་དེང་ལྷོ་ཁ་སྣ་དཀར་རྩེ་རྫོང་ཁ་རག་ཡུལ་ཤོག་སུ་གནས་ཡོད།

   སྤོས་ཁང་སྒྲོལ་བཟང་གིས་ལྕགས་བྱིའི་གནམ་ལོ་གསར་ཚེས་ལ་པ་སྣམ་སྤོས་ཁང་དགོན་ནས་ཕུལ་ལོ།2020/3/1/

བརྒྱུད་སྐུལ།

མཆན་སྤེལ།