གཞིས་ཀ་རྩེའི་ལོ་རྒྱུས། དང་པོ།

གཞིས་ཀ་རྩེ་ནི་ལྷོ་ངོས་བལ་ཡུལ་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་དང༌། ཤར་ངོས་ལྷ་ས་དང་ལྷོ་ཁ་ས་ཁུལ། ནུབ་ངོས་མངའ་རིས་དང་། ནག་ཆུ་བཅས་དང་ས་འབྲེལ་དུ་ཆགས་ཤིང༌། ས་རྒྱ་སྤྱི༌ལེ་གྲུ་བཞི་མ་ཁྲི་ 17.6 ཡོད། ཤར་ནུབ་དཀྱུས་ལ་སྤྱི་ལེ་ 800 དང་། ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ་ 220 མཐའ་མཚམས་ས་ཐག་སྤྱི་ལེ་ 1354 བཅས་ཡོད། དེ་ལྟར་ལོ་རྒྱུས་ཐོག་གཞིས་ཀ་རྩེ་ལ་གཙང་ཞེས་འབོད་ལ། གནའ་ནས་ད་བར་བོད་ཀྱི་སྲིད་འཛིན་མངའ་ཁོངས་གལ་ཆེན་ཞིག་རེད། བཙན་པོའི་རྒྱལ་རབས་སྐབས་དབང་སྒྱུར་བས་བོད་ཀྱི་དབུས་རྒྱུད་དེ་དབུས་དང་གཙང་ཞེས་ཁག་གཉིས་ལ་དབྱེ་བ་དང༌། གཙང་དེའང་གཞིས་ཀ་རྩེ་ལྟེ་བར་བྱས་ནས་གཡས་རུ་དང་རུ་ལག་གཉིས་ལ་བགོས་ཤིང་། ཤར་ངོས་ནི་གམ་པ་ལ་དང་། ནུབ་ངོས་ནི་གངས་ཏི་སི་རི་ཡིས་ས་མཚམས་བྱས་ཡོད། དུས་རབས་ 13 པའི་སྐབས་སུ་ས་སྐྱ་བོད་ཁམས་ལ་མངའ་དབང་བསྒྱུར་རབས་བོད་ཁྲི་སྐོར་བཅུ་གསུམ་ལ་བགོས་པ་དང༌། གཙང་ལ་ཁྲི་ཚོར་དྲུག་སྟེ། ཆུ་མིག་དང་། ཞ་ལུ། གུར་མོ། ལ་སྟོད་ལྷོ་བྱང་གཉིས། ཤངས་བཅས་ཁྲི་སྐོར་ 6 ཡོད། ཕག་གྲུའི་དུས་སུ་ཁྲི་སྐོར་གྱི་ལམ་ལུགས་མེད་པ་བཟོས་ནས་རྫོང་གི་ལམ་སྲོལ་བཟོས་ཏེ་དབུས་གཙང་གཉིས་འཕྲང་འགག་ཏུ་རྫོང་ཆེན་ 13 བཙུགས། གཙང་ལ་རིན་སྤུངས་དང་། གཞིས་ཀ་བསམ་གྲུབ་རྩེ། པ་སྣམ། རྒྱལ་རྩེ་ལ་སོགས་པའི་རྫོང་ཡོད།
དུས་རབས་ 20 པའི་དུས་འགོར་བོད་གཞུང་ནས་གཞིས་ཀ་རྩེ་དེ་སྤྱི་རྫོང་ལ་བསྒྱུར་ཏེ་མངའ་འོག་ཏུ་རྫོང་ཁག་ 16 དང་། གཞིས་ཀ་ཁག་ 30 ལྷག་ཙམ་གཏོགས་པ་བྱས། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་གཞིས་ཀ་རྩེ་དང་། རྒྱལ་རྩེར་ལས་བགོས་ཨུ་ལྷན་ཁག་གཉིས་བཙུགས། ཕྱི་ལོ་ 1956 ལོར་སྤྱི་ཁྱབ་རིམ་པའི་ལས་སྒྲུབ་ཁང་བཙུགས། 1959 ལོར་གཞིས་ཀ་རྩེ་དང་། རྒྱལ་རྩེར་ཀྲོན་ཡོན་ཀུང་ཧྲུའུ་གཉིས་སོ་སོར་བཙུགས། 1964 ལོར་གཞིས་ཀ་རྩེ་དང་རྒྱལ་རྩེའི་ཀྲོན་ཆུས་གཉིས་པོ་ཟླ་སྒྲིལ་བཏང་ནས་གཞིས་ཀ་རྩེ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། 1978 ལོར་དེ་ཉིད་ཀྱི་མིང་གཞིས་ཀ་རྩེའི་སྲིད་འཛིན་ཀུང་ཧྲུའུ་ལ་སྒྱུར་བ་རེད།

བརྒྱུད་སྐུལ།

མཆན་སྤེལ།