གཞས་མ་གཏམ་གྱི་ཕ་ཡབ་འདས་སོང་། ང་ཚོར་ཅི་ཞིག་ལུས་ཡོད།

གཞས་མ་གཏམ་གྱི་ཕ་ཡབ་འདས་སོང་། ང་ཚོར་ཅི་ཞིག་ལུས་ཡོད།

1934ལོའི་ཟླ་བཅུ་བ —— 2019ལོའི་ཟླ་བདུན་པའི་ཚེས་དགུ་ཉིན།

དེ་རིང་གྲོགས་ཚོམས་ནས་བོད་གངས་ཅན་པའི་གཞས་མ་གཏམ་གྱི་ཕ་ཡབ། དངོས་མིན་རིག་གནས་ཀྱི་ཤུལ་འཛིན། མགོ་ནག་བོད་མི་སྤྱི་ཡོངས་ལ་སྤྲོ་བ་སྟོང་གི་གནང་བ་བསྩལ་ཞིང་། དགའ་བ་འབུམ་གྱི་སྟོན་མོ་བཤམས་པར་མཛད་མཁན་གྱི་སྒྱུ་རྩལ་མཁན་པོ་རྒན་ཐུབ་བསྟན་ལགས། ཡུབོད་མི་རྣམས་དང་གྱེས་སོང་པའི་ཆ་འཕྲིན་ཞིག ཡིད་ཕམ་དང་སྡུག་བསྔལ། མིག་ཆུ་དང་བསྔོ་སྨོན་མཉམ་དུ་ས་ཁྱབ་རྡོ་ཁྱབ་བྱེད་བཞིན་འདུག    བོད་མི་ཚོས་སྐྱེས་ཆེན་ཞིག་གི་གཤེགས་ཚུལ་ལ་དོ་སྣང་ཆེས་ཆེར་བྱས་པའི་ཚོད་དུ་སྣང་།  སྐྱ་སེར་རྒན་གཞོན་དང་། སྐྱེས་ཕོ་མོ་མེད་པར། ཚང་མས༼བདེ་བར་ཕེབས་ཤིག  བདེ་བ་ཅན་གྱི་ཞིང་ལ་སྐྱེས་བ་ཤོག༽སོགས་དང་སྐྱབས་མདོ་དང་མཐོང་འགྲོལ་སོགས་ལས་ཚིགས་བཅད་འགའ་རེ་སྐུར་བཞིན་གདའ།  ཐ་ན་རྒྱུན་པར་རིགས་བསྒྱུར་ཤུགས་ཆེན་ཐེབས་ཟིན་ཞིང་། རང་མི་རིགས་ཀྱི་བདེ་སྡུག་ལ་སྣང་བ་ཏིལ་ཙམ་ཡང་མི་གཏོང་ཞིང་། རང་གི་ཕ་ངོ་མེས་ངོ་མ་ཟིན་པའི༼དུས་རབས་ཀྱི་བྱི་ཕྲུག༽འགས་ཀྱང་གཡམ་རྒྱུགས་དང་ཟེར་སྒྲོས་ལ་མ་ལྟོས་པར༼ངའི་བྱིས་དུས་ཀྱི་དགོད་སྒྲ་དང་། ངའི་ཆུང་དུས་ཀྱི་ལོ་གསར་དྲན་གསོ།  ང་ཚོ་ནང་མི་ཚང་གང་པོའི་དགོད་སྒྲ༽སོགས་སྣང་བ་གདོང་དེད་ཀྱིས་བསྐུར་དང་སྐུར་བཞིན་མཆིས།

དེ་ནི་གཅིག་ན་འདས་པོ་གང་གིས་ཚེ་གང་བབ་ཆགས་ལ་ལྷག་བསམ་གྱི་ཆབ་རྒྱུན་རྣམ་པར་དག་པ།  ཞི་དུལ་ལ་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཙན་པ།  སྒམ་ཚུགས་ལ་གདེང་སྤོབས་རི་རྒྱལ་ལྟར་བརྟན་ཅིང་གཡོ་བ་མེད་པས་ཡིན་ངེས་ཤིང་།  གྲགས་འདོད་དང་མཁས་འདོད།  ཁེ་ཕོག་གོ་ས་སོགས་ཀྱི་བསླད་དུ་སྒྱུ་རྩལ་གྱི་བླ་མ་བཙོང་བར་སྒྱུ་རྩལ་པ་གཤའ་མ་ཞིག་གི་ཚུགས་ཐུབ་བརྟན་བརླིང་གི་བརྟུལ་ཞུགས་དུས་དང་རྣམ་པ་ཀུན་ཏུ་བཟུང་ཞིང་། ཚེ་གང་གར་སྟེགས་དང་སྒྱུ་རྩལ་གྱི་རིན་ཐང་།  གཟིགས་མོ་བ་དང་ཁོ་ཚོའི་དགའ་སྐྱོ་ཆགས་སྡང་ཁོ་ན་ལ་ཐུགས་ཁུར་ཟབས་བཞེད་གནང་བ་ལས་བྱུང་བའི་གྲུབ་དོན་ནམ་རྡོ་དོན་ཡིན་ངེས།  གཉིས་ན་དེང་གི་དུས་འདིར་ཆ་འཕྲིན་ཤེད་ཆེར་འཕེལ་ཞིང་། འཕེལ་ནས་ཀྱང་བརྙན་འཕྲིན་སྒྱུ་རྩལ་གྱི་རིག་ཚན་དག་གིས་མིའི་འཚོ་བའི་ནང་གནས་བབ་མི་དམན་པ་ཞིག་བཟུང་བ་དང་སྦྲགས།   སེམས་པའི་རྒྱགས་ཕྱེའམ་ཀླད་པའི་འཚོ་ཚིས་དག  ཁ་པར་དང་བརྙན་འཕྲིན་གྱི་འཆར་ངོས་བརྒྱུད་ནས་བླངས་དང་ལེན་མུས་སུ་མཆིས་གཤིས།  འདས་པོ་གང་གི་གཤེགས་ཚུལ་གྱིས་ཡོམ་འགུལ་དེ།  དགེ་བཤེས་པཎ་གྲུབ་ཞིག་གི་མྱང་འདས་ལས་ཀྱང་ཡོ་ལང་ཆེ་བ་ནི།  འདི་ལྟའི་སྣང་ཚུལ་དང་གནས་ཚུལ་ཞིག་གི་ངོས་ནས་གྲུབ་སོང་བ་བསྙོན་དུ་མེད་ངེས། དེ་ལྟར་ན། ང་ཚོས་ཁ་ནང་དུ་འཁོར་ནས་འདང་ཞིག་རྒྱབ་ན།  དེང་གི་ཆར་བོད་ལ་མཁོ་བ་ནི། རང་མི་རིགས་ཀྱི་ཁྱད་གཤིས་ལྡན་པའི་བརྙན་འཕྲིན་རྒྱུན་མཐུད་ལེ་ཚན་དང་།  སྒང་པ་བོད་མིའི་ད་ལྟའི་གནས་བབ་དང་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པའི་གཞས་མ་གཏམ་དང་དགོད་བྲོའི་གཏམ་གླེང་། གློག་བརྙན་སོགས་ལྷག་པར་མཁོ་ཞིང་དཀོན་པའང་མཚོན་ཐུབ་ལ།  གཞན་ཡང་རྣམ་པ་ཀུན་ཏུ། ལྟ་བྱེད་མིག་གི་དབང་པོ་དང་། ཐོས་བྱེད་རྣ་བའི་དབང་པོ་ནས་མི་རིགས་གཞན་གྱི་རིན་ཐང་ལྟ་བ་དང་།  མཛེས་དཔྱོད་ཀྱི་ལྟ་བ་མང་པོ་ཁ་པར་དང་བརྙན་འཕྲིན་གྱི་འཆར་ངོས་ནས་ང་ཚོའི་ཀུན་གཞིའི་ངོས་སུ་ཡུལ་དུས་གནས་སྐབས་ཀྱི་ཚད་བཀག་མེད་པར་འཕྲོས་འགྲོ་བ་ནི། རིག་གནས་ཀྱི་སིམ་འཛུལ་ལམ་རྣམ་ཤེས་ལ་དབང་བསྒྱུར་བའི་རྩོལ་བ་ཞིག་ཏུ་ངེས་པས། རང་ཅག་གི་དབུགས་ཀྱི་རྒྱུ་བ་རྟ་རྔ་ཙམ་དེ། སྐྱ་ཟད་སྔོ་ཐུག་ཏུ་གྱུར་དང་འགྱུར་བཞིན་པའི་ཡ་ང་བའི་དུས་ཚོད་འདི་འདྲ་ཞིག་ལ་བོད་མིའི་རང་མདངས་མ་ནོག་ཅིང་།  རང་གཤིས་མ་ལྷད་པ།  རང་ཚུགས་མ་ཤོར་བ། རང་དོན་མ་བློད་པའི་སྐར་ཆེན་འདི་འདྲ་ཞིག་བརླག་སོང་བར།  ཡོམ་འགུལ་དང་ཡོ་ལང་འདི་ཙམ་ཞིག་བྱུང་བར་མཚར་རྒྱུ་ཅི་སྟེ།  ད་དུང་ཆུང་གྲགས་པའི་ཚོད་འདུག

སྐྱེས་ཆེན་རེ་གཤེགས་ཤུལ་ན། དེར་དྲན་གསོ་བྱེད་པ་དང་བསྔོ་བ་སྨོན་ལམ་འདོན་པ།  རྗེས་དྲན་གྱི་རྡོ་རིང་བཞེངས་པ།  རིག་གཞུང་ཞིབ་འཇུག་གི་ཚོགས་འདུ་ཚོགས་པ་ནི་འཛམ་གླིང་སྤྱི་བྱིངས་ཀྱི་ཁྱད་ཆོས་སུ་འདུག་མོད།  འུ་ཅག་བོད་མིའི་སྤྱི་ཡི་འགྲོ་སྲོལ་ནི། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚང་བྱུང་། ཟེར་བའི་བྱེད་ལས་ཁོ་ན་ཉིད་དུ་འགྲོ་བར་འདུག་པས།  ད་རེས་ང་ཚོས་འདས་པོ་གང་གི་རྗེས་སུ་བློ་ཕམ་དང་མཆི་མའི་ཕྲེང་རྡོག  སྐྱོ་གདུང་གི་ངག་ལ་འདྲངས་ནས་ཁམས་འདི་ན་གྲགས་ཞོར།   བཀའ་དྲིན་རྗེས་སུ་དྲན་ཞིང་སྙིང་སྟོབས་ལ་ཡི་རངས་བྱེད་ཞོར།  སྐབས་སྐབས་ཀྱི་གཡམ་རྒྱུགས་དང་གླེང་ཕྱོགས་ཞེན་ཕྱོགས་དབང་དུ་མ་སོང་བར།  དུས་དུས་ཀྱི་ཚ་རླབས་དང་སྦིར་གཏམ་ཟེར་སྒྲོས་ཀྱི་རྗེས་སུ་མ་འཕྱོ་བར།    ད་ནི་དེ་ལས་ལྡོག་སྟེ་ཞལ་བཞུག་ཟིན་པའི་མཁས་པ་རྣམ་དང་། ངེས་པ་དོན་གྱིས་བོད་མིའི་ཆེད་དུ་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་དག་ལ། སྒྲོ་བཏགས་དང་སྐུར་འདེབས་མེད་པར།  འབུར་འཇོམ་དང་ཁྱད་གསོད་མེད་པར། བརྡབ་གསིག་དང་ཕོག་ཐུག་མེད་པར།  བྱམས་ཤིང་སྐྱོང་བར་གནང་དང་། དགའ་ཞིང་གུས་པར་གནང་དང་།  བརྩེ་ཞིང་བཀུར་བར་གནང་དང་།  མཆུ་སྒྲོས་བིམ་པའི་ཚལ་ནས་གསུང་རབ་བདུད་རྩིའི་ཆབ་རྒྱུན་ཐབས་ཀྱིས་འཇོ་བར་གནང་དང་།   བཞེད་གཞི་པད་འདབ་དབུས་ནས་དགོངས་དོན་གེ་སེར་ཟེའུ་འབྲུ་ཤེས་ཀྱིས་ལེན་པར་གནང་དང་།   དེ་ཁོ་ན་ཉིད་ཀྱིས་འདས་པོ་དག་དགའ་ཞིང་མགུ་བར་བྱེད་ངེས།  དེ་ཁོ་ན་ཉིད་ཀྱིས་ཁོང་ཅག་གི་ངལ་བ་འབྲས་མེད་མ་ཡིན་པ་རྟོགས་ཤིང་སྤྲོ་བར་བྱེད་ངེས།   དེ་ཁོ་ནི་ཉིད་ཀྱི་ང་ཚོའི་སྤོ་བོ་ཐུབ་བསྟན། ང་ཚོའི་རྒན་ལགས་ཐུབ་བསྟན། ང་ཚོའི་གཞས་མ་གཏམ་གྱི་ཕ་ཡབ།  ཡུན་ནས་ཡུན་དུ་ང་ཚོ་དང་མཉམ་དུ་བཞུག་ངེས།

ཨོཾ་མ་ཎི་པདྨེ་ཧཱུྃ།། ཁྱེད་རང་བདེ་བ་ཅན་ལ་མ་ཕེབས་རོགས། རྒྱུ་མཚན་ནི་ཁྱེད་ཀྱི་ཕྱི་རབས་པ་ཚོས། ཁྱེད་ཉིད་སྐུ་གཤེགས་པའི་འཕྲིན་པ་ཐུང་ཐུང་དེ་ཡི་ནང་དུ་ཡང་།  ཡིག་ནོར་ས་ཁྱབ་གནམ་ཁྱབ་དུ་ཤོར་བཞིན་འདུག ཐ་ན་ཉིད་ཀྱི་མཚན་ཡང་ནོར་ནས་འདུག

ཨོཾ་མ་ཎི་པདྨེ་ཧཱུྃ།། ཁྱེད་རང་དག་ཞིང་ལ་མ་ཕེབས་རོགས། རྒྱུ་མཚན་ནི་དམྱལ་བའི་སེམས་ཅན་ལ། ལྷག་ཏུ་ཁྱེད་ཀྱི་བསྩལ་བའི་དགོད་སྒྲ་དག་ལྷག་པར་དགོས་གལ་ཆེ།  དེ་ཁོ་ན་ཉིད་ཀྱི་ཁོ་ཚོའི་ཟུག་རྔུ་ཐ་དག་འཇོམ་པར་བྱེད།  རྒྱུ་མཚན་ནི་ཁྱེད་ཉིད་སྒྱུ་རྩལ་དང་རྣམ་ཤེས་གོང་བུ་གཅིག་ཏུ་འདྲེས་པའི་འདུ་བྱས་རེད།  མི་ཚེ་སྤུས་ཚད་ཀྱི་སྤུད་པའི་གདགས་གཞི་རེད།  དེ་ན་ཁྱེད་ཉིད་དམྱལ་ཁམས་སུ་བཞུག་པར་མཛོད།

 

 

2019/7/9ཉིན།  ཁ་ཆར་ནས།

བརྒྱུད་སྐུལ།

མཆན་སྤེལ།