གཡུ་ཐོག་གསར་རྙིང་གཉིས་ཀྱི་རྣམ་ཐར།

གཡུ་ཐོག་གསར་རྙིང་གཉིས་ཀྱི་རྣམ་ཐར།

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

 

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། སྤྱི་ལོའི་དུས་རབས་བརྒྱད་པའི་ས་མོ་སྦྲུལ་གྱི་ལོར་སྟོད་ལུང་སྐྱིད་སྣ་རུ་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང༌། ཡུམ་རྒྱ་པ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྤྲེལ་ཟླའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས། དགུང་ལོ་གསུམ་གྱི་ཐོག་རང་གི་ཡབ་ལས་ཡི་གེ་འབྲི་ཀློག་དང༌། གསོ་དཔྱད་ཀྱི་གཞུང་ལུགས་གསན་པས་ཚེགས་མེད་དུ་མཁྱེན་ཏེ་ནད་པ་བསྐྱངས། དགུང་ལོ་ལྔ་པར་ཡབ་ལས་བདུད་རྩི་སྨན་སྒྲུབ་དང༌། སྨན་བླའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཞུས། དགུང་ལོ་བཅུའི་ཐོག་ཆོས་རྒྱལ་མེས་ཨག་ཚོམ་གྱིས་སྤྱན་དྲངས་ནས་བསམ་ཡས་སུ་ཕེབས། རྒྱལ་པོས་ཉམས་སད་བླང་ཕྱིར་བྲང་ཏི་རྒྱལ་གཉེར་མཁར་ཕུག་སོགས་བོད་ཀྱི་མཁས་པ་རྣམས་དང་རྩོད་དུ་བཅུག་པས་ཀུན་ལས་རྣམ་པར་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུའི་གཙོ་བོར་གྱུར།

རྒྱ་གར་གྱི་སྨན་པ་ཤནྟི་གརྦྷ་དང༌། རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ་སོགས་ཡུལ་ཕྱོགས་གཞན་ནས་གདན་དྲངས་པའི་བླ་སྨན་མཁས་པ་མི་དགུས་དྲི་བ་མི་འདྲ་བ་བཏོན་པས་དེ་དག་ལ་སྒྲ་ཚད་རིག་པའི་སྒོ་ནས་དེ་དང་མཐུན་པའི་ལན་བཏབ་སྟེ། རྒྱ་བོད་མཁས་པ་ཡོངས་ཀྱི་གཙུག་ཏུ་བཀུར་ནས་མི་ཡུལ་དུ་བྱོན་པའི་སངས་རྒྱས་སྨན་བླ་ཞེས་གྲགས། ཆོས་རྒྱལ་མེས་ཨག་ཚོམ་དང༌། ཁྲི་སྲོང་ལྡེ་བཙན་གཉིས་ཀྱི་བླ་སྨན་པ་མཛད། དགུང་ལོ་ཉེར་ལྔ་ཐོག་རྒྱ་གར་དུ་ཐེངས་དང་པོ་ཕེབས་པ་དང་རིམ་བཞིན་ཐེངས་གསུམ་ཕེབས་ཏེ་པཎ་ཆེན་ཙནྡྲཱ་བྷཱི་དང༌། མཁས་པ་མེ་དབང་སོགས་སློབ་དཔོན་དུ་མ་བསྟེན་ནས་དཔལ་ལྡན་རྒྱུད་བཞིའི་ཁ་སྐོང་མུ་ཏིག་ཕྲེང་བ་དང༌། ཐུར་དཔྱད་གནད་ཀྱི་ལྡེ་མིག་སོགས་གདམས་ངག་མང་པོ་གསན། རྒྱ་ནག་རི་བོ་རྩེ་ལྔར་ཐེངས་གཅིག་ཕེབས་ཏེ་འཕགས་པ་འཇམ་དཔལ་གྱི་མདུན་ནས་སྦྱོར་བའི་ཕྲེང་བ་དང༌། བྱང་ཁོག་དོན་འགྲེམས་སོགས་གདམས་ངག་དུ་མ་ཞུས་ནས་བོད་དུ་ཕེབས་ཏེ་གངས་ཅན་བོད་ཡུལ་གྱི་སྨན་གྱི་རིག་པས་གཞི་བྱས། དེའི་སྟེང་རྒྱ་གར་ནག་གྱི་སློབ་དཔོན་རྣམས་ཀྱི་གདམས་ངག་དང༌། བེ་རོ་ཙ་ནས་བསྒྱུར་པའི་ཕྱོགས་གཞན་གྱི་གསོ་བ་རིག་པའི་འགྱུར་དག་གི་དགོངས་བཅུད་རྣམས་བླངས་ནས་ཁ་སྣོན་མཛད་དེ་དཔལ་ལྡན་རྒྱུད་བཞི་ཞེས་པའི་མ་ཕྱི་བསྐྲུན། བལ་པོའི་རྒྱལ་པོ་ཧ་རྡ་རུ་གྲང་བ་ཐུར་འབབས་ཀྱི་ནད་བཅོས་པ་སོགས་སྐུ་ཚེ་གང་པོར་གསོ་རིག་བསྟན་དོན་ཁོ་ན་མཛད། གདུང་རྒྱུད་འཛིན་པའི་སྲས་འབུམ་སེང་དང༌། དཔལ་འབུམ། དགའ་དགའ་གསུམ་འཁྲུངས། ཀོང་པོ་བདེ་རྒྱལ་སོགས་སློབ་མའི་ཚོགས་ཀྱིས་བོད་ཡུལ་གྱི་ས་ཆེན་པོ་འདི་གང་བར་བསྐྲུན། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཐོག་འདས།།

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།

 

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནས་བརྩིས་པའི་གདུང་རབས་བཅུ་གསུམ་པ་རབ་བྱུང་གཉིས་པའི་ནང་གཙང་ཉང་སྟོད་སྒོ་བཞི་རེ་ཐང་དུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་གསོ་རིག་ལ་ཐུགས་གཞོལ་ཏེ་གསན་བསམ་མཛད་པས་མཁས་པར་གྱུར། དགུང་ལོ་བཅུའི་ཐོག་མང་མཁར་ཚ་ལུང་བ་རོག་སྟོན་དཀོན་མཆོག་སྐྱབས་ལས་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས། དགུང་ལོ་བཅོ་བརྒྱད་པ་ནས་རྒྱ་གར་ལ་རིམ་བཞིན་ཐེངས་དྲུག་ཕེབས་ཏེ་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་དང༌། དྲང་སྲོང་ཙ་ར་ཀ་སོགས་བསྟེན་ནས་གསོ་དཔྱད་ཀྱི་གཞུང་ལུགས་ཐམས་ཅད་ཐུགས་སུ་ཆུད་པར་གསན་པས་མཁས་པའི་གྲགས་པས་ཕྱོགས་ཀུན་ལ་ཁྱབ་པར་གྱུར། རྡོ་རྗེ་གདན་དུ་པཎ་ཆེན་བརྒྱ་ཕྲག་དུ་མའི་ཚོགས་དཔོན་མཛད། སླར་བོད་དུ་ཕེབས་ནས་ལུས་ཅན་དུ་མ་ན་བ་དང་འཆི་བ་ལས་སྐྱོབ་པར་མཛད་ཅིང༌། ཕྱི་རབས་ཀྱི་རྗེས་འཇུག་དང་བུ་སློབ་རྣམས་ཀྱི་དོན་དུ་བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ་དང༌། དཔའ་བོའི་སྙིང་པོ་བསྡུས་པའི་མདོ་གནས་ཀྱི་འགྲེལ་པ་མཐོང་བའི་མེ་ལོང་སོགས་བརྩམས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང༌། ཟོང་མཆན་གཉིས་བཏབ། གཞན་ཡང་ཡུལ་དུས་སོགས་དགོས་ཁྱད་ཀྱི་དབང་གིས་སྐབས་སུ་བབ་པའི་ཞལ་སྐོང་ཅི་རིགས་མཛད། རྒྱུད་ཀྱི་གཞུང་འགྲེལ་མན་ངག་ཁ་སྐོང་དང་བཅས་པའི་གོ་ཆོད་དུ་ཆ་ལག་བཅོ་བརྒྱད་ལེགས་པར་བསྒྲིགས་ནས་སྐལ་ལྡན་གྱི་ཐུགས་སྲས་ཡེ་ཤེས་གཟུངས་ལ་གདམས། རྗེ་འདི་ཉིད་ལ་རྒྱུད་འཛིན་གྱི་བུ་སློབ་གྲངས་ལས་འདས་པ་བྱུང་བའི་གཙོ་བོ་ནི་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་དབུ་མཛད་པའི་ལྗང་སྨན་ལེབ་སེ་དང༌། འབལ་སྨན་ཉི་མ། སྟོན་པ་ཨ་ཚེས། ཤ་རམས་པ་ཉི་མ་དཔལ། གཡུ་ཐོག་བསོད་ནམས་སེང་གེ། དགེ་བཤེས་རོག་ཆུང་སོགས་མཁས་པ་མིང་དོན་མཚུངས་པ་སུམ་བརྒྱར་ཉེ་བ་བྱུང༌། དགུང་ལོ་བདུན་ཅུ་རྩ་བདུན་སྟེང་དུ་ཕེབས་པའི་ཚེ་ཞིང་དུ་གཤེགས།

 

བོད་རྒྱ་ཚིག་མཛོད་ཆེན་མོ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།