གཞིས་ཀ་བསམ་གྲུབ་རྫོང༌།

གཞིས་ཀ་བསམ་གྲུབ་རྫོང༌།

གཞིས་ཀ་བསམ་གྲུབ་རྩེ་རྫོང་ངམ་ཡོངས་གྲགས་སུ་གཞིས་རྩེ་རྫོང་ནི། སྔར་རབ་བྱུང་ ༦ པའི་ས་གླང་ལོ་སྟེ་སྤྱི་ལོ་ ༡༣༤༩ ལོར་སྣེ་གདོང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་བའི་ལག་ནས་སྲིད་དབང་འཕྲོགས་ཏེ་བོད་ཆོལ་ཁ་གསུམ་ལ་མངའ་དབང་བསྒྱུར་རྗེས་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་གྲགས་པའི་ཐ་མ་ཡིན་པར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང༌། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དེབ་དམར་གསར་མའམ་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ལས་བཤད་ཅིང༌། རྗེས་སུ་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ཡོངས་ལ་དབང་བསྒྱུར་བྱས་རྗེས་ཕོ་བྲང་ལྟ་བུ་ཡིན་ལ།
ལོ་རྒྱུས་དེབ་ཐེར་ཁག་ལས་སྡེ་སྲིད་སྣེ་གདོང་པ་ཕག་གྲུ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་སྲིད་དབང་ཁ་ལོ་སྒྱུར་སྐབས་དབུས་གཙང་ལ་རྫོང་ཆེན་བཅུ་གསུམ་བརྩིགས་པར་གྲགས་པའི་ནང་ནས་གཞིས་ཀ་རྩེ་རྫོང་འདི་བརྟིང་མ་ཡིན་པས་ན་བསམ་པའི་དོན་ཐམས་ཅད་གྲུབ་པས་བསམ་གྲུབ་རྩེར་བཏགས་ལུགས་བཅས་རྫོང་མིང་ལས་ཀྱང་གཞིས་ཀ་བསམ་གྲུབ་རྩེ་རྫོང་འདི་ཉིད་ཕག་གྲུའི་རྫོང་ཆེན་གྱི་གྲས་ཤིག་ཡིན་ངེས་དང༌།  དཔལ་ལྡན་ས་སྐྱ་བའི་སྐབས་ཤབ་གཞུང་སྐྱ་མོ་ཟེར་ལུགས་གསལ་ཡང་ཡོངས་སུ་གྲགས་པར་གཞིས་ཀ་རྩེ་ཞེས་པའི་ཐ་སྙད་ནི་ལོ་རྒྱུས་ངག་རྒྱུན་ཤོད་སྲོལ་ལས། སྡེ་པ་རིན་སྤུངས་པའི་དབང་བསྒྱུར་སྐབས་སུ་འདིར་ཐོན་ཁུངས་ཕུན་སུམ་ཚོགས་པའི་གཞིས་ཀ་བྱུང་བར་བརྟེན་གཞིས་ཀའི་རྩེ་གྲ་ཡིན་པར་གྲགས་ཏེ་གཞིས་མིང་ཡུལ་ལ་འཇགས་པ་ཡིན། གཞིས་ཀ་རྩེ་ནི་ལོ་ ༦༠༠༠ ལ་ཉེ་བའི་ལོ་རྒྱུས་ཡོད་པའི་ས་མཐོའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པ་དང༌། ལོ་རྒྱུས་ཐོག་འདི་ནི་གཙང་ཁུལ་གྱི་ཆབ་དཔལ་རིག་གསུམ་དང༌། ཆོས་ལུགས་སོགས་ཀྱི་ལྟེ་བ་ཡིན། སྤྱི་ལོའི་དུས་རབས་ ༡༣ པའི་དུས་དཀྱིལ་དུ། ད་ལྟའི་གཞིས་ཀ་རྩེ་ཁུལ་རྣམས་ས་སྐྱའི་དབང་བསྒྱུར་སྐབས་བོད་ཁྲི་སྐོར་ ༡༣ ཁོངས་སུ་གཏོགས་ཤིང༌། དུས་རབས་ ༡༤ པའི་སྐབས་སུ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་བཙུགས་རྗེས་ཆབ་སྲིད་ལྟེ་བ་དེ་ཞ་ལུ་ནས་གཞིས་རྩེར་གནས་སྤོ་དང༌། འདིར་གཞི་ཀ་བསམ་གྲུབ་རྩེ་བཙུགས། རྗེས་སུ་སྟབས་བདེའི་ཐོག་ནས་གཞིས་ཀ་རྩེ་ཞེས་འབོད་པས་ད་ལྟའི་མིང་དེ་བྱུང་བས་བསམ་གྲུབ་རྩེ་དེ་ད་བར་ཉར་ཚགས་བྱུང་ཡོད་ཅིང༌། སྤྱི་ལོ་ ༡༣༦༠ ལོར་རྨང་བཏིང་ནས་སྤྱི་ལོ་ ༡༣༦༣ ལོར་སྐྲུན་ཟིན་པ་དང༌། གཙོ་བོའི་འཛུགས་སྐྲུན་ལ་ཐོག་བརྩེགས་བཞི་ཡོད།

མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ཆོས་འབྱུང་རྣམས་སུ་གསལ་བ་ལྟར་ན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐང་ཡིག་ཏུ། མྱང་སྨད་ཉི་མ་རི་ལ་རྫོང་ཞིག་འབྱུང༌། །ཞེས་གསུངས་པ་ལྟར་རྫོང་འདིར་སྔར་གཞིས་ཀ་བསམ་གྲུབ་རྩེ་རྫོང་ཞེས་མིང་མ་བཏགས་གོང་ཉང་སྨད་ཉི་མའི་རི་བོའི་སྤོའམ་ཉང་སྨད་ཉི་མ་གདོང་ཞེས་འབོད་པ་ཡིན་ལ། ཇོ་བོ་རྗེས། མྱང་སྨད་ས་ཡི་ལྟེ་བ་ཡི་དབུས་ནས་དཔལ་འབར་ཞིང་མཐའ་ནས་གཡང་ལུད་པའི་བྲག་སེང་གེ་འདྲ་བ་དྲུག་གི་སྟེང་དུ་ཕོ་བྲང་བཏབ་པས་སེངྒེ་དྲུག་རྩེར་ཞེས་པ་དང༌། ས་པཎ་གྱིས་ཀྱང༌། ས་ལ་བསམ་དོན་གྲུབ་པའི་རྩེ་མོར་གྲགས། །ཞེས་གསུངས་པ་ལྟར་མིང་གི་རྣམ་གྲངས་སུའང་རྒྱལ་པོའི་ཁབ་བསམ་འགྲུབ་རྩེ་དང༌། གཞིས་ཀ་བསམ་དོན་གྲུབ་པའི་རྩེ་མོ། གཞིས་ཀ་བསམ་གྲུབ་རྩེ། ཡོངས་གྲགས་སུ་གཞིས་ཀ་རྩེ་ཞེས་ཟེར།

རབ་བྱུང་དྲུག་པའི་ཤིང་རྟ་ ༡༣༥༤ ལོ་ནས་བཟུང་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་པ་དང་ཏའི་སི་ཏུ་འདི་ཉིད་ཀྱང་བོད་ཀྱི་སྲིད་དབང་གི་བྱེད་པོ་གཙོ་བོར་གྱུར་རྗེས་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ་ ༡༣༥༧ ལོར་འོལ་ཁ་སྟག་རྩེ་རྫོང་དང༌། གོང་དཀར་རྫོང༌། སྣེའུ་རྫོང་བཅས་བརྩིགས་ཤིང༌། དེའི་ཕྱི་ལོ་ས་ཁྱི་སྤྱི་ལོ་ ༡༣༥༨ ལོར་གཞིས་ཀ་བྲག་དཀར་རྫོང་བརྩིགས། གཞན་ཡང་གཞིས་ཀ་བསམ་གྲུབ་རྩེ་རྫོང་དང༌། རིན་སྤུངས་རྫོང༌། པ་སྣམ་ལྷུན་གྲུབ་རྩེ་རྫོང་སོགས་རྫོང་ཆེན་བཅུ་གསུམ་བརྩིགས་ཤིང༌། གཞིས་ཀ་བསམ་གྲུབ་རྩེའི་རྫོང་འདིའང་སྐབས་དེ་དུས་བརྩིགས་པའི་རྫོང་མཇུག་ཤོས་དེ་ཡིན། དེ་ནས་བཟུང་རྫོང་སོ་སོར་རྫོང་དཔོན་བསྐོ་གཞག་དང༌། ལོ་གསུམ་རེ་ནས་རྫོང་དཔོན་གསར་པ་གཏོང་རྒྱུ། སྲིད་དབང་འཛིན་མཁན་སོ་སོས་ལོ་རེས་མོས་སུ་བཙུགས། རབ་བྱུང་དྲུག་པའི་ས་ཁྱི་སྤྱི་ལོ་ ༡༣༥༨ ལོར་རྫོང་འདི་བརྩིགས་པ་ནས་རབ་བྱུང་དགུ་པའི་ཤིང་གླང་སྤྱི་ལཽ་ ༡༥༦༥ ལོར་རིན་སྤུངས་པའི་མངའ་ཞབས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རིན་སྤུངས་པའི་སྲིད་དབང་མགོ་རྟིང་བསློགས་པའི་བར་རྫོང་རིམ་པ་ཁོ་ནར་གནས་ཤིང༌། སྤྱི་ལོ་ ༡༥༦༥ ལོར་སྡེ་པ་གཙང་པས་གཞིས་ཀ་བསམ་གྲུབ་རྩེ་བཟུང་བ་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་ ༡༦༤༢ ལོར་སྲིད་དབང་མ་ཤོར་བར་རྫོང་འདི་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་སྐྱོང་བའི་ལྟེ་གནས་སུ་བཟུང༌། སྤྱི་ལོ་ ༡༦༤༢ ལོར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པའི་སྲིད་དབང་ཆམ་ལ་ཕབ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོར་ཕུལ་རྗེས་གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་སྐྱོང་རིང་གནས་ལྔ་པའི་རྫོང་དང༌། སྤྱི་རྫོང་བཅས་གང་ལྟར་རྫོང་རིམ་རང་དུ་གནས་སོ།།

ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཞིས་རྩེ་རྫོང་འདི་གསར་དུ་བཞེངས་པ་ནས་ལོ་ངོ་ ༥༦༠ ཙམ་སོང་བའི་རྗེས་ཉམས་གོག་ཏུ་སོང་རྐྱེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་སུ་བོད་ཆུ་ཁྱི་སྤྱི་ལོ་ ༡༩༢༢ ལོར་གཞིས་རྩེ་སྤྱི་རྫོང་མུ་བྱ་སྦྲེལ་པོ་དང་ལྷ་བུ་གཞིས་སྡོད་རྩེ་དྲུང་ཐུབ་བསྟན་ལེགས་བཤད་བཅས་ནས་ཨར་པོའི་དོ་དམ་འགན་ཁུར་མཉམ་ལེན་གྱིས་ཉམས་གསོ་དགོས་པའི་བཀའ་དགོངས་ལྟར་ལས་རྒྱུན་ལོ་གསུམ་རིང་རྫོང་ཁང་ཉམས་གསོ་བྱས་པ་དང༌། རྫོང་རྩེ་གཏོར་སྐྱོན་མ་བྱུང་གོང་གི་ཆགས་དབྱིབས་རྒྱ་ཁྱོན་ཐད་ཁང་དབྱིབས་ནི་ཧ་ལམ་རྩེ་ཕོ་བྲང་དང་འདྲ་ཙམ་ཡོད་པ་དང༌། རྫོང་ཁང་གི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༩༢༦༦་༢༧ ཁང་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༩༠༠༤ ཙམ། དབུས་སུ་ཕོ་བྲང་དམར་པོ་སྡེ་ཡངས་ནས་བརྩིས་པའི་རྩ་བའི་ཐོག་བརྩེགས་ལྔ་ཡོད་པ་ནས་ཤོད་ཐོག་ས་རྡོས་བརྒྱངས་ཡོད། རྫོང་ཁང་ལ་ཤར་ནུབ་མདུན་བཅས་གཞུང་སྒོ་གསུམ་པོ་སོ་སོའི་སྟེང་དུ་ཉེན་སྲུང་རྫོག་ཁུང་ཡོད།

གཞིས་ཀ་བསམ་གྲུབ་རྩེ་ནི་དེ་སྔ་གནས་ལྔ་པའི་རྫོང་འགོའི་གྲས་ཤིག་ཡིན་ནའང༌། བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་སྤྱི་ལོ་ ༡༩༡༥ ལོར་གཞིས་རྩེ་སྤྱི་རྫོང་ཞེས་གཙང་ཁུལ་གཞུང་ཁོངས་རྫོང་འགོ་གཞིས་ཁག་སྤྱིའི་འགོ་འདོམས་སུ་མཁན་རིམ་གཉིས་བསྐོ་གཞག་གིས་གཞིས་རྫོང་རང་གི་འཆར་ཅན་ཁྲལ་བསྡུ་ཁྲིམས་གནོན་བྱེད་དགོས་པ་སྨོས་མེད་ཐོག་གཙང་ཁུལ་རྫོང་འགོ་གཞིས་ཁག་སོ་སོའི་གྱོད་དོན་དང༌། གཞན་ཡང་ཁྲལ་རིགས་རྒྱུགས་ཕྱོགས་སྐོར་སོགས་རྫོང་སྡོད་སོ་སོས་ཐག་གཅོད་མ་ཐུབ་པའི་རིགས་ཁྲིམས་ས་གོང་མར་ཞུ་གཏུགས་བྱེད་དགོས་པ་བཅས་ཡིན། འོན་ཀྱང་དུས་ཕྱིས་བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྤྱི་ལོ་ ༡༩༥༤ ལོར་གཞུང་བླའི་དབར་གྱི་གྲོས་དོན་ལ་གཞིགས་ཏེ་གཞིས་རྩེ་སྤྱི་རྫོང་སྔར་ལམ་རྫོང་དཀྱུས་སུ་བཏང་བ་དང༌། གཙང་ཁུལ་གཞུང་ཁོངས་གཞིས་ཁག་གི་སྤྱི་ཁྱབ་ཏུ་གཙང་སྤྱི་རིམ་བཞི་སྨོན་གླིང་པ་བསྐོ་གཞག་བྱས་ཡོད།

མདོར་ན་གཞིས་ཀ་བསམ་གྲུབ་རྩེའི་རྫོང་ནི་གཞི་རྩེ་ས་གནས་ཀྱི་ལྟེ་བ་གྲོང་ཁྱེར་གཞིས་རྩེའི་དེ་སྔ་གཞིས་རྩེ་སྤྱི་རྫོང་ཞེས་མཁར་གྱི་བཟོ་དབྱིབས་ལྷ་སའི་པོ་ཏ་ལ་འདྲ་བ་ཞིག་ཡོད་པ་དེ་རིག་གསར་སྐབས་གཏོར་བ་དང༌། སྤྱི་ལོ་ ༢༠༠༥ ཟླ་ ༡༡ ནས་ཉམས་གསོའི་ལས་འགོ་བཙུགས་ཏེ་ཉམས་གསོ་བྱེད་བཞིན་པ་འདི་ཡིན་ནོ།།

བརྒྱུད་སྐུལ།

2 བསམ་ཚུལ། “གཞིས་ཀ་བསམ་གྲུབ་རྫོང༌།

  1. ཆུ་དབར་བུ་ལགས་བཀའ་དྲིན་ཆེ། ཁྱེད་ཀྱིས་བསམ་གྲུབ་རྩེའི་རྫོང་གི་སྐོར་ལ་རྩོམ་ཡིག་ལེགས་ཞིག་བྲིས་གནང་འདུག
    ཁྱེད་ཀྱི་རྩོམ་ཡིག་འདི་བྲིས་དུས་རྒྱུ་ཆ་དང་དཔེ་དེབ་ག་རེ་ག་རེ་གཟིགས་པ་དེ་མཆན་འགོད་གནང་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད།་

    ལན།

མཆན་སྤེལ།