གཙུག་ལག་ཁང་དེ་དག་རུ་གནོན་གཙུག་ལག་ཁང་དུ་འདོད་ན་ཁུངས་བཙན་པར་མཐོང་།

གཙུག་ལག་ཁང་དེ་དག་རུ་གནོན་གཙུག་ལག་ཁང་དུ་འདོད་ན་ཁུངས་བཙན་པར་མཐོང་།

 སྐྱུ་རའི་རླུང་བུ།

  དུས་རབས་བདུན་པའི་ནང་རྒྱ་བཟའ་ཀོང་ཇོའི་སྤོར་ཐང་བརྩིས་ལས་བོད་ཀྱི་ཡུལ་འདི་སྲིན་མོ་གལ་རྐྱལ་གྱི་རྣམ་པར་གཟིགས་ནས་དེའི་ཁ་གནོན་དུ་མཐའ་འདུལ་དང་ཡང་འདུལ། རུ་གནོན་དང་བཅས་པའི་གཙུག་ལག་ཁང་བཞེངས་པ་ནི་ལོ་རྒྱུས་ཐོག་ཡོངས་གྲགས་ཡིན་ལ། དེ་དག་ལྷ་ཁང་གང་ལ་ངོས་འཛིན་ཚུལ་ཐོག་ལ་སྔར་ནས་ཡིག་ཆ་མི་མཐུན་པ་འགའ་ཡོད་འདུག་ཀྱང་དེའི་ཐོག་དཔྱད་བརྗོད་བྱེད་མཁན་མ་བྱུང་བ་ཡིན་ནམ་གང་ལྟར་དཔྱད་བརྗོད་ཀྱི་ཡིག་ཆ་ཕལ་ཆེར་མཐོང་དཀོན་པ་སྣང་།  དེའི་རྐྱེན་ལས་དེང་སང་གཙུག་ལག་ཁང་དེ་དག་མཐའ་འདུལ་ཡིན་པ་དང་ཡང་འདུལ་ཡིན་པ། རུ་གནོན་ཡིན་པ་སོགས་ཁ་གསལ་མ་ངེས་ཀྱང་འོས་ཚོད་ཀྱིས་སྨྲ་བ་འཇུག་མཁན་གྲངས་ལས་འདས་པ་འདུག    སྤྱིའི་ཆ་ནས་སྲིན་མོའི་དཔུང་གཡས་གནོན་ཕྱིར་དབུ་རུ་ན་ཀ་ཚལ་དང་། དཔུང་གཡོན་གནོན་ཕྱིར་གཡོ་རུ་ན་ཁྲ་འབྲུག    དཔྱི་གཡས་གནོན་ཕྱིར་གཡས་རུ་ན་གཙང་འབྲམ། དཔྱི་གཡོན་གནོན་ཕྱིར་གཡོན་རུ་ན་གྲུམ་པ་རྒྱང་སོགས་ལྷ་ཁང་བཞི་བརྩིགས་པ་ནི་ཐུན་མོང་གི་སྣང་ངོར་གྲུབ་ཀྱང་། ལྷ་ཁང་དེ་དག་ཆོས་འབྱུང་རྙིང་གྲས་ཅན་མཁས་དགའ་དང་རྒྱལ་རབས་གསལ་བའི་མེ་ལོང་སོགས་ལ་ཁུངས་བཅོལ་བ་ཡིན་ནམ་གང་ལྟར་མང་ཆེ་བས་མཐའ་འདུལ་གཙུག་ལག་ཁང་དུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

 དེ་ཡང་། <<   རྒྱལ་རབས་གསལ་མེ་ལས།   “དེའི་བར་དུ་རྒྱལ་པོས་སྤྲུལ་པ་མཛད་ནས་མཐའ་འདུལ་དང་།  ཡང་འདུལ།  རུ་འདུལ་གྱི་ལྷ་ཁང་བཞེངས་པ་ནི། སྲིན་མོའི་དཔུང་པ་གཡས་གནོན་པའི་ཕྱིར། སྦུ་རུ་ན་ཀ་རྩལ་མི་འགྱུར་བའི་ལྷ་ཁང་བཞེངས། དེའི་ལག་ཏུ་གསེར་ཤང་གི་རྟིའི་ལྷ་ཁང་བཞེངས། དེའི་སྒྲུབ་པ་རྩེ་ནོ་གདོང་གི་བྲག་ཕུག་ཏུ་བྱས་སོ། །དཔུང་པ་གཡོན་གནོན་པའི་ཕྱིར།   གཡོ་རུ་ན་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་ལྷ་ཁང་བཞེངས། དེའི་ལག་ཏུ་ཙན་ཐང་བཞེངས་”ཞེས་དེ་དག་མཐའ་འདུལ་ཡིན་པར་གསུངས་པ་དང་། གཞན་ཡང་།  ཆོས་འབྱུང་མཁས་དགའ་ལས། “ཁྲ་འབྲུག་གི་ཡན་ལག་ཏུ་ཙམ་ཐང་བཏབ། སྲིན་མོའི་དཔུང་མགོ་གཡས་གནོན་པ་ལ་ཙེ་ནེ་གདོང་དུ་སྒྲུབ་པ་བྱས་ནས་དབུ་རུ་ཀ་ཚལ་དང་ཡན་ལག་ཏུ་གསེར་ཤང་གིར་ཏེ་བཞེངས། དཔྱི་གཡས་གཡོན་གནོན་པ་ལ་རྩེ་ཕུག་དང་བརྒྱད་ཕུག་ཏུ་སྒྲུབ་པ་བྱས་ཏེ་གཡས་རུར་གཙང་འགྲམ་དང་ཡན་ལག་ཏུ་དགེ་དྲུང་གི་ལྷ་ཁང༌། རུ་ལག་ཏུ་གྲོམ་པ་རྒྱང་དང་ཡན་ལག་ཏུ་འབྲི་ལྷ་ཁང་རྣམས་བཞེངས་སྟེ་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའོ། །” ཞེས་འདིར་ཡང་མཐའ་འདུལ་ཡིན་པ་གསུངས་པ་སོགས་ཡིག་ཆ་དེ་དག་ལ་གཞི་བཅོལ་བ་ཡིན་ནམ་མང་ཆེ་བས་མཐའ་འདུལ་གཙུག་ལག་ཁང་ལ་ངོས་འཛིན་བྱེད་ཀྱི་ཡོད།

འོན་ཀྱང་།  ངོས་འཛིན་དེ་དག་ནི་ཉེ་འཚེ་བའམ་དཔྱད་གཞི་ཙམ་ལས་མཐའ་གཅིག་ཏུ་མཐའ་འདུལ་གཙུག་ལག་ཁང་དུ་ངོས་འཛིན་བྱེད་རྒྱུ་མེད་པར་སྙམ་སྟེ། ཆོས་རྒྱལ་ཉིད་ཀྱིས་མཛད་པར་གྲགས་པའི་ལོ་རྒྱུས་ཡིག་རྙིང་ཁུངས་བཙན་ཐུབ་པ། << མ་ཎི་བཀའ་འབུམ་ >> དང་<< བཀའ་ཆེམས་ཀ་ཁོལ་མ>>སོགས་ལས་ལྷ་ཁང་དེ་དག་རུ་གནོན་གཙུག་ལག་ཁང་ཡིན་པ་གསལ་བར་བསྟན་འདུག་སྟེ།  མ་ཎི་བཀའ་འབུམ་ལས། “ དེ་ནས་རྒྱལ་པོས་བོད་ཁ་བ་ཅན་ཁྱབ་པའི་འོད་ཟེར་རབ་ཏུ་བཀྱེ་བས་གནམ་ནས་ཆར་བབས། ས་ལ་རྩི་ཐོག་སྨིན། མེ་ཏོག་སྣ་ཚོགས་ཁ་བྱེ། རྩི་ཤིང་ནགས་ཚལ་དུས་སུ་སྐྱེས། ན་དང་ཆུ་ཕྲན་རྒྱས། སེམས་ཅན་ཐམས་ཅད་ཀྱི་བདེ་བ་རྙེད་དོ། །དེ་ནས་རྒྱལ་པོའི་སྐུ་ལས་སྤྲུལ་པ་ཉིས་སྟོང་སྤྲུལ་ནས། སྤྲུལ་པ་སྟོང་གིས་ལྷ་ཁང་བརྩིགས་པར་མཛད་དོ།། དེ་ནས་སྲིན་མོས་རྐང་པ་གཡབ་པར་ཤེས་ནས་སྲིན་མོའི་དཔུང་པ་གཡོན་པ་ལ་གཡུ་རུ་ཁྲ་འབྲུག དཔུང་པ་གཡས་པ་ལ་དབུ་རུ་ཀ་ཚལ། དཔྱི་གཡས་པ་ལ་གཡས་རུ་གཙང་འབྲང་། དཔྱི་གཡོན་པ་ལ་རུ་ལག་གི་གྲོམ་པ་རྒྱང་བརྩིགས་ཏེ། རུ་གནོན་ཆེན་པོ་བཞིའོ།། ”ཞེས་ཤིན་ཏུ་གསལ་བ་དང་། ཡང་བཀའ་ཆེམས་ཀ་ཁོལ་མ་ལས། “ཡང་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང༌། རྒྱ་མོ་ཨོང་ཅོང་གཉིས་བཀའ་གྲོས་ནས་ས་དཔྱད་ཞིབ་མོར་མཛད་པས། བོད་ཡུལ་ཁ་བ་ཅན་གྱི་ས་གཞི་འདི་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ་བའི་མགོ་དང༌། དཔུང་མགོ་གཉིས་གྲུ་མོ་གཉིས་དཔྱི་རུས་དང༌། པུས་མོ་གཉིས་དང༌། རྐང་མགོ་གཉིས་དང༌། ཡན་ལག་གི་ཚིགས་བཞིའི་མེ་བཙས་མནན་དགོས་པར་ཤེས་ནས། རུ་བཞིའི་གཙུག་ལག་ཁང་བཞེངས་དགོས་པར་མཁྱེན་ནས། རྒྱལ་པོ་ཆེན་པོས་སྤྲུལ་པས་མི་དང་བཟོ་བོ་མང་པོ་མཛད་ནས། དཔུང་མགོ་གཡས་པ་གནོན་པ་ལ་དབུ་རུ་ན་ཀ་ཚལ་ནི་དགེ་བསྙེན་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དུ་བཞེངས་སོ། །དཔུང་མགོ་གཡོན་པ་གནོན་པ་ལ། གཡུ་རུ་ན་ཁྲ་འབྲུག་ནི་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་བཞེངས་སོ། །དཔྱི་གཡས་གཡོན་པ་ལ་གཡས་རུ་ན་གཙང་འབྲང་ནི་རྒྱལ་ཆེན་རིགས་བཞིའི་དཀྱིལ་འཁོར་དུ་བཞེངས་སོ། །དཔྱི་གཡོན་གནོན་པ་ལ། གཡོན་རུ་ན་གྲུམ་པ་རྒྱལ་གྱི་ལྷ་ཁང་ནི། དགྱེས་རྡོར་དཔལ་འབར་དབྱངས་གྲུབ་པའི་དཀྱིལ་འཁོར་དུ་བཞེངས་སོ། །དེ་བཞི་ནི་རུ་བཞིའི་གཙུག་ལག་ཁང་ངོ༌། ” ཞེས་ཡིག་ཆ་ཁུངས་བཙན་དེ་དག་ལས་རུ་གནོན་ཡིན་པ་གསལ་བར་བསྟན་འདུག་པས།  ང་ཚོས་ཀྱང་འོས་ཚོད་དང་གྲགས་ཚོད་ཀྱི་རྗེས་སུ་མ་འབྲངས་བར་དངོས་ཡོད་དང་བར་ཐག་ཧ་ཅང་ཉེ་བའི་ཡིག་རྙིང་དེ་དག་ལ་བརྟེན་ནས་གཡོ་རུ་ན་ཁྲ་འབྲུག་དང་།  དབུ་རུ་ན་ཀ་ཚལ།    གཡས་རུ་ན་གཙང་འབྲང་།  གཡོན་རུ་ན་གྲུམ་པ་རྒྱལ་ལ་སོགས་པའི་ལྷ་ཁང་དེ་རྣམས་རུ་གནོན་གྱི་གཙུག་ལག་ཁང་དུ་ངོས་འཛིན་བྱས་ན་དོན་དངོས་དང་མཐུན་པར་སེམས་སོང་ལ།  ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་བཙན་པར་སེམས།  དེ་བས་ལོ་རྒྱུས་ཀྱི་རང་བཞིན་ནི་གྲགས་སྡེ་སྤྱོད་པའི་རིང་ལུགས་ཙམ་མ་ཡིན་པར་དངོས་གཙོ་རིང་ལུགས་ལ་བརྟེན་དགོས་པ་བཞིན་དངོས་ཡོད་དང་ཐག་ཉེ་བའི་ལོ་རྒྱུས་ལ་བརྟེན་རྒྱུ་གལ་ཆེ།   ད་དུང་ལོ་རྒྱུས་འཕེལ་རིམ་ཁྲོད་རྟོགས་བྱའི་ཡུལ་གང་ལ་ངོས་བཟུང་བ་ལྟར་དེ་དང་ཐག་ཉེ་བའི་ཤོད་རྒྱུན་ནམ་ཡིག་ཚགས་ལ་ཁུངས་བཅོལ་ནས་དོན་དངོས་ཀྱི་བྱེད་ལས་རྟོགས་པར་བྱེད་ཀྱི་ཡོད་པ་བཞིན།  ང་ཚོས་ཀྱང་སྤྱིའི་ཆ་ནས་ཆོས་འབྱུང་མཁས་པའི་དགའ་སྟོན་དང་རྒྱལ་རབས་གསལ་བའི་མེ་ལོང་སོགས་ལ་གཞི་བཅོལ་ནན་པོ་བྱེད་དགོས་ཀྱང་། མཐའ་འདུལ་གཙུག་ལག་ཁང་གི་ངོས་འཛིན་བྱེད་ཕྱོགས་དེ། གོང་དུ་བཤད་པ་ལྟར་མ་ཎི་བཀའ་འབུམ་དང་བཀའ་ཆེམས་ཀ་ཁོལ་མ་ལྟར་ངོས་འཛིན་བྱས་ན་ལོ་རྒྱུས་ཁུངས་བཙན་པར་མཐོང་སྟེ། གཅིག་ནས་ཆོས་འབྱུང་དེ་དག་བཙན་པོ་རང་ཉིད་ཀྱིས་སྐབས་དེའི་ལས་རིམ་དངོས་བྲི་གནང་ཡོད་པས་དོན་དངོས་དང་མཐུན་ལས་ཆེ་བ་དང་། གཉིས་ནས་གང་ལ་དཔྱད་གཞིའི་འབྱུང་རྩ་གཙུག་ལག་ཁང་དེ་དག་དང་མ་ཎི་བཀའ་འབུམ་དང་བཀའ་ཆེམས་ཀ་ཁོལ་མའི་བསྟན་བྱའི་ངོས་འཛིན་རུ་གནོན་གཙུག་ལག་ཁང་དང་དཔང་རྟགས་ཉེ་བའི་ཕྱིར་རོ། །  དེའི་ཕྱིར་ན། ང་ཚོས་དབུ་རུ་ཀ་ཚལ་དང་གཡོ་རུ་ཁྲ་འབྲུག གཡས་རུ་གཙང་འབྲང་།  རུ་ལག་གྲོམ་པ་རྒྱང་བཅས་བཞི་པོ། རུ་གནོན་གྱི་གཙུག་ལག་ཁང་དུ་ངོས་འཛིན་བྱེད་དགོས་པ་ལས་མཐའ་འདུལ་གཙུག་ལག་ཁང་དུ་ངོས་འཛིན་མི་བྱེད་པའི་གནད་རྣམས་ཤེས་པར་བྱའོ། །  ཞེས་སྙོམས་ལས་པ་སྐྱུ་རའི་རླུང་བུས་དཔེ་ཀློག་གི་བར་གསེང་ནས་རྗེས་ཐོར་བཏབ་བོ།།

བརྒྱུད་སྐུལ།

མཆན་སྤེལ།