གཙང་ལྗོངས་ལྷ་རྩེ་དགའ་ལྡན་འོག་མིན་གླིང་གི་བྱུང་རབས་མདོར་ཙམ་བརྗོད་པ།

གཙང་ལྗོངས་ལྷ་རྩེ་དགའ་ལྡན་འོག་མིན་གླིང་གི་བྱུང་རབས་མདོར་ཙམ་བརྗོད་པ།

དགའ་ལྡན་འོག་མིན་གླིང་གི་བྱུང་རབས།

 

༄༅། །ལྷ་ཡི་ཡུལ་ས་རྩེར་སོན་དགའ་བ་བརྒྱ། །ལྡན་པའི་འོག་མིན་སྤུན་ཟླ་ཆོས་ཀྱི་གླིང་། །བཤད་སྒྲུབ་བསླབ་པ་གསུམ་གྱི་བྱ་བ་རྣམས། །སྲིད་མཐའི་བར་དུ་མི་ཉམས་འཕེལ་བར་མཛོད། །ཅེས་༸གོང་ས་ཐམས་བཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་གསུང་ཚིག་བྱིན་ཅན་གྱིས་སྔོན་བསུས་ཏེ་འདིར་གླེང་བར་བྱ་བ་ནི། ལྷ་རྩེ་དགའ་ལྡན་འོག་མིན་གླིང་ཞེས་ཡོངས་སུ་གྲགས་པ་འདི་ནི་༸གོང་ས་ཐམས་བཅད་མཁྱེན་པ་ལྔ་པ་ཆེན་པོས་ཕྱི་ལོ་ ༡༦༤༩ ལོ་སྟེ་བོད་རབ་བྱུང་བཅུ་གཅིག་པའི་ས་གླང་ལོར་ལུང་གི་ཆོས་གྲྭ་བཅུ་གསུམ་བཙུགས་པའི་ཨང་བཞི་པ་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་གཙོ་བོས་དབུ་འདོམས་སུ་སྤྱན་གཡས་བློ་བཟང་རྣམ་རྒྱལ་མངགས་གཏོང་མཛད་ཅིང་། དགོན་པའི་དབྱིབས་ནི་དཔལ་འཁོར་ལོ་སྡོམ་པའི་བློས་བསླངས་དཀྱིལ་འཁོར་ཇི་བཞིན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ལྷ་རྩེ་རྫོང་གི་ཞོལ་དེ་སྔོན་རྫོང་གི་ལས་ཤག་བེད་མེད་མང་པོ་ཡོད་པ་དེར་གྲྭ་ཤག་གི་གཞིར་བྱས་ནས་ཕྱག་བཏབ། དེ་ལ་འདུ་ཁང་ཀ་བ་ཉི་ཤུ་རྩ་བརྒྱད་སྒོ་འཕྱོར་དང་བཅས་པ། དེ་ནས་ལྷ་ཁང་ནི་མགོན་ཁང་དང་། སྨན་བླ་ལྷ་ཁང་། སྒོ་འཕྱོར་ཐོག་ན་སྔགས་ཁང་། དེ་ནས་ཡབ་སྲས་ལྷ་ཁང་། གཙང་ཁང་དབུས་ཀྱི་ཐུབ་དབང་སོགས་མཇལ་སའི་ལྷ་ཁང་། དེ་ནས་བླ་བྲང་གཟིམ་ཆུང་དང་ཐབ་ཚང་། དེའི་ཚུར་ཕྱོགས་ན་བླ་བྲང་གཉེར་ཚང་། ལྷོ་ངོས་ལ་མཁན་པོའི་གཟིམ་ཆུང་། གསང་གཡབ་ཀྱི་མདུན་དེར་གནས་ཆུང་གི་མགོན་ཁང་། མདོ་དེར་སྐུ་གཉེར་བཞུགས་ཁང་། སྔགས་ཁང་གི་ཐོག་དེར་སྒོ་འཕྱོར་སྟེང་གི་ལྷ་ཁང་། གསེར་སྐུ་ལྷ་ཁང་། དེར་བླ་མ་གཙོ་ཆེ་བ་ཕེབས་སྐབས་གཟིམ་ཆུང་ཡང་གནང་གི་ཡོད།

ཕར་ཕྱོགས་ན་ཞབས་ཕྱི་ཁང་དང་གསང་སྤྱོད། དེ་ནས་རྣམ་ཐར་ནུབ། དེ་ནས་ཕར་སོང་ན་གཉེར་ཚང་ཞིག་ཡོད། བླ་མ་ལྷ་ཁང་དང་། གཉེར་ཚང་། དེ་ནས་ལྷོར་རྣམ་ཐར་ནུབ། ཐབ་ཚང་ཞིག་ཡོད། མཁན་པོའི་གཟིམ་ཆུང་གི་ཐོག་ན་སྤྱི་ཁང་། དེ་ནས་ཐོག་ཁར་སོང་ན་དྲུག་ཅུ་ཞེས་པ། དེའི་དཀྱིལ་དེར་བླ་མ་ལྷ་ཁང་ངམ་ལམ་རིམ་ལྷ་ཁང་ཀ་བཞི་མ། ཤར་ན་བྱམས་པ་ལྷ་ཁང་། ནུབ་ན་གནས་བཅུ་ལྷ་ཁང་། གཙུག་ལག་ཁང་ནང་ཧ་ལམ་འདི་ཙམ་ཡིན། སྒོ་འཕྱོར་ནས་མར་བབས་ན་མདོ་ལྕགས་ཆེ་མོ། ནུབ་ན་བྱམས་ཁང་ཐོག་རྩེག་བཞི་ཐོག དེ་ནས་སྐས་ཐུང་ཞིག་བབས་ན་སྐྱབས་མགོན་སྦུག་གི་ཐོག་ཁར་ལྷ་ཁང་ཞིག་ཡོད། དེའི་ཕར་ཕྱོགས་ན་བྱམས་ཁང་གི་སྐུ་གཉེར་ཤག དེའི་ཐོག་ཁར་པར་ཁང་། དེའི་ཁ་སྤྲོད་ཕར་ཕྱོགས་དེར་བཀའ་འགྱུར་ལྷ་ཁང་། དེ་ནས་ཆོས་རར་ཆོས་རའི་གཞུང་སྒོ་ནས་ཕར་ཕྱོགས་དེར་སྤྱི་ཁང་ཞེས་དགོན་པའི་ལས་བྱེད་ས་གཙོ་བོ་དེ་ཡིན། དེའི་ཤར་གྱི་ཐོག་ཁར་དེར་བཀའ་འགྱུར་ལྷ་ཁང་། དེའི་སྒོ་འགྲམ་དེར་དགྲ་ལྷ་ཞེས་པའི་མགོན་ཁང་ཆུང་ཆུང་ཞིག སྒོ་འཕྱོར་ནས་འདུ་ཁང་ལ་ཡར་འཛུལ་བའི་གཡས་གཡོན་གཉིས་ལ་གཉེར་ཚང་ཤར་དང་ནུབ་ཅེས་པ་ཡོད། ཆོས་རའི་ཕྱི་ལོགས་སུ་གཞུང་སྒོ་ཐོན་པ་ན་ཤར་ཕྱོགས་སྲང་ལམ་ཞིག་ཡོད་པ་དེའི་ནང་སྦག་ཁང་ཞེས་སྤྱི་ཁང་དང་། དེའི་ཐོག་ཁར་སྦ་ར་ལགས་ཞེས་པ་ཞིག་ཡོད། དེ་ནི་ཇོ་བོ་ཉི་ཟེར་བ་ཡིན་པར་སྙམ། དེར་མགོན་ཁང་དང་ལྷ་ཚུགས་ཡོད་པར་བསྐང་གསོ་བ་གཅིག་ཡོད། ཆོས་སྡེའི་སྲུང་མ་གཙོ་བོ་ནི་ལྷ་ཆོས་གསུམ་ཞེས་གནས་ཆུང་ཆོས་སྐྱོང་དང་། ལྷ་མོ། སྦ་ར་ལགས་བཅས་གསུམ་ཡིན། དགེ་བསྐོས་དང་དབུ་མཛད་འཕོ་ལེན་སྐབས་གཟབ་སྤྲོས་དང་བཅས་དར་གསུམ་འཁྱེར་ཡོང་ནས་གནས་ཆུང་དང་། ལྷ་མོ། སྦ་ར་ལགས་བཅས་ལ་འབུལ་གྱི་ཡོད། གོང་གི་ལྷ་ཁང་རྣམས་སུ་སྐུ་གསུང་ཐུགས་རྟེན་རྣམས་ལྷ་ཁང་གི་མིང་གཞིར་བཟུང་བྱུར་བུར་དུ་ཁེངས་ཡོད། དགེ་འདུན་ལྔ་བརྒྱ་ལྷག་ཙམ་ཤོངས་བའི་ཤག་སྒོར་སོགས་ལྷམ་མེ་ལྷན་ནེར་ཡོད།

དེ་ནས་ལོ་བཅུའི་ཟང་ཟིང་གི་ལོ་རྒྱུས་ནང་གོད་ཆག་ཆེན་པོ་བྱུང་ནས་དགོན་པའི་འདུ་ཁང་དེ་ནི་གཞུང་འབྲུ་བཅུག་ནས་ལྷག་པ་ཞིག་ལས་། དེ་མིན་དགོན་པའི་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་དང་བཅས་པ་ཕྱི་ནང་གི་སྣོད་བཅུད་མཐའ་དག་རྩ་བརླག་ཏུ་སོང་།

 

བསླབ་པ་སློབ་གཉེར་སྐོར།

རྗེ་བླ་མ་ལྔ་པ་ཆེན་པོའི་སྐབས་གཞུང་བཀའ་པོད་ལྔའི་འཆད་ཉན་ཡོད་པ་ནི། བཻ་སེར་ལས་ད་ལྟ་སྟོད་ལུང་པ་ཆོས་ཀྱི་བློ་གྲོས་མཁན་པོ། ཚད་མ་རྣམ་འགྲེལ་གྱི་ཐལ་ཕྲེང་། བཀྲས་ལྷུན་དཀྱིལ་ཁང་ཤནྟི་པའི་འདུལ་བ། རྗེ་བླ་མ་ལྔ་པ་ཆེན་པོའི་གསུང་དབུ་ཕར་མཛོད་གསུམ། ཟུར་བཀོལ་གུ་རུ་ཆོས་འབྱུང་བའི་དྲང་ངེས་རྣམ་འབྱེད་ཀྱི་ཐལ་ཕྲེང་སོགས་འཆད་ཉན་བྱེད་ཅིང་། དེ་ནས་དུས་འགྱུར་གྱི་དབང་གི་འཆད་ཉན་འཕེལ་རིམ་མང་པོ་བྱུང་ཡོད། དེ་ནས་སྤྱི་ལོ་༡༩༢༠ ཡས་མན་ལ་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་དགོན་འདིར་སྔ་ཕྱི་གཉིས་ཞབས་སོར་འཁོད་སྐབས་མཚན་ཉིད་དཔེ་ཆ་བ་ཉི་ཤུ་གསུམ་ཅུ་ལྷག་ཙམ་ལས་མེད་པ། མགོན་པོ་གང་ཉིད་ནས་བཀའ་སློབ་གནང་དོན་དགོན་འདིར་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལ་ཆ་བཞག་ན། རྒན་པ་བརྒྱ་ལས་སྣེ་དང་། སྔགས་པ་སོགས། ཆུང་བ་བརྒྱ་ཙམ་ཕུད་འཕྲོས་མཚད་ཉིད་དཔེ་ཆ་བ་བརྒྱ་ངེས་པར་དགོས། ཞེས་བཀའ་སློབ་གནང་ཡོད། དེ་ནས་ཕྱི་ལོ་  ༡༩༤༠ ཡས་མས་ཙམ་ནས་མཚན་ཉིད་དཔེ་ཆ་བ་མང་དུ་འཕེལ་ནས་རིམ་པས་མཚན་ཉིད་པའི་ཁོངས་སུ་ཚུད་པ་ལ་ཆོས་སྤྱོད་སྟོད་སྨད་གཉིས་དང་། སྨན་བླ་མདོ་ཆོག་རྒྱས་པ། གནས་བརྟན་ཕྱག་མཆོད། བླ་མཆོད་ཟུང་འཇུག་སྒྲུབ་པའི་ཤིང་རྟ་བཅས་བསྡོམས་པོད་གཅིག་སྟེ། པོད་གསུམ་བློར་འཛིན་ཏེ་ཚོགས་དབུས་སུ་རྒྱུགས་འབུལ་ཚར་ན། དཔེ་ཆ་བའི་ཁོངས་སུ་སླེབས་ཐུབ། ཕྱིས་སུ་རྒྱན་འཇུག་གཉིས་ཀྱང་རྒྱུགས་ཕུལ་ཟིན་པ་དགོས། དཔེ་ཆ་བའི་ཁོངས་སུ་སླེབས་ནས། ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་སྐབས་དང་པོ་ནས་བརྒྱད་པ་བར་དང་། དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་བཅས་ཚོགས་དབུས་སུ་རྒྱུགས་འབུལ་ཞུ་དགོས། ཐོག་མའི་རིགས་ལམ་བསྡུས་གྲྭ་ནས་འགོ་འཛུགས་སྟངས་གཅིག་མཚུངས་ཡིན། ཡིག་ཆ་ར་སྟོད་བསྡུས་གྲྭ་དང་། ཡོངས་འཛིན་བསྡུས་གྲྭ། མཚན་ཞབས་དགའ་བྱང་དགེ་བཤེས་དམ་ཆོས་བསྟན་འཕེལ་ལགས་ཀྱིས་ལྗགས་རྩོམ་གནང་བའི་བསྡུས་གྲྭའི་སྡོམ་ཚིག་སོགས་སློབ་སྦྱོང་དབུ་འཛུགས་གནང་རྗེས། དབུ་ཕར་མཛོད་གསུམ། ༸གོང་ས་ལྔ་པ་ཆེན་པོའི་ཡིག་ཆའི་ཐོག ཕྱིས་སུ་སེར་འབྲས་གཉིས་ལ་གྲྭ་རྒྱུན་ཕེབས་སྲོལ་ཡོད་པའི་རྐྱེན་གྱིས་པཎ་ཆེན་བསོད་གྲགས་དང་། རྗེ་བཙུན་ཆོས་རྒྱན་རྣམ་གཉིས་ཀྱི་ཡིག་ཆའང་གཟིགས་ཀྱི་རེད། དེ་རྣམས་གཟིགས་གྲུབ་རྗེས་རབ་འབྱམས་པའི་མཚན་བཏགས་ཞེས་ཀྱི་ཡོད། སྐབས་དེ་དུས་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་མཆོག་གི་མཚན་ཞབས། དགའ་བྱང་གཙང་པ་དགེ་ཤེས་དམ་ཆོས་བསྟན་འཕེལ་ལགས་མཆོག་ཆོས་སྡེ་འདིར་ཕེབས་ཏེ་རྒྱུན་རིང་བཞུགས། ཁོང་ནི་གཞུང་ཆེན་སྤྱི་དང་། ལྷག་པར་དབུ་ཕར་ལ་མཁས་པའི་དབང་པོ་ཁོང་གིས་སློབ་གཉེར་ལ་ཐུགས་ཁུར་བསྐྱངས་པའི་བཀའ་དྲིན་གྱིས། སྡེ་འདིར་སློབ་གཉེར་ཡར་རྒྱས་ཆེན་པོ་བྱུང་། དུས་འགྱུར་སྐབས་དགོན་པའི་འདུ་ཁང་ཙམ་ལས་ཅི་ཡང་ལྷག་མེད།

ཕྱི་ལོ་ ༡༩༨༥ ལོར་རྫོང་ནས་དགོན་པ་སྒོ་ཕྱེ་དགོས་པའི་ཁྱབ་བསྒྲགས་བྱས། དེ་ནས་དགེ་བཤེས་བློ་བཟང་ཚེ་རིང་ལགས་དང་། མཁན་པོ་དབུ་ཟུར་ཤེས་རབ་བསྟན་འཛིན་ལགས། དགེ་བསྐོས་རབ་འབྱམས་པ་ཆོས་འཕེལ་རྒྱལ་མཚན་ལགས། སློབ་དཔོན་བློ་བཟང་ཉི་མ། དབུ་མཛད་བློ་བཟང་འཕྲིན་ལས། དགེ་ལེགས་རྒྱ་མཚོ། ཤེས་རབ་ལགས་སོགས་འགན་བཞེས་འོག་རྫོང་ནས་དགོན་པ་བསྐྱར་གསོ་བྱས་ཆོག་པ་དང་། བཙུན་ཆུང་ཡང་ལྔ་བཅུག་ཆོག་པ་དེ་ནས་རིམ་པས་ཡར་རྒྱས་ཐོག་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་བྱུང་ཡོད། ལོ་དེ་གའི་བོད་ཟླ་ ༩ ཚེས་ ༡༠ ཉིན། མཚན་ཉིད་སློབ་གཉེར་འགོ་ཚུགས་རྟེན་འབྲེལ་གནང་བའི་ཉིན་དགུང་དམ་བཅའི་དགའ་སྟོན་ལ་རབ་འབྱམས་རྣམ་རྒྱལ་ལགས་ཀྱིས་དམ་བཅའ་དང་། དགེ་བཤེས་བློ་བཟང་ཚེ་རིང་ལགས་དང་། སྐྱིད་གཞོན་དགེ་བཤེས་རྒྱལ་མཚན་ལགས། རབ་འབྱམས་པ་བསྟན་འཛིན་རྣམ་རྒྱལ་ལགས་བཅས་ཀྱིས་ཚོགས་བཞེངས་གནང་། དེ་ནས་གསར་བཅུག་དགེ་འདུན་རྣམས་ལ་མཚན་ཉིན་སློབ་གཉེར་སོགས་གནང་བའི་གོ་སྐལ་ཐོབ་ནས་ཕྱི་ལོ་ ༡༩༩༣ ལོར་འཛིན་གྲྭ་འདུལ་བ་བར་དུ་ཡོད་པ་བཅས་སོ།།

 

དགོན་འདིར་མཁན་པོ་རིམ་བྱུང་།

 

མཁན་པོ་དང་པོ་སྤ་རི་ངག་དབང་བློ་གྲོས་རྣམ་རྒྱལ། དབུས་པ་ཡེ་ཤེས། དོག་སྡེ་བསྟན་པ་རྒྱ་མཚོ། སེར་སྨད་བློ་བཟང་རྒྱ་མཚན། ར་བ་སྟོད་པ་དོན་གྲུབ་དཔལ་བཟང་། འོལ་དགའ་རྡོ་རྗེ་རྒྱལ་མཚན། སེར་བྱེས་ངག་དབང་བསོད་ནམས། ད་ལྟ་སྟོད་ལུང་པ་ཆོས་ཀྱི་བློ་གྲོས། རྗེ་བླ་མ་ལྔ་པ་ཆེན་པོ་ཞལ་བཞུགས་དུས། དེ་ནས་དབུས་ཀྱི་ཆོས་སྡེ་ཆེན་པོ་རྣམས་ནས་མཁན་ཐོག་བཅུ་གསུམ་ཕེབས་པ་དང་། རྗེས་སུ་གདན་ས་བཀྲ་ཤིས་ལྷུན་པོ་ནས་ཐོས་གླིང་བློ་བཟང་དགའ་ལྡན་པ་དང་། རོག་ཚོ་དཀའ་ཆེན་ཡེ་ཤེས་དཔལ་ལྡན་སོགས་མཁན་པོ་འགའ་ཤས་ཕེབས་ཡོད་པ་དང་། དེ་ནས་བོད་རབ་བྱུང་བཅོ་ལྔ་པ་པའི་ནང་། བློ་བཟང་རྣམ་རྒྱལ། སྐྱབས་དབྱིངས་སྨན་རི་བའི་ཡང་སྲིད་རྗེ་དྲུང་བསྟན་འཛིན་རྒྱལ་མཚན། སྔགས་ཆེན་དཔལ་ལྡན་སེངྒེ་། པཎ་ཚང་བྲང་ཁང་སོགས་མཁན་པོ་བཅུ་བཞི་མཚན་རྙེད་པ་དེ་ཙམ་ལགས། དུས་འགྱུར་རྗེས་མཁན་པོ་དང་པོ་ཤེས་རབ་བསྟན་འཛིན། བློ་བཟང་ཉི་མ། ད་ལྟ་མཁན་རིན་པོ་ཆེ་བསྟན་རྒྱས་ལགས་བཅས་། རྗེས་སུ་མཚན་རྙེད་ན་སོ་སོའི་མཚམས་སུ་བཀོད་རྒྱུ།

 

དགེ་འདུན་ཞལ་གྲངས།

 

༸གོང་ས་ལྔ་པ་ཆེན་པོའི་ཕྱག་བཏབ་པའི་སྐབས་གྲྭ་གྲངས་སུམ་བརྒྱ་ཉེར་དྲུག ཕྱི་ལོ་ ༡༩༢༠ ཡས་མས་ལ་དགེ་འདུན་ཞལ་གྲངས་སུམ་བརྒྱ་ཡས་མས་ཤིག་ཡོད། དེ་ནས་གྲྭ་ཁྲལ་ཐེངས་གཉིས་བརྒྱབ་སྟེ་དགེ་འདུན་ཞལ་གྲངས་རིམ་འཕར་གྱིས་ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་སྐབས་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ལྷག་ཙམ་དུ་འཕར་ཡོད། དེང་སྐབས་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་ཙམ་ཡོད་པ་བཅས་ཕྱི་ལོ་ ༡༩༩༣ བར་གྱི་བྱུང་རབས་མདོར་བསྡུས་སུ་དགོན་འདི་ནས་བྱོན་པའི་དགེ་བཤེས་ནི། འབྲས་གཙང་དགེ་བཤེས་བློ་བཟང་ཕུན་ཚོགས། སེར་བྱེས་གཙང་དགེ་ཤེས་བློ་བཟང་བསྟན་རྒྱས། སེར་བྱེས་མཁན་ཟུར་བློ་བཟང་དོན་ཡོད། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན། སེར་བྱེས་དགེ་བཤེས་ངག་དབང་ཆོས་བཟང་། སེར་བྱེས་དགེ་བཤེས་བསྟན་འཛིན་རྡོ་རྗེ། སེར་བྱེས་དགེ་བཤེས་བློ་བཟང་ཐབས་མཁས། སེར་བྱེས་དགེ་བཤེས་ཐུབ་བསྟན་ཆོས་འཕེལ། དགེ་བཤེས་ལྷ་རམས་པ་རྣམས་དང་དེ་མིན་དགེ་བཤེས་མང་པོ་བྱོན་ཡོད་པས་དེ་ཙམ་ལགས།

དཔྱད་གཞིའི་ཡིག་ཆ།  ༡༽ དགའ་ལྡན་ཆོས་འབྱུང་བཻ་སེར། ༢༽ ལྷ་རྩེ་ཆོས་རྫོང་གི་བྱུང་རབས་ཐུབ་བསྟན་མཛེས་རྒྱན། ༣༽ དེ་མིན་ལྷ་ཆོས་མཁན་པོ་ཁ་གཅིག་ཁ་སྐོང་ཞུས་ནས་འདིར་བྲིས་ཡོད་ལགས།

ལྷ་རྒོད་གངས་རིའམ་དངོས་མིང་ཡེ་ཤེས་རྒྱལ་མཚན་ནས་ཕྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༣ ལ།

བརྒྱུད་སྐུལ།