གཡག་སྡེ་པཎ་ཆེན་གྱི་རྣམ་ཐར་སྙིང་བསྡུས།

གཡག་སྡེ་པཎ་ཆེན་གྱི་རྣམ་ཐར་སྙིང་བསྡུས།

༈ གཡག་སྡེ་པཎ་ཆེན་ནི། གཡག་སྡེ་བྱེ་མར་ཡབ་ཨ་མི་དཀོན་མཆོག་དཔལ་དང༌། ཡུམ་སྐྱ་རྒྱལ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་ས་མོ་ཕག་ལ་འཁྲུངས། བུ་སྟོན་རིན་པོ་ཆེས་ལོ་དགུ་བཞེས་པའི་ཕག་དེ་ཡིན། ལོ་ལྔ་ལོན་པ་ལ་འབན་པོ་ཆོས་དབང་ལ། ངན་སོང་སྤྱོད་རྒྱུད་ཐུན་གཅིག་གསན། རྟོགས་ལྡན་རིན་སྨོན་དང༌། ཇོ་སྟན་དར་བརྩོན་ལ་ཀློག་ཡིག་བསླབས་ཤིང༌། ཕྱིས་འདུལ་མངོན་ཡང་གསན། མཁན་ཆེན་ཆོས་དཔལ་བ་ལ། དགེ་བསྙེན་དང་བར་མ་རབ་བྱུང་མཛད། འདུལ་བ་ཚར་འགའ་གསན། རས་སྟོན་བསོད་ནམས་རིན་ཆེན་ལ་དགེ་ཚུལ་མཛད། འདུལ་བའང་གསན། མཁན་ཆེན་འོད་འབྱུང་དང༌། ཞ་ཆེན་རིན་འབྱུང་ལ་བསྙེན་པར་རྫོགས།

གསང་ཕུ་བ་བློ་གྲོས་མཚུངས་མེད་ལ་རྣམ་ངེས་དང༌། བྱམས་ཆོས་ལྔ། སྤྱོད་འཇུག ཚད་མ་བསྡུས་པ། སྙན་ངག་དཔག་བསམ་འཁྲི་ཤིང་རྣམས་ཞུས། ཆོས་རྗེ་རང་བྱུང་རྡོ་རྗེ་ལ། རྒྱལ་བ་རྒྱ་མཚོ། ཕག་མོ། བདེ་མཆོག འཇིགས་བྱེད། གདན་བཞི་རྣམས་ཀྱི་དབང༌། སྦྱོར་དྲུག ནཱ་རོ་ཆོས་དྲུག ལྷན་ཅིག་སྐྱེས་སྦྱོར། སྐུ་གསུམ་ངོ་སྤྲོད་རྣམས་ཀྱི་ཁྲིད། བདེ་མཆོག་རྩ་རྒྱུད། བརྟག་གཉིས། དོ་ཧ། ཟབ་མོའི་ནང་དོན། སྐྱེས་རབས་སྔ་ཕྱི་གཉིས་རྣམས་ཀྱི་བཤད་པ། བསྙེན་བསྒྲུབ། རས་ཆུང་སྙན་བརྒྱུད། བཅུད་ལེན་ཕྲེང་བ་ལ་སོགས་ཞུས། འབན་པོ་བཙུན་ཤཱཀྲ་ལ། གཉན་ལོའི་ཞལ་བཞི་པའི་སྐོར་རྣམས་གསན། རྟོགས་ལྡན་གྲགས་སེང་བ་ལ། ནཱ་རོ་པའི་ཆོས་དྲུག་དང༌། སྦྱོར་དྲུག་དང༌། ལྷན་སྐྱེས་ཇོ་མོའི་བྱིན་རླབས་དང༌། ཕྱག་རྡོར་གཏུམ་པོ་རས་ཆུང་ལུགས་དང༌། གེགས་སེལ་ལ་སོགས་མང་དུ་ཞུས། ལ་སྟོད་དབང་རྒྱལ་ལ། སྦྱོར་དྲུག་དང༌། དབང་མདོར་བསྟན་དང༌། ཉི་ཟླ་སྒྲུབ་པ་དང༌། སྦས་པ་མིག་འབྱེད་ལ་སོགས་པ་ཞུས། རིག་འཛིན་ཀུ་མཱ་ར་རཱ་ཛའི་དྲུང་དུ། རྫོགས་ཆེན་སྙིང་ཐིག་གི་སྐོར་རྣམས་ཞུས། ཀུན་སྤང་ཆོས་གྲགས་དཔལ་ལ། དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་དང༌། གཤེད་དམར་གྱི་དབང་དང༌། རྡོ་རྗེ་སྙིང་འགྲེལ་དང༌། བདེ་མཆོག་སྟོད་འགྲེལ་དང༌། དུས་འཁོར་རྒྱུད་ཕྱི་མ་རྣམས་གསན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ། རྡོ་རྗེ་རྩེ་མོ་དང༌། ས་སྡེ་ལྔ་དང༌། མངོན་པ་ཀུན་ལས་བཏུས་པ་དང༌། ཐུབ་པ་དགོངས་རྒྱན་དང༌། སྙན་ངག་མེ་ལོང་དང༌། མཚན་བརྗོད་ལ་སོགས་པ་མང་དུ་ཞུས། གཡུང་སྟོན་པ་ལ་ཡེ་ཤེས་གསང་རྫོགས་གྱི་རྒྱུད་གདམས་པ་དང་བཅས་པ། གསང་སྙིང་དབང་དང་བཅས་པ། ཨ་རོའི་གདམས་པ་དཔུང་སྐོར་དང་བཅས་པ། མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ལུང་དང་བཅས་པ། ཨ་རོའི་རྒྱུད་ཆུང་གི་ལུང༌། ཙ་མི་འགྱུར་གྱི་དུས་འཁོར་འགྲེལ་གྱི་ལུང་དབང་དང་བཅས་པ། གཤིན་རྗེ་གཤེད་ཀྱི་ལུང༌། མདོ་དགོང་འདུས། སེམས་སྡེ་མ་བུ་བཅོ་བརྒྱད་ལ་སོགས་པ་ཞུས། བུ་སྟོན་པ་ལ་དུས་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར། རྒྱུད་འགྲེལ་གྱི་བཤད་པ། གསང་འདུས་ཀྱི་དབང་དང༌། མན་ངག་གི་ཁྲིད། རྒྱུད་ཀྱི་བཤད་པ། སྤྱོད་བསྡུས། གྲུབ་པ་སྡེ་བདུན། ཕར་ཕྱིན། རྣམ་ངེས་རྣམས་དང༌། གཤེད་དམར་རྫོགས་རིམ་སོགས་མང་དུ་གསན། འཆིམ་བློ་བཟང་གྲགས་པ་ལ་བསླབ་བཏུས་དང༌། དབུ་མ་འཇུག་པ་སོགས་ཞུས། ཀུན་མཁྱེན་དོལ་པོ་པ་ལ། དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ། མཆོག་དབང༌། སྦྱོར་དྲུག་གི་ཁྲིད། ངེས་དོན་རྒྱ་མཚོ་སོགས་མང་དུ་གསན། དཔལ་ལྡན་བླ་མ་དམ་པ་ལ་གུར་རིགས་བསྡུས་ཀྱི་དབང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད། ལམ་འབྲས་ལ་སོགས་གསན། སྤྱིར་བླ་མ་བརྒྱ་རྩ་བརྒྱད་བསྟེན་ཞིང༌། ལ་ལར་ཆོས་ཐུན་རེ་ཙམ་དང༌། ལ་ལར་སྒྲུབ་ཐབས་ཆ་རེ་ཙམ་རེ། ལ་ལར་མདོ་རྒྱུད་དགོངས་འགྲེལ་རྒྱ་ཆེན་པོ་གསན། སྐུ་ཚེའི་སྟོད་ལ་ཡོ་བྱད་སྲབ་པ་བྱུང་བ་ལ། སྐྱེས་མཆོག་བསམ་གཏན་དཔལ་བ་ལ་གདམས་པ་ཞུར་བྱོན་པས། ཁོང་གིས་ལོངས་སྤྱོད་ཀྱི་རྟེན་འབྲེལ་བསྒྲིགས་པས་ལེགས་པར་འགྲིགས་ཏེ། ན་ནིང་བར་ངའི་ཁས་སྐྱོ་པོ་མ་རྙེད། ད་ནི་སྐྱོ་པོས་ངའི་ཁ་མི་རྙེད་པར་འདུག་གསུངས། དེ་ལྟར་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང་ལྡན་པས། ཨེ་ཝྂ་གྱི་དགོན་པ་བཏབ། མངོན་པར་ཤེས་པ་དང་ལྡན་པས་གཞན་དོན་རྒྱ་ཆེར་མཛད། སློབ་མའང་མཁས་ཤིང་ཟབ་མོའི་ཐུགས་དམ་ལ་མངའ་བརྙེས་པ། རི་ཁྲོད་པ་མགོན་པོ་ཡེ་ཤེས་དང༌། གདན་ས་བ་འཇམ་པའི་དབྱངས་ཆོས་མགོན་པ་དང༌། མཁས་གྲུབ་བྱང་ཆུབ་རྒྱལ་མཚན་དང༌། མཁན་ཆེན་སངས་རྒྱས་བློ་གྲོས་པ་ལ་སོགས་པ་མང་དུ་བྱོན་ཞིང༌། ཉིན་ཅིག་ཆོས་ཐུན་རེ་ཙམ་གསན་པ་རྣམས་ལ་ཁ་ཟས་དང༌། གནང་སྦྱིན་ལ་སོགས་པའི་སྒོ་ནས་རྟེན་འབྲེལ་བསྒྲིགས་པས། འགྲོ་བ་མང་པོ་ལ་ཕན་འདོགས་ནུས་པའི་བཤེས་གཉེན་ཆེན་པོའང་མང་དུ་བྱོན། དགུང་ལོ་བརྒྱད་ཅུ་བཞེས་པ་ས་ཕོ་རྟའི་ལོ་ལ་ཞི་བར་གཤེགས། དེ་རྗེས་ཨེ་ཝྂ་ན་ཡང་ཕྱིས་བར་དུ། དེའི་ཆོས་ཀྱི་ཚུལ་རྒྱུན་མ་ཆད་པར་ཡོད་དོ། །རི་ཁྲོད་པ་མགོན་པོ་ཡེ་ཤེས་ཀྱིས་པཎ་ཆེན་གཤེགས་རྗེས་ཨེ་ཝྂ་གྱི་གདན་སར་ཡུན་མི་རིང་བ་ཞིག་བཞུགས་ནས། ཝལ་སྣའི་དགོན་པ་བཏབ། ཆོས་ཁྲིམས་ཤིན་ཏུ་དམ་ཞིང༌། དགེ་འདུན་ཀྱང་མང་དུ་འདུས། གཞན་དོན་རྒྱ་ཆེར་བསྐྱངས། མཁན་ཆེན་སངས་བློ་བས། ཚོགས་ཀྱི་མཁན་པོ་མཛད། དེ་རྗེས་ས་སྟོད་སྨད་མང་པོར་བཞུགས་ནས། ཁྲིད་ཀྱིས་གཞན་དོན་མང་དུ་བསྐྱངས་པས། སློབ་མ་མཁན་ཆེན་རིན་པོ་ཆེ་རྒྱལ་བཟང་བ་ལ་སོགས་བྱོན། ཕྱིས་ཡོལ་རིན་ཆེན་གླིང་བཏབ་ནས་འགྲོ་དོན་མཛད། ཆོས་རྗེ་བྱད་རྒྱལ་བས་ཆོས་འཁོར་གླིང་དུ། ཡུན་རིང་བཞུགས་ནས། ཕྱི་ཞིག་ན་ཆུ་མིག་དགོན་སར་དུ་བཞུགས་ཏེ། གཞན་དོན་བསྐྱངས་པའི་སློབ་མ། སློབ་དཔོན་ནམ་མཁའ་གྲགས་པ་ལ་སོགས་པ་ཡིན། འཇམ་དབྱངས་ཆོས་མགོན་པས། ཨེཝྂ་དུ་གདན་ས་བཟུང་ནས་གཞན་དོན་མཛད་པ་དང༌། འཇམ་དབྱངས་རིན་རྒྱལ་བ་དང༌། རྐྱང་ཆེན་པ་ཤཱཀྱ་ཤྲཱི་ལ་སོགས་པ་སློབ་མའང་མང་དུ་ཐོན་ནོ།།

བརྒྱུད་སྐུལ།

མཆན་སྤེལ།