གུ་རུ་རིན་པོ་ཆེའི་རྣམ་ཐར་པདྨ་བཀའ་ཐང་།

གུ་རུ་རིན་པོ་ཆེའི་རྣམ་ཐར་པདྨ་བཀའ་ཐང་།

ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ཞེས་བྱ་བ་བཞུགས་སོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༡ ནུབ་བདེ་བ་ཆེན་པོའི་ཞིང་ཁམས་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༢ སངས་རྒྱས་འོད་དཔག་མེད་ཀྱིས་སྤྲུལ་པ་བཀྱེ་བ།

པདྨ་བཀའ་ཐང་ལེའུ་ ༣ ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པ།

པདྨ་བཀའ་ཐང་ལེའུ་ ༤ རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་བ།

པདྨ་བཀའ་ཐང་ལེའུ་ ༥ རཱུ་ཏྲའི་སྐྱེ་རྒྱུད་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༦ རྟ་ཕག་གིས་རཱུ་ཏྲ་བཏུལ་བ།

པདྨ་བཀའ་ཐང་ལེའུ་ ༧ སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༨ བསྟན་པ་གཉིས་ལྡན་བྱུང་ཚུལ་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༩ གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པ།

པདྨ་བཀའ་ཐང་ལེའུ་ ༡༠ སྤྲིན་ལྡན་རྒྱལ་ཁམས་བསྟན་པ་གཉིས་ལྡན་གྱིས་བཏུལ།

པདྨ་བཀའ་ཐང་ལེའུ་ ༡༡ རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༡༢ ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པ།

པདྨ་བཀའ་ཐང་ལེའུ་ ༡༣ རྒྱལ་པོ་སྤྱན་མེད་ཀྱིས་དཀོར་མཛོད་སྦྱིན་པ།

པདྨ་བཀའ་ཐང་ལེའུ་ ༡༤ གཟིགས་སྟངས་དྲི་མེད་མདངས་ལྡན།

པདྨ་བཀའ་ཐང་ལེའུ་ ༡༥ རྒྱལ་པོ་ཨིནྡྲ་བོ་དྷིའི་རྣམ་ཐར།


པདྨ་བཀའ་ཐང་ལེའུ་ ༡༦ རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་གྱི་ནོར་བུ་ལོན།

པདྨ་བཀའ་ཐང་ལེའུ་ ༡༧ ཨིནྡྲ་བོ་དྷི་མཇལ་ཞིང་རྟེན་འབྲེལ་བརྟགས་པ།

པདྨ་བཀའ་ཐང་ལེའུ་ ༡༨ རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པ།

པདྨ་བཀའ་ཐང་ལེའུ་ ༡༩ མེ་ཏོག་ཨུ་དུམྺཱ་ར་གེ་སར།

པདྨ་བཀའ་ཐང་ལེའུ་ ༢༠ ཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བ།

པདྨ་བཀའ་ཐང་ལེའུ་ ༢༡ རྒྱལ་སྲིད་སྤངས་པ།

པདྨ་བཀའ་ཐང་ལེའུ་ ༢༢ དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༢༣ རྩིས་ལ་སྦྱངས་པ།

པདྨ་བཀའ་ཐང་ལེའུ་ ༢༤ སྨན་ལ་སྦྱངས་པ།

པདྨ་བཀའ་ཐང་ལེའུ་ ༢༥ རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ།

པདྨ་བཀའ་ཐང་ལེའུ་ ༢༦ སྐུ་རབ་ཏུ་བྱུང་བ།

པདྨ་བཀའ་ཐང་ལེའུ་ ༢༧ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པ།

པདྨ་བཀའ་ཐང་ལེའུ་ ༢༨ བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པ།

པདྨ་བཀའ་ཐང་ལེའུ་ ༢༩ དུར་ཁྲོད་སྐུ་ལ་རྫོགས་སུ་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༣༠ དུར་ཁྲོད་བདེ་ཆེན་བརྡལ་དུ་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༣༡ དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༣༢ དུར་ཁྲོད་ལངྐ་བརྩེགས་སུ་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༣༣ དུར་ཁྲོད་པདྨ་བརྩེགས་པར་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༣༤ དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པར་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༣༥ སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་རྒྱ་ནག་ཡུལ་དུ་བཞུགས་པ།

པདྨ་བཀའ་ཐང་ལེའུ་ ༣༦ སངས་རྒྱས་བསྟན་པ་སྲུང་ཐབས་མཛད་པ།

པདྨ་བཀའ་ཐང་ལེའུ་ ༣༧ གདུལ་བྱའི་ཞིང་ཁམས་གཟིགས་པ།

པདྨ་བཀའ་ཐང་ལེའུ་ ༣༨ ལྷ་ལྕམ་མནྡཱ་ར་བས་བྲམ་ཟེའི་སྐུ་ཤ་རྙེད་པ།

པདྨ་བཀའ་ཐང་ལེའུ་ ༣༩ ལྷ་ལྕམ་མནྡཱ་ར་བས་ཁྱིམ་སྤངས་ནས་ཆོས་མཛད་པ།

པདྨ་བཀའ་ཐང་ལེའུ་ ༤༠ ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པ།

པདྨ་བཀའ་ཐང་ལེའུ་ ༤༡ ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པའི་ལེའུ།

པདྨ་བཀའ་ཐང་ལེའུ་ ༤༢ ཟ་ཧོར་ཡུལ་དུ་མཐའ་དམག་བཟློག་པ།

པདྨ་བཀའ་ཐང་ལེའུ་ ༤༣ ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པ།

པདྨ་བཀའ་ཐང་ལེའུ་ ༤༤ ཚེ་ཡི་རིག་འཛིན་གྲུབ་པ།

པདྨ་བཀའ་ཐང་ལེའུ་ ༤༥ རྒྱལ་པོ་ཨ་ཤྭ་ཀ་ཆོས་ལ་བཙུད་པ།

པདྨ་བཀའ་ཐང་ལེའུ་ ༤༦ བཻདྡྷའི་ཡུལ་དང་སིངྒ་ལའི་ཡུལ་ཆོས་ལ་བཀོད་པ།

པདྨ་བཀའ་ཐང་ལེའུ་ ༤༧ བྷངྒ་ལའི་རྒྱལ་ས་ཕྲོགས་པ།

པདྨ་བཀའ་ཐང་ལེའུ་ ༤༨ ཨུ་རྒྱན་ཡུལ་ཁམས་འདུལ་བར་དགོངས་པ།

པདྨ་བཀའ་ཐང་ལེའུ་ ༤༩ ཨུ་རྒྱན་རྒྱལ་ཁམས་ཆོས་ལ་བཙུད་པ།

པདྨ་བཀའ་ཐང་ལེའུ་ ༥༠ རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཙུད་པ།

པདྨ་བཀའ་ཐང་ལེའུ་ ༥༡ ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བ།

པདྨ་བཀའ་ཐང་ལེའུ་ ༥༢ རྒྱལ་པོ་ཀླུའི་ཁྱབ་འཇུག་བཏུལ་བ།

པདྨ་བཀའ་ཐང་ལེའུ་ ༥༣ གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེངས་པ།

པདྨ་བཀའ་ཐང་ལེའུ་ ༥༤ ཁྲི་སྲོང་ལྡེའུ་བཙན་གྱི་རྒྱལ་སྲིད་བཟུང་བ།

པདྨ་བཀའ་ཐང་ལེའུ་ ༥༥ བོད་རྒྱལ་ཐུགས་དགོངས་བཏང་ཞིང་བློན་འབངས་ལ་གདམ་ངག་བསྐུར་བ།

པདྨ་བཀའ་ཐང་ལེའུ་ ༥༦ བསམ་ཡས་གཙུག་ལག་ཁང་གི་ས་བཙལ་བ།

པདྨ་བཀའ་ཐང་ལེའུ་ ༥༧ མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་པ།

པདྨ་བཀའ་ཐང་ལེའུ་ ༥༨ མཁན་པོ་བོ་དྷི་ས་ཏྭས་ལུང་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༥༩ རྒྱལ་པོའི་བསྐྱར་ཤོག་པ་དང་མཇལ་བ།

པདྨ་བཀའ་ཐང་ལེའུ་ ༦༠ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་བ།

པདྨ་བཀའ་ཐང་ལེའུ་ ༦༡ བོད་ཀྱི་རྒྱལ་པོ་དང་ཕྱག་ལ་མ་འཆམས་པ།

པདྨ་བཀའ་ཐང་ལེའུ་ ༦༢ དཔལ་གྱི་བསམ་ཡས་འབྱོངས་པ།

པདྨ་བཀའ་ཐང་ལེའུ་ ༦༣ བསམ་ཡས་ཀྱི་དཀོར་སྲུང་སྤྱན་དྲངས་པ།

པདྨ་བཀའ་ཐང་ལེའུ་ ༦༤ བསམ་ཡས་རབ་གནས་མཛད་པ།

པདྨ་བཀའ་ཐང་ལེའུ་ ༦༥ བསམ་ཡས་ལ་བཀུར་སྟི་བྱས་པ།

པདྨ་བཀའ་ཐང་ལེའུ་ ༦༦ སློབ་དཔོན་རྣམ་གཉིས་བཞུགས་པར་ཞུས་པ།

པདྨ་བཀའ་ཐང་ལེའུ་ ༦༧ བོད་ཀྱི་རྒྱལ་པོས་ཆོས་ཁྲིམས་བསྡམས་པ།

པདྨ་བཀའ་ཐང་ལེའུ་ ༦༨ ལོ་ཙཱ་བ་གསུམ་ལུང་བསྟན་ནས་རྒྱལ་པོའི་ཐུགས་གསོས་པ།

པདྨ་བཀའ་ཐང་ལེའུ་ ༦༩ བཻ་རོ་ཙ་ན་གདན་དྲངས་པ།

པདྨ་བཀའ་ཐང་ལེའུ་ ༧༠ སློབ་དཔོན་རྣམ་གཉིས་སོགས་ཀྱིས་ཆོས་བསྒྱུར་བ།

པདྨ་བཀའ་ཐང་ལེའུ་ ༧༡ སད་མི་མི་བདུན་ལ་སོགས་རྒྱ་གར་དུ་བརྫངས་པ།

པདྨ་བཀའ་ཐང་ལེའུ་ ༧༢ བོད་ཀྱི་བཻ་རོ་ཙ་ན་མཇལ་ཕྲད་མཛད་པ།

པདྨ་བཀའ་ཐང་ལེའུ་ ༧༣ བཻ་རོ་ཙ་ནས་རྐང་མགྱོགས་བསྒྲུབས་པ།

པདྨ་བཀའ་ཐང་ལེའུ་ ༧༤ བཻ་རོ་ཙ་ན་བོད་དུ་འབྱོན་པར་ཆས་པ།

པདྨ་བཀའ་ཐང་ལེའུ་ ༧༥ བཻ་རོ་ཙ་ནས་ཆོས་གསུངས་པ་ལ་ཕྲ་མ་བྱུང་བ།

པདྨ་བཀའ་ཐང་ལེའུ་ ༧༦ བཻ་རོ་ཙ་ནས་མགུར་གསུངས་པ།

པདྨ་བཀའ་ཐང་ལེའུ་ ༧༧ བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པ།

པདྨ་བཀའ་ཐང་ལེའུ་ ༧༨ དགེ་སློང་མི་ལྔ་དངོས་གྲུབ་བརྙེས་པ།

པདྨ་བཀའ་ཐང་ལེའུ་ ༧༩ ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པ།

པདྨ་བཀའ་ཐང་ལེའུ་ ༨༠ པཎ་ཆེན་བི་མ་མི་ཏྲ་གདན་དྲངས་པ།

པདྨ་བཀའ་ཐང་ལེའུ་ ༨༡ པཎ་ཆེན་བི་མ་མི་ཏྲས་རྫུ་འཕྲུལ་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༨༢ རྒྱ་གར་ནས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་བསྣུབས་པ།

པདྨ་བཀའ་ཐང་ལེའུ་ ༨༣ གཡུ་སྒྲ་སྙིང་པོས་བཻ་རོ་ཙ་ན་གདན་དྲངས་པ།

པདྨ་བཀའ་ཐང་ལེའུ་ ༨༤ སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བ།

པདྨ་བཀའ་ཐང་ལེའུ་ ༨༥ བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་པ།

པདྨ་བཀའ་ཐང་ལེའུ་ ༨༦ བསམ་ཡས་སྐུ་རྟེན་ལྷའི་བཞུགས་བྱང་དཀར་ཆག་ཏུ་བཀོད་པ།

པདྨ་བཀའ་ཐང་ལེའུ་ ༨༧ ཕྱི་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་།

པདྨ་བཀའ་ཐང་ལེའུ་ ༨༨ གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་པ།

པདྨ་བཀའ་ཐང་ལེའུ་ ༨༩ འདུས་བྱས་མི་རྟག་པར་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༩༠ ལྷ་ལྕམ་པདྨ་གསལ་ལུང་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༩༡ བོད་དུ་གཏེར་སྦས་པ།

པདྨ་བཀའ་ཐང་ལེའུ་ ༩༢ ས་རྟགས་གཏེར་གྱི་འབྱུང་དུས་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༩༣ གཏེར་འཕྲད་རྣམས་ལ་ཞལ་གདམས་སྙིང་གཏམ་བཞག་པ།

པདྨ་བཀའ་ཐང་ལེའུ་ ༩༤ གཏེར་སྟོན་བརྟག་པ།

པདྨ་བཀའ་ཐང་ལེའུ་ ༩༥ མ་འོངས་སྒྲུབ་གནས་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༩༦ སངས་རྒྱས་བསྟན་པའི་འཕེལ་འགྲིབ་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༩༧ ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པ།

པདྨ་བཀའ་ཐང་ལེའུ་ ༩༨ རྒྱལ་སྲས་མུ་ཏིག་བཙན་པོར་ཞལ་ཆེམས་གསུངས་པ།

པདྨ་བཀའ་ཐང་ལེའུ་ ༩༩ མཁའ་འགྲོས་བརྡ་བསྟོད་མཛད་པ།

པདྨ་བཀའ་ཐང་ལེའུ་ ༡༠༠ སྐུ་ཚབ་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༡༠༡ རྗེས་འཇུག་བདེ་སྟོང་ལ་སྤྱོད་པ།

པདྨ་བཀའ་ཐང་ལེའུ་ ༡༠༢ སྐྱེ་བདུན་ཤའི་ཕན་ཡོན་བསྟན་པ།

པདྨ་བཀའ་ཐང་ལེའུ་ ༡༠༣ སྐལ་ལྡན་བུད་མེད་གསུམ་ལ་ཞལ་གདམས་གསུངས་པ།

པདྨ་བཀའ་ཐང་ལེའུ་ ༡༠༤ སྲོག་བདག་གཟའ་ཀླུ་གསུམ་གྱི་མཚང་དྲིས་པ།

པདྨ་བཀའ་ཐང་ལེའུ་ ༡༠༥ མང་ཡུལ་གུང་ཐང་ལ་ཀར་སྔ་འགྲོས་བཏང་བ།

པདྨ་བཀའ་ཐང་ལེའུ་ ༡༠༦། འཁོར་བའི་ཉེས་དམིགས་སོགས་གསུངས་པ།

པདྨ་བཀའ་ཐང་ལེའུ་ ༡༠༧ བད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པ།

པདྨ་བཀའ་ཐང་ལེའུ་ ༡༠༨ མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པ།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

པདྨ་བཀའ་ཐང་ལེའུ་ ༡ ནུབ་བདེ་བ་ཆེན་པོའི་ཞིང་ཁམས་བསྟན་པ།

 

ཨུ་རྒྱན་སྐད་དུ༔ རུ་ཨཀྵ་ཤ་ཀ་ར་ཎ༔ བོད་སྐད་དུ༔ གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་ཞེས་བྱ་བ༔ བདེན་པ་རང་བྱུང་སངས་རྒྱས་སྐུ་ལྔ་འཆང་༔ སྣ་ཚོགས་ཐབས་ཀྱིས་སེམས་ཅན་བདེ་ལ་བཀོད༔གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་མཛད་པའི༔ སྐྱེ་ཤི་མི་མངའ་རྡོ་རྗེའི་སྐུ་ལ་འདུད༔ལྷ་ལྕམ་མནྡཱ་ར་བ་དང་༔ བལ་འབངས་ཀ་ལ་སིདྡྷི་དང་༔ བལ་མོ་ཤཱཀྱ་དེ་བ་དང་༔མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་༔ བུད་མེད་ཡེ་ཤེས་མཚོ་རྒྱལ་དང་༔ གུ་རུའི་ཐུགས་སུ་བྱོན་པའི་བུད་མེད་ལྔས༔ མི་འདུལ་ལས་ཅན་ཁ་ལོ་རྣམ་བསྒྱུར་དང་༔ དཀོན་མཆོག་གསུམ་ནི་གནས་པར་བྱ་བ་དང་༔བསྟན་གཉིས་ཡ་མ་ཟུང་གིས་སེལ་མེད་ཕྱིར༔ མདོ་སྔགས་ཐབས་དང་ཤེས་རབ་སྙིང་པོའི་བཀའ༔ ཉེ་བར་གྱུར་པ་གསང་སྔགས་བསྒྲུབ་པའི་ལུང་༔ བདེན་པའི་བཀའ་འཆད་ངེས་པའི་དོན་གོ་ཕྱིར༔ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐའ་རྒྱས་པ༔ རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔དེ་ཐོན་མི་ལ་བསོད་ནམས་སྙན་གྲགས་འོང་༔ གུ་རུའི་རྣམ་ཐར་རྒྱས་བསྡུས་གང་འཐད་པར༔མཐོང་ཐོས་མོས་གུས་ཚད་མེད་བྱ་བ་གཅེས༔ འདི་ལ་དད་མོས་བསྟན་པའི་མཐའ་རྒྱས་འཛིན༔ བླ་མེད་བྱང་ཆུབ་སངས་རྒྱས་ཐེ་ཚོམ་མེད༔ དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་༔ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིན༔ ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་སྐྱོང་༔ གསང་རྒྱུད་དག་པས་བསྐྱེད་རྫོགས་ངང་ལ་བཞུགས༔ འགྲན་གྱིས་དོ་མེད་སངས་རྒྱས་འདི་ཡིན་པས༔ དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་མེད་རྗེ༔ རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགས༔ སྐྱོན་སྤངས་ཡོན་ཏན་ཡིད་བཞིན་ནོར་བུ་འདྲ༔ འགྲོ་ཀུན་མ་ལུས་དགོས་པའི་དོན་ཀུན་འགྲུབ༔མཛད་ཚུལ་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་༔ འདི་རུ་སྤྲོས་ཏེ་མ་འོངས་སེམས་ལ་གླན༔

དེ་ལ་ནུབ་ཕྱོགས་པདྨོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ༔ གསེར་གྱི་ས་གཞི་མིག་མངས་རིས་སུ་ཆགས་པ་ལས༔ ས་གཞི་རི་རབ་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔བྱང་ཆུབ་ཤིང་གི་ལོ་འདབ་མེ་ཏོག་རྒྱས་པ་ལས༔ རྩི་ཤིང་ནགས་ཚལ་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ ཏིང་འཛིན་ཡན་ལག་བརྒྱད་ལྡན་ཆུ་བོ་འབབ་པ་ལས༔ སྣ་ཚོགས་ཆུ་ཡི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ རིག་པའི་ཡེ་ཤེས་འོད་ལྔ་རང་མེ་འབར་བ་ལས༔ འཇིག་རྟེན་མེ་ཡི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ རྣམ་པར་དག་པ་སྤོས་ཀྱི་དྲི་ངད་ལྡང་བ་ལས༔ འཇིག་རྟེན་ང་གི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ ཁྱབ་གདལ་ཆོས་ཀྱི་དབྱིངས་ལ་ཕྱོགས་ལྷུང་མེད་པ་ལས༔ འབྱུང་བ་ནམ་མཁའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ དབྱིངས་རིག་ཡེ་ཤེས་གསལ་བའི་ཁྲི་གདུགས་བརྡལ་བ་ལས༔ ཉི་མ་ཟླ་བའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ རྒྱལ་བ་འཕགས་པའི་རང་འོད་ལྔ་རུ་འབར་བ་ལས༔ ཉིན་དང་མཚན་གྱི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ མཆོག་ལྡན་ཆོས་ཀྱི་རྒྱལ་སྲིད་རང་ཤར་རང་གྲོལ་སྐྱོང་བ་ལས༔ རྒྱལ་པོ་བློན་པོའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ བདག་དང་གཞན་གཉིས་ཐ་མི་དད་པར་གཅིག་པ་ལས༔ འཐབ་ཅིང་རྩོད་པའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ འཚོ་བ་ཏིང་འཛིན་ཟས་ཀྱི་འཚོ་བས་ཚིམ་པ་ལས༔ཟས་ཞེས་བྱ་བའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ སྐོམ་དུ་ཡིད་བཞིན་བདུད་རྩིའི་ཆུ་རྒྱུན་འཐུང་བ་ལས༔ སྐོམ་ཞེས་བྱ་བའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ གོས་སུ་ཚུལ་ཁྲིམས་གཙང་མའི་གོས་བཟང་གྱོན་པ་ལས༔ གོས་ཞེས་བྱ་བའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ སྐྱེ་བ་པདྨའི་སྟེང་དུ་རྫུས་ཏེ་སྐྱེ་བ་ལས༔ སྐྱེ་བ་གཞན་གྱི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ ཟག་མེད་རྡོ་རྗེ་ལྟ་བུའི་ཚེ་ལ་མངའ་བརྙེས་པས༔ རྒས་ཤིང་རྒུད་པའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ སྐྱེ་ཤི་མེད་པའི་ས་ལ་ཡོངས་རྫོགས་འཇོག་པ་ལས༔ སྐྱེ་ཞིང་འཆི་བའི་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔དུས་གསུམ་སངས་རྒྱས་ཀུན་གྱི་ཞིང་མཆོག་དེ་ན་ནི༔ མ་ལུས་ཐམས་ཅད་བྱང་ཆུབ་ལ་སྤྱོད་སྐྱིད་པ་ལ༔མི་བདེ་སྡུག་བསྔལ་མིང་ཡང་མི་གྲག་བཙལ་ཀྱང་མི་རྙེད་པ༔ བདེ་ཅན་བྱང་ཆུབ་རྫོགས་སངས་རྒྱས་ཀྱི་ཞིང་དེ་ན༔ ངོ་བོ་རང་བཞིན་སྟོང་པ་ཉིད་ཀྱི་གཞལ་ཡས་ཁང་༔ངོས་གཏིང་ཟབ་ལོགས་རྒྱ་དང་དཔངས་ནི་ཚད་མེད་པ༔ ཕྱི་ནང་མེད་པ་ཆོས་དབྱིངས་མངོན་ཤེས་སྐར་ཁུང་གསལ༔ མི་མཁྱེན་པ་དང་མི་གཟིགས་པ་ནི་གཅིག་ཀྱང་མེད༔ སྟེང་ན་ཐེག་པ་ཆེན་པོའི་ཆོས་ཀྱི་གདུགས་ཕུབ་པ༔ འོག་ན་ཆགས་མེད་པདྨ་འོད་ལྡན་ཁྲི་བརྩིགས་པ༔ དགའ་བཞི་ཡེ་ཤེས་ཚད་མེད་བཞི་ཡི་གདན་བརྩེགས་པ༔ཕྱོགས་བཞི་མཚམས་བརྒྱད་བྱང་ཆུབ་ཡན་ལག་འཕན་ཕྱར་བ༔ ཆོས་རྣམས་ཕྱོགས་མེད་མཉམ་པ་ཉིད་ཀྱི་ངང་ལ་བྱས༔ རེ་དོགས་སྤང་བླང་གཉིས་སྣང་མེད་པའི་པདྨོ་བཀྲམ༔ཡེ་དག་དྲི་མཆོག་ཚུལ་ཁྲིམས་སྤོས་ཀྱི་དྲི་ངད་འཐུལ༔ སུས་ཀྱང་མ་བྱས་ཡེ་ནས་རང་བྱུང་ལྷུན་གྱིས་གྲུབ༔ ཏིང་འཛིན་མི་གཡོ་ཆོས་དབྱིངས་རྒྱ་མཚོ་དངས་པ་ལ༔རྣམ་ཤེས་མ་ཆགས་ཡེ་གྲུབ་པདྨོ་ཀུན་རྫོགས་འཁྲུངས༔ འགྲོ་བ་མ་ལུས་ཐུགས་རྗེའི་སྙོམས་པའི་རྒྱན་གྱིས་བརྒྱན༔ ཕོ་བྲང་དེ་ན་སངས་རྒྱས་འོད་དཔག་མེད་པ་བཞུགས༔སྟོབས་བཅུ་མི་འཇིགས་རྣམ་བཞི་སྐུ་ཡི་རྒྱན་རབ་མཛེས༔ སྐུ་ལུས་བཀོད་པ་མཚན་བཟང་བལྟ་བས་མི་ངོམས་ཤིང་༔ཐོ་ཕྱི་ཐམས་ཅད་འོད་ཟེར་སྣ་ཚོགས་འཇའ་འོད་འཁྲིགས༔ ཐུགས་རྗེའི་འོད་ཟེར་དཀར་དམར་སྣ་ཚོགས་ཕྱོགས་བཅུར་འཕྲོ༔ རྫོགས་པའི་སངས་རྒྱས་དཔལ་ལྡན་སྐྱེས་བུ་མཐུ་ལྡན་པ༔སྐུ་གསུང་ཐུགས་ཡོན་འཕྲིན་ལས་བལྟ་བས་ཆོག་མི་ཤེས༔ རྒྱལ་བ་རྒྱ་མཚོ་འཁོར་མང་དག་ནི་སྤྲིན་ལྟར་གཏིབས༔ མིག་ནི་མི་གཡོ་བདེ་ཆེན་ངང་ལ་མཉམ་པར་བཞག༔ བརྩེ་བའི་ཐུགས་རྗེ་འོད་ཟེར་དུ་མ་ཕྱོགས་བཅུར་འཕྲོ༔ འོད་ཟེར་རེ་རེའི་རྩེ་ལ་སངས་རྒྱས་སྤྲུལ་པ་འགྱེད༔ བསམ་གྱིས་མི་ཁྱབ་གྲངས་མེད་བརྗོད་དུ་མེད་པ་འཕྲོ༔ གང་ལ་གང་འདུལ་དཔག་ཏུ་མེད་པས་འགྲོ་དོན་མཛད༔ ཞིང་ཁམས་དེ་ན་འཕགས་པ་མིན་པ་གཞན་མི་གནས༔ སྤྲུལ་པ་ཡང་སྤྲུལ་ཉིད་སྤྲུལ་ཐོར་བུ་བསམ་མི་ཁྱབ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ནུབ་བདེ་བ་ཆེན་པོའི་ཞིང་ཁམས་བསྟན་པའི་ལེའུ་སྟེ་དང་པོའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༢ སངས་རྒྱས་འོད་དཔག་མེད་ཀྱིས་སྤྲུལ་པ་བཀྱེ་བ།

 

ཞིང་དེའི་སངས་རྒྱས་འོད་དཔག་མེད་པ་ཡིས༔ འཇིག་རྟེན་རྒྱལ་པོ་ལ་སོགས་དྲེགས་པ་ཅན༔ ཁེངས་སེམས་ཆེ་བས་བཅིངས་རྣམས་འདུལ་བའི་ཕྱིར༔ པདྨོ་བདེ་བ་ཅན་གྱི་ཞིང་ཁམས་སུ༔ དབུ་གཙུག་འོད་ཟེར་དམར་པོ་རྒྱལ་པོར་སྤྲུལ༔ མཚན་ནི་འཁོར་ལོས་སྒྱུར་རྒྱལ་བཟང་པོ་མཆོག༔ གླིང་བཞིར་དབང་མཛད་ལོངས་སྤྱོད་མངའ་ཐང་རྒྱས༔ བཙུན་མོ་སྟོང་ཡོད་སྲས་ནི་གཅིག་ཀྱང་མེད༔ ཅི་མཛད་ཐམས་ཅད་ཆོས་ཀྱི་བྱ་བ་མཛད༔ ལྷོ་ནུབ་མཚམས་ན་འོ་མ་ཅན་གྱི་མཚོ༔ རྒྱ་མཚོ་དེ་ལ་མེ་ཏོག་པདྨ་སྐྱེས༔ རྒྱལ་པོས་དཀོན་མཆོག་མཆོད་པ་བྱེད་པ་ལ༔ མེ་ཏོག་ལེན་པའི་ཁོལ་པོ་བཏང་ནས་སུ༔ མེ་ཏོག་བླངས་ནས་རྒྱལ་པོའི་ཕྱག་ཏུ་ཕུལ༔ རྒྱལ་པོས་དཀོན་མཆོག་དྲུང་དུ་འབུལ་བ་ལ༔ སངས་རྒྱས་འོད་དཔག་མེད་པའི་ལྗགས་དཀྱིལ་ནས༔ འོད་ཟེར་ཁ་དོག་ལྔ་ལྡན་རྒྱ་མཚོར་འཕྲོས༔ ནམ་ཞིག་དུས་ན་མེ་ཏོག་ལེན་པ་ཡི༔ ཕོ་ཉས་མེ་ཏོག་ལེན་དུ་ཕྱིན་པའི་ཚེ༔ མཚོ་ཡི་ནང་ན་པད་སྡོང་ཆེན་པོ་སྐྱེས༔ པདྨའི་ཡལ་ག་རྒོད་ཀྱི་གཤོག་པ་ཙམ༔ ལོ་མ་ཕུབ་ཙམ་དེ་ཡི་དཀྱིལ་དེ་ན༔ སྙིང་པོ་ཁ་མ་བྱེ་བའི་ཀོན་པ་ཙམ༔ ཨུ་དུམྺཱ་རའི་མེ་ཏོག་དེ་ཉིད་ནི༔ དབྱར་དགུན་གཉིས་ཀ་ཁ་ནི་མ་བྱེ་བས༔ ཕོ་ཉ་བ་ཀུན་ཡ་མཚན་སྐྱེས་ནས་སུ༔ ཇི་ལྟ་བ་བཞིན་རྒྱལ་པོའི་སྙན་དུ་གསོལ༔ རྒྱལ་པོས་དེ་ལ་གཉེར་ཀ་གྱིས་ཤིག་གསུངས༔ རྣམ་པར་དག་པའི་མེ་ཏོག་དེ་ཉིད་ལ༔ ཉིན་མཚན་རྒྱུན་དུ་ཐུན་བཟུང་བསྲུང་བར་གྱུར༔ སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་གཅིག་ཉིན༔ མེ་ཏོག་པདྨའི་ཁ་བྱེ་ཕྱོགས་བཞི་དབུས༔ ཁྱེའུ་ཁ་དོག་མི་འདྲ་ལྔ་བཞུགས་ནས༔ དབུ་སྐྲ་ཐོར་ཅོག་དར་སྣ་ལྔ་ཡིས་བཅིངས༔ དབུས་ན་མཐིང་ནག་ཤར་ན་དཀར་ནག་སྟེ༔ ལྷོ་ན་སེར་ནག་ནུབ་ན་དམར་ནག་མདོག༔ བྱང་ན་ལྗང་ནག་ལྔ་ག་རྒྱན་དྲུག་གསོལ༔ དེ་འདྲའི་རྣམ་ཐར་རྒྱལ་པོའི་སྙན་དུ་གསོལ༔ རྒྱལ་པོ་དགྱེས་པའི་རྣམ་འགྱུར་མང་བསྟན་ནས༔ གངས་ཀྱི་སེང་གེ་དཀར་མོ་ལྔ་དང་བཅས༔ རྟ་མཆོག་ལྔ་བརྒྱས་དྲངས་པའི་ཤིང་རྟ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་དཔག་མེད་བཀལ༔ རྒྱལ་པོ་བཙུན་མོ་བློན་པོ་དཔུང་དང་བཅས༔ སངས་རྒྱས་འོད་དཔག་མེད་པ་འཁོར་བརྒྱད་ཁྲི༔ འོ་མ་ཅན་གྱི་མཚོ་ཁར་ཕྱིན་པར་གྱུར༔ ཁྱེའུ་མི་སྨྲ་མི་འགྱུར་མི་གཡོ་བར༔ པདྨའི་དཀྱིལ་ན་གཟི་མདངས་འོད་དུ་འབར༔ དེ་ལ་རྒྱལ་པོས་བསྟོད་པ་བྱས་པ་ནི༔

ཨེ་མ་ཧོ༔ ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལས༔ པད་སྡོང་རྩེ་ལ་ཁྱེའུ་མཆེད་ལྔ་འཁྲུངས༔ མི་ཤིགས་སྐུ་ལ་ལོངས་སྤྱོད་རྫོགས་པས་བརྒྱན༔ སངས་རྒྱས་མ་ལུས་འདུས་པའི་ཐོར་ཅོག་བཅིངས༔ པདྨ་འབྱུང་གནས་ཞི་ཞིང་རབ་ཏུ་ཞི༔ སྐུ་ནི་འཇའ་ཚོན་མདོག་ཏུ་རབ་ཏུ་གདའ༔ ཚངས་པའི་གསུང་དབྱངས་སངས་རྒྱས་གསུང་ལྟར་མཆི༔ རབ་ཏུ་དཀར་ཚེམས་འཛུམ་ཞིང་རྣམ་པར་མཛེས༔ ཞལ་ནི་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་འདྲ༔ སྤྱན་ནི་རིང་ཞིང་ཤངས་ནི་ལྷང་ངེ་བ༔ འགྲོ་བ་ཡོངས་ཀྱི་དཔལ་གྱུར་ཐུགས་རྗེའི་བདག༔ རྒྱས་སྲས་པདྨ་འབྱུང་གནས་འདི་འདྲ་བ༔ བདག་གིས་ཡོན་ཏན་བརྗོད་པར་མ་ནུས་བསྟོད༔ ཅེས་བསྟོད་ཁྱེའུ་ལྔ་ཡི་ཞལ་ནས་ནི༔ སངས་རྒྱས་འོད་དཔག་མེད་ལ་དྲིས་ཤིག་གསུངས༔ དེ་ནས་རྒྱལ་པོས་ཁྱེའུ་ལྔར་དྲིས་པ༔ འོད་དཔག་མེད་པའི་སྐུ་མཆོག་དྲི་མ་མེད༔ སངས་རྒྱས་གསུང་སྙན་རྒྱལ་པོ་ཚིམ་པར་མཛོད༔ ཕྱོགས་བཅུའི་འཇིག་རྟེན་དག་ན་གང་འཚོ་བ༔ སངས་རྒྱས་སྐུ་གཟུགས་ཁྱེའུ་འདི་ལྔ་གསུངས༔ ཞེས་གསོལ་སངས་རྒྱས་འོད་དཔག་མེད་པ་ཡིས༔ ཨེ་མ་ཧོ༔ སྐྱབས་དང་བྲལ་བས་འཁོར་བར་འཁོར་བ་ལས༔ དོན་གྱི་ལམ་སྟོར་ལུས་དང་ངག་ཡིད་དུབ༔ སེམས་ཅན་གང་དག་གནས་མེད་རྟེན་མེད་ཅིང་༔ ཡེ་ཤེས་ལྔ་ཡི་རོལ་པ་ཁྱེའུ་ལྔ༔ འཆི་འཕོ་འཇིག་རྟེན་གཞན་ལ་ཕན་ཕྱིར་བཤད༔ ཆོས་ཀྱི་རྣམ་གྲངས་ཤིན་ཏུ་ཟབ་མོ་སྔགས༔ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ཡི༔ བསྐྱེད་རྫོགས་གསུམ་སྨྲའི་སྟོན་པ་འདི་ལྔ་སྟེ༔ མཚན་འདིར་བརྗོད་ཀྱིས་རྒྱལ་པོའི་སྙན་དུ་ཟུངས༔ དབུས་ན་ཁྱེའུ་རྡོ་རྗེ་ཐོད་ཕྲེང་རྩལ༔ དེ་བཞིན་བུདྡྷ་རཏྣ་པདྨའོ༔ ཀརྨ་ཐོད་ཕྲེང་རྩལ་དང་རེ་རེ་ལས༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ལྔ་ལྔར་སྤྲུལ༔ དེ་དག་རྫུས་སྐྱེས་མངལ་སྐྱེས་ལ་སོགས་པ༔ འཇིག་རྟེན་གཞལ་དུ་མེད་པའི་དོན་བྱེད་འགྱུར༔ འདི་ལྔ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག༔ རྒྱལ་པོ་བསོད་ནམས་སྟོང་ཕྲག་བརྒྱ་དང་ལྡན༔ ཁྱེའུ་ཕོ་བྲང་ནང་དུ་སྤྱན་དྲོངས་གསུངས༔ དེ་སྐད་གསུངས་མ་ཐག་ཏུ་ཁྱེའུ་ལྔ༔ སེང་གེའི་སྟེང་དུ་ཁྲི་སྙན་པགས་པ་བཏིང་༔ ལ་ལ་སྐྱིལ་ཀྲུང་ལ་ལ་ཕྱེད་སྐྱིལ་བཞུགས༔ ལ་ལ་བརྐྱང་བསྐུམ་ལ་ལ་ཙོག་པུར་བཞུགས༔ ལྷ་ཡི་རོལ་མོ་དཔག་ཏུ་མེད་པས་བསུས༔ བཟང་པོ་མཆོག་གི་བླ་མཆོད་ལ་གཤེགས་སོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སངས་རྒྱས་འོད་དཔག་མེད་ཀྱིས་སྤྲུལ་པ་བཀྱེ་བའི་ལེའུ་སྟེ་གཉིས་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣ ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པ།

 

དེ་ལྟར་བདེ་བ་ཆེན་པོའི་ཞིང་ཁམས་དེ༔ སངས་རྒྱས་ཉག་གཅིག་ཞིང་ཁམས་ཡིན་པའི་ཕྱིར༔ འཇིག་རྟེན་ཞིང་ཁམས་དཔག་མེད་བསམ་མི་ཁྱབ༔ འཁོར་བའི་སེམས་ཅན་དཔག་མེད་བསམ་མི་ཁྱབ༔ དེ་དག་ཉོན་མོངས་དགྲ་དཔུང་གཞོམ་པའི་ཕྱིར༔ མི་མཇེད་འཇིག་རྟེན་གྲགས་པ་འདི་ལྟ་སྟེ༔ ལྷ་ཡི་གནས་སུ་གུ་རུ་གསེར་ཐུབ་འཛིན༔ ལྷ་མིན་གནས་སུ་གུ་རུ་རྣམ་པར་རྒྱལ༔ མི་ཡི་གནས་སུ་གུ་རུ་ཤཱཀྱ་སེང་༔ བྱོལ་སོང་གནས་སུ་གུ་རུ་སེང་རབ་བརྟན༔ ཡི་དྭགས་གནས་སུ་གུ་རུ་རྣམ་སྣང་བྱེད༔ དམྱལ་བའི་གནས་སུ་གུ་རུ་རྣམ་པར་གནོན༔ མི་མཇེད་འཇིག་རྟེན་དྲུག་པོ་དེ་དག་གི༔ འཇིག་རྟེན་རེ་རེའི་ཕྱོགས་བཞི་མཚམས་བརྒྱད་ན༔ གུ་རུ་མཚན་ནི་བརྒྱད་བརྒྱད་སུམ་ཅུ་དྲུག༔ དེ་ཡང་སྟོང་གསུམ་གྱི་ནི་སྟོང་ཆེན་པོའི༔ མི་མཇེད་འཇིག་རྟེན་ཁམས་ཀྱི་ཕྱི་རོལ་ཕར༔ ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་ཁམས་ལ་ཡང་༔ གླིང་བཞི་པ་ལ་ཞིང་ཁམས་བརྒྱ་ཡི་ཚད༔ སྟོང་ཕྲག་བཅུ་གཉིས་འདས་པའི་ཞིང་ཁམས་ཀྱི༔ མིང་ནི་འཇིག་རྟེན་དྲི་མ་མེད་པ་ཞེས༔ ཞིང་ཁམས་རྒྱན་ནི་རིན་ཆེན་སྣ་ཚོགས་བརྒྱན༔ དེ་ན་གནས་པའི་འགྲོ་བ་ཕོ་མོ་རྣམས༔ ཚེ་དང་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ནི༔ སུམ་ཅུ་རྩ་གསུམ་ལྷ་དང་མཉམ་པ་ཡོད༔ བར་དོར་འཆི་བ་མེད་ཅིང་བརྫུས་ནས་སྐྱེ༔ འདོད་ཡོན་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ༔ དེ་ན་སྦྱིན་པ་གཏོང་དང་ལེན་པ་མེད༔ འཇིག་རྟེན་ཞིང་ཁམས་འདི་མིན་གཞན་དག་ན༔ སྟེར་སློང་ཡོད་ཟེར་དེ་ལ་སྨོན་པར་བྱེད༔ ཐུབ་པའི་དབང་པོ་དྲི་མེད་སྒྲ་ཞེས་དང་༔ གུ་རུ་པདྨ་སྐྱེ་བཟང་ཞེས་བྱ་བས༔ མདོ་སྔགས་གཉིས་ཀྱི་སྒྲོན་མ་ཡོངས་སུ་སྣང་༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ ལྷོ་ཕྱོགས་འཇིག་རྟེན་སྟོང་ཕྲག་བརྒྱ་འདས་ན༔ འཇིག་རྟེན་ཞིང་ཁམས་ཡོན་ཏན་འབྱུང་བ་ཞེས༔ ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་དང་༔ གུ་རུ་ལྷུན་གྲུབ་འོད་ཀོར་ཞེས་བྱ་བས༔ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ ནུབ་ཕྱོགས་འཇིག་རྟེན་སྟོང་ཕྲག་ཉི་ཤུ་འདས༔ ཞིང་ཁམས་རྒྱན་ནི་ཤིན་ཏུ་བཀྲམ་པ་ན༔ གང་ཟག་བརྫུས་ཏེ་སྐྱེ་བའི་འཇིག་རྟེན་ཏེ༔ ཚེ་ལོ་བརྒྱད་ཁྲི་བཞི་སྟོང་གནས་པའོ༔ ཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་དང་༔ པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བས༔ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ བྱང་ཕྱོགས་འཇིག་རྟེན་སྟོང་ཕྲག་སུམ་ཅུ་ན༔ ཞིང་ཁམས་བག་ཚ་མེད་པ་ཞེས་པ་ན༔ ཤཱཀྱ་ཐུབ་པ་སེང་གེ་སྒྲ་ཞེས་དང་༔ པདྨ་ཡེ་གྲུབ་མཐའ་བྲལ་ཞེས་བྱ་བས༔ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ ཤར་ལྷོ་འཇིག་རྟེན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདས༔ འཇིག་རྟེན་ཞིང་ཁམས་རྣམ་པར་མཛེས་པ་ཞེས༔ ཤཱཀྱ་ཐུབ་པ་མཛེས་པའི་ཏོག་ཅེས་དང་༔ པདྨ་འཁྲུལ་ཞིག་སེང་གེའི་ཞེས་བྱ་བས༔ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ ལྷོ་ནུབ་འཇིག་རྟེན་སྟོང་ཕྲག་བདུན་ཅུ་འདས༔ འཇིག་རྟེན་ཞིང་ཁམས་རབ་ཏུ་སྣང་ཞེས་ན༔ ཤཱཀྱ་ཐུབ་པ་གཟི་བརྗིད་རྒྱན་ཞེས་དང་༔ པདྨ་ཡེ་འཛུམ་བཞད་པ་རྩལ་ཞེས་བས༔ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ ནུབ་བྱང་འཇིག་རྟེན་སྟོང་ཕྲག་ལྔ་བཅུ་འདས༔ ཞིང་ཁམས་རབ་ཏུ་སྣང་བ་ཅན་ཞེས་བྱ༔ ཙནྡན་དྲི་མཆོག་དཔལ་ཞེས་བྱ་བ་དང་༔ པདྨ་རྗེ་བཙན་འགྲོ་བ་འདུལ་ཞེས་པས༔ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས་དག་ཏུ༔ སྟོང་ཕྲག་བཞི་བཅུ་རྩ་བཞི་འདས་པ་ཡི༔ ཞིང་ཁམས་གདུང་བ་སེལ་བ་ཞེས་བྱ་ན༔ ཐུབ་པ་སྙིང་རྗེའི་རྒྱལ་པོ་ཞེས་བྱ་དང་༔ པདྨ་འཇིག་རྟེན་དབང་ཕྱུག་ཅེས་བྱ་བས༔ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེད༔ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ན༔ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེད༔ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའི༔ རྣམ་པར་སྤྲོས་པ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་མངོན་སྤྲོ་རྒྱལ་པོ་ཞེས་བྱ་དང་༔ པདྨ་རྒྱལ་མཚན་མེ་ཏོག་ཅེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ རིན་ཆེན་སྤྲོས་པ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་རིན་ཆེན་རྒྱལ་པོ་ཞེས་བྱ་དང་༔ པདྨ་ཀོ་ལི་ཀོ་མི་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ འོད་ཟེར་འབྱུང་བ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་འོད་ཀོར་ཡངས་པ་ཞེས་བྱ་དང་༔ པདྨ་རབ་རྒྱུ་ཀུན་སྦྱོང་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ དཀའ་བ་རྣམ་པར་སྤྱོད་པའི་ཞིང་ཁམས་ན༔ སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཞེས་བྱ་དང་༔ པདྨ་གཡུལ་ལས་རྒྱལ་བ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ གཙུག་ཏོར་བཀོད་པ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་གཙུག་ཏོར་སྙིང་པོ་ཞེས་བྱ་དང་༔ པདྨ་ས་མཁན་སྐྱབས་མགོན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ འོད་ཟེར་འབྱུང་བ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་ངེས་པར་སོང་བ་ཞེས་བྱ་དང་༔ པདྨ་ཀོ་ཤ་ཎི་ཨི་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ངེས་པར་འཕགས་པ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་ངེས་པར་གསུང་བ་ཞེས་བྱ་དང་༔ པདྨ་ལམ་སྟོར་བཤེས་གཉེན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ བདེ་བར་སྤྱོད་པ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་བདེ་བ་ཆེན་པོ་ཞེས་བྱ་དང་༔ པདྨ་འཁོར་བའི་གཅོང་འབྱིན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ མེ་ཏོག་བཀྲམ་པ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ཞེས་དང་༔ པདྨ་འདོད་དགུ་རང་འབྱུང་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ཡོངས་སུ་གྲགས་པ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་གྲགས་པའི་དཔལ་ཞེས་བྱ་བ་དང་༔ པདྨ་འདྲེན་པའི་དཔའ་བོ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔

རྣམ་པར་འཕྲུལ་བ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་སྤྲུལ་པའི་རྒྱལ་པོ་ཞེས་བྱ་དང་༔ པདྨ་བཀའ་བཏགས་རྒྱལ་པོ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ རྣམ་པར་སྦྱང་བ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་སྒྲ་དབྱངས་མི་ཟད་པ་ཞེས་དང་༔ པདྨ་ཀློང་ཡངས་དམ་པ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སྨན་གྱིས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་དང་༔ པདྨ་སྤྱོད་ཡུལ་དག་པ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ དེ་བཞིན་རྣམ་པར་དག་པའི་འཇིག་རྟེན་དུ༔ སངས་རྒྱས་མྱུར་དུ་འཛིན་ཞེས་བྱ་བ་དང་༔ པདྨ་འཁོར་བ་དོང་སྤྲུག་ཅེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ རིན་ཆེན་བཀོད་པའི་འཇིག་རྟེན་བྱ་བ་ན༔ སངས་རྒྱས་དགའ་བའི་སྤྱན་ཞེས་བྱ་བ་དང་༔ པདྨ་རང་བྱུང་ཡེ་ཤེས་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ རྣམ་པར་བཀྲམ་པ་ཞེས་བྱའི་འཇིག་རྟེན་ན༔ ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་དང་༔ པདྨ་དྷེ་བ་ཤུགས་ཅན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ བཻཌཱུརྱ་ཡི་སྙིང་པོ་ཞེས་བྱ་ན༔ སངས་རྒྱས་གསེར་གྱི་སྙིང་པོ་ཞེས་བྱ་དང་༔ པདྨ་ཡང་སྙིང་རང་གྲོལ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ འོད་ཟེར་དམ་པ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་འོད་ཟེར་དཔལ་ཞེས་བྱ་བ་དང་༔ པདྨ་ཆོས་དབྱིངས་དཔལ་འབར་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ རྣམ་པར་ཞི་བ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་ཞི་བའི་དབང་པོ་ཞེས་བྱ་དང་༔ པདྨ་ཀུན་སྐྱོང་ཆེན་པོ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སྤྲིན་ཆེན་རྣམ་པར་བཀོད་པའི་འཇིག་རྟེན་ན༔ སངས་རྒྱས་སྤྲིན་གྱི་དཔལ་ཞེས་བྱ་བ་དང་༔ པདྨ་གསེར་གྱི་རི་དབང་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ཡིད་ལ་མངོན་པར་དགའ་བའི་འཇིག་རྟེན་ན༔ སངས་རྒྱས་ཡིད་འོང་དབྱངས་ཞེས་བྱ་བ་དང་༔ པདྨ་རྒྱལ་བའི་མེ་ལོང་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ འཇིག་རྟེན་མེ་ལོང་དཀྱིལ་འཁོར་དབྱངས་ཞེས་པར༔ སངས་རྒྱས་མེ་ལོང་སྣང་ཞེས་བྱ་བ་དང་༔ པདྨ་མཐོན་མཐིང་ལྷབ་ལྷུབ་ཅེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ཟླ་བས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་ཟླ་འོད་དཔལ་ཞེས་བྱ་བ་དང་༔ པདྨ་ཡིད་སྣང་ཅོད་པན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ཉི་མའི་འོད་ཟེར་བརྒྱན་པའི་ཞིང་ཁམས་ན༔ སངས་རྒྱས་ཉི་མའི་སྙིང་པོ་དཔལ་ཞེས་དང་༔ པདྨ་ཨིནྡྲ་ནཱི་ལ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སྤོས་དྲི་ངད་ལྡན་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་སྤོས་ཀྱི་རྒྱལ་པོ་ཞེས་བྱ་དང་༔ པདྨ་རྣམ་དག་ཡེ་ཤེས་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ གསེར་འོད་སྣང་བ་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་གསེར་གྱི་འོད་འཕྲོ་བྱ་བ་དང་༔ པདྨ་སྣ་ཚོགས་རིན་ཆེན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ འོད་ཟེར་བཀོད་པ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་དང་༔ པདྨ་ཀུ་ལ་ག་ཡ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ གསེར་གྱི་འབྱུང་གནས་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་གསེར་གྱི་གཟུ་བ་ཞེས་བྱ་དང་༔ པདྨ་འབྲུག་ཆེན་ལྷུན་རྫོགས་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ དཔལ་གྱི་འོད་ཟེར་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་དཔལ་གྱི་རྒྱལ་པོ་ཞེས་བྱ་དང་༔ པདྨ་སྐྱེ་ཤི་གཉིས་སྤངས་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སྣང་བ་དམ་པ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་སྣང་བ་བརྩེགས་པའི་དཔལ་ཞེས་དང་༔ པདྨ་འཇིགས་པ་བདེ་འབྱིན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ མྱ་ངན་མེད་པ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་དང་༔ པདྨ་ཆོས་ལེགས་མཐོང་དགའ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ དགའ་བའི་མདངས་ཞེས་བྱ་བའི་ཞིང་ཁམས་ན༔ སངས་རྒྱས་དགའ་བའི་མཆོག་དཔལ་ཞེས་བྱ་དང་༔ པདྨ་སྤྱི་བཅིངས་ནམ་མཁའ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ གཟི་བརྗིད་འབྱུང་བ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་གཟི་བརྗིད་དཔལ་ཞེས་བྱ་བ་དང་༔ པདྨ་སཾ་ཨུ་པཀྴ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སངས་རྒྱས་འདུལ་བ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་དགེ་རྩ་དྲན་བསྐྱེད་ཅེས་བྱ་དང་༔ པདྨ་རིན་ཆེན་ཕྲ་སྤྲས་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ཡོངས་སུ་སྦྱོང་བ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་ངན་སོང་སྦྱོང་བ་ཞེས་བྱ་དང་༔ པདྨ་བྱེར་བཀྲམ་རྒྱ་ཡན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ཐ་དད་སྤྱོད་པ་ཞེས་བྱའི་ཞིང་ཁམས་ན༔ འཇིག་རྟེན་ཀུན་གྱི་སློབ་དཔོན་ཞེས་བྱ་དང་༔ པདྨ་མི་ནུབ་རྒྱལ་མཚན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ རྒྱལ་མཚན་དཔུང་རྒྱན་ཞེས་བྱའི་འཇིག་རྟེན་ན༔ སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་དང་༔ པདྨ་མུན་པ་སྣང་བྱེད་ཅེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ མེ་ཏོག་མཛེས་བརྒྱན་ཞེས་བྱའི་འཇིག་རྟེན་ན༔ མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་དང་༔ པདྨ་མཻ་ཏྲི་ཀ་ཙེ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ མཛེས་པར་སྣང་བ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་ཐམས་ཅད་སྣང་བ་ཞེས་བྱ་དང་༔ པདྨ་འཁོར་བ་རུ་ན་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ ཙནྡན་བཀོད་པ་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་ཙནྡན་དྲི་ཞེས་བྱ་བ་དང་༔ པདྨ་རོལ་བ་རྣམ་དག་ཅེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སེང་གེ་འབྱུང་གནས་ཞེས་བྱའི་ཞིང་ཁམས་ན༔ སངས་རྒྱས་སེང་གེ་འབུམ་གཟུགས་ཞེས་བྱ་དང་༔ པདྨ་ཐ་མུ་ཏི་ཏོ་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་ན༔ སངས་རྒྱས་ཐུབ་པ་ཆེན་པོ་ཞེས་བྱ་དང་༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བས༔ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ༔ སངས་རྒྱས་སྔ་མ་རྣམས་ཀྱིས་བཤད་པ་ཡི༔ པད་འབྱུང་སྐྱེས་རབས་རྣམ་ཐར་རྒྱས་པ་འདི༔ བདེ་བར་གཤེགས་པས་སྦྱིན་པའི་གནས་སུ་གསུངས༔ ཕྱི་ནང་ཁྱད་པར་བསྟན་གཉིས་དེ་བཞིན་ནོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ་སྟེ་གསུམ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤ རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་བ།

 

དེ་ནས་གསང་སྔགས་བསྟན་པ་བསྐྱངས་ཚུལ་ནི༔ དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བས༔ སྲིད་པའི་མཚོ་ལས་འགྲོ་བ་མ་ལུས་སྒྲོལ༔ ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ༔ བླ་མ་རྡོ་རྗེ་འཆང་དུ་སྐུ་བཞེངས་ནས༔ སྔོན་ཚེ་བསྐལ་པ་གྲངས་མེད་འདས་པ་ན༔ གྲངས་མེད་པ་ནས་གྲངས་མེད་བརྗོད་ལས་འདས༔ མང་པོ་བསམ་གྱིས་མི་ཁྱབ་འདས་པ་ན༔ བསྐལ་པ་མངོན་པར་དགའ་བ་ཞེས་བྱ་ལ༔ སངས་རྒྱས་སུམ་ཁྲི་སུམ་སྟོང་བྱུང་བའི་དུས༔ སངས་རྒྱས་ཀུན་ཏུ་བཟང་པོའི་བསྟན་པ་ལ༔ ཞིང་ཁམས་རྒྱན་ནི་བཀྲམ་པ་ཞེས་བྱ་བར༔ ཡབ་ནི་རྒྱལ་རིགས་སྤྱོད་པ་རུ་ཎ་དང་༔ ཡུམ་ནི་རིགས་སྤྱོད་མ་ཞེས་སྙིང་རྗེར་ལྡན༔ ཁྱེའུའི་མིང་ནི་བདེ་སྐྱོབ་ཅེས་བྱ་བས༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ༔ སེམས་བསྐྱེད་ཞུས་པའི་མཚན་ནི་མཛེས་པའི་ཏོག༔ སྐྱེ་བ་བརྒྱུད་ནས་འཁོར་ལོས་སྒྱུར་བའི་རྒྱལ༔ རྣམ་པར་སྣང་བྱེད་བུ་ལྔར་སྐྱེས་པ་ནི༔ དམངས་ཀྱི་མཆོད་འོས་གདུང་བརྒྱུད་འཛིན་ཞེས་བྱ༔ རྡོ་རྗེ་འཆང་ལ་དབང་བསྐུར་ཞུས་པའི་མཚན༔ དམ་པ་མཐོང་བའི་སེམས་དཔའ་རྡོ་རྗེར་གསོལ༔ སངས་རྒྱས་མཚན་ནི་མི་འཁྲུགས་ཞེས་བྱའོ༔ ཡབ་ནི་དམངས་རིགས་དུ་མ་རྒྱས་པ་དང་༔ ཡུམ་ནི་དམངས་རིགས་དུ་མ་རྒྱས་མའི་བུ༔ ཁྱེའུའི་མིང་ནི་ཏྲ་མི་ཏ་ཞེས་བྱ༔ སེམས་བསྐྱེད་ཞུས་པའི་མཚན་ནི་མི་ཁྱབ་དཔལ༔ སྐྱེ་བ་བརྒྱུད་མཚན་རི་ཧ་ཟུར་ཞེས་པ༔ དབང་བསྐུར་མཚན་ནི་རྡོ་རྗེ་ཆོས་ཞེས་གྲགས༔ སངས་རྒྱས་མཚན་ནི་སྣང་བ་མཐའ་ཡས་སོ༔ ཡབ་ནི་བྲམ་ཟེའི་རིགས་ཏེ་ཨ་ར་ཛེ༔ ཡུམ་ནི་གུབྟི་མ་ཞེས་བྱ་བའི་བུ༔ ཁྱེའུའི་མིང་ནི་ལས་འབྱིན་ཞེས་བྱ་བ༔ སེམས་བསྐྱེད་ཞུས་པའི་མཚན་ནི་ཟླ་མཛེས་དཔལ༔ སྐྱེ་བ་བརྒྱུད་པའི་མཚན་ནི་ལས་འབྲེལ་ཞེས༔ དབང་བསྐུར་གསང་བའི་མཚན་ནི་རྡོ་རྗེ་དབྱིངས༔ སངས་རྒྱས་མཚན་ནི་རྣམ་པར་སྣང་མཛད་དོ༔ ཡབ་ནི་གདོལ་པའི་རིགས་ཏེ་གུ་པ་ཏ༔ ཡུམ་ནི་གདོལ་མོ་ས་མུནྟཱི་ཞེས་པ༔ ཁྱེའུའི་མིང་ནི་ཏམྦུ་ར་ཞེས་བྱ༔ སེམས་བསྐྱེད་ཞུས་པའི་མཚན་ནི་ཀུན་ལས་འགྲིག༔ སྐྱེ་བ་བརྒྱུད་པའི་མཚན་ནི་བྱེད་སྟོང་འཇོམས༔ དབང་བསྐུར་མཚན་ནི་ལས་ཀྱི་རྡོ་རྗེ་སྟེ༔ སངས་རྒྱས་མཚན་ནི་དོན་ཡོད་གྲུབ་པའོ༔ ཡབ་ནི་རྗེའུ་རིགས་ཡིན་ཏེ་ཀུན་ནས་དང་༔ ཡུམ་ནི་རྗེའུ་རིགས་མཚན་ལྡན་ཨ་ལམ་མ༔ ཁྱེའུའི་མིང་ནི་དཔལ་འབྱིན་ཞེས་བྱ་བ༔ སེམས་བསྐྱེད་ཞུས་པའི་མཚན་ནི་ནོར་འབྱིན་ཏེ༔ སྐྱེ་བ་བརྒྱུད་པའི་མཚན་ནི་ནོར་ལེགས་ཞེས༔ དབང་བསྐུར་མཚན་ནི་རྡོ་རྗེ་རིན་ཆེན་ཏེ༔ སངས་རྒྱས་མཚན་ནི་རིན་ཆེན་འབྱུང་གནས་སོ༔ ཐབས་གནད་ཆེས་ཟབ་མང་དུ་བསྟན་པ་ཡིས༔ གསང་སྔགས་བླ་མེད་སུ་དག་སྒོམ་བྱེད་པ༔ དེས་ན་བླ་མེད་རྣམ་ཐར་མཆོག་ཏུ་གསུངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བླ་མ་རྡོ་རྗེ་འཆང་དུ་སྐུ་བཞེངས་ནས་རིགས་ལྔའི་སྐྱེ་བརྒྱུད་དང་རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༥ རཱུ་ཏྲའི་སྐྱེ་རྒྱུད་བསྟན་པ།

 

དེ་ནས་ཀུན་ཏུ་བཟང་པོའི་བསྟན་པའི་མཇུག༔ ཡུལ་གྱི་མིང་ནི་འདུ་ལྗོངས་མཚམས་ཞེས་བྱ༔ ཁྱིམ་བདག་ཀོའུ་ཀཱ་ལ་ཞེས་པ་ལ༔ བུ་ནི་ཀོའུ་ཀུན་དཀྲིས་ཞེས་བྱ་དང་༔ གཡོག་པོ་བྲ་མ་དེ་བ་བྱ་བ་གཉིས༔ བསྟན་པ་གཉིས་ཀྱི་གདུལ་བྱའི་ཞིང་དུ་གཟིགས༔ སྤྲུལ་སྐུའི་བསྟན་པ་མི་ནུབ་བྱ་བའི་ཕྱིར༔ དགེ་སློབ་ཐུབ་དཀའ་གཞོན་ནུར་སྐྱེ་བ་བཞེས༔ ལོངས་སྐུའི་བསྟན་པ་གསང་སྔགས་མི་ནུབ་ཕྱིར༔ རིགས་འཆང་ཁྱིམ་བདག་ཆེན་པོར་སྐྱེ་བ་བཞེས༔ སྐུ་གཅིག་མཚན་གཉིས་གྲགས་པའི་དགེ་སློང་ལ༔ མི་རྣམས་ཐམས་ཅད་རབ་ཏུ་ཤིན་ཏུ་འདུན༔ རྣལ་འབྱོར་ལྔ་ཡི་ལམ་ཆེན་བླངས་ནས་སྤྱོད༔ ཕུང་པོའི་གནས་ལ་སྟོང་པར་གྱུར་པར་ལྟ༔ དེ་དུས་ཀོའུ་ཀུན་དཀྲིས་དད་པ་སྐྱེས༔ གང་དག་མི་ལ་དྲིས་ནས་ཐེ་ཚོམ་བཅད༔ སྟོན་པ་ཐུབ་དཀའ་གཞོན་ནུ་ཇི་ལྟ་བ༔ བྱང་ཆུབ་མི་བསྒྲུབ་ཉོན་མོངས་མི་སྤོང་བ༔ ཅི་དགར་སྤྱོད་དུ་ཡོད་པའི་ཆོས་གསུང་ངམ༔ དེ་དག་དགེ་སློང་དེ་བཞིན་གསུང་ངོ་བརྗོད༔ མ་རིག་བསལ་ནས་མྱང་འདས་ཐོབ་པ་ལ༔ དེ་བས་ཐུབ་དཀའ་གཞོན་ནུ་མཆོག་ཏུ་གསུངས༔ ཀོའུ་ཀུན་དཀྲིས་བྲ་མ་དེ་བ་ཡིས༔ ཐུབ་དཀའ་གཞོན་ནུ་གནས་པའི་དྲུང་དུ་ཕྱིན༔ ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག༔ རང་ཉིད་ཅི་དགར་སྤྱད་པས་རྣལ་འབྱོར་དུ༔ འཕགས་པའི་བདེན་མཐོང་སྔགས་ཀྱི་དགོངས་ལོན་པར༔ ཐབས་ལ་མཁས་པས་ཉེ་བར་གཟུང་དུ་གསོལ༔ ཅེས་འདུན་ཞབས་མཐིལ་མགོ་བོ་བཏུད་བྱས་པས༔ སྟོན་པས་ཡིན་ནོ་ངེས་སོ་ལེགས་སོ་བྱིན༔ འཁོར་བའི་འཁོར་ལོ་ཇི་ལྟར་གནས་པ་དག༔ དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས༔ ཞེས་གསུངས་དཔོན་གཡོག་གཉིས་ཀ་རབ་ཏུ་བྱུང་༔ ཐར་པ་ནག་པོ་དན་ཕག་ཆོས་མིང་བཏགས༔ དན་ཕག་ཐར་པའི་དུས་འཛིན་པ་རུ་བསྐོས༔ དེ་ནས་དགེསློང་ཐར་པ་ནག་པོ་ཡིས༔ ཐུབ་དཀའ་གཞོན་ནུའི་སྙན་དུ་འདི་སྐད་གསོལ༔ ཨེ་མ་སྔགས་སྐྱོང་རིག་སྔགས་འཆང་ཆེན་པོ༔ ཤིན་ཏུ་སྡུག་བསྔལ་ཀུན་ལས་གྲོལ་བྱེད་པ༔ ཇིལྟ་བ་ཡི་ལམ་དེ་གང་ལགས་གསུངས༔ སྟོན་པས་ཞལ་གྱི་འཛུམ་མདངས་བསྟན་ནས་སུ༔ ཇི་བཞིན་ཉིད་དེ་མ་བཅོས་པར༔ དངོས་པོ་བཞི་ལ་གནས་སྤྱད་ཀྱང་༔ ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ༔ འདི་ནི་རྣལ་འབྱོར་དམ་པའི་ལམ༔ འདི་མ་རྟོགས་པར་ཁམས་གསུམ་ན༔ ལྟ་བའི་རིམ་པ་གཞན་མེད་དོ༔ ཞེས་གསུངས་ཚུལ་བཞིན་སེམས་ཀྱི་རྣམ་དཔྱད་བསྟན༔ ཐར་པ་གཡོག་དང་བཅས་པ་ཡི་རངས་ཏེ༔ གུས་དང་བཅས་པས་དེ་ལ་འདོད་ཡོན་མཆོད༔ མངོན་པར་བསྟོད་ནས་རང་གི་གནས་སུ་དེངས༔ ཆོས་སྒྲ་ཇི་བཞིན་པ་ལ་ཐར་པས་སྤྱད༔ ངེས་པའི་དོན་མ་རྟོགས་པས་ཉོན་མོངས་འབར༔ དངོས་པོ་བཞི་ལ་ཞེན་འཐས་བྱས་པ་ཡིས༔ ལུས་ནི་དམ་པའི་ཆས་ཞུགས་སེམས་ངན་འགྲོ༔ གཡོག་པོ་དན་ཕག་ངེས་པའི་དོན་རྟོགས་ནས༔ བློ་གྲོས་རབ་འཕེལ་ཇི་བཞིན་ཁོ་ནར་སྤྱད༔ མ་ཞེན་སྟོན་པའི་བསྟན་པ་གཉན་པར་ཤེས༔ ལུས་ནི་མ་རབས་ཆས་ཞུགས་གུད་དུ་དེངས༔ སེམས་ལ་ངེས་པའི་ལམ་ཕྱིན་ལྟ་མ་ལོག༔ དེ་ནས་རེ་ཞིག་དུས་ན་དཔོན་གཡོག་གཉིས༔ ལྟ་སྤྱོད་མ་མཐུན་གླགས་ལྟ་གྱ་ཚིག་བོས༔ དགེ་སློང་ཐར་པ་ནག་པོས་ལན་བཏབ་པ༔ བདག་ཅག་གཉིས་ནི་སློབ་དཔོན་གཅིག་ལ་གཏུགས༔ སྒྲ་གཅིག་དོན་དུ་འགྱུར་བར་འདོད་པ་དང་༔ ཉམས་ལེན་སོ་སོར་མ་མཐུན་ཇི་ལྟ་བུ༔ དན་ཕག་ཐར་པ་ནག་པོར་ལན་བཏབ་པ༔ བདག་གིས་ངེས་པར་མཉམ་པར་བཞག་པ་ལས༔ ཀུན་ཏུ་དང་བར་མ་གྱུར་གཞན་མ་གོ༔ དེ་ནས་ཐར་པ་ནག་པོས་ལན་བཏབ་པ༔ ངས་ཀྱང་དེ་ལྟར་ངེས་པས་དེར་སྤྱད་པས༔ གསང་སྔགས་སྤྱོད་དེ་ཆོས་བཞིན་མཐུན་པར་མཆིས༔ ཐར་པ་ནག་པོ་མངོན་པའི་ང་རྒྱལ་སྐྱེས༔ དན་ཕག་ཁྱོད་ཀྱི་ལྟ་སྤྱོད་ལོག་ཅེས་ཟེར༔ ཉོན་མོངས་དང་ནི་ཡེ་ཤེས་རྒྱུ་རྐྱེན་གཅིག༔ ཀུན་རྫོབ་རྩོལ་བྱས་དགེ་བས་སངས་མི་རྒྱ༔ དོན་དམ་རྩོལ་མེད་ངང་ལ་འཇོག་པ་ཡིན༔ དེ་ནས་དན་ཕག་ཚིག་གི་ལན་བཏབ་པ༔ རྣམ་ཤེས་ཞེན་འཛིན་དག་པ་ཡེ་ཤེས་ཏེ༔ ཇི་བཞིན་ཉིད་དེ་མ་བཅོས་སྔགས་ཀྱི་ལམ༔ ཉོན་མོངས་པ་ནི་སྤྲིན་བཞིན་དབྱིངས་སུ་དེངས༔ ཡས་འབིབས་སྤྱོད་པ་གསུམ་ལྡན་རྩོལ་བར་བྱ༔ འདི་ནི་སྟོན་པ་ཐུབ་དཀའི་བཞེད་པ་ཡིན༔ ཞེས་བརྗོད་ཐར་པ་ནག་པོ་ཀུན་འཁྲུགས་ནས༔ སློབ་དཔོན་ཐུབ་དཀའ་གཞོན་ནུ་མ་བཅོས་པ༔

ཁ་གསག་མེད་ཅིང་རྒྱུད་དྲང་རང་བཞིན་གསོད༔ འཛམ་གླིང་ཆོས་ཀྱི་རྒྱལ་པོ་ཐུབ་ཆེན་ལ༔ གང་ཡིན་དྲིར་འགྲོ་ལུས་ཤུགས་མྱུར་དུ་ཕྱུང་༔ དཔོན་གཡོག་གཉིས་ཀྱི་ལྷན་དུ་ཕྱིན་ནས་དྲིས༔ ཤགས་འབྱེད་སྟོན་པས་དན་ཕག་ལྟར་རོ་གསུངས༔ ཐར་པ་ནག་པོ་སེམས་ཚིག་རབ་ཏུ་ཁྲོས༔ སློབ་དཔོན་གཅིག་ལ་ལྟ་བ་མི་འདྲ་གཉིས༔ འདི་ལ་ཐམས་ཅད་ལོག་པར་དེ་དག་སྟོན༔ རྟག་ཏུ་ཕན་ཚུན་མཐུན་པ་མ་ཡིན་ཞིང་༔ དན་ཕག་གཡོག་ཏུ་མི་བསྟེན་སྒྲ་ཡང་འབྱིན༔ སྤྱོད་ཡུལ་ལམ་ངན་ཀུན་ཏུ་བསྐོར་བར་བགྱིད༔ ཚིག་རྩུབ་སུན་ཕྱུང་རིངས་པར་སྤྱུགས་ཏེ་སྤངས༔ སློབ་མར་འདྲ་ཞིང་སློབ་དཔོན་སྤྱི་མི་ཡིན༔ གཉིས་ཀ་ལྟར་རོ་ཙམ་ཞིག་མི་ཟེར་བར༔ ངེས་པར་ང་ཉིད་སུན་ཕྱུང་ཕྱིན་ལོག་སྟོན༔ ཉེ་རིང་ཅན་དེ་ས་འདིར་མ་ཆགས་པར༔ སྤྱུགས་ཏེ་རྒྱལ་ཁམས་ང་ཡིས་དབང་བསྡུ་བསམས༔ ཡུལ་ཕྱོགས་མཐའ་ལ་སྤྱུགས་ཏེ་རིང་སྤངས་སོ༔ ཐུབ་ཆེན་རྔ་དང་འབྲུག་གི་སྒྲ་སྒྲོག་ལྟར༔ འདུ་ལྗོངས་མཚམས་ཀྱི་འཇིག་རྟེན་འདི་ན་ནི༔ ཐུབ་དཀའ་ལ་ནི་སྐྱབས་སུ་མཆི་མི་རྣམས༔ སེམས་ཅན་བློ་ཆུང་རྣམས་ནི་མི་ཤེས་པས༔ ཆོས་རྣམས་ཐམས་ཅད་བཤད་པར་མི་ནུས་ཏེ༔ གྲོང་སྟོང་ལས་ཀྱི་འཁྲུལ་འཁོར་འདྲ་བར་གནས༔ ཞེས་གསུངས་ཞིང་ཁམས་གཞན་ལ་གཤེགས་པར་གྱུར༔ དེ་ནས་དགེ་སློང་ཐར་པ་ནག་པོ་ཁོ༔ འཇིག་རྟེན་སྐྱམ་ལིངས་འདུ་བྱེད་ལ་ཡེངས་ཏེ༔ ལྷ་སྒོམ་སྔགས་བཟླ་མ་ཁོམ་བློ་དྲེད་ནས༔ བླ་མ་དང་ནི་མཆེད་གྲོགས་དམ་ཚིག་ཉམས༔ ཆོས་སྒོ་གྲངས་མང་རྒྱ་ཆེར་གྱུར་པ་ལ༔ གཞལ་བྱ་གཉིས་ཀྱིས་གཞལ་བར་མ་བྱས་པར༔ ཐར་པས་ཚད་མ་རང་གི་ཞེན་ཕྱོགས་འབྲངས༔ འཇིག་རྟེན་ཐམས་ཅད་ལོག་པའི་ལམ་ལ་བསྒྱུར༔ ལོག་པའི་བརྟུལ་ཞུགས་ཕོ་མཐོང་ཐམས་ཅད་བསྒྲལ༔ མོ་མཐོང་སྦྱོར་བ་བྱས་ནས་དབང་དུ་བསྡུས༔ དུར་ཁྲོད་མི་རོ་བླངས་ནས་ཟས་སུ་ཟོས༔ མི་ལྤགས་གོས་གྱོན་ཁེ་མ་རྣམས་སུ་རྒྱུ༔ སྲོག་ཆགས་གསོད་པའི་བྱ་དང་ཁྱི་དང་ནི༔ གཅན་གཟན་རིགས་བྱེད་མང་པོ་ནོར་དུ་བསྲེལ༔ སྨད་འཚོང་མ་བསྡུས་དབང་བསྐུར་ཆགས་པ་སྤྱོད༔ དངོས་པོ་བཞི་ཡི་རང་བཞིན་འདས་པར་གྱུར༔ སྡིག་གི་ཚོགས་དཔོན་མི་དགེ་བཅུ་དབུས་ན༔ དབང་པོ་རྣམས་ནི་དམག་དང་ཆོམ་རྐུན་འདྲ༔ བསྟན་ནག་ལོ་སྐོར་བཅུ་གཉིས་བསྐྱངས་ནས་སུ༔ དེ་ནས་ཚེ་འཕོས་ཕྱི་མའི་སྐྱེ་བ་ནི༔ ཅེ་སྤྱང་ནག་པོའི་སྐྱེ་བ་ལྔ་བརྒྱ་དང་༔ ཁྱི་ནི་ལུ་དྷེའི་སྐྱེ་བ་ལྔ་བརྒྱ་དང་༔ ནེའུ་ལེ་ཤ་ཟན་སྐྱེ་བ་ལྔ་བརྒྱ་དང་༔ སྦྲང་བུ་ཏྲེ་མའི་སྐྱེ་བ་ལྔ་བརྒྱ་དང་༔ སྲིན་བུ་སུ་ཀའི་སྐྱེ་བ་ལྔ་བརྒྱ་དང་༔ རོ་ཟ་རྐང་འཇིབ་ལ་སོགས་བསམ་མི་ཁྱབ༔ དེ་ནས་ངན་སྐྱུགས་ཟ་བ་ལྔ་བརྒྱ་དང་༔ དུད་འགྲོའི་རིས་གྱུར་དཔག་ཏུ་མེད་པ་དང་༔ ཡི་དྭགས་རིས་གྱུར་དཔག་ཏུ་མེད་པ་དང་༔ དེ་ནས་མནར་མེད་དམྱལ་བར་སྐྱེ་བ་བླངས༔ དེ་ནས་རྡོ་རྗེ་དམྱལ་བ་ཞེས་བྱ་བར༔ ཚེ་ཡི་ཚད་ནི་བརྒྱད་ཁྲིར་གནས་པར་གྱུར༔ དེ་ནས་ཤ་ཟ་རུས་འཆའི་རིས་གྱུར་བླངས༔ དེ་ནས་ཚེ་འཕོས་སྲུལ་པོ་གཉའ་ཕྲག་བུ༔ སྲུལ་པོ་རྟོག་འདོད་ཅན་ཞེས་བྱ་བར་སྐྱེས༔ དེ་ནས་སྐྱེ་བ་སྟོང་ཕྲག་ཉི་ཤུའི་མཐར༔ སངས་རྒྱས་མར་མེ་མཛད་ཀྱི་བསྟན་པའི་རྗེས༔ ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་བའི༔ བར་དེར་བསྟན་པའི་སྟོངས་ལ་ལོ་མང་བྱུང་༔ སྲིན་ཡུལ་ལང་ཀ་པཱུརྞ་ཞེས་བྱ་བར༔ སྨད་འཚོང་མ་ནི་ཀུན་ཏུ་རྒྱུ་ཞེས་ལ༔ སྲོད་ལ་བདུད་དང་དགུང་ལ་བཙན་དང་འཁྲིགས༔ ཐོ་རངས་ལྷ་དང་འཁྲིགས་པའི་མངལ་དུ་ཆགས༔ ཕ་ནི་ལྷ་འདྲེ་མི་བསྲུན་གསུམ་ཡོད་པས༔ ཟླ་བ་བརྒྱད་ན་བུ་ཆུང་མགོ་གསུམ་པ༔ ལག་པ་དྲུག་ཡོད་རྐང་པ་བཞི་ཡོད་པ༔ ལུས་ལ་རང་འཁྲུངས་གཤོག་པ་གཉིས་ཡོད་པ༔ མགོ་བོ་རེ་ལ་མིག་གསུམ་དགུ་ཡོད་པ༔ ཆ་བྱད་རྣམ་པ་སྣ་ཚོགས་མང་པོ་མངའ༔ སྐྱེས་མ་ཐག་ཏུ་བཀྲ་མི་ཤིས་པའི་རྟགས༔ ནད་དོ་ཅོག་གིས་ལང་ཀའི་ཡུལ་རྣམས་གང་༔ བསོད་ནམས་ཕུང་པོརྣམ་པར་ཉམས་པར་གྱུར༔ ཕུན་སུམ་ཚོགས་པའི་རྟགས་རྣམས་ཐམས་ཅད་ནུབ༔ མུ་གེ་འཁྲུག་ནད་ཡམས་ནད་དུག་གསུམ་འཕེལ༔ རྨི་ལམ་ངན་རྨིས་འབྱུང་པོའི་ཚོགས་རྣམས་འདུ༔ སྐྱེས་ནས་ཟླ་བ་དགུ་ན་བུ་ནད་ལོག༔ ཀུན་ཏུ་རྒྱུ་མ་དེ་ཉིད་ཤི་བར་གྱུར༔ ཡུལ་མི་རྣམས་ཀྱིས་རྒྱགས་ཕྲུག་ལྟས་ངན་འདི༔ མ་ཡི་ཕག་ཏུ་བཞག་པར་རིགས་སོ་ཟེར༔ ནལ་བྱི་ཞེས་བྱའི་དུར་ཤིང་རྩ་བ་ན༔ དུར་ཕག་ནག་པོ་གཏི་མུག་ཚང་བཅས་པ༔ རྐེད་པར་དུག་སྦྲུལ་ཞེ་སྡང་འཁྲ་ས་བྱེད༔ རྩེ་ལ་འདོད་ཆགས་དུར་བྱའི་ཚང་བཅས་པ༔ སྲིན་པོ་ཤི་ཚད་ཐམས་ཅད་དེར་སྐྱེལ་བ༔ སྟག་དང་གླང་པོ་ཆེ་ཡི་ཚང་བྱེད་པ༔ གདུག་པ་སྦྲུལ་རྣམས་ཐམས་ཅད་དེ་རུ་འཚོག༔ མཁའ་འགྲོ་མ་ཡིས་མི་རོ་དེ་རུ་འཁྱེར༔ དེ་ཡི་རྩ་བར་སྲིན་པོས་རོ་ཁང་བརྩིགས༔ མ་རོ་བུ་བཅས་ཁྱོགས་ལ་བླངས་ནས་བཅུག༔ བུ་དེས་མ་ལ་འཇུས་ཤིང་ནུ་མ་འཇིབས༔ ཆུ་སེར་གྱིས་ནི་བུ་སྲོག་ཞག་བདུན་འཚོ༔ དེ་ནས་ཁྲག་ཏུ་གཞིབས་པས་ཞག་བདུན་འཚོ༔ དེ་ནས་ནུ་མ་ཟོས་པས་ཞག་བདུན་འཚོ༔ དེ་ནས་ནང་ཁྲོལ་ཟོས་པས་ཞག་བདུན་འཚོ༔ དེ་ནས་ཕྱི་ཤ་ཟོས་པས་ཞག་བདུན་འཚོ༔ དེ་ནས་རྐང་མར་རྒྱུངས་པ་ལྷ་བ་དང་༔ ཀླད་པ་ཟོས་པས་ཞག་བདུན་བར་དུ་འཚོ༔ ཞག་པོ་བཞི་བཅུ་རྩ་གཉིས་ལུས་པོ་དར༔ བཟའ་རྒྱུ་མེད་པར་འགུལ་བས་རོ་ཁང་འགྱེལ༔ བལྟས་པས་མཁའ་འགྲོས་མི་རོ་ཟ་བ་མཐོང་༔ ཤ་ཟོས་ཁྲག་འཐུངས་པགས་པ་གོས་སུ་གྱོན༔ ཐོད་པར་ཁྲག་བླུགས་བྷནྡྷ་ཁྲག་སྐྱོགས་བྱས༔ སྦྲུལ་མཐོང་རྐང་གདུབ་ལག་གདུབ་དོ་ཤལ་བྱས༔ གླང་པོ་ཤི་མཐོང་ཤ་ཟོས་པགས་པ་བརྒྱངས༔ སྟག་མཐོང་ཤ་ཟོས་པགས་པས་ཤམ་ཐབས་བྱས༔ དེ་ནས་ཁ་ལ་ཞག་གི་སོར་རིས་ཆགས༔ ལུས་ལ་ཐལ་ཆེན་ཚོམ་བུ་བཀོད་པར་གྱུར༔ ཟས་སུ་རོ་ཟ་གོས་སུ་པགས་ོན་གྱོན༔ སྐོམ་དུ་ཁྲག་འཐུང་ལས་སུ་མི་དགེ་སྤྱོད༔ འཚོ་བ་རོས་འཚོ་གཟི་མདངས་འོད་དུ་འབར༔ གཡས་དཀར་གཡོན་དམར་དབུས་མཐིང་དྲག་པོའི་ཞལ༔ ལུས་པོ་ཤིན་ཏུ་ཆེ་བ་ཐལ་སྐྱའི་མདོག༔ ཤ་རྩུབ་ཉྭ་སུལ་རགས་ལ་བཞིན་མི་སྡུག༔ མི་མགོ་སྐམ་པོ་བྱུང་ཚད་ཕྱོགས་གཅིག་བརྒྱུས༔ རློན་པ་ཕྱོགས་གཅིག་རྙིད་པ་ཕྱོགས་གཅིག་བརྒྱུས༔ ཐོད་པ་ཚར་གསུམ་སེ་རལ་ཕྲེང་བ་བྱས༔ མཁུར་ཚོས་ཀུན་ལ་རཀྟའི་ཐིག་ལེ་བྱུགས༔ ལུས་ལ་ཕག་པའི་སྤུ་སྐྱེས་ཁ་མིག་དམར༔ མགོ་སྐྲ་ཁམ་ནག་རལ་པ་འབབ་རྙིགས་སུ༔ ཕྱེད་ལ་ཐོར་ཚུགས་སྦྲུལ་རིགས་ལྔ་ཡིས་བཅིངས༔ ཡན་ལག་ཐམས་ཅད་བྱ་ཡི་སྡེར་མོ་ཅན༔ དེ་དག་སྦྲུལ་རིགས་ལྔ་ཡིས་རིམ་པར་བཅིངས༔ གང་ཟིན་ལུས་ཀྱི་ཤ་རུས་རྔམ་ཟས་བྱེད༔ ཁ་ཊྭཱཾ་ལ་སོགས་མཚོན་ཆའི་རིགས་བྱེད་འཛིན༔ གཡོན་པ་བྷནྡྷ་ཁྲག་བཀང་རྟག་ཏུ་འཐུང་༔ ཁ་ངས་ཚ་བའི་འགོ་ནད་ཐམས་ཅད་འབྱུང་༔ སྣ་ནས་གྲང་བའི་ནད་རིགས་ཐམས་ཅད་འབྱུང་༔ མིག་དང་རྣ་བ་འོག་སྒོའི་བུ་ག་ནས༔ འདུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་འབྱུང་༔ ཁྱད་པར་གནམ་ནད་ས་ཆུ་མེ་ནད་དང་༔ གག་ལྷོག་གཟེར་དང་ཕོ་གླང་ཏྲེ་ཏྲེ་ཧོ༔ མཛེ་ཕོལ་འབྲུམ་བུ་རྒྱ་རིམས་དམུ་ཆུ་དང་༔ ཤུ་བ་མེ་དཔལ་བལ་ལྡགས་གཡེན་པ་དང་༔ གནོད་པའི་འཇིགས་སྐྲག་མང་པོ་སྣ་ཚོགས་འཕྲོ༔ མཚན་ནི་མ་ཟོས་མ་ཏྲཾ་ཀ་རུར་གྲགས༔ དེ་དུས་ཡུལ་ནི་ཉི་ཤུ་རྩ་བཞི་ལ༔ བདག་པོ་འཇིགས་བྱེད་མི་བཟད་རེ་རེ་ཡོད༔ པུལླི་ར་མ་ཛཱ་ལནྡྷ་ར་དང་༔ ཨོ་རྒྱན་ཨརྦུ་ཏ་བཞི་ལྷས་བཟུང་གནས༔ གོ་དཱ་ཝ་རི་རཱ་མེ་ཤྭ་ར་དང་༔ དེ་བི་མཱ་ལ་ཉེ་གནས་དྲི་ཟས་བཟུང་༔ དེ་ལྟར་བརྒྱད་ནི་ལྷ་དང་དྲི་ཟ་ཡིས༔ ནམ་མཁའ་ནས་འོངས་བཟུང་བས་མཁའ་སྤྱོད་ཟེར༔ ཀཱམྤཱུ་ཨོ་ཊི་གནོད་སྦྱིན་གྱིས་བཟུང་ཞིང་༔ ཏྲི་ཤ་ཀུ་ནེ་དང་ནི་ཀོ་ས་ལ༔ གནོད་སྦྱིན་འཁོར་གྱིས་བཟུང་བས་ཉེ་བའི་ཞིང་༔ ཀ་ལིངྐ་དང་ལམྤཱ་ཀ་གཉིས་ནི༔ སྲིན་པོས་བཟུང་བས་ཚནྡོ་ཧ་ཞེས་བཏགས༔ ཀཱཉྩི་ཧི་མལ་སྲིན་པོའི་འཁོར་གྱིས་བཟུང་༔ ཉེ་བའི་ཚནྡོ་ཧ་སྟེ་ས་སྤྱོད་དོ༔ པྲེ་ཏ་པུ་རི་སྲི་ཧ་དེ་བ་ཏ༔ ཀླུ་ཡིས་བཟུང་བས་འདུ་བའི་གནས་སུ་བཏགས༔ སཽ་རཥ་གསེར་གླིང་ཀླུ་འཁོར་ཉེ་བའི་འདུ༔ ནཱ་གར་སིནྡྷུ་དུར་ཁྲོད་ལྷ་མིན་བཟུང་༔ མ་རོ་ཀུ་ལུ་ཏ་ནི་ལྷ་མིན་འཁོར༔ ཉེ་བའི་དུར་ཁྲོད་ས་འོག་ཀླུ་དང་ནི༔ རི་རབ་ཁོང་གསེང་ནས་ཡོངས་ལྷ་མིན་གྱིས༔ བཟུང་བས་ས་འོག་ལ་སྤྱོད་ཅེས་སུ་གྲགས༔ དེ་དག་དྲེགས་པ་འཇིག་རྟེན་བདག་པོར་གྱུར༔ ཛམྦུ་གླིང་པ་རྣམས་ཀྱི་སྲོག་འཕྲོག་ཅིང་༔ དགྲ་སྟྭ་ཏྲི་ཤུལ་ཁ་ཊྭཱཾ་མཚོན་ཆ་འཛིན༔ ལུས་ལ་དུར་ཁྲོད་ཆས་བརྒྱད་རུས་པས་བརྒྱན༔ རང་རང་ཆུང་མར་ལྷན་ཅིག་སྤྱོད་པའི་དུས༔ བདག་ཅག་རྣམས་ནི་བདེ་ཞིང་འགྲན་ཟླ་མེད༔ དཔོན་གཅིག་མེད་ན་ནང་འཐབ་ཕུང་སྟེ་འགྲོ༔ བཟའ་བ་དང་ནི་བཏུང་བའི་སྒོ་འཕྲོག་པ༔ འཐབ་པ་དང་ནི་རྩོད་པ་འགྱེད་པར་འགྱུར༔ སྟོབས་ཆེན་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ༔ ཐམས་ཅད་ལས་ཀྱིས་བསྐོས་པའི་སྒམ་བུ་ཕྱྭ༔ མ་ཏྲཾ་ཀ་རུར་དཔོན་བཅོལ་འཐད་ཅེས་གླེང་༔ ངེད་རང་ཚོ་དང་ལྟ་སྤྱོད་མཐུན་པའི་ཕྱིར༔ འབྱུང་པོ་སྲོག་ཟན་ཐམས་ཅད་ཁ་འཆམས་ནས༔ ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་༔ དཔོན་གྱི་བཀའ་ལས་ནམ་ཡང་མི་འདར་ཆེད༔ ལྷ་འདྲེ་ཡོངས་ཀྱི་དཔོན་པོ་དེ་བཞིན་ནོ༔ ཐམས་ཅད་སྒམ་བུ་ཕྱྭ་ལ་རབ་ཏུ་འདུན༔ བགེགས་རྣམས་ཉིན་དང་མཚན་དུ་རྟག་པར་ཡང་༔ མ་རུངས་དེ་ལ་སྲུང་བ་བྱེད་པར་གྱུར༔ འབྱུང་པོའི་ཚོགས་ཏེ་མི་མ་ཡིན་རྣམས་འདུ༔ འཇིག་རྟེན་ཁམས་ལ་དབང་སྒྱུར་གསོན་པོར་ཟ༔ ཉིང་གཡོག་ཡང་གཡོག་ཐམས་ཅད་བྲན་དུ་བཀོལ༔ འཇིགས་བྱེད་སྟོབས་ཆེན་ཕ་རོལ་གནོན་པ་སྟེ༔ དེ་དུས་སེམས་ཅན་ཤི་ཚད་དམྱལ་བར་འགྲོ༔ འཇིག་རྟེན་དགེ་བར་གྲགས་རྣམས་གང་ཡོད་པ༔ ད་ནི་ང་ཡིས་བརྗོད་པར་བྱའོ་ཟེར༔ ང་ལས་ཆེ་ཞིང་ལྷག་པ་སུ་ཞིག་ཡོད༔ ང་རྒྱལ་གཏུམ་པོའི་སྐད་འབྱིན་རབ་ཏུ་འཁྲུགས༔ མེ་དཔུང་འབར་ནས་རིག་པ་ངར་བསྐྱེད་དེ༔ འབྱུང་པོ་ཀུན་གྱི་དབང་ཕྱུག་ང་ཡིན་པས༔ ང་ལས་ཆེ་བའི་དབང་ཕྱུག་གཞན་ཡོད་ན༔ དེ་ཡང་ང་ཡིས་དབང་དུ་བསྡུ་བ་ཡིན༔ ཞེས་པའི་ང་རྒྱལ་ཕྱོགས་བཅུར་བསྒྲགས་པ་ཡིས༔ དེ་དུས་འགྲོ་བའི་ཤེས་བློ་རྨོངས་པར་གྱུར༔ དུས་མཚན་མ་ཡིས་བདེན་པའི་ཚིག་འདི་བརྗོད༔ སྲིན་པོ་ལངྐའི་ཡུལ་གྱི་གྲོང་ཁྱེར་མཆོག༔ ཀོ་ཀ་ཐང་དམར་གླིང་གི་བྱན་ལག་ལྗོངས༔ རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར༔ སྲིན་པོའི་རྒྱལ་པོ་ལངྐའི་མངའ་བདག་ཅེས༔ སངས་རྒྱས་མར་མེ་མཛད་ཀྱི་སློབ་མ་སྟེ༔ ཁྱོད་བས་དེ་ཡི་གྲགས་པ་རྣམ་པར་འཕེལ༔ གཡུལ་འགྱེད་དགྲ་ཀུན་གྱིས་ཀྱང་མི་བརྫིའོ༔ བདེ་བར་གཉིད་ལོག་བདེ་བར་རབ་ཏུ་སད༔ དེ་སྐད་ཅེས་བརྗོད་ཐོས་མ་ཐག་ཏུ་ནི༔ འཇིགས་བྱེད་སྐད་ཅིག་གཅིག་ལ་དམག་སྡེར་བཅས༔ གཡུལ་འགྱེད་བྱ་བཞིན་མཁའ་ལ་འཕུར་ནས་སུ༔ སྲིན་ཡུལ་བྱན་ལག་ལྗོངས་པའི་རི་ལ་བབས༔ ང་རྒྱལ་གཏུམ་པོས་མ་ཏྲཾ་རཱུ་ཏྲ་བསྒྲགས༔ ལངྐའི་ཡུལ་རྣམས་ཤིགས་ཤིག་ཡོམ་ཡོམ་གྱུར༔ སྲིན་པོ་སྲིན་མོ་ཐམས་ཅད་རབ་ཏུ་སྔངས༔ རྒྱལ་པོས་དེ་ལ་ཉུལ་པོ་བཏང་བ་ཡིས༔ འཇིགས་བྱེད་དམག་སྡེ་ལྟར་མི་བཟོད་པར་མཐོང་༔ བརྗོད་གཞི་རྒྱལ་པོའི་སྙན་དུ་གསོལ་བ་ཡིས༔ ལངྐའི་བདག་པོས་མཉམ་གཞག་ཐུགས་དགོངས་བཏང་༔ རྒྱལ་པོ་ཡོན་ཏན་འཛིན་གྱི་མདོ་ལས་ཀྱང་༔ བླ་མའི་ཐུགས་དཀྲུགས་མཆེད་གྲོགས་ཡིད་བསད་པ༔ སྲུལ་པོ་གཉའ་ཕྲག་ཕྲུ་གུ་རྟོག་འདོད་ཅན༔ ངན་སོང་གསུམ་ལས་ཚེ་ནི་འཕོས་གྱུར་པས༔ ལངྐའི་བདག་པོ་འཇོམས་པར་ཐེ་ཚོམ་མེད༔ མཐར་ནི་བདེ་བར་གཤེགས་པ་མང་པོས་འདུལ༔ བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ་འབྱུང་༔ ཞེས་གསུངས་པ་ཡི་ལུང་བསྟན་ཅིག་འདུག་པས༔ ཡིན་ནམ་མ་ཡིན་ཉམས་སད་བྱ་རུ་ཡོད༔ རྒྱལ་པོས་སྲིན་པོའི་དམག་དཔུང་འཇོམས་པར་གཡུལ༔ དམག་གིས་སྒམ་བུ་ཕྱྭ་ལ་བརྡུགས་པར་གྱུར༔ ང་ནི་འགྲན་གྱིས་ཟླ་མེད་གཅིག་པུར་ཆེ༔ ང་ནི་དབང་ཕྱུག་མ་ཧཱ་དེ་བ་སྟེ༔ རྒྱལ་ཆེན་རིགས་བཞི་ལ་སོགས་ང་ཡི་གཡོག༔ ལྷ་སྲིན་སྡེ་བརྒྱད་མ་ལུས་ང་ཡི་བྲན༔ འཇིག་རྟེན་ཁམས་ཀྱི་བདག་པོ་ང་ཡིན་པས༔ སུ་ཞིག་ང་དང་འགྲན་གྱིས་དོ་ཟླ་ཡོད༔ རཱུ་ཏྲ་མ་ཏྲཾ་མ་རཱུ་ཏྲ༔ ཞེས་བརྗོད་སྲིན་པོའི་ཚོགས་རྣམས་དབང་དུ་བསྡུས༔ རྒྱལ་པོས་སངས་རྒྱས་བསྟན་པ་འཕེལ་བྱའིཕྱིར༔ ཁྱོད་ལ་བསྡོས་པར་གྱུར་པ་བདག་གནོང་འགྱོད༔ ཉིད་ཀྱི་འབངས་སུ་མཆིའོ་ངོ་མི་བཟློག༔ རྒྱལ་པོ་བཙུན་མོ་འཁོར་བཅས་མ་ལུས་དང་༔ སྲིན་པོའི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚེ༔ སྲིན་པོའི་དེད་དཔོན་མ་ཏྲཾ་རཱུ་ཏྲར་གྲགས༔ གང་གིས་དེ་མཐོང་ཐོས་མ་ཐག་ཏུ་འདུན༔ དེ་ནས་ཡང་ནི་ང་རྒྱལ་ཆེ་བར་ོམ༔ བདག་ལས་ཆེ་བ་གང་དག་སུ་ཞིག་ཡོད༔ རཱུ་ཏྲ་མ་ཏྲཾ་མ་རཱུ་ཏྲ༔ དུས་མཚན་མ་ཡིས་ཤེད་བསྐྱེད་ཚིག་འདི་བརྗོད༔ ཁྱོད་བས་ཆེ་བ་ལྷ་མ་ཡིན་གྱི་གནས༔ ལྷ་མིན་དེད་དཔོན་མ་ཧཱ་ཀ་རུ་ཞེས༔ མཐུ་དང་རྫུ་འཕྲུལ་ཁྱད་པར་འཕགས་པ་ཡོད༔ འཇིགས་བྱེད་ཁམས་འཁྲུགས་མེ་དཔུང་ཆེན་པོར་གྱུར༔ འཕུར་རྩལ་མ་ཏྲཾ་ཀ་རུའི་གནས་སུ་བབས༔ ལྷུང་ཐབས་གྱུར་པའི་ངད་པ་དབུགས་ཧམས་ནས༔ ཚ་གྲང་ནད་ཀྱི་མཚོན་ཆར་ཕབ་ནས་བསད༔ ལུས་ཀུན་མེ་དབལ་འབྲུམ་བུའི་ཟུག་རྔུས་གདུངས༔ ཤི་མ་གསོན་དེའི་རྐང་པ་གཡས་ནས་འཇུས༔ ཛམྦུའི་གླིང་དུ་ཀླད་བསྐོར་བསྐྱུར་བཏང་བས༔ དགེ་གནས་བརྒྱད་ཀྱི་ཡུལ་དུ་ཆགས་པར་གྱུར༔ གསང་བའི་བྱན་མོ་བུ་འཁོར་བཅས་པ་རྣམས༔ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ ལོག་པར་འདྲེན་པའི་བགེགས་རིགས་ཇི་སྙེད་པ༔ གང་གི་སྐྱབས་སུ་བྲོས་ཀྱང་མ་ཐར་ཏེ༔ སླར་ཡང་ཐམས་ཅད་འཇིགས་བྱེད་དྲུང་དུ་འདུས༔ ལྷ་མིན་ཀུན་གྱིས་སྲིད་བརླག་བསྐོས་བཏབ་ནས༔ བམ་རི་ཐོད་པ་མཁར་ཞེས་བྱ་བར་འཁྲས༔ ཕོ་བྲང་བདུད་ཀྱི་རྒྱལ་མཚན་ཕུགས་སུ་བཅུགས༔ སྐྲག་པའི་བདུད་མཚོན་སྒོ་ཡི་མདུན་དུ་ཕྱར༔ འཁོར་སའི་འཕྲུལ་ཆ་མང་པོས་བསྐོར་ནས་སུ༔ རྫུ་འཕྲུལ་རི་རབ་མཛུབ་མོའི་རྩེ་ལ་བཞག༔ ཀླད་ལ་བསྐོར་ཞིང་ང་རྒྱལ་སྒྲོགས་པ་ནི༔ རཱུ་ཏྲ་མ་ཏྲཾ་མ་རཱུ་ཏྲ༔ སྲིད་པ་འདི་ན་ང་བས་སུ་ཞིག་ཆེ༔ དུས་མཚན་ཆེ་བའི་ཟླ་ཡོད་འགྲན་བཙུགས་པ༔ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ན༔ གསེར་འདྲ་ཉན་ཐོས་དགེ་འདུན་རྣམས་ཀྱི་དབུས༔ རྣམ་འདྲེན་དམ་པ་ཏོག་དཀར་ཞེས་བྱ་བ༔ དབང་བསྐུར་ཐོབ་པ་ལྷ་རྒྱལ་ཀུན་གྱིས་བསྟོད༔ སིལ་སྙན་མང་པོ་གླུ་དབྱངས་སྒྲས་བསྐུལ་ནས༔ ཐམས་ཅད་མ་ལུས་འདུད་པ་དེ་ཆེའོ༔ དེ་སྐད་སྨྲས་པས་གཏུམ་རྔམས་ཤིན་ཏུ་ཁྲོས༔ མི་སྡུག་བཞིན་བསྡུས་གཟུགས་བསྐྱོད་གཏུམ་རྔམས་འབར༔ མི་སྙན་ཚིག་འབྱིན་སྒྲ་དང་ས་གཡོས་བཅས༔ དམ་པ་ཏོག་དཀར་ཆོས་སྟན་མཐོ་བ་ནས༔ པང་བས་འུབས་བསྡུས་མི་མཇེད་འཇིག་རྟེན་དོར༔ མཆོག་ཆེན་ཉན་ཐོས་རྣམས་ཀྱིས་ཞི་བར་སྨྲས༔ ཀྱེ་མ་ཀྱི་ཧུད་སྡིག་པ་འདི་ལྟ་བུ༔ རུང་ངམ་དགེ་བའི་ལས་ལ་འདུན་བརྗོད་པས༔ གོས་ཟུང་བཞི་གྱོན་རང་རང་བདེ་བར་འདུག༔ ཁྱོད་ཀྱི་དབང་དུ་ང་འགྱུར་ག་ལ་སྲིད༔ ང་ནི་སྟོབས་ཆེན་དཔའ་བོ་ཡིན་ནོ་ཟེར༔ དེ་ནས་དམ་པ་ཏོག་དཀར་འདའ་ཚུལ་བསྟན༔ འཁོར་རྣམས་ཀུན་ལ་མི་བྱེད་དང་བས་བརྗོད༔ ཀྱེ་མ་ང་ཡི་མཆོག་ཆེན་ཉན་ཐོས་རྣམས༔ སངས་རྒྱས་བསྟན་པ་འདི་ལ་མ་དད་པ༔ སློབ་མ་དམ་ཉམས་ཐར་པ་ནག་པོ་འདི༔ འདིས་ནི་ལྷ་དང་མི་དང་ལྷ་མ་ཡིན༔ ཡང་དག་མ་ཡིན་ཡོངས་སུ་བསྡུ་བར་འགྱུར༔ རྫོགས་སངས་རྒྱས་ལ་སྡང་སེམས་འཇིག་རྟེན་ཕུང་༔ དེ་ཡི་ཉེས་པ་ཐམས་ཅད་འཕྲོག་བྱེད་པ༔ ཐུབ་དཀའ་གཞོན་ནུ་དན་ཕག་གཉིས་ཀྱི་ནི༔ ཚེ་འདིར་རྣམ་སྨིན་གློ་བུར་བསྐྱེད་པར་འགྱུར༔ ཞི་བ་དང་ནི་རྒྱས་པས་མི་ཐུལ་བས༔ དབང་དང་དྲག་པོའི་ལས་ཀྱིས་འདུལ་བར་འགྱུར༔ འཕགས་པའི་བདེན་པར་སུ་དག་ཡིད་མི་ཆེས༔ ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་ནས་ནི༔ མཁའ་ལྟར་ཡས་འབིབས་ཐབས་མང་རྒྱལ་བས་འདུལ༔ དམ་རྫས་དགེ་བར་བསྒྲུབ་པའི་མྲྀ་ཏ༔ སྨན་རྣམས་བདུད་རྩིར་བསྒྱུར་བ་འདི་ལས་འབྱུང་༔ འདི་ཉིད་རྡུལ་ཕྲན་གཅིག་ཙམ་མ་ལུས་འདུལ༔ མི་མཐུན་གཉེན་པོ་རྡོ་རྗེ་རྟ་མགོ་ཅན༔ དན་ཕག་ལག་ན་རྡོ་རྗེ་དེ་བཞིན་གཤེགས༔ དགོངས་ཏེ་ཐུབ་དཀའ་རྡོ་རྗེ་སེམས་དཔའ་ཆེ༔ རྒྱལ་བའི་ལུང་བསྟན་མཆོག་འདི་དེ་ལྟར་བལྟ༔ ཕ་རོལ་དགྲ་ནི་ཡང་དག་ཟད་པར་བྱེད༔ ང་ནི་ལྷ་མོ་སྒྱུ་འཕྲུལ་ལྷུམས་སུ་འཇུག༔ བྱང་ཆུབ་ཤིང་དྲུང་ང་ནི་མཉམ་པར་འཇོག༔ དེལྟར་དེ་དག་རྟག་འཛིན་མི་བྱེད་པར༔ དེ་བས་ཐུབ་པའི་བསྟན་པ་མཆོག་ཏུ་གསུངས༔ སེམས་ཅན་ཀུན་ལ་བདེ་བ་སྦྱིན་པར་བྱེད༔ ཛམྦུའི་གླིང་འདིར་ཡུན་རིང་གནས་པར་འགྱུར༔ སྤྱོད་པ་ཟབ་མོ་སྦྱོར་སྒྲོལ་ཕུལ་ཕྱིན་གྱིས༔ ལུས་ཀྱི་བདག་འཛིན་མ་ཏྲཾ་རཱུ་ཏྲ་བསྒྲལ༔ འཇིག་རྟེན་བདེ་དང་མི་བདེའི་རྣམ་པ་ཀུན༔ ངག་གི་བདག་འཛིན་ཨ་ཀར་ཤ་རཱུ་ཏྲ༔ ངོ་བོ་གང་ལ་གང་གི་ཅི་ཞིག་བསྟན༔ སེམས་ཀྱི་བདག་འཛིན་ཁ་ཊྭཱཾ་ག་རཱུ་ཏྲ༔ རཱུ་ཏྲའི་ངོ་བོ་ངེས་ཚིག་དབྱེ་བ་གསུངས༔ རཱུ་ཏྲ་གསང་བ་ཕྱི་ནང་ཁོ་ན་ཉིད༔ རཱུ་ཏྲ་ལྔ་བཅུ་རྩ་བརྒྱད་སྡེ་དཔུང་བཅོམ༔ ཛམྦུའི་གླིང་དེ་ཉམས་ཀྱང་དགའ་བར་འགྱུར༔ དཀོན་མཆོག་ཟབ་མོའི་ཆོས་ཀྱིས་ཡུལ་ཁམས་སྐྱོང་༔ ཆོས་བསྟན་མི་ནུབ་མྱ་ངན་ཡོངས་མི་འདའ༔ ཞེས་པའི་ཞལ་ཐེམས་བཞག་ནས་ལྷུམས་སུ་ཞུགས༔ དེ་ནས་རཱུ་ཏྲའི་མངོན་ཤེས་ཕྲ་འུས་མཐོང་༔ ལྷ་ཆེན་དགའ་རབ་དབང་ཕྱུག་གཤེད་དུ་བསྐོས༔ དགའ་ལྡན་ལྷ་ཡུལ་ཐམས་ཅད་དབང་དུ་བསྡུས༔ ཚངས་པ་བརྒྱ་བྱིན་ལྷ་ཡི་ཁ་གནོན་བཞག༔ མ་ལ་ཡ་གནས་བམ་རི་ཐོད་མཁར་བཟུང་༔ མི་ཡི་ལུས་སུ་གནས་ཚད་ཟས་སུ་ཟ༔ རྔ་གླིང་རོལ་མོའི་དབྱངས་སྒྲ་སྣ་ཚོགས་དང་༔ གླུ་དང་གར་རྣམས་བྱེད་ཅིང་ཐམས་ཅད་གནས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༦ རྟ་ཕག་གིས་རཱུ་ཏྲ་བཏུལ་བ།

 

དེ་ནས་རཱུ་ཏྲ་བཏུལ་ཚུལ་བཤད་པ་ནི༔ གཙང་མའི་གནས་མཆོག་འོག་མིན་ཆོས་དབྱིངས་ནས༔ སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ༔ ཆོས་སྐུ་ཀུན་ཏུ་བཟང་པོ་འཁོར་དང་བཅས༔ ཐུགས་རྗེའི་སྤྲུལ་པ་སྟུག་པོ་བཀོད་པ་ནས༔ ལོངས་སྐུ་རྡོ་རྗེ་འཆང་ཆེན་འཁོར་བཅས་དང་༔ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ནས༔ སྤྲུལ་སྐུ་ཕྱག་ན་རྡོ་རྗེ་འཁོར་བཅས་དང་༔ བཀོད་པ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ སྐུ་གསུམ་དབྱེར་མེད་ཀུན་ཏུ་འཆང་ཆེན་དང་༔ འཇིག་རྟེན་མངོན་པར་དགའ་བའི་ཞིང་ཁམས་ནས༔ སངས་རྒྱས་རྡོ་རྗེ་སེམས་དཔའ་འཁོར་བཅས་དང་༔ འཇིག་རྟེན་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ སངས་རྒྱས་རིན་ཆེན་འབྱུང་གནས་འཁོར་བཅས་དང་༔ འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སངས་རྒྱས་སྣང་བ་མཐའ་ཡས་འཁོར་བཅས་དང་༔ འཇིག་རྟེན་བྱང་ཆུབ་བརྒྱན་པའི་ཞིང་ཁམས་ནས༔ སངས་རྒྱས་རྣམ་པར་སྣང་མཛད་འཁོར་བཅས་དང་༔ འཇིག་རྟེན་རྣམ་པར་དག་པའི་ཞིང་ཁམས་ནས༔ སངས་རྒྱས་དོན་ཡོད་གྲུབ་པ་འཁོར་བཅས་དང་༔ གཞན་ཡང་བདེ་གཤེགས་དཔག་མེད་བརྗོད་མེད་པ༔ ལོངས་སྤྱོད་རྫོགས་སྐུ་ཉི་མའི་དཀྱིལ་འཁོར་ལྟར༔ རིག་འཛིན་བཅས་པ་བཀའ་ཡི་བགྲོ་བ་མཛད༔ སངས་རྒྱས་མཐུ་ཡིས་རཱུ་ཏྲ་མ་བཏུལ་ན༔ སངས་རྒྱས་བསྟན་པ་མི་འཕེལ་ངན་འགྲོར་ལྟུང་༔ ཀུན་ཏུ་ལོག་པར་སྤྱད་པའི་ལུས་ལ་ནི༔ གཤེད་མས་མཚོན་ཆ་རྣམས་ཀྱིས་གདབ་པར་རུང་༔ སྔོན་ཆད་བྱས་པ་གང་ཡིན་མ་སྨིན་ན༔ བདེན་པ་རབ་སྟོན་རྒྱལ་བ་བརྫུན་མར་གྱུར༔ འཇིགས་པར་འགྱུར་བ་མ་ཡིན་ནོན་པར་གྱིས༔ ཞེས་གསུངས་བཀའ་བགྲོས་ཡོངས་སུ་འཆམས་པར་གྱུར༔ གང་གིས་འདུལ་བའི་ལས་འཕྲོ་སྐབས་སུ་བབ༔ བདེ་གཤེགས་རྣམས་ཀྱི་ཡེ་ཤེས་སྤྱན་གྱིས་གཟིགས༔ ཐུབ་དཀའ་གཞོན་ནུ་དན་ཕག་གདུལ་བྱར་མཁྱེན༔ བདེ་བར་གཤེགས་པས་དབང་བསྐུར་རབ་ཏུ་གནས༔ ཐུབ་དཀའ་རྡོ་རྗེ་སེམས་དཔར་སངས་རྒྱས་ནས༔ དན་ཕག་ལག་ན་རྡོ་རྗེར་གནས་གྱུར་ཏེ༔ བདེ་བར་གཤེགས་པ་ཀུན་གྱིས་བཀའ་བསྒོས་པ༔ སྤྱན་རས་གཟིགས་དབང་སྒྲོལ་མར་མཚན་རྟགས་གཟུང་༔ རྟ་གདོང་ཕག་གདོང་ཞལ་གྱིས་ནོན་པར་གྱིས༔ ལེགས་པར་གསུངས་པའི་བཀའ་བགྲོས་དུས་ལ་བབ༔ ཟབ་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས༔ གསུངས་ནས་རྟ་ཕག་མ་ལ་ཡ་རྩེར་བྱོན༔ ལུས་ཀྱིས་འབར་བ་ཆེན་པོའི་གར་དགུ་བསྒྱུར༔ རྟ་སྐད་ཐེངས་གསུམ་ཕག་སྐད་ལྔ་བཏོན་པས༔ རཱུ་ཏྲ་ཐར་པ་ནག་པོས་ལན་བཏབ་པ༔ རྟ་ཕག་མགྲིན་བུ་ཆུང་ཁྱོད་ཇི་སྐད་ཟེར༔ འཇིག་རྟེན་ལྷ་དང་ལྷ་མིན་དྲེགས་པའི་ཚོགས༔ ཀུན་གྱིས་ང་ཡི་ཡོན་ཏན་བརྗོད་ཅིང་བསྔགས༔ གུས་པའི་སེམས་ཀྱིས་ང་ཡི་ཞལ་ལ་བལྟ༔ ང་ནོན་མ་ཡིན་ཁྱོད་རང་བདེ་བར་འདུག༔ སྔོན་དུས་ཟུར་གོས་པས་ཀྱང་ང་མ་ནོན༔ ཞེས་བརྗོད་ལག་པ་བསྒྲེངས་ནས་མགོ་ལ་བཏུད༔ དེ་ནས་རྟ་མགྲིན་ཐར་པའི་འོག་སྒོར་ཞུགས༔ རྟ་མགོ་སྤྱི་གཙུག་རྒྱངས་ཀྱིས་བཏོན་ནས་སུ༔ ཁོ་ཡི་རྐང་ལག་ཐམས་ཅད་བརྒྱངས་པ་ཡིས༔ ཤིན་ཏུ་བག་དྲོ་རྒྱན་ཆ་ཕྱུག་པ་དང་༔ རྟ་མགོ་ཚིལ་ཁུས་ཚོས་ནས་ལྗང་གུར་གྱུར༔ ཕག་གདོང་ཆུང་མའི་བྷ་གའི་ནང་ཞུགས་ནས༔ ཕག་མགོ་སྤྱི་བོའི་གཙུག་ཏུ་རྒྱངས་ཀྱིས་ཕྱུང་༔ ཕག་མགོ་ཚིལ་ཁུས་ཚོས་ནས་ནག་པོར་གྱུར༔ རྟ་ཕག་ཞལ་སྦྱར་དམེ་བ་བརྩེགས་པ་བསྐྲུན༔ རྟ་སྐད་ཐེངས་དྲུག་ཕག་སྐད་ལྔ་ངུར་བས༔ བདེ་བར་གཤེགས་པ་མི་རོར་བྱ་བཞིན་འཐིབས༔ ཞི་བ་ཁྲོ་བོ་ཞི་མ་ཁྲོ་ལ་སོགས༔ དཔག་ཏུ་མེད་པ་ཐིབས་ཀྱིས་འཐིབས་པར་གྱུར༔

ལུས་ཀུན་བརྒྱངས་པས་ན་ཚ་མ་བཟོད་ནས༔ ཐར་པ་ནག་པོས་འོ་དོད་སྒྲ་འབྱིན་པ༔ ཕཱ་མཱ༔ ཧུ་ཡུ༔ རྟ་ཕག་གཉིས་ཀྱིས་རཱུ་ཏྲ་ཕམ༔ སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམ༔ ཆོས་མ་ཡིན་རྣམས་ཆོས་ཀྱིས་ཕམ༔ དགེ་འདུན་གྱིས་ནི་མུ་སྟེགས་ཕམ༔ དབང་པོས་ལྷ་མིན་ཕམ་པར་གྱུར༔ ལྷ་མིན་གྱིས་ནི་ཟླ་བ་ཕམ༔ ནམ་མཁའ་ལྡིང་གིས་རྒྱ་མཚོ་ཕམ༔ མེ་ཡིས་ཤིང་རྣམས་ཕམ་པར་གྱུར༔ ཆུས་ནི་མེ་ཡང་ཕམ་པར་གྱུར༔ རླུང་གིས་སྤྲིན་རྣམས་རབ་ཏུ་ཕམ༔ རྡོ་རྗེ་ཡིས་ནི་རིན་ཆེན་ཕུག༔ མདང་སུམ་རྨི་ལམ་ངན་ནོ་བྱས༔ ཅི་མཛད་མྱུར་དུ་མཛོད་ཅིག་ཅེས༔ འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན་པར་བྱེད༔ ཟག་པ་ཚར་ཅིག་རྒྱ་མཚོ་ཀླུ་གནས་ལྷུང་༔ དཔག་བསམ་ཤིང་རྒྱལ་ཙནྡན་སྦྲུལ་སྙིང་སྐྱེས༔ ཤིང་གི་རྩ་བ་ཀླུ་ཡི་ཡུལ་དུ་ཟུག༔ ལོ་འདབ་ལྷ་མ་ཡིན་གྱི་ཡུལ་དུ་འཁྲིགས༔ འབྲས་བུ་ལྷ་ཡི་ཡུལ་དུ་སྨིན་པར་གྱུར༔ མིང་ནི་བདུད་རྩི་ཨ་མྲྀ་ཏ་ཞེས་བྱ༔ རྟ་ཕག་རྒྱུ་བདེ་ལམ་བདེ་འབྲས་བུ་བདེ༔ བདེ་བ་ཆེན་པོའི་རོལ་རྩེད་མཛད་ནས་སུ༔ རཱུ་ཏྲའི་ཆས་ནི་མང་ལ་ཡང་པ་རྣམས༔ དེ་དག་ཡེ་ཤེས་ཆས་སུ་བྱིན་བརླབས་ནས༔ རྟ་ཕག་ཆོས་ཀྱི་དབྱིངས་སུ་གཤེགས་པར་གྱུར༔ དབུ་གསུམ་ཡོད་པའི་རྒྱུ་མཚན་དེ་ལྟར་ཡིན༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བརྒྱད་དང་༔ ལྷ་ལ་གཤོག་པ་ཡོད་པ་དེ་ལྟར་ཡིན༔ དཔེར་ན་དམག་བརྒྱབ་མི་བསད་ནོར་ཕྲོགས་མཚོན༔ དེ་ནས་ཕྱག་ན་རྡོ་རྗེས་སྤྲུལ་པ་བཀྱེ༔ རཱུ་ཏྲས་ཀྱང་ནི་སྤྲུལ་པ་བཀྱེ་བར་གྱུར༔ སྟོབས་ཆེན་མཐུ་བསྐྱེད་རྫུ་འཕྲུལ་བཀྱེ་བ་ལས༔ མགོ་ནི་གསུམ་གསུམ་དགུ་རུ་སྤྲུལ་པ་ལ༔ དེ་ནས་གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྟོབས་ཆེན་དགུ་ཡི་རྫུ་འཕྲུལ་བཀྱེ་ནས་སུ༔ གཟས་པོའི་ནམ་མཁའ་ཐམས་ཅད་ཡོངས་སུ་བཀང་༔ རཱུ་ཏྲ་ས་བརྒྱད་ནོན་པའི་སེམས་དཔའ་ལ༔ རྣམ་པ་མང་པོའི་འདུལ་ཐབས་མཁས་པ་ཡིས༔ ལུས་ལ་བདེ་བར་གཤེགས་པའི་ཕོ་བྲང་བཏབ༔ རཱུ་ཏྲས་མ་བཟོད་ཆོ་ངེས་བཏབ་པ་ནི༔ ཕྱོགས་བཅུ་ཀུན་ནས་རྣམ་པར་རྒྱུག༔ ཐོད་མཁར་སྒོ་འགྲམ་གཡས་གཡོན་གྱི༔ བཟའ་ཤིང་ར་བའི་ནགས་ཚལ་ན༔ གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས༔ བྱེ་བ་སྟོང་ཕྲག་བརྒྱ་མཆིས་པ༔ རེམ་ཞིག་མྱུར་བར་ད་ལྟ་རེམ༔ འཁོར་གནས་ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི༔ རཱུ་ཏྲའི་ཆ་འཛིན་བྱེ་བ་དུང་ཕྱུར་དམག༔ ཅི་བགྱིའི་བཀའ་ཉན་ཕོ་ཉར་བསྔགས་པའི་འཁོར༔ དཔག་ཏུ་མེད་པ་ཕྱོགས་མཚམས་ཐམས་ཅད་ནས༔ བར་སྣང་ས་གཞི་ཀུན་འཁྲིགས་བསོ་སྒྲ་སྒྲོགས༔ ཨམ་གཙིགས་རུ་ལུ་རུ་ལུའི་སྒྲ་སྒྲོག་ཅིང་༔ ལག་གི་མཚོན་ཆ་ཐམས་ཅད་དུས་གཅིག་གདེངས༔ སྲས་མཆོག་དམེ་བ་བརྩེགས་པས་ནང་དབྱེན་བྱས༔ དེ་ནས་རྡོ་རྗེ་འཛིན་པས་ཁྲོ་བོ་བཅུར༔ ཕུར་པ་རེ་བསྐུར་སྒྲོལ་བར་མངའ་གསོལ་ནས༔ རྟ་མགྲིན་རྟ་སྐད་ཐེངས་གསུམ་འདུར་གླུ་ཡིས༔ རཱུ་ཏྲའི་དམག་དཔུང་ངུ་འབོད་རབ་ཏུ་ངུ་༔ གནས་པའི་ཡུལ་དང་ལུས་ཀྱི་རྒྱན་ཆ་དང་༔ རང་རང་སྲོག་སྙིང་ཕྱག་མཚན་ཕྱུང་ནས་ཕུལ༔ དེ་ནས་ཐར་པ་ནག་པོ་ཉམ་ཐག་དུལ༔ སངས་རྒྱས་སྤྱོད་ཡུལ་ཁྱོད་ལ་ཕྱག་འཚལ་ལོ༔ རྣམ་སྨིན་བསྐྱེད་མཛད་ཁྱོད་ལ་ཕྱག་འཚལ་ལོ༔ བདག་གི་ལུས་རྣམས་འབྲས་བུར་སྤྱོད་གྱུར་ཅིག༔ སྔ་མ་གང་བྱས་འདི་ལ་སྨིན་གྱིས་ལྟོས༔ ཕྱི་མ་གང་ཡིན་ད་ལྟའི་ལས་ཀྱིས་བྱེད༔ ལས་འདི་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ རང་གིས་བྱས་པ་རང་གིས་མྱོང་བ་ཡིན༔ ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད༔ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ༔ ལུས་འདི་གདན་དུ་འབུལ་བས་བཞེས་སུ་གསོལ༔ དེ་ནས་དབང་ཕྱུག་མ་སོགས་འཁོར་རྣམས་ཀྱིས༔ དབུས་ལ་མཆིས་པའི་སྐལ་པ་མེད༔ དཀྱིལ་འཁོར་མཐའ་ལ་ངེད་རྣམས་ཞོག༔ ཕུད་ལ་འཚལ་བའི་སྐལ་བ་མེད༔ ལྷག་མ་ཞལ་ཆབ་ངེད་ལ་ཞུ༔ ད་ནས་འབངས་ཡིན་དོ་མི་བསྡོ༔ ཅི་བགྱིའི་བཀའ་ཉན་ངེད་ཀྱིས་བསྒྲུབ༔ མ་བྱམས་བུ་ལ་འཁྲིལ་བ་ལྟར༔ དམ་ལ་ངེས་པར་ཉེ་བར་བྱ༔ ཞེས་པའི་ཁས་བླངས་མནའ་བོར་རོ༔ དེ་ནས་གསང་བའི་བདག་པོ་ཡིས༔ ལུས་ངག་ཡིད་གསུམ་བྱིན་བརླབས་ནས༔ དམ་བསྲེས་དམ་ཆུ་བླུད་ནས་ཀྱང་༔ གནས་གསུམ་དམ་ཚིག་རྡོ་རྗེ་བཞག༔ བཀའ་ལས་མི་འདར་དམ་ཚིག་བསྒྲགས༔ གསང་མཚན་མ་ཧཱ་ཀཱ་ལར་བཏགས༔ རྡོ་རྗེ་ཐེག་པའི་གྲལ་ལ་བཞག༔ མ་འོངས་ཆོས་སྲུངས་གཉེར་བྱང་གཏད༔ དེ་ནས་བཀོད་པ་ལྷུན་གྲུབ་ཏུ༔ སངས་རྒྱས་ཐོབ་པར་ལུང་བསྟན་ཏོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྟ་ཕག་གིས་རཱུ་ཏྲ་བཏུལ་བའི་ལེའུ་སྟེ་དྲུག་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༧ སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པ།

 

དེ་ནས་སྤྲུལ་སྐུའི་བསྟན་པ་གངས་ཆེན་མཚོ༔ སངས་རྒྱས་སྟོང་རྩར་དབང་བཅུ་བསྐུར་ཚུལ་ནི༔ འཇིག་རྟེན་ཞིང་ཁམས་རྣམ་པར་བརྒྱན་པ་ཞེས༔ རབ་ཏུ་དགའ་བ་མཛེས་པའི་གླིང་བཞི་པ༔ འབྱོར་པས་ལེགས་པ་ཡངས་ཤིང་ཐ་གྲུ་ཆེ༔ གླིང་བཞི་རེ་རེ་ལ་ཡང་དཔག་ཚད་ནི༔ བརྒྱད་ཁྲི་བཞི་སྟོང་ཡོད་པའི་ཞིང་ཁམས་ན༔ དེ་དབུས་བསོད་ནམས་ཕུང་པོའི་ཕོ་བྲང་ནི༔ རྣམ་པར་དག་པ་ཅན་ཞེས་བྱ་བ་ཡོད༔ ཡངས་ཤིང་རྒྱ་ཆེ་སྐྱེད་མོས་ཚལ་ཁྲིས་བརྒྱན༔ དེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི༔ ཡུལ་འཁོར་སྲུང་ཞེས་བྱ་བ་བདེ་བར་བཞུགས༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དག་དང་ལྡན༔ གླིང་བཞིར་དབང་སྒྱུར་བཙུན་མོ་བདུན་འབུམ་ཡོད༔ བཙུན་མོ་རྣམས་ལ་བུ་ནི་སྟོང་ཚོ་གཅིག༔ མཚན་ནི་བཟང་པོ་སུམ་ཅུ་གཉིས་ཀྱིས་བརྒྱན༔ དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཟླ་བ་ཉ་ཚེ་མེ་ཏོག་སྣ་ཚོགས་ཀྱིས༔ གང་བའི་སྐྱེད་མོས་ཚལ་གྱི་སར་སོང་ནས༔ རབ་ཏུ་རྩེ་ཞིང་དགའ་མགུར་སྤྱོད་པར་གྱུར༔ བཙུན་མོ་དམ་པ་མ་སྨད་མ་ཞེས་དང་༔ བཙུན་མོ་དཔེ་མེད་མ་ཞེས་བྱ་བ་གཉིས༔ རྫིང་བུ་དགའ་བ་ཞེས་བྱར་ཁྲུས་བྱས་ཏེ༔ ལུས་ལ་སྤོས་ཆུས་བགོས་ནས་སེང་གེའི་ཁྲི༔ པདྨའི་འབྱུང་གནས་བཟང་པོ་ལ་འདུག་སྟེ༔ དེ་དག་གཉིས་ཀྱི་པང་དུ་རྒྱལ་བུ་ནི༔ གཞོན་ནུ་གཟུགས་བཟང་མཛེས་པ་ལྟ་ན་སྡུག༔ ཁ་དོག་བཟང་པོ་རྒྱས་པ་ཆོག་མི་ཤེས༔ གཉིས་ནི་སྐྱིལ་མོ་ཀྲུང་བཅས་བརྫུས་ཏེ་བྱུང་༔ དེ་ནས་སྐད་ཅིག་སྟེང་གི་བར་སྣང་ལས༔ ཁྱེའུ་འདི་ཉིད་ཆོས་ཀྱི་སེམས་དཔའོ༔ དཔེ་མེད་མ་བུ་ཆོས་ཀྱི་བློ་གྲོས་སོ༔ ཞེས་པ་ལྷ་རྣམས་དུས་གཅིག་སྒྲ་འབྱིན་ཏོ༔ དེ་ནས་ཁྱེའུ་གཉིས་ཀྱིས་ཚིགས་བཅད་པ༔ གང་དག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་༔ འཇིག་རྟེན་མགོན་པོ་ཡུལ་དུ་བྱུང་བ་ལ༔ རང་ཏུ་དང་བའི་སེམས་ཀྱིས་ཕྱག་འཚལ་བ༔ དེ་དག་རྙེད་པ་རབ་རྙེད་གྲོགས་པོ་དག༔ དགེ་བའི་རྩ་བ་བསྐྱེད་ནས་ཛམ་གླིང་བདེ༔ སེམས་ཅན་ཀུན་ལ་ཕན་བྱེད་ཚན་པོ་ཆེ༔ མཐོ་རིས་དག་ན་རིན་ཅེན་མཆོག་ཡོད་པ༔ མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད༔ ཅེས་པ་ལ་སོགས་ཚིགས་བཅད་མང་གསུངས་ནས༔ དེ་ནས་མ་ཡི་པང་ནས་བབས་ནས་སུ༔ རྒྱལ་པོ་ཡུལ་འཁོར་སྲུང་གི་དྲུང་སོང་སྟེ༔ རྐང་པར་ཕྱག་བྱས་ཐལ་མོ་སྦྱར་ནས་འདུག༔ ཡབ་གཅིག་བདག་གི་མཆིད་འདི་གསན་དུ་གསོལ༔ བསྐལ་པ་བྱེ་བར་ཆོས་རྙེད་རབ་ཏུ་དཀའ༔ དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་པར༔ མཁས་པ་དག་ནི་གཞར་ཡང་མི་གཏོང་ངོ་༔ བདུད་རྩི་ཞི་བ་འདུས་མ་བྱས་པ་ཡི༔ ཆོས་དེ་དང་ནི་གང་ཡང་མཚུངས་པ་མེད༔ སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་འགྱུར༔ དེ་བས་དམ་ཆོས་རིན་ཅེན་མཆོག་ཏུ་གསུངས༔ ཞེས་པ་ལ་སོགས་ཚིགས་བཅད་མང་དུ་གསུངས༔ དེ་ནས་ཆོས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་༔ དབེན་པར་སོང་སྟེ་གསང་སྔགས་རྣལ་འབྱོར་པ༔ ནུས་ལྡན་རྡོ་རྗེ་ཞེས་བྱའི་བླ་མའི་དྲུང་༔ རྒྱལ་པོས་ཐལ་མོ་སྦྱར་བྱས་འདུག་ནས་སུ༔ ཆོས་ཀྱི་ཤུགས་ཀྱིས་མིག་ནས་མཆི་མ་ཕྱུང་༔ སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་པ༔ བཙུན་མོའི་ཕག་ན་ལྷ་ཕྲུག་བརྫུས་སྐྱེས་པའི༔ འཇིགས་པ་ཐམས་ཅད་བདག་ལ་མེད་པར་གྱིས༔ ཚིགས་སུ་བཅད་པ་དེ་དག་གསོལ་བ་དང་༔ ནུས་ལྡན་རྡོ་རྗེས་རྒྱལ་པོའི་སྙན་གསོལ་བ༔ ཆོས་བསྟན་རྣམ་པ་སྣ་ཚོགས་རྒྱ་ཆེ་བ༔ ཇི་ལྟར་སངས་རྒྱས་སྟོང་སྐུ་མང་པོ་ཡི༔ རྟགས་དང་མཚན་མ་ཤིན་ཏུ་བཀྲ་ཤིས་པ༔ རིན་ཅེན་བུམ་པར་ཁྱེའུའི་མིང་བཅུག་སྟེ༔ དཀྱིལ་འཁོར་དབུས་བཞུགས་བསྒྲུབས་པས་ཐམས་ཅད་འགྲུབ༔ ཅེས་གསུངས་དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་༔ བཀོད་པ་ཆེན་པོའི་ཁང་པ་བརྩེགས་པའི་དབུས༔ སེང་ཁྲི་པདྨའི་འབྱུང་གནས་བཟང་པོར་འདུག༔ ནང་དུ་ཡང་དག་འཇོག་ཅིང་འདི་ལྟར་བསམ༔ བདག་གི་གཞོན་ནུ་འདི་དག་ཐམས་ཅད་ནི༔ བླ་མེད་ཡང་དག་ཞུགས་པ་ཤ་སྟག་སྟེ༔ གཞོན་ནུ་འདི་དག་ཐམས་ཅད་ནང་ནས་ནི༔ ཐོག་མར་སངས་རྒྱས་གང་འགྲོ་བརྟག་གོ་སྙམ༔ རིན་ཅེན་སྣ་བདུན་བུམ་པ་བྱེད་དུ་བཅུག༔ བྱི་དོར་ལེགས་པར་བྱས་ཤིང་འོ་མ་དང་༔ རཏྣ་འབྲུ་དང་མེ་ཏོག་དྲི་བཟང་བླུགས༔ གཞོན་ནུ་དེ་དག་མིང་བྲིས་བུམ་པར་བཅུག༔ ཁ་རྒྱན་མགུལ་ཆིངས་རིན་ཅེན་སྣ་ཚོགས་དང་༔ པདྨ་སྣ་ཚོགས་ཡིད་བཞིན་ནོར་བུས་བརྒྱན༔ བལྟ་ན་སྡུག་བྱས་པདྨའི་སྟེང་དུ་བཞག༔ བཀའ་རྣམས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ནུས་ལྡན་རྡོ་རྗེས་ཞག་བདུན་བར་དུ་བསྒྲུབས༔ ལྷ་ཡི་མེ་ཏོག་སྤོས་དང་ཕྱེ་མ་དང་༔ བདུག་པ་དང་ནི་བྱུག་པའི་རིགས་རྣམས་དང་༔ རོལ་མོ་སིལ་སྙན་རྣམས་ཀྱིས་ཞག་བདུན་མཆོད༔ རྒྱལ་པོ་བཙུན་མོ་བུ་སྟོང་འཁོར་དང་བཅས༔ རྫུས་སྐྱེས་གཉིས་ཀྱི་མདུན་དུ་བུམ་པ་བཞག༔ དེ་ནས་ནུས་ལྡན་རྡོ་རྗེས་དབང་བསྐུར་བ༔ སྤྱི་དབང་ཉེར་ལྔ་བྱེ་བྲག་དབང་བཅུ་དང་༔ སྒོས་དབང་དབང་གི་ཆུ་བོ་བཞི་ཕབ་བསྐུར༔ ལུང་བསྟན་བུམ་པའི་ནང་ནས་མིང་ཕྱུང་སྟེ༔ ཐོག་མར་གཞོན་ནུ་རྣམ་དག་བློ་གྲོས་བྱུང་༔

མིང་དེ་བྱུང་མ་ཐག་ཏུ་ས་ཆེན་གཡོས༔ བཙུན་མོའི་འཁོར་གྱི་ལག་གི་སིལ་སྙན་དང་༔ རོལ་མོ་ཐམས་ཅད་མ་དཀྲོལ་སྒྲ་འབྱིན་གྱུར༔ དེ་ནས་ནུས་ལྡན་ཐོག་མར་མིང་བྱུང་བའི༔ གཞོན་ནུ་རྣམ་དག་བློ་གྲོས་བྱ་བ་དེ༔ སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན་གྱུར༔ དེ་འོག་གཞོན་ནུ་རྣམ་དག་རྒྱལ་ཞེས་བྱུང་༔ དེ་ནི་སངས་རྒྱས་གསེར་ཐུབ་ལུང་ཡང་བསྟན༔ དེ་འོག་དབང་པོ་ཞི་བ་ཞེས་བྱ་བྱུང་༔ སངས་རྒྱས་འོད་སྲུངས་ཞེས་བྱར་ལུང་ནི་བསྟན༔ དེ་འོག་གཞོན་ནུ་དོན་ནི་གྲུབ་པ་བྱུང་༔ སངས་རྒྱས་ཤཱཀྱ་ཐུབ་པར་ལུང་ཡང་བསྟན༔ དེ་འོག་གཞོན་ནུ་སྐ་རགས་ཅན་ཞེས་བྱུང་༔ དེ་ནི་བྱམས་པ་ཞེས་བྱར་ལུང་ཡང་བསྟན༔ དེ་འོག་གཞོན་ནུ་མཆོག་གི་བློ་གྲོས་བྱུང་༔ དེ་ནི་སངས་རྒྱས་སེང་གེར་ལུང་ཡང་བསྟན༔ དེ་ནས་ཐ་ཆུང་བློ་མཐའ་ཡས་མིང་བྱུང་༔ དེ་ནི་མོས་པ་ཞེས་བྱར་ལུང་ཡང་བསྟན༔ དེར་ནི་སྣག་གི་གཉེན་མཚམས་སྤུན་ན་རེ༔ བདག་ཅག་རྣམས་ཀྱིས་སེམས་ཅན་ཡོངས་སྨིན་བྱས༔ དེ་ཡི་འོག་ཏུ་ཁྱོད་ཀྱིས་ཅི་བྱར་ཡོད༔ ཅེས་བརྗོད་བློ་མཐའ་ཡས་ཀྱིས་ལན་སྨྲས་པ༔ སངས་རྒྱས་རྣམས་ནི་ནམ་མཁའ་མཚུངས་ཤིང་འདྲ༔ བདག་ཡིད་སེམས་ཅན་ཟད་པ་མེད་སྙམ་བགྱིད༔ ཚུལ་ཁྲིམས་དག་པས་སྨོན་ལམ་འདི་དག་འགྱུར༔ བདག་གི་སྨོན་ལམ་ཅི་འདྲ་འདིར་གསོན་ཅིག༔ ཁྱོད་ཀྱི་ཚེ་ཚད་ཅི་ཙམ་བདག་ལ་བསྡོམས༔ ཆོས་ཀྱི་རྒྱལ་པོ་ཇི་སྙེད་ཀུན་བསྡོམས་པ༔ ཐམས་ཅད་བསྡོམས་པ་དེ་དག་བདག་ཚེར་གྱུར༔ ཞེས་པ་སྨྲས་མ་ཐག་ཏུ་ལྷ་རྣམས་ཀྱིས༔ ཁྱོད་ཀྱི་བསམ་པ་རྗོགས་པར་གྱུར་ཅིག་བརྗོད༔ སངས་རྒྱས་སྟོང་དུ་གཅིག་གིས་མ་ཚང་བ༔ དེ་བཞིན་གཤེགས་པ་མོས་པས་བྱེད་པར་འགྱུར༔ དེ་ནས་རྫུས་སྐྱེས་གཉིས་ཀྱི་མིང་མ་བྱུང་༔ ཁོང་རང་གཉིས་ལ་ཇི་ལྟར་ཡིན་ཞེས་དྲིས༔ གཞོན་ནུ་ཆོས་ཀྱི་སེམས་དཔའི་ཞལ་ན་རེ༔ ཕུ་བོ་སྟོང་གི་བར་ཆད་བསྲུང་བ་ཡི༔ སྡུད་པ་པོ་ནི་ལག་ན་རྡོ་རྗེ་ཡིན༔ གཞོན་ནུ་ཆོས་ཀྱི་བློ་གྲོས་ཞལ་ན་རེ༔ ཕུ་བོ་སྟོང་གི་ཞུ་བ་པོ་བྱེད་པ༔ ཚངས་པའི་དབང་པོ་ཡིད་བཞིན་དེ་ཡིན་ནོ༔ དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིས༔ ཆོས་ཀྱི་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ༔ རིགས་ཀྱི་བུ་གཉིས་སྨོན་ལམ་ཇི་ལྟར་བཏབ༔ དེ་ལན་ཆོས་ཀྱི་སེམས་དཔས་སྨྲས་པ་ནི༔ བདག་གིས་ཁྱོད་རྣམས་བར་ཆད་བསྲུང་བ་དང་༔ ཕྱི་ནང་སངས་རྒྱས་ཆོས་རྣམས་ཉན་པ་དང་༔ ལག་ན་རྡོ་རྗེར་སྟོན་པར་སྨོན་ལམ་བཏབ༔ དེ་ནས་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ༔ བདག་གིས་ཁྱོད་རྣམས་བྱང་ཆུབ་ཐོབ་པའི་ཚེ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་སྟེ༔ ཆོས་བསྐུལ་ཆོས་ཉན་བྱེད་པར་སྨོན་ལམ་བཏབ༔ ཅེས་སྨྲས་སོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྣལ་འབྱོར་པ་ནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ་སྟེ་བདུན་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༨ བསྟན་པ་གཉིས་ལྡན་བྱུང་ཚུལ་བསྟན་པ།

 

དེ་ནས་སངས་རྒྱས་བསྟན་པ་འཕེལ་བྱའི་ཕྱིར༔ པད་འབྱུང་རྫོགས་པའི་སངས་རྒྱས་བཀའ་བཞིན་དུ༔ མདོ་ལྟར་འཛམ་གླིང་བྱེ་བ་ཕྲག་བརྒྱ་སྟེ༔ སྔགས་ལྟར་འཛམ་གླིང་བྱེ་བ་ཕྲག་ས་ཡ༔ དེ་བཞིན་སྒྲ་མི་སྙན་དང་ཤར་ནུབ་པོ༔ བསྟན་པ་གཉིས་ལྡན་ཆགས་པ་ཛམྦུའི་གླིང་༔ བཀྲ་ཤིས་རབ་རྫོགས་ལས་ཀྱི་ས་པ་འདིར༔ རིགས་ལྔ་བྱོན་རྟིང་མུན་བསྐལ་ལྔ་བརྒྱ་བྱུང་༔ དེ་ནས་བསྐལ་པ་རྫོགས་ལྡན་བྱ་བ་ལ༔ མང་པོས་བཀུར་བའི་ཡར་དེད་ལྷ་དགུ་བྱུང་༔ སྤྱིར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་༔ སྤྲུལ་སྐུའི་བསྟན་པའི་བདག་པོས་སངས་རྒྱས་གཅིག༔ ལོངས་སྐུའི་བསྟན་པ་འཛིན་པའི་བརྫུས་སྐྱེས་གཅིག༔ གཅན་གཟན་རྒྱལ་པོ་གངས་ཀྱི་སེང་གེ་གཅིག༔ འདབ་ཆགས་རྒྱལ་པོ་མཁའ་ལྡིང་ཁྱུང་ཆེན་གཅིག༔ མེ་ཏོག་རྒྱལ་པོ་ཨུ་དུམྺཱ་ར་གཅིག༔ འདི་དག་དུས་མཚུངས་གཅིག་ཏུ་བྱུང་བ་ལ༔ རྒྱལ་པོ་འདི་དུས་གང་ཡང་མ་བྱོན་ཏེ༔ ཆོས་ཀྱིས་སྐྱེ་རྒུ་མགུ་བར་བྱེད་ཅིང་སྐྱོང་༔ ཚུལ་ཁྲིམས་དང་ནི་ཤེས་རབ་ཉམས་བླངས་པས༔ མི་ཡི་རྒྱལ་པོ་ཞེས་སུ་གྲགས་པའོ༔ དེ་ནས་མི་རབས་ལྔ་ནས་བསྟན་གཉིས་འབྲེལ༔ ཀུན་གྱི་སྤྱོད་ཡུལ་བསྟན་པ་གཉིས་ལྡན་དུས༔ འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པའི་མིང་༔ ཏ་ལའི་རྐང་ལ་བུ་ནི་སྤྱི་བོ་སྐྱེས༔ གདུང་བརྒྱུད་བརྒྱ་དང་ཉི་ཤུ་རྩ་དགུ་ནི༔ སྤྲུལ་སྐུའི་བསྟན་པ་སྤྱོད་ཞིབ་རེ་དོགས་ཀྱིས༔ བྱང་ཆུབ་དོན་གཉེར་ཕར་ཕྱིན་བདེ་བར་འགྲོ༔ ངོ་བོ་བདག་པོ་སངས་རྒྱས་མར་མེ་མཛད༔ འཁོར་བ་འཇིག་དང་རབ་མཐོང་གཤེགས་པ་དང་༔ བདེ་མཛད་དོན་གཟིགས་རྒྱལ་ཞེས་བྱ་བ་དང་༔ རིམ་པར་སྐར་རྒྱལ་བྱོན་ནས་ཆོས་འཁོར་བསྐོར༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་༔ བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་ཏེ༔ དེ་ཡང་བསྡུ་ན་སྡེ་སྣོད་གསུམ་ལ་སོགས༔ གདུལ་བྱའི་ཞིང་ཁམས་མི་མཇེད་འཇིག་རྟེན་ཁམས༔ ལོངས་སྐུའི་བསྟན་པ་འབྲས་བུ་ཁོ་ན་ཉིད༔ སྤང་བླང་མེད་པས་ངེས་པ་རྙེད་པའི་ཆོས༔ གསང་སྔགས་སྨྲ་བ་པདྨའི་བླ་ཞེས་དང་༔ གུ་རུ་གྲགས་པའི་བླ་ཞེས་བྱ་བ་ཡིས༔ རྒྱལ་པོ་དགྲ་འདུལ་ཡན་ཆད་གདུལ་བྱར་བསྒྱུར༔ རྒྱུད་སྡེ་ཕྱི་ནང་བསམ་གྱིས་མི་ཁྱབ་དང་༔ བརྒྱ་ཕྲག་བཅུའམ་སྟོང་ཕྲག་ཉི་ཤུ་ལྔ༔ ཏནྟྲ་སྡེ་ནི་བཅོ་བརྒྱད་ལུང་མདོ་བདུན༔ བསྡུ་ན་ཡོ་ག་རྣམ་པ་གསུམ་དུ་འདུས༔ གདུལ་བྱའི་ཞིང་ཁམས་ནམ་མཁས་གར་ཁྱབ་བོ༔ དེ་ནས་བསྐལ་པ་གསུམ་ལྡན་དུས་ཀྱི་ཚེ༔ མ་ག་དྷ་ཡི་གྲོང་ཁྱེར་སྤོས་ལྡན་ན༔ རྒྱལ་པོ་ལག་བརྐྱང་བུ་ཚ་ཡང་ཚ་ནི༔ རྒྱལ་བརྒྱུད་འབུམ་དང་བདུན་ཁྲི་བཞི་སྟོང་ནི༔ བདེ་སྐྱིད་རྒྱ་མཚོ་བསྟན་པ་གཉིས་ལྡན་གྱིས༔ སེམས་ཅན་ལས་ལས་སྐྱེས་པའི་སྡུག་བསྔལ་ཞི༔ མི་དགེ་བཅུ་ནུབ་སངས་རྒྱས་རྣམ་པར་གཟིགས༔ གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་པ་དང་༔ ལོག་པར་དད་སེལ་གསེར་ཐུབ་སངས་རྒྱས་ལྔས༔ ཤེས་རབ་ཕར་ཕྱིན་སྡེ་སྣོད་གསུམ་གྱིས་བཏུལ༔ ལྟ་སྤྱོད་སྦྱོར་སྒྲོལ་གཉིས་སུ་ལ་དོར་བ༔ དབང་པོ་རབ་ནི་ཚེ་གཅིག་བདེ་འགྲོར་འགྲོ༔ བདེ་སྐྱོང་རྡོ་རྗེ་ཟག་མེད་འོད་གསལ་དང་༔ ཀཱ་ལི་འདུལ་སྐྱོང་ས་མ་དྷི་འཆང་དང་༔ གུ་རུ་ཡོན་ཏན་བློ་ལྡན་བླ་མེད་གསུང་༔ ཞི་བ་རྡོ་རྗེ་དབྱིངས་དང་བཀའ་འདུས་དང་༔ བདེ་གཤེགས་འདུས་པ་བླ་མེད་དོན་རྫོགས་དང་༔ མ་གཤིན་ཕུར་པ་སྒྱུ་འཕྲུལ་ཞི་ཁྲོས་བཏུལ༔ དེ་ནས་གྲོང་ཁྱེར་ཀུན་ཏུ་སྣང་ཞེས་པར༔ རྒྱལ་པོ་ཚངས་བྱིན་བུ་ཚ་ཡང་ཚ་ནི༔ བདུན་འབུམ་དགུ་ཁྲི་བརྒྱ་དང་བཞི་བཅུ་བརྒྱད༔ མི་རྣམས་ལ་ནི་ཆོས་སྟོན་འོད་སྲུང་གིས༔ ཚུལ་ཁྲིམས་བསླབ་པ་ཏིང་འཛིན་བསླབ་པ་དང་༔ ཤེས་རབ་བསླབ་པ་གསུམ་གྱིས་ལུས་ཅན་བཏུལ༔ གུ་རུ་ཐབས་ཤེས་དབྱིངས་སྦྱོར་བྱ་བ་བྱོན༔ རྒྱལ་པོ་རྣ་བ་ཅན་ནི་ཡན་ཆད་དུ༔ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་གསུངས༔ དེ་ནས་རྩོད་ལྡན་དུས་ཀྱི་ཐ་མ་ལ༔ ཐབས་ཤེས་དབྱིངས་སྦྱོར་ཚེ་ཡི་དུས་བྱས་ནས༔

ཉི་འོག་རྒྱལ་པོ་རྣ་བ་ཅན་གྱི་བུ༔ གོའུ་ཏ་མ་ཞེས་བྱར་སྐྱེ་བ་བླངས༔ ཡབ་ནི་རྒྱལ་པོར་ཞུ་བ་བྱས་ནས་སུ༔ དྲང་སྲོང་མདོག་ནག་ཅེས་བྱར་རབ་ཏུ་བྱུང་༔ ཡུལ་གྲུ་འཛིན་གྱི་སྨད་འཚོང་བཟང་མོ་དང་༔ སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གཉིས༔ གདུལ་བྱའི་ཞིང་དུ་གཟིགས་ནས་སྲོག་བློས་བཏང་༔ གྲུ་འཛིན་ཉེ་འཁོར་ལོ་མའི་སྤྱིལ་པོ་བྱས༔ ནང་དུ་གོའུ་ཏ་མ་གནས་པ་ལ༔ དེ་ཚེ་གྲུ་འཛིན་སྨད་འཚོང་བཟང་མོ་དང་༔ སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གཉིས༔ དགའ་མགུར་སྤྱོད་ཕྱིར་གོས་དང་རྒྱན་ཐོགས་ཆད༔ མི་གཞན་ཞིག་གིས་ཀཪྴ་པ་ཎི་ནི༔ ལྔ་བརྒྱ་ཐོགས་ནས་སྨད་འཚོང་བཟང་མོ་ལ༔ དགའ་མགུར་སྤྱད་ཀྱི་ཚུར་ཤོག་སྨྲས་པ་དང་༔ བསམས་ཏེ་པདྨའི་རྩ་ལག་བརྫུན་བཏང་ནས༔ དེ་དང་ལྷན་ཅིག་རྩེ་བར་གྱུར་པ་ལ༔ དེ་ནས་བཟང་མོའི་བུ་མོ་མངག་གཞུག་མས༔ སྐྱེས་བུ་པདྨའི་རྩ་ལག་ལ་བཟླས་ཏེ༔ བཟང་མོས་བཟོད་པར་གསོལ་ཀྱང་གྲི་ཕྱུང་བསད༔ དེ་ནས་བུ་མོས་ཇོ་མོ་བསད་དོ་ཞེས༔ ཀུ་ཅོའི་སྒྲ་བཏོན་ཀུན་གྱིས་ཐོས་ནས་བརྒྱུགས༔ གཡོན་ཅན་པདྨའི་རྩ་ལག་སྐྲག་ནས་སུ༔ དེ་ཚོར་མ་བཟོད་རལ་གྲི་ཁྲག་ཅན་ནི༔ དྲང་སྲོང་གོའུ་ཏ་མའི་མདུན་དུ་བོར༔ སྨྲ་བ་ཅན་མང་སྐྱེ་བོའི་ཚོགས་མདུན་ཞུགས༔ དེ་ནས་སྐྱེ་བོའི་ཚོགས་ཀྱིས་ཡིད་མ་འོས༔ རལ་གྲི་ཁྲག་ཅན་མཐོང་ནས་སྨྲས་པ་ནི༔ སངས་རྒྱས་བསྟན་ལ་རབ་ཏུ་བྱུང་བ་འདིས༔ བཟང་མོ་དང་ནི་ལྷན་ཅིག་དགའ་མགུར་སྤྱད༔ དགེ་འདུན་བསྟན་པ་ཅི་འདྲ་བསད་དོ་བསྒྲགས༔ དྲང་སྲོང་གོའུ་ཏ་མས་མ་ཉེས་པའི༔ བདེན་ཚིག་ཞི་བར་སྨྲས་ཀྱང་མ་ཕན་ཏེ༔ དམ་དུ་བཅིངས་ནས་རྒྱལ་པོའི་ཕྱག་ཏུ་ཕུལ༔ ཆད་པས་གཅད་ཕྱིར་གསལ་ཤིང་རྩེ་ལ་བསྐྱོན༔ མཁན་པོ་མདོག་ནག་གནས་སུ་འགྲོ་བ་ཡིས༔ ལམ་ནས་མཐོང་སྟེ་མདུན་དུ་ཕྱིན་ནས་སུ༔ སྨྲས་པ་ཀྱི་ཧུད་བུ་འདིས་ཅི་ཞིག་བྱས༔ གོའུས་སྨྲས་པ་མཁན་པོ་ལས་བསགས་མོད༔ མཁན་པོས་སྨྲས་པ་རྨ་ཕྱུང་བའམ་ནི༔ གནོད་པ་ཞིག་མ་བྱས་ན་དང་དྲག་སྟེ༔ གོའུས་སྨྲས་པ་མཁན་པོ་བདེན་པར་གསོན༔ གོའུ་ཏ་མས་བཟང་མོ་མ་བསད་ན༔ མཁན་པོའི་སྐུ་མདོག་གསེར་དུ་འགྱུར་བར་ཤོག༔ ཅེས་པའི་མ་ཉེས་བདེན་པ་བརྗོད་པ་ཡིས༔ མཁན་པོའི་པགས་པ་ནག་པོ་གསེར་དུ་གྱུར༔ དྲང་སྲོང་གསེར་མདོག་ཅན་ཞེས་ཡོངས་སུ་གྲགས༔ ལྷ་མིའི་ཁྱུ་མཆོག་ངོ་མཚར་མཆོག་ཏུ་གྱུར༔ དེ་ནས་མཁན་པོས་རྫུ་འཕྲུལ་རྫི་ཆར་ཕབ༔ ལུས་ལ་ཕོག་ནས་མེ་ང་དྲག་པོས་རེག༔ སྡུག་བསྔལ་གནས་ལེན་སྔོན་ཡུལ་སྤྱད་པ་ཡི༔ འཁྲིག་པའི་འདོད་ཆགས་རྗེས་སུ་དྲན་པར་བརྩམས༔ ཇི་བཞིན་ཇི་ལྟར་རྗེས་སུ་དྲན་བྱས་པས༔ ཁུ་བའི་ཐིགས་པ་གཉིས་དང་ཁྲག་འདྲེས་པ༔ ས་ལ་ལྷུང་བས་སྒོ་ང་གཉིས་སུ་གྱུར༔ ཉི་མའི་ཟེར་གྱིས་སྨིན་ཅིང་རྡོལ་བ་དང་༔ ཁྱེའུ་གཉིས་བྱུང་བུ་རམ་ཤིང་ཚལ་བཞུགས༔ དེ་ནས་སྨྲ་བ་ཅན་ནི་མང་པོ་བོས༔ གོའུ་ཏ་མ་གསལ་ཤིང་རྩེ་ནས་ཕབ༔ རྒྱལ་པོས་ཇི་ལྟར་བྱས་ཞེས་དྲིས་པ་ལས༔ གོའུ་ཏ་མ་དེ་ཉིད་ཤི་བར་གྱུར༔ དྲང་སྲོང་གསེར་མདོག་བདེན་པ་བརྗོད་པ་ནི༔ གོའུ་ཏ་མས་བཟང་མོ་མ་བསད་ན༔ ལས་སྨིན་གཡོན་ཅན་པདྨའི་རྩ་ལག་གྱུར༔ ཅེས་པའི་བདེན་བརྗོད་ལྷ་རྣམས་མཁའ་ལ་བྱོན༔ རྒྱལ་པོ་དམངས་ཀྱི་ཚོགས་ལ་ལྷས་སྨྲས་པ༔ ཉེས་མེད་དེ་དག་བསད་པ་ཇི་ལྟ་བུའི༔ རེ་བ་ཡོངས་སུ་རྫོགས་པར་མི་བྱེད་པའི༔ རྒྱལ་པོ་ཆོས་ལ་མི་གནས་ཆོས་མིན་ཕྱོགས༔ སེམས་ཅན་རྣམས་ལ་བདེ་བ་མི་འབྱུང་ཞིང་༔ གྲོང་ཁྱེར་ཀུ་ཤའི་ཚོང་དུས་འཇིག་པར་འགྱུར༔ ཡུལ་འཁྲུག་ནད་ཡམས་མུ་གེ་འབྱུང་བར་འགྱུར༔ དེར་ནི་ཇག་ཆོམ་གཡོ་བྱེད་མང་བར་འགྱུར༔ ཚེ་འདིར་ལེགས་པར་བྱས་དང་ཉེས་པར་བྱས༔ བྱ་བ་གང་ཡིན་བྱེད་ན་ཆོས་རྒྱལ་ཡིན༔ ཆོས་དང་མི་ལྡན་སྐྱེ་བོ་ངན་པ་བཀུར༔ ཆོས་ལྡན་ཉེས་མེད་ཆད་པས་བཅད་པ་ན༔ ཁྲིམས་འཇིག་ཉོན་མོངས་བརྒྱ་ཡིས་རྣམ་པར་འཁྲུག༔ དེ་བས་ཉེས་བྱས་ནག་ཅན་གང་ཡིན་པ༔ རང་གི་མི་དགེའི་ས་བོན་བཏབ་པ་ཡིས༔ རྣམ་སྨིན་འདི་བྱས་པ་ན་འདི་འབྱུང་ཡིན༔ གོ་དོན་རྣ་བར་ལྷོན་ལ་སེམས་ལ་གཞིགས༔ སྟོབས་མཐུས་ཉེས་པར་བྱས་པ་ཞི་བའི་ཕྱིར༔ དྲག་པོས་ཚར་བཅད་ལུས་ཀྱི་སྟོབས་ཉམས་གཞུག༔ དབང་པོའི་དངས་མ་མིག་གཉིས་འབྱིན་པ་དང་༔ ཡན་ལག་དམ་པ་མགོ་བོ་འབྲེག་པ་དང་༔ རྒྱུ་འབྲས་རྣམ་པ་ཐ་དད་བསྟན་པའི་ཕྱིར༔ སྔངས་སྐྲག་དྲག་ལས་མང་པོ་གང་ཡང་རུང་༔ མི་དགེའི་ལུས་སེམས་དགེ་བའི་ཁྲིམས་ཀྱིས་འཛིན༔ དངོས་པོའི་ངོ་བསྲུང་ཕྲ་མའི་ཕྱོགས་མིན་པར༔ འཇིག་རྟེན་སྐྱོང་བ་རྒྱལ་པོའི་ཁྲིམས་བཞིན་བསྲང་༔ མ་དད་པ་རྣམས་དད་པར་བགྱི་བ་དང་༔ དད་པ་རྣམས་ནི་སླར་གྱིས་དད་པར་གྱིས༔ མི་བསྲུན་སྡིག་ཅན་གཡོན་ཅན་འདུལ་བའི་ཕྱིར༔ དཔའ་བརྟན་གོ་ཆ་སྲ་ཞིང་མཚོན་རྣོ་བ༔ ས་གཞི་རབ་ཏུ་གཡོ་བའི་ལས་བྱེད་ན༔ ཆ་ལུགས་གཞན་ཡང་ཉེ་འཁོར་འཁོད་པར་འགྱུར༔ ཆར་ཆུ་དུས་འབབ་རྒྱལ་ཁམས་སྐྱ་ཡང་རྒྱས༔ མི་རྣམས་ཀུན་ལ་བདེ་ལེགས་འབྱུང་བའི་རྟགས༔ མི་ནད་ཕྱུགས་ནད་ལ་སོགས་ཆད་པ་དང་༔ ཆོས་ཀྱི་བསྟན་པ་འབྱུང་བར་སྨོས་ཅི་དགོས༔ དེ་སྐད་ལྷ་རྣམས་ཀུན་གྱིས་སྨྲས་པ་དང་༔ རྒྱལ་པོ་ཆེན་པོ་བཞི་ནི་མདུན་ལྷགས་ནས༔ གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི༔ གསེར་གྱི་མདོག་དང་བསོད་ནམས་བརྒྱ་ཡིས་མཚན༔ བལྟ་ན་སྡུག་ཅིང་མིག་ཏུ་མངོན་མཛེས་ལ༔ ལྷ་སྟོང་བྱེ་བ་རབ་ཏུ་དགའ་བར་བྱེད༔ སྐྱེ་བོས་མཐོང་དགའ་ལུས་ནི་རྟག་ཏུ་འཐོབ༔ བསྐལ་པ་དག་ནི་བྱེ་བ་བརྒྱ་སྟོང་ཕྲག༔ དགུ་བཅུ་རྩ་དགུར་འཁོར་ལོས་སྒྱུར་རྒྱལ་འགྱུར༔ ས་སྟེང་གནས་རྣམས་རལ་གྲི་གར་སོང་ལྟོས༔ ཞེས་པའི་ཚིག་སྨྲས་རྒྱལ་ཆེན་བཞི་རྣམས་ཀྱིས༔ རལ་གྲི་ཁྲག་ཅན་ནམ་མཁའི་དབྱིངས་ལ་བོར༔ བཟང་མོ་གསོད་མི་སུ་ཡིན་སྟེང་དུ་ཤོག༔ དམོད་པ་བོར་བས་རལ་གྲི་ཐོག་གྱུར་ནས༔ པདྨའི་རྩ་ལག་སྟེང་བབས་ཤི་བར་གྱུར༔ ཐོག་ཟེར་བུ་མོ་གྲོགས་སྤྱོད་གཉིས་ལ་ཕོག༔ གོའུ་ཏམ་སུམ་ཅུ་རྩ་གསུམ་ལྷ་ཡུལ་དུ༔ སྐུ་གསུམ་སྟོན་པ་ཀུན་ཏུ་འཆང་དུ་བཞེངས༔ རྒྱལ་པོ་དེ་ཉིད་ཁྲིམས་ལ་མཁས་པར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བསྟན་པ་གཉིས་ལྡན་བྱུང་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༩ གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པ།

 

དེ་ནས་ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་འཆང་༔ དད་པ་ཅན་གྱི་ལྷ་གནས་ཕོ་མོ་རྣམས༔ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་བསྟན༔ བྲམ་ཟེའི་ཁྱེའུ་བླ་མ་ཚེ་འཕོས་པ༔ ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱ་ལ༔ དབང་གི་ཆུ་བོ་ཆེན་པོ་བཞི་ཕབ་སྟེ༔ ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་དབང་༔ ཕྱི་ཡི་ཆས་བརྒྱད་སྤྲུལ་པའི་སྐུ་རུ་བསྐུར༔ ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་དབང་༔ ནང་གི་ཆས་བརྒྱད་ལོངས་སྤྱོད་རྫོགས་སྐུར་བསྐུར༔ རིག་པའི་རྩལ་དབང་ཡི་དམ་ལྷ་ཡི་དབང་༔ གསང་བའི་ཆས་བརྒྱད་ཆོས་ཀྱི་སྐུ་རུ་བསྐུར༔ ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་༔ དབང་གི་ཆས་བཅུ་མི་འགྱུར་རྡོ་རྗེར་བསྐུར༔ སྐུ་ལྔའི་བདག་ཉིད་བླ་མེད་རྡོ་རྗེ་འཆང་༔ ཡུམ་འཁྲིལ་ལྟ་བ་སྤྱི་འབྱམས་མངོན་བྱང་བསྐུར༔ དེ་ལྟར་སྒོས་དབང་རྫོགས་པར་བསྐུར་བྱས་ནས༔ དེ་ནས་སྤྱི་དབང་བཅུ་པོ་བསྐུར་བ་ནི༔ བདུད་རྩི་ཐོབ་ཕྱིར་ཚེ་ལ་དབང་བར་བསྐུར༔ སེམས་ཤེས་ཕྱིར་ན་སེམས་ལ་དབང་བར་བསྐུར༔ ནམ་མཁའ་མཛོད་ཕྱིར་ཡོ་བྱད་བརྙེས་དབང་བསྐུར༔ བག་ཆགས་དང་བཅས་ལས་ཀྱི་ལམ་བཅད་ཕྱིར༔ ལས་ལམ་བཅད་པ་ཏིང་ངེ་འཛིན་དབང་བསྐུར༔ བསམ་གཏན་བསྐྱེད་ཕྱིར་སྐྱེ་བའི་དབང་ནི་བསྐུར༔ ལྷུན་གྲུབ་འཇུག་པ་ཐོབ་ཕྱིར་རྫུ་འཕྲུལ་བསྐུར༔ ཟད་པར་སྐྱེ་མཆེད་ཐོབ་ཕྱིར་མོས་པ་བསྐུར༔ བསམ་པ་དོན་ཐོབ་བྱ་ཕྱིར་སྨོན་ལམ་བསྐུར༔ ལུས་ངག་ཡིད་ཀྱི་ལས་ཐོབ་ཡེ་ཤེས་བསྐུར༔ ཆོས་དབྱིངས་ཡང་དག་མཐའ་མཉམ་དྲི་མེད་ཕྱིར༔ ཆོས་ལ་དབང་བའི་དབང་དང་བཅུ་བསྐུར་རོ༔ ཁྱད་པར་དབང་ནི་ཉི་ཤུ་རྩ་ལྔ་བསྐུར༔ སྐུ་ཡི་དབང་ལྔ་སྤྱི་བོའི་གཙུག་ཏུ་བསྐུར༔ གསུང་གི་དབང་ལྔ་མགྲིན་པའི་གནས་སུ་བསྐུར༔ ཐུགས་ཀྱི་དབང་ལྔ་སྙིང་གའི་གནས་སུ་བསྐུར༔ ཡོན་ཏན་དབང་ལྔ་ལྟེ་བའི་གནས་སུ་བསྐུར༔ འཕྲིན་ལས་དབང་ལྔ་ཡན་ལག་ཀུན་ལ་བསྐུར༔ ལྷ་བརྒྱ་སྟོང་གིས་བསྟོད་ཅིང་བཀུར་ཏེ་བསྔགས༔ སིལ་སྙན་སྒྲ་དང་གླུ་དབྱངས་སྒྲ་ཡིས་བསྐུལ༔ དེ་ནས་ཏོག་དཀར་མི་ཡུལ་བྱོན་པ་ལས༔ ལྷ་འཁོར་རྣམས་ལ་བྱམས་པས་ཆོས་སྟོན་འགྱུར༔ དེ་ཕྱིར་ཏོག་དཀར་རང་གི་མགོ་ནས་ནི༔ ཐོད་དང་ཅོད་པན་བྱམས་པའི་མགོ་ལ་བཞག༔ ཁྱོད་ནི་ང་ཡི་འོག་ཏུ་སངས་རྒྱས་འགྱུར༔ ཞེས་པའི་ལུང་བསྟན་དབང་བསྐུར་གཟེངས་བསྟོད་ནས༔ སེར་སྐྱའི་རྒྱལ་པོ་ཟས་གཙང་སྲས་ལ་གཤེགས༔ དེ་ནས་བླ་མེད་སྟོན་པ་ཀུན་ཏུ་འཆང་༔ མི་ཡུལ་ཡོ་ག་གསུམ་གྱིས་འདུལ་བར་གཟིགས༔ འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་དེ༔ ལྷའི་བུ་ཡེ་ཤེས་ཏོག་གི་རྒྱལ་མཚན་ཞེས༔ དབང་གི་ཆུ་བོ་ཆེན་པོ་བཞི་ཕབ་ནས༔ ལྷ་མང་དབུས་ཀྱི་ཁྱུ་མཆོག་མངའ་གསོལ་ཏེ༔ རྒྱལ་པོ་གཙུག་ཕུད་རིས་བཟང་སྲས་ལ་གཤེགས༔ དེ་ཡི་གཤེགས་ཡུལ་ནུབ་ཕྱོགས་ཨུ་རྒྱན་ཡུལ༔ ཡུལ་གླིང་ཉི་ཤུ་རྩ་གཅིག་ཡོད་པའི་དབུས༔ ཨུ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་བྱང་༔ ཧེ་རུ་ཀ་ཡི་གཙུག་ལག་ཁང་ཞེས་པ༔ རྒྱུ་ནི་རིན་ཅེན་སྣ་ཚོགས་ལས་གྲུབ་ཅིང་༔ དབྱིབས་ནི་ཟླུམ་པོ་མདོག་ནི་མཐིང་ག་སྟེ༔ ལྷ་ཁང་ཚད་ནི་ཚངས་པའི་འདོམ་གང་བ༔ ཕྱོགས་བཞི་དག་ལ་སྒོ་ནི་བཅུ་དྲུག་པ༔ འབྱེད་གཅོད་ཐམས་ཅད་དུས་གཅིག་བྱེད་པ་ཡོད༔ མཁའ་འགྲོས་བདག་བྱེད་རང་བྱུང་གཙུག་ལག་ཁང་༔ ཨུ་ཏ་ལ་ཡི་གཙུག་ལག་ཁང་ཡང་ཟེར༔ ལུང་བསྟན་གྱི་ནི་ལྷ་ཁང་ཞེས་ཀྱང་ཟེར༔ གྷནྡྷོ་ལ་ཡི་གཙུག་ལག་ཁང་ཡང་ཟེར༔ དེ་ཡི་བདག་པོ་འདོད་པ་བཞིན་བྱེད་པ༔ རྒྱལ་པོ་གཙུག་ཕུད་རིས་བཟང་ཞེས་བྱ་སྟེ༔ བཙུན་མོ་མཆོད་འོས་མ་ཞེས་བྱ་བ་ལ༔ རྒྱལ་བུ་མཚེ་མ་གཉིས་ནི་དུས་གཅིག་སྐྱེས༔ རྒྱལ་བུ་གཉིས་ཀར་དུས་གཅིག་ཁབ་བཞེས་ནས༔ སྲས་གང་སྔ་དེ་རྒྱལ་སར་འདོན་ནོ་གསུངས༔ བག་མ་གཉིས་ནི་ཉིན་གཅིག་དུས་གཅིག་བླངས༔ རྒྱལ་པོ་གཙུག་ཕུད་རིས་བཟང་ཞལ་ན་རེ༔ རྒྱལ་བུ་དུས་གཅིག་སྐྱེ་ཉེན་ཡོད་པས་ན༔ སྐད་ནི་གང་སྔ་ཞིག་གིས་བྱེད་པ་ཡིན༔ ངའི་ཁྲིའི་གཡས་གཡོན་ཉོལ་ཅིག་གསུངས་ནས་བསྙལ༔ ཐོར་ཚུགས་ཅན་གྱི་བཙུན་མོ་གུ་ན་མ༔ གཉིད་ལོག་པ་ཡི་རྨི་ལམ་ཟ་ཟི་ན༔ ལུས་ནས་མི་ཆེན་དཀར་པོ་ཞིག་ཐོན་ནས༔ རྩི་ཤིང་ནགས་ཚལ་ཐམས་ཅད་བཅད་པའི་ཤུལ༔ ས་དཀར་བྱུགས་ཏེ་རྣམ་པར་དཀར་བར་རྨིས༔ གཅིག་ལ་མོ་ཡི་ལུས་ནས་མི་ནག་ཐོན༔ མགོ་བོ་ཉི་ཟླའི་གསེབ་ཏུ་འཚངས་པ་རྨིས༔ རྒྱལ་པོ་ཉིད་ལ་ཐུགས་ནས་འོད་ཟེར་ནི༔ ཁ་དོག་ལྔ་སོང་ཉི་ཟླའི་གསེབ་སོང་རྨིས༔ ནང་པར་རྨི་ལྟས་ང་བཟང་ང་བཟང་ཟེར༔ རྨིས་ལྟས་མཁན་པོ་བོས་ནས་དྲིས་པ་ཡིས༔ མི་དཀར་དེ་ནི་འགྲོ་བའི་དོན་བྱེད་པའི༔ རྒྱལ་བུ་སྤྲུལ་པའི་སྐུ་ཞིག་སྐྱེ་བའི་རྟགས༔ རྩི་ཤིང་བཅད་པ་གདུག་པ་འདུལ་བ་ཡིན༔ ས་དཀར་བསྟན་པ་རྒྱས་པའི་རྟགས་ཡིན་ནོ༔ གཅིག་གི་ལུས་ནས་མི་ནག་ཆེན་པོ་དེ༔ རྒྱལ་ས་འཛིན་རྟགས་སྲས་འོང་ལུང་བསྟན་ནོ༔ ལོ་དེའི་དཔྱིད་ཟླ་ར་བའི་རྒྱལ་གྱི་ཉིན༔ བུ་རེ་སྐྱེས་ཏེ་སྐད་ཀྱང་མཉམ་པོར་བཏོན༔ ལྟས་བཟང་བྱུང་བས་ཐོར་ཅོག་ཅན་ན་རེ༔ དེ་མ་ཐག་ཏུ་ངའི་བུའི་ལྟས་ཡིན་ཟེར༔ རབ་རྩལ་ན་རེ་ངའི་བུའི་ལྟས་ཡིན་ཟེར༔ རྒྱལ་པོའི་རྒྱལ་ས་ང་ཡི་བུས་ཐོབ་ཟེར༔ དེ་ནས་རྒྱལ་པོས་རྒྱལ་སྲིད་མི་དམངས་བསྡུས༔ རྒྱལ་བུ་གཉིས་ལ་བཙས་སྟོན་ཆེན་པོ་བྱས༔ བྲམ་ཟེ་མཚན་མཁན་བུ་ཡི་མཚན་བརྟགས་ནས༔ རབ་རྩལ་བུ་ལ་ཐོར་ཅོག་ཅན་དུ་བཏགས༔ ཐོར་ཚུགས་བུ་ལ་ཤཱནྟ་རཀྵིར་བཏགས༔ བློན་རྣམས་རྒྱལ་པོ་གང་བྱེད་གྲོས་དྲིས་པས༔ བཞིན་བཟང་དཀྱེལ་ཆེ་ཞིག་གིས་རྒྱལ་པོ་གྱིས༔ ཟེར་བས་ཐོར་ཅོག་ཅན་ནི་རྒྱལ་སར་བཏོན༔ ཤཱནྟ་རཀྵི་ཐང་མཚམས་འཛིན་དུ་བཅུག༔ དེ་ནས་ཤཱནྟས་རྒྱལ་སྲིད་མ་ཐོབ་བར༔ གང་ལའང་ཁོ་དང་ང་གཉིས་མཉམ་པ་ལ༔ ཁོ་ཡིས་རྒྱལ་པོ་ང་ཉིད་དམངས་བྱེད་པ༔ འདི་འདྲ་མི་འོང་མི་འོས་སྙམ་ནས་སུ༔ རྒྱལ་སྲིད་དག་ལ་ཅི་གནོད་བྱས་པ་ཡིས༔ ཆད་པ་བྱུང་ནས་མཐའ་ལ་སྤྱུགས་པར་གྱུར༔ དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་ནུབ༔ དུར་ཁྲོད་ཆེན་པོ་སོ་ས་གླིང་བྱ་བ༔ མཐའ་སྐོར་དུ་ནི་དཔག་ཚད་གཅིག་ཡོད་པ༔ དེ་ཉིད་དབུས་ན་རང་བྱུང་མཆོད་རྟེན་ནི༔ རྒྱ་ཆེ་གཏིང་རིང་འཁོར་ལོ་གདུགས་དང་བཅས༔ རྒྱུ་ནི་རིན་ཅེན་དངུལ་ལས་བྱས་པ་ཡི༔ དྲིལ་བུ་གཡེར་ཁའི་དྲ་བ་དྲ་ཕྱེད་སྤྲས༔ ཉི་མ་དང་ནི་ཟླ་བས་བརྒྱན་པ་ལ༔ དེ་ལོགས་ཀཻ་རི་མ་བརྒྱད་རང་བྱུང་གནས༔ དེ་ཡི་བྱང་ཤར་མུན་ཐང་ཞེས་བྱའི་མཚོ༔ ནང་ན་ཆུ་སྲིན་ལ་སོགས་སྲོག་ཆགས་གཟུགས༔ ཐ་མ་སྣ་ཚོགས་འདུས་པའི་བྲག་གིས་བསྐོར༔ དེ་ཡི་ལྷོ་ནུབ་འཇིག་རྟེན་ལྷ་རྟེན་ནི༔ ཤིང་ནགས་ནྱ་གྲོ་དྷ་ཞེས་བྱ་བ་ལ༔ སྟེང་ན་དུར་བྱ་ནག་པོའི་ཚང་ཡོད་པ༔ རྐེད་པར་དུག་སྦྲུལ་ནག་པོའི་ཚང་བཅས་ཤིང་༔ རྩ་བར་དུར་ཕག་ནག་པོའི་ཚང་ཡོད་པར༔ འཇིག་རྟེན་ལྷ་ནི་དགའ་བྱེད་གཞོན་ནུ་ཞེས༔ གདོང་པ་སེང་གེ་ལག་བཞིས་རལ་གྲི་དང་༔ མི་མགོ་གཏུན་ཤིང་རྩེ་གསུམ་རོ་བཀལ་འཛིན༔ ཐོད་པའི་ཕྲེང་བས་ལུས་ཀུན་བརྒྱན་པ་ལ༔ ལུས་ལ་དར་ཆེན་སྔོ་ཁྲའི་འཇོལ་བེར་གསོལ༔ གསོད་བྱེད་མ་མོ་འབུམ་གྱིས་བསྐོར་ནས་ནི༔ གླང་པོ་ཆེ་ཞོན་ཤ་དང་ཁྲག་ལ་དད༔ དེ་ན་མཁའ་འགྲོ་མ་ཚོགས་དཔག་མེད་དེ༔ ལ་ལ་སེང་གེ་ཞོན་ནས་སྐྲ་གྲོལ་བ༔ ལག་ཏུ་ཐོད་པ་དགུ་བརྩེགས་རྒྱལ་མཚན་ཕྱར༔ ལ་ལ་བྱ་ཚོགས་ཞོན་ནས་ཀུ་ཅོ་འདོན༔ ལག་ཏུ་སེང་གེ་དག་གི་རྒྱལ་མཚན་ཕྱར༔ ལ་ལ་ལུས་གཅིག་གདོང་བཅུ་རྒྱུ་སྙིང་ཟ༔ ལ་ལ་བུད་མེད་ནག་མོ་རལ་བསྙིགས་མ༔ ཁ་ཡི་ནང་ནས་ཁྱི་སྤྱང་འབྱུང་བར་བྱེད༔ ལ་ལ་མི་ལུས་གཤོག་པ་ནམ་མཁའ་མཉམ༔ གནམ་ལྕགས་ཐོག་གི་ཆར་པ་འབེབས་པར་བྱེད༔ ལག་པ་དག་ན་སྟག་གི་རྒྱལ་མཚན་ཐོགས༔ ལ་ལ་རང་གི་ལུས་ཀྱི་སྟོད་སྨད་འདྲལ༔ ལ་ལ་རང་གི་ཡན་ལག་བཅད་ནས་སུ༔ ཕྱོགས་བཞི་མཚམས་བརྒྱད་དག་ལ་གཏོར་བ་ཡོད༔ དེ་ལྟར་རྫུ་འཕྲུལ་སྣ་ཚོགས་སྟོན་བྱེད་པ༔ དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་ངོ་༔ དེ་ན་དུར་བྱ་དུར་ཕག་དུག་སྦྲུལ་དང་༔ ཅེ་སྤྱང་ཁ་དོག་མི་འདྲ་མང་པོ་དང་༔ སྤྱང་ཀི་ཀ་ལི་ཀ་ལ་སོགས་པ་དང་༔ མི་རོ་གསར་རྙིང་དཔག་ཏུ་མེད་པ་དང་༔ ཤ་དང་རུས་པ་ཁྲག་གི་རྒྱ་མཚོ་དང་༔ མི་མགོ་སྐམ་པོ་རློན་པ་རྙིང་པ་དང་༔ གཅན་གཟན་ལ་ལ་རོ་འདྲད་ལ་ལ་ཟ༔ ལ་ལ་རྒྱུག་ཅིང་ལ་ལ་ངུ་བ་དང་༔ ལ་ལ་མིག་འབྱིན་ལ་ལ་རྐང་པ་འཆའ༔ རུས་པ་མུར་དང་ཤ་ཟ་རྒྱུ་མ་འཐེན༔ རབ་ཏུ་འཇིགས་ཤིང་སྐྱི་བུང་དུར་ཁྲོད་དེར༔ ཤཱནྟ་རཀྵི་ཏ་ཡིས་ཕྱིན་ནས་སུ༔ འོད་མ་ལས་བྱས་ཤིང་གཞུ་ཤིང་མདའ་ཐོགས༔ ཕོ་བྱུང་བསད་ཅིང་མོ་བྱུང་སྤྱད་པ་ལས༔ མཁའ་འགྲོའི་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར༔ ཏིང་འཛིན་སྐྱོང་ཞིང་བརྒྱ་དང་དགུ་བཅུ་བཞུགས༔ དེ་ནས་སྤྲིན་ལྡན་རྒྱལ་ཁམས་འདུལ་བར་དགོངས༔ ཚོགས་ནས་ཕུང་པོ་ལྷག་མེད་འཇའ་ལྟར་ཡལ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ་སྟེ་དགུ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༡༠ སྤྲིན་ལྡན་རྒྱལ་ཁམས་བསྟན་པ་གཉིས་ལྡན་གྱིས་བཏུལ།

དེ་ནས་མི་ཡུལ་སྤྲུལ་སྐུའི་བསྟན་པ་ནི༔ སྤྲིན་ལྡན་རྒྱལ་པོ་གདུལ་བྱའི་ཞིང་དུ་གཟིགས༔ དེ་དང་དུས་མཚུངས་རྣམ་ཤེས་རྩད་གཅོད་ཅེས༔ བསྐྱེད་རྫོགས་གསུམ་གྱིས་དབང་པོ་རབ་རྣམས་འདུལ༔ སྣང་མཛད་འོག་ཏུ་འཇིག་རྟེན་མགོན་པོའི་དུས༔ གསང་སྔགས་སྐྱོང་བ་རྟགས་སྦྱོར་ཡེ་ཤེས་ཞེས༔ སྤྲུལ་སྐུའི་བསྟན་པ་རིན་ཅེན་གྲགས་དང་ནི༔ ལོངས་སྐུའི་བསྟན་པ་གཏུམ་པོ་ཕུར་འབྱིན་ཞེས༔ ནམ་མཁའི་དབྱིངས་ཀྱིས་སྤྲུལ་སྐུའི་བསྟན་པས་འདུལ༔ དོན་སྦྱོར་འཇུག་སྲེད་ལོངས་སྐུའི་བསྟན་པས་འདུལ༔ སྒྲ་གཅན་ཉི་མས་སྤྲུལ་སྐུའི་བསྟན་པས་འདུལ༔ ཁམས་གསུམ་ཡོངས་སྒྲོལ་ལོངས་སྐུའི་བསྟན་པས་འདུལ༔ ཚངས་པ་དྲི་མེད་སྤྲུལ་སྐུའི་བསྟན་པས་འདུལ༔ བཻཌཱུར་རྒྱལ་པོས་ལོངས་སྐུའི་བསྟན་པས་འདུལ༔ བགེགས་བདག་འོད་ཀྱི་མཆོག་ཅེས་བྱ་བ་དང་༔ བསྟན་གཉིས་དུས་མཚུངས་འགྲོ་བ་འདུལ་བའོ༔ སྤྲུལ་སྐུའི་བསྟན་པ་ལུས་ངག་གཙོ་བོར་སྟོན༔ དབང་པོ་ཞི་བ་དུལ་བ་ཐུགས་ཞི་བ༔ ཞི་གནས་དམ་པའི་ཕ་རོལ་ཕྱིན་པའོ༔ ལོངས་སྐུའི་བསྟན་པ་གསུམ་ག་གཙོ་བོར་སྟོན༔ དུག་ལྔ་མི་སྤོང་ཐུག་ཕྲད་ལམ་དུ་ཁྱེར༔ ཕུང་པོ་ལྔ་ནི་རིགས་ལྔ་བརྗོད་པ་སྔགས༔ སེམས་ནི་ཆོས་དབྱིངས་ལྷག་མཐོང་མི་འགྱུར་བ༔ རིགས་དྲུག་འདོད་པ་མཚན་ཉིད་ཐེག་པ་ཡིན༔ རིགས་གསུམ་འདོད་པ་གསང་སྔགས་ཕྱི་པའོ༔ རིགས་ལྔར་འདོད་པ་སྔགས་ནི་ནང་པ་ཡིན༔ འདི་ཡི་དུས་ན་འགྲོ་བ་འདི་དག་ལ༔ བསོད་ནམས་ཉམས་ཏེ་ལོངས་སྤྱོད་མར་མར་བྲི༔ ཕྱི་ལྟར་ས་ཆུ་མེ་ང་འབྱུང་བ་བཞི༔ འདོད་པའི་ཁམས་སུ་འདོད་ཆགས་རང་བཞིན་ལྡང་༔ ཐོག་མར་བལྟས་པས་ཚིམ་པའི་འདོད་ཆགས་བྱུང་༔ གཅིག་ལ་གཅིག་ལྟ་དེ་ལ་དགའ་བདེ་སྐྱེ༔ དེ་ནས་བགད་པས་ཚིམ་པའི་འདོད་ཆགས་བྱུང་༔ སྐད་ཆེར་གད་མོ་གཅིག་ལ་གཅིག་དགོད་དོ༔ དེ་ནས་ལག་བཅངས་ཚིམ་པའི་འདོད་ཆགས་བྱུང་༔ གཅིག་ལ་གཅིག་གིས་ལག་པ་བཅངས་ཤིང་འཇུ༔ དེ་ནས་རྩ་དང་ཆུ་རྒྱུས་ཐམས་ཅད་གཡོས༔ ཕོ་མོ་འཁྱུད་པས་ཚིམ་པའི་འདོད་ཆགས་བྱུང་༔ འདོད་ཆགས་བཞི་ལས་འབྱུང་བ་བཞི་འདུས་ནས༔ བལྟས་པས་འབྱུང་བ་ཆུ་ནང་གཟུགས་བརྙན་གསལ༔ བྱང་སེམས་བརླན་པས་རྫུས་སྐྱེས་ཆུ་རུ་སྨིན༔ བགད་པས་འབྱུང་བ་ང་ལངས་སྒྲ་བསྒྲགས་པས༔ རླུང་སྟོབས་བྱང་སེམས་གཉིས་ཀྱིས་མངལ་སྐྱེས་སོ༔ ལག་བཅངས་འབྱུང་བ་ས་འཛིན་གཟུགས་འཛིན་པས༔ ས་ཡི་གཟུགས་ནི་སྒོ་ང་ལས་སྐྱེས་སོ༔ གཉིས་གཉིས་འཁྱུད་པས་འབྱུང་བ་མེ་དྲོད་སྐྱེས༔ བྱང་སེམས་བསྐྱོད་པས་དྲོད་གཤེར་ལས་སྐྱེས་སོ༔ འདོད་ཆགས་བཞི་ལས་གླིང་བཞིར་གྱེས་པ་ནི༔ ཤར་གྱི་ལུས་འཕགས་འགྲོ་ཀུན་བརྫུས་ནས་སྐྱེ༔ ལྷོ་ཡི་ཛམྦུ་གླིང་པ་མངལ་ལས་སྐྱེ༔ ནུབ་ཀྱི་བ་ལང་སྤྱོད་པ་སྒོང་ལས་སྐྱེ༔ བྱང་གི་སྒྲ་མི་སྙན་པ་དྲོད་གཤེར་སྐྱེ༔ བལྟས་པས་ཚིམ་པ་ལོ་བརྒྱའི་བར་དུ་བྱུང་༔ བགད་པས་ཚིམ་པ་དྲུག་ཅུའི་བར་དུ་བྱུང་༔ ལག་བཅངས་ཚིམ་པ་ལྔ་བཅུའི་བར་དུ་བྱུང་༔ གཉིས་གཉིས་འཁྱུད་པས་འདོད་ཆགས་བཞི་ག་ཚང་༔ ཐོག་མར་འདོད་ཆགས་གཡོ་བས་བལྟས་པ་ཚང་༔ དེ་ནས་དགོད་ཅིང་འཛུམ་པས་བགད་པ་ཚང་༔ དེ་ནས་ལག་པ་འཇུས་པས་ལག་བཅངས་ཚང་༔ དེ་དག་འཛོམས་ནས་དབང་པོའི་སྒོ་སྦྱོར་བ༔ འཁྱུད་པས་ཚིམ་པའི་འདོད་ཆགས་ཞེས་བྱའོ༔ དེ་ལྟར་ཁྱེའུ་དང་ནི་བུ་མོ་རྣམས༔ ཤེས་རབ་ལྡན་པ་ཆོས་ཀྱིས་འདུལ་བའོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྤྲིན་ལྡན་རྒྱལ་ཁམས་བསྟན་པ་གཉིས་ལྡན་གྱིས་བཏུལ་བའི་ལེའུ་སྟེ་བཅུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༡ རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པ།

དེ་ནས་ཤཱཀྱ་ཐུབ་པའི་ཞིང་ཁམས་དང་༔ རིགས་གསུམ་མགོན་པོའི་ཞིང་ཁམས་འདུལ་བའི་ཕྱིར༔ ཁྱད་པར་བོད་ཁམས་འདྲེ་དང་མ་སངས་ཡུལ༔ དུད་འགྲོའི་རྒྱལ་ཁམས་སྤྲེའུའི་ཚ་བོ་རྣམས༔ ཆོས་ལ་བཀོད་པར་བྱ་བའི་སྐྱེས་རབས་ནི༔ ཤཱཀ་ཐུབ་ཚེ་ལོ་བརྒྱད་ཅུའི་དུས་བྱོན་ནས༔ མཚན་ཉིད་ཐེག་པ་འཁོར་ལོ་རིམ་པ་གསུམ༔ གསང་སྔགས་ཕྱི་པ་དང་ནི་བཞི་རུ་བསྐོར༔ བླ་མེད་རྡོ་རྗེ་ཐེག་པ་བསྐྱེད་རྫོགས་གསུམ༔ ཆོས་ཀྱི་རྣམ་གྲངས་ཚིག་གཅིག་མ་གསུངས་པར༔ ཕྱིས་ནི་འབྱུང་འགྱུར་ལུང་དུ་བསྟན་པའོ༔ ཅི་ཕྱིར་ལྟ་སྤྱོད་སྦྱོར་སྒྲོལ་ཟབ་པའི་ཕྱིར༔ འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཕྱིར༔ བསྟན་པའི་གཞི་མ་དགེ་འདུན་ཡིན་པའི་ཕྱིར༔ ཡུལ་གཅིག་རྒྱ་གར་རྡོ་རྗེ་གདན་གཅིག་ན༔ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་༔ བྱུང་ན་མི་སྲིད་མདོ་སྔགས་ལུང་དང་འགལ༔ དེ་བཞིན་འཁོར་ལོས་སྒྱུར་རྒྱལ་གཉིས་མི་འབྱུང་༔ བྱུང་ན་བསྟན་པའི་ཆོམ་པོ་དམར་ལས་མཁན༔ བསྟན་པའི་སེལ་ཏེ་ཚབས་ཆེར་སྤང་བར་བྱ༔ དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ༔ མི་མཆོག་མཚུངས་མེད་པདྨ་འབྱུང་གནས་དེ༔ སངས་རྒྱས་སྲས་སུ་མདོ་སྔགས་ལུང་ནས་གསུངས༔ དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ལས༔ འདི་ནས་ལོ་ནི་བཞི་གཉིས་ན༔ དྷ་ན་ཀོ་ཤའི་མཚོ་གླིང་ན༔ རང་འཁྲུངས་པདྨའི་སྟེང་དུ་ནི༔ པདྨ་འབྱུང་གནས་ཞེས་བྱ་བ༔ གསང་སྔགས་བསྟན་པའི་བདག་པོ་འབྱུང་༔ ཞེས་པ་དང་༔ བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས༔ འདི་ནས་མྱ་ངན་འདས་འོག་ཏུ༔ ལོ་ནི་བཅུ་རུ་གཉིས་ཆད་ན༔ འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག༔ ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་༔ པདྨ་འབྱུང་གནས་ཞེས་བྱ་བ༔ གསང་སྔགས་བསྟན་པ་ལུང་དུ་སྟོན༔ ཞེས་པ་དང་༔ བཀའ་འདུས་རྩ་བའི་རྒྱུད་ལས་ཀྱང་༔ སྤྱི་དཔལ་ཆེན་པོ་ང་དང་གཉིས་སུ་མེད་པ༔ མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ་ད་ལྟ་ང་དང་ཚུལ་མཐུན་པ་ཞིག་འབྱུང་༔ དེས་བཀའ་འདུས་སྤྱི་ཏིའི་ཐེག་པ་འདི་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་གཙུག་ལག་འཛིན་ལ་སོགས་པ་ལ་རྒྱ་ཆེར་སྟོན་པར་འགྱུར༔ ཞེས་གསུངས་སོ༔

མྱ་ངན་འདས་པའི་མདོ་ལས༔ ཤིང་སཱ་ལའི་དྲུང་རྩཱ་མཆོག་གཉིས་ཀྱི་བར་ན༔ བཅོམ་ལྡན་འདས་ལ་འོད་སྲུངས་དང་གཅུང་དགའ་བོ་མ་གཏོགས་པ༔ དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནས༔ ཉེ་གནས་ཆེན་པོ་ཀཱ་ཏྱ་ཡ་ན་དང་༔ ཙུནྡ་དང་༔ ཀུན་དགའ་བོ་རྣམས་ལ་བཀའ་སྩལ་པ༔ ང་ནི་ཡོངས་སུ་མྱ་ངན་ལས་འདའོ༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིག༔ མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ༔ ང་ལས་ལྷག་པའི་སྐྱེས་བུ་འབྱུང་༔ ཁྱེད་རྣམས་ངུ་བར་མ་བྱེད་ཅིག༔ ཚེ་ལོ་གྲངས་མེད་ཐུབ་པ་ཡང་༔ ཐ་མ་འཆི་བར་ཤེས་པར་བྱ༔ ཞེས་གསུངས་སོ༔ ཤིན་ཏུ་བདེན་པར་གསུང་ཞིང་བརྫུན་མེད་པ༔ མདོ་ལྟར་རྒྱལ་བ་ཤཱཀྱ་ཐུབ་པར་གྲགས༔ སྔགས་ལྟར་གུ་རུ་པདྨ་འབྱུང་གནས་ཞེས༔ དེ་ཉིད་སྐུ་ཡི་འཁྲུངས་ཚུལ་མང་ན་ཡང་༔ ཞིང་ཁམས་འདི་ཡི་འཁྲུངས་ཚུལ་འདི་ལྟ་སྟེ༔ རྒྱ་གར་ཡུལ་གླིང་ཆེན་པོ་དགུ་ཡོད་པའི༔ དབུས་ན་ཐུབ་པའི་བཞུགས་གནས་རྡོ་རྗེ་གདན༔ དེ་ཡི་ཤར་ཕྱོགས་བྷངྒ་ལ་ཡི་གླིང་༔ ལྷོ་ཕྱོགས་བེ་དྷའི་གླིང་ཞེས་བྱ་བ་ཡོད༔ ནུབ་ཀྱི་ཕྱོགས་ན་ཨུ་རྒྱན་གླིང་ཞེས་ཡོད༔ བྱང་གི་ཕྱོགས་ན་ཁ་ཆེའི་གླིང་ཞེས་ཡོད༔ ཤར་ལྷོ་མཚམས་ན་ཟ་ཧོར་གླིང་ཞེས་ཡོད༔ ལྷོ་ནུབ་མཚམས་ན་ཁང་བུའི་གླིང་ཞེས་ཡོད༔ ནུབ་བྱང་མཚམས་ན་ཟངས་གླིང་ཞེས་བྱ་ཡོད༔ བྱང་ཤར་མཚམས་ན་ཀ་མ་རུ་པའི་གླིང་༔ ཡུལ་གླིང་དགུ་པོ་མི་རིགས་མི་འདྲ་ཞིང་༔ ལ་ལ་གཟུགས་ཆེ་ལ་ལ་ཆུང་བ་ཡོད༔ ལ་ལ་དཔེ་མེད་མཚར་ལ་ལ་ལ་གོག༔ གླིང་རེ་ན་ཡང་སྐད་རིགས་མི་གཅིག་ཅིང་༔ སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ་ཡོད༔ ཡི་གེ་མི་འདྲ་སུམ་བརྒྱ་དྲུག་ཅུ་ཡོད༔ དཔེར་ན་རྒྱ་གར་ཤར་སྐད་བྱ་བ་དང་༔ དེ་བཞིན་ལྷོ་སྐད་ནུབ་སྐད་བྱང་སྐད་དོ༔ གླིང་གཞན་ལ་ཡང་དེ་བཞིན་ཤེས་པར་བྱ༔ གོས་སུ་རས་གོས་འཚོ་བ་འབྲས་ཟན་མཐུན༔ སྤྱོད་པ་ལུས་རྒྱན་འདོགས་ཚུལ་མི་མཐུན་ནོ༔ གླིང་རེ་ན་ཡང་རྒྱལ་པོ་མང་དུ་ཡོད༔ སྲིད་སྐྱོང་རྒྱལ་པོ་རེ་དང་ཆོས་རྒྱལ་རེ༔ སྲིད་སྐྱོང་རྒྱལ་པོས་ཆོས་ལ་ཁ་མི་འཇུག༔ ཆོས་སྐྱོང་རྒྱལ་པོས་སྲིད་ལ་ཁ་མི་འཇུག༔ རྒྱ་གར་རྒྱལ་ཁྲིམས་ཤིན་ཏུ་གཉན་པ་ཡིས༔ རིགས་དེའི་ལས་མིན་འཆོལ་བར་སྤྱད་དུ་མེད༔ མཚན་ཉིད་ཆོས་ཀྱི་བདེན་པ་མཐོང་བ་ལ༔ དྲང་སྲོང་ཞེས་སུ་མཚན་ནི་གསོལ་བ་ཡིན༔ གསང་སྔགས་ཆོས་ཀྱི་བདེན་པ་མཐོང་བ་ལ༔ གྲུབ་ཐོབ་ཅེས་ནི་མཚན་དུ་གསོལ་བ་ཡིན༔ དབུ་ཟླུམ་ཞབས་རྗེན་ངུར་སྨྲིག་འཆང་བ་དང་༔ མི་དགེ་བཅུ་སྤོང་སྤྱོད་པ་ཞིབ་པ་ལ༔ དགེ་འདུན་ཞེས་ནི་མཚན་དུ་གསོལ་བ་ཡིན༔ ལྕང་ལོ་ཆས་བརྒྱད་རྒྱན་དྲུག་འཆང་བ་དང་༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་ས་སྡེ་འཛུགས༔ གསང་སྔགས་རྣལ་འབྱོར་པ་ཞེས་མཚན་དུ་གསོལ༔ དེ་དག་ཀུན་གྱི་མཐུན་རྐྱེན་བསྲིང་བ་ལ༔ ཡོན་བདག་ཅེས་སུ་མཚན་ནི་གསོལ་བ་ཡིན༔ སོ་སོར་ཐར་པ་རིགས་ནི་བདུན་ནམ་བརྒྱད༔ བྱམས་པ་ལྔ་དང་སྙིང་རྗེ་ལྔ་དང་ནི༔ བཏང་སྙོམས་ལྔ་དང་དགའ་བ་ལྔ་ལ་སྦྱོར༔ བསླབ་པ་གསུམ་མམ་ཉི་ཤུ་སྟོན་པ་ནི༔ མཁན་པོ་ཞེས་སུ་མཚན་ནི་གསོལ་བ་ཡིན༔ ལྟ་སྤྱོད་དབང་ངམ་དཀྱིལ་འཁོར་རབ་ཏུ་གནས༔ འཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་སྦྱོར་སྒྲོལ་གཉིས༔ སྒྲུབ་ཆེན་བརྒྱད་ལ་ཕྱག་ལེན་འདེབས་པ་ནི༔ བླ་མ་ཞེས་སུ་མཚན་ནི་གསོལ་བ་ཡིན༔ དེ་དག་གང་དང་འབྲེལ་མེད་ཡ་མ་ཟུང་༔ བསྟན་པ་གཉིས་ཀྱི་སེལ་དེ་ཚར་གཅོད་དོ༔ ཆོས་ཀྱི་རྔ་ཆེན་བརྡུངས་པས་ཐམས་ཅད་འདུ༔ ཉན་དབང་ཆོས་ཀྱི་རྒྱལ་པོའི་ཁྲི་ཞིག་བརྩིགས༔ ཚར་གཅོད་སྲིད་སྐྱོང་རྒྱལ་པོའི་ཁྲི་ཞིག་བརྩིགས༔ གཡས་སུ་རྣལ་འབྱོར་ཕོ་མོ་ཐམས་ཅད་བསྒྲིགས༔ གཡོན་དུ་དགེ་འདུན་ཕོ་མོ་ཐམས་ཅད་བསྒྲིགས༔ མདུན་དུ་སྐྱེ་བོ་ཕོ་མོ་ཐམས་ཅད་འཚོགས༔ དགུང་ལ་བསྟན་བཅོས་རྩོམ་མི་ཆོས་དེ་དང་༔ གཡས་གཡོན་རྒྱལ་མཚན་ཁྲི་དང་བཅས་པ་སྡོད༔ ཆོས་སྐྱོང་རྒྱལ་པོས་ཆོས་དེ་གང་ཡིན་འདྲི༔ མི་དེས་འདི་ལྟར་ཡིན་ཞེས་ཁས་བླངས་ནས༔ མདོ་ཆོས་ཡིན་ན་དགེ་འདུན་གྲལ་ལ་འགྲིམ༔ སྔགས་ཆོས་ཡིན་ན་རྣལ་འབྱོར་གྲལ་ལ་འགྲིམ༔ བརྟག་གཞིག་བཏང་ནས་རྒྱལ་པོའི་ཕྱག་ཏུ་འབུལ༔ རྒྱལ་པོས་ལོ་དང་ཟླ་བར་བརྟག་པ་བྱེད༔ རྒྱལ་བའི་བཀའ་ཡིས་གནང་ངམ་མི་གནང་ལྟ༔ འཕགས་པའི་ལུང་གིས་གྲུབ་བམ་མི་གྲུབ་ལྟ༔ རིགས་པས་འཐད་དམ་མི་འཐད་བརྟག་པར་བྱེད༔ གཏན་ཚིགས་རྒྱ་ཡིས་ཐེབས་སམ་མི་ཐེབས་ལྟ༔ དེ་ནས་གནམ་ལ་ཉི་མ་དུ་ཤར་འཚོགས༔ བསྟན་བཅོས་རྩོམ་མི་པཎྜི་ཏ་དང་རྩོད༔ ཡིད་ཆེས་མྱོང་ཐོག་ཁེལ་ལམ་མི་འཁེལ་ལྟ༔ ངེས་ཤེས་གོ་བས་ཆོད་དམ་མི་འཆོད་ལྟ༔ མཚོན་བྱ་དཔེ་ཡིས་མཚོན་ནམ་མི་མཚོན་ལྟ༔ དེ་ལྟར་ཐེག་པ་གང་ཡིན་ངོས་བཟུང་བལྟས༔ ཆོས་འདི་མི་འདིས་བརྩམས་པ་ཡིན་ཞེས་པའི༔ སྒྲ་བསྒྲགས་ཉོན་ཟེར་ཚར་གསུམ་ཀློག་པར་བྱེད༔ ལེགས་པར་འདུག་ན་ཡར་ལ་གཟེངས་བསྟོད་དེ༔ མདོའམ་སྔགས་ཕྱོགས་འདི་ལ་གཏོགས་སོ་ཟེར༔ མདོ་སྔགས་གང་ཡིན་པཎ་ཆེན་ཞལ་འཆམས་ཟེར༔ ཆོས་དེརྒྱལ་མཚན་རྩེ་མོར་འདོགས་པར་བྱེད༔ ཆོས་རྒྱལ་པཎྜི་ཏ་ཡིས་མེ་ཏོག་འཐོར༔ བསྟན་བཅོས་རྩོམ་མི་སེང་གེའི་ཁྲི་ཐོག་འདོན༔ དེ་ལ་བསྟོད་ཅིང་བསྔགས་པ་ཆེ་བར་བརྗོད༔ རིགས་མཐུན་རྣམས་ཀྱིས་བཀུར་སྟི་ཕུ་དུད་བྱེད༔ སྲིད་སྐྱོང་རྒྱལ་འབངས་རྣམས་ཀྱིས་ལྷ་ཕྱག་འཚལ༔ ཡུལ་ཕྱོགས་ཀུན་ཏུ་ཆོས་དེ་ཅི་དར་བྱེད༔ ལོག་ཆོས་འདུག་ན་མར་ལ་སྨ་འབེབས་ཏེ༔ བསྟན་བཅོས་དེ་ཉིད་ཁྱི་ཡི་མཇུག་མར་བཅིངས༔ དེ་ལ་མེ་སྦར་ཚོགས་པའི་གྲལ་ལ་འགྲིམ༔ འདི་ཡི་དུད་པས་ཕོག་པའང་དམྱལ་བར་འགྲོ༔ ཐམས་ཅད་སྣ་ལ་ལག་ཁོབ་བྲོས་ཤིག་ཟེར༔ ཚར་གཅོད་དབང་པོ་སྲིད་སྐྱོང་རྒྱལ་པོ་ཡིས༔ བསྟན་བཅོས་རྩོམ་མིའི་ལག་མགོ་གཉིས་པོ་འབྲེག༔ ཀཪྴ་པ་ཎི་བརྫི་བའི་ཁོལ་པོར་སྤྱུག༔ ཐམས་ཅད་གྲོས་འཆམ་ཆོས་ལོག་བསྣུབས་པས་ན༔ རྒྱ་གར་ཆོས་ཁུངས་བཙུན་པ་དེ་བཞིན་ནོ༔ ཆོས་ལུགས་མི་འདྲ་མང་པོ་མི་འབྱུང་ཞིང་༔ བཟང་འདོད་སྙན་མིང་མང་པོ་མི་འདོགས་སོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༢ ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པ།

འདི་ཡི་དུས་ན་ནུབ་ཕྱོགས་ཨུ་རྒྱན་ཡུལ༔ ཨུ་རྒྱན་ཡུལ་ལ་འཛམ་གླིང་སུམ་གཉིས་ཡོད༔ ཡུལ་གྱི་ཆགས་ལུགས་ཆ་ལང་ཁ་སྦུབས་འདྲ༔ ཡུལ་ཆེན་ལྔ་དང་ཡུལ་གླིང་ཉི་ཤུ་གཅིག༔ ཡུལ་གྲུ་ཆེན་པོ་བྱེ་བ་བཅོ་བརྒྱད་དགུ༔ གྲོང་ཁྱེར་ཆེན་པོ་དགུ་བཅུ་རྩ་དྲུག་ཡོད༔ ཡུལ་ཆེན་དྷ་ན་ཀོ་ཤ་དབུས་ན་ཡོད༔ གྲོང་ཁྱེར་ཆེན་པོ་ཉི་ཤུ་རྩ་གཉིས་ཡོད༔ གྲོང་ཁྱེར་ཆེན་པོ་མཛེས་ལྡན་ཞེས་བྱ་བ༔ དེ་ཡི་དབུས་ན་ཐོར་ཅོག་དགུ་ལྡན་ཡོད༔ བཻ་ཌཱུརྱ་ཡི་ཕོ་བྲང་རིན་པོ་ཆེ༔ འོད་འབར་བྱིན་ཆེ་གྲུ་བཞིར་གསེར་གྱི་ལྕོག༔ གཡུ་ཡི་ཁ་བད་དྲ་བ་དྲ་ཕྱེད་ལྡན༔ དེ་ལ་ཁྱམས་དང་སྒོ་ཁྱུད་བཞི་དང་བཅས༔ ལྕགས་རི་དང་ནི་མདའ་ཡབ་མཛེས་པས་བསྐོར༔ ནང་ན་རྒྱལ་པོ་ཨིནྡྲ་བོ་དྷི་བཞུགས༔ ནང་བློན་བརྒྱ་དང་ཕྱི་བློན་སྟོང་གི་བསྐོར༔ བཙུན་མོ་འོད་འཆང་མ་ནི་ཁབ་ཏུ་བཞེས༔ ཐོར་ཅོག་དགུ་ལྡན་དབུས་ན་རང་བྱུང་གི༔ མཆོད་རྟེན་ཧེ་རུ་ཀ་ཡི་ལྷ་ཁང་ཡོད༔ རྒྱུ་ནི་རིན་ཅེན་སྣ་ཚོགས་ལས་གྲུབ་པ༔ འོད་ཟེར་དྲ་བ་མང་པོ་ཕྱོགས་བཅུར་འཕྲོ༔ ཁ་དོག་དཀར་པོ་རྣམ་པ་གཟི་ལྟ་བུ༔ རྒྱུ་ནི་རིན་ཅེན་ཤེལ་ལས་ལེགས་གྲུབ་པའི༔ རང་བྱུང་གཟི་འདྲའི་མཆོད་རྟེན་ཁྲ་ཁྱུག་ཁྱུག༔ དབྱིབས་ལེགས་བང་རིམ་དང་བཅས་ཟླུམ་པོར་གནས༔ རྒྱང་གྲགས་གཅིག་ནི་གྱེན་དུ་འཕགས་པ་ལ༔ དུས་ནི་ནམ་ཡང་འཇིག་པ་མི་མངའ་བ༔ ཚད་ནི་ཕྱོགས་རེར་ཚངས་པའི་འདོམ་གང་ཚད༔ དཔག་ཚད་གསུམ་གསུམ་ཡོད་པ་མཚན་ལྔར་ལྡན༔ ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་ཀྱང་བྱ༔ རྡོ་རྗེ་མི་ཤིགས་ཕུག་པ་ཞེས་ཀྱང་བྱ༔ སྤྲིན་ནག་འདུས་པའི་དུར་ཁྲོད་ཅེས་ཀྱང་བྱ༔ བཀོད་པ་ལྷུན་གྲུབ་ཕོ་བྲང་ཞེས་ཀྱང་བྱ༔ ཧེ་རུ་ཀ་ཡི་ལྷ་ཁང་ཞེས་ཀྱང་བྱ༔ ཆོས་འབྱུང་རྣམ་པར་དག་པ་གྲུ་བཞི་པ༔ སྒོ་ནི་གཅིག་བགྲངས་གཉིས་བགྲངས་བརྒྱ་རྩ་བརྒྱད༔ སྒོ་དང་རྟ་བབས་བཅས་པའི་ཕྱི་རོལ་ན༔ གནོད་སྦྱིན་བསྲུང་བའི་མཁར་ཆེན་སྟོང་ཡོད་པ༔ སྒོ་བཞི་འཁོར་ས་བརྒྱ་དང་བརྒྱད་ཅུ་ཡོད༔ མེ་ཡི་འོབས་དང་གཅན་གཟན་འཕྲང་དང་ནི༔ དུག་གི་མཚོ་དང་ཀེང་རུས་རི་རབ་བསྐོར༔ དུར་ཁྲོད་ལྷ་མོའི་འཁོར་དང་ནད་གདོན་གདོལ༔ ས་ལ་སུ་ལ་པགས་པའི་བྲང་ཆེན་བསྐོར༔ ཐ་མ་རྡོ་རྗེ་ཕ་ལམ་ལྕགས་རིས་བསྐོར༔ སྤྲིན་གྱི་རྒྱལ་པོ་གང་བ་འཁྲིགས་པ་དང་༔ འཇིག་རྟེན་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མ༔ སྒོ་བའི་ཌཱ་ཀི་ཡེ་ཤེས་ཌཱ་ཀི་མ༔ བཀྲ་ཤིས་སྒོ་མང་ལྕགས་རི་བརྒྱད་ཀྱིས་བསྐོར༔ འོག་ན་འཇིག་རྟེན་མཁའ་འགྲོས་སྐོར་བ་བྱེད༔ དེ་ཡི་འོག་ནས་ཀླུ་རྣམས་མཆོད་པ་འབུལ༔ བར་ན་ལས་ཀྱི་ཌཱ་ཀིས་སྐོར་བ་བྱེད༔ སྟེང་ན་ཡེ་ཤེས་ཌཱ་ཀིས་སྐོར་བ་བྱེད༔ བྲག་གི་ཐེམ་སྐས་བུམ་སྟན་ལོགས་བཞི་ལ༔ འཕྲིན་ལས་བཞི་ཡི་ཕྱག་རྒྱ་བཞིས་རྒྱས་གདབ༔ བུམ་པར་རྟེན་འབྲེལ་སྙིང་པོར་རང་བྱུང་ཤར༔ སྒོ་བཞིའི་སྟོད་ན་ཧཿརིཿནིཿསཿཤར༔ སྒོ་སྨད་མགོན་པོའི་སྲོག་སྙིང་ཡི་གེ་བཅུ༔ མཚན་མོ་མེ་འབར་ཉིན་མོ་འཇའ་རུ་འཁྲིགས༔ ཉིན་མཚན་རྒྱུན་དུ་སྤྲིན་དང་ཁུ་ངས་དགབ༔ ཆུ་ཆེན་བསྐོར་ཞིང་ཤིང་སྣའི་ནགས་ཚོགས་འཐུག༔ བྱ་དང་གཅན་གཟན་མང་པོ་ངར་སྐད་འདོན༔ བུམ་པའི་ནང་ནི་གསང་སྔགས་ཆོས་ཟབ་གང༔ བྲེ་ནང་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས༔ དེའི་ནང་ལུང་བསྟན་ལྷ་ཁང་ཞེས་བྱ་བ༔ མདོག་ནི་མཐིང་ག་སྣང་བའི་གཟུགས་སུ་གྲུབ༔ ལག་པས་རེག་པའི་གཟུགས་སུ་མ་གྲུབ་པ༔ འཇའ་འོད་ལྟ་བུའི་རང་བཞིན་ལྷ་ཁང་ཡོད༔ དེ་ཡི་མཐའ་མར་མཁའ་འགྲོ་མ་ཡི་ཡུལ༔ ཌཱ་ཀི་འབུམ་ཁྲི་བུད་མེད་གྲོང་ཁྱེར་བཞི༔ དེ་དག་གི་ནི་མཆོད་ཁང་རེ་རེ་ན༔ གསང་སྔགས་ཟབ་མོ་དཔག་ཏུ་མེད་པ་བཞུགས༔ ཐོར་ཅོག་དགུ་ལྡན་དབུས་སུ་བཞག་པ་ཡི༔ ཤར་ན་ཛམྦུ་མཱ་ལའི་ཡུལ་ཞེས་ཡོད༔ ལྷོ་ན་པརྦ་ཏ་ཡི་གླིང་ཞེས་ཡོད༔ ནུབ་ན་ནཱ་ག་སིངྔྷིའི་ཡུལ་ཞེས་ཡོད༔ བྱང་ན་ཀ་ཀ་ཤམྦྷ་ལ་ཞེས་ཡོད༔ ཤར་ལྷོ་མཚམས་ན་དྲང་སྲོང་མེ་ལྷའི་ཡུལ༔ ལྷོ་ནུབ་མཚམས་ན་སྲིན་པོའི་ཡུལ་ཞེས་ཡོད༔ ནུབ་བྱང་མཚམས་ན་ང་ལྷའི་ཡུལ་ཞེས་ཡོད༔ བྱང་ཤར་མཚམས་ན་བགེགས་ཀྱི་ཡུལ་ཞེས་ཡོད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༣ རྒྱལ་པོ་སྤྱན་མེད་ཀྱིས་དཀོར་མཛོད་སྦྱིན་པ།

རིན་ཅེན་ཕོ་བྲང་ལྕོག་དགུ་ལྡན་པ་ཡི༔ བཻ་ཌཱུརྱ་ཡི་འོད་ཟེར་འབར་བ་ན༔ ཨུ་རྒྱན་ཡུལ་ཁམས་དག་ལ་དབང་སྒྱུར་བའི༔ རྒྱལ་པོ་སྤྱན་མེད་འབྱོར་ལྡན་ཞེས་ཀྱང་བྱ༔ ཆོས་རྒྱལ་པྲཛྙཱ་ཀཱིརྟི་ཞེས་ཀྱང་བྱ༔ རྒྱལ་པོ་ཆེན་པོ་གའུ་ཤ་ཞེས་བྱ༔ རྒྱལ་པོ་དྷ་ན་པཱ་ལ་ཞེས་ཀྱང་བྱ༔ རྒྱལ་པོ་ཨིནྡྲ་བོ་དྷི་ཞེས་ཀྱང་བྱ༔ དེ་ནས་རྒྱལ་པོ་སྤྱན་མེད་འབྱོར་ལྡན་དེ༔ མངའ་ཐང་འབྱོར་པ་ཆེ་སྟེ་མིག་གཉིས་ལོང་༔ སྲས་མེད་རྒྱལ་བློན་ཐམས་ཅད་ཡིད་ལ་གཅགས༔ བཙུན་མོ་ཞིག་ལ་རྒྱལ་བུ་སྐྱེས་པ་ལས༔ རྒྱལ་པོ་བཙུན་མོ་བློན་པོ་ཡིད་བདེར་གྱུར༔ བཙས་སྟོན་བྱས་ནས་རྒྱལ་བུ་ཤི་བ་དང་༔ རྒྱལ་པོ་བཙུན་མོ་ཐམས་ཅད་མྱ་ངན་ནོན༔ ཡུལ་དེར་མུ་གེ་ཆེན་པོ་ཞིག་ཀྱང་བྱུང་༔ མི་ནི་མང་དུ་ཤི་བར་གྱུར་པའི་ཚེ༔ རྒྱལ་པོ་སྤྱན་མེད་འབྱོར་ལྡན་ཡིད་སྐྱོ་སྨྲས༔ འཇིག་རྟེན་ཁམས་ན་ང་ལས་སྡུག་པ་མེད༔ དབང་པོའི་དངས་མ་མིག་ནི་ང་ལ་མེད༔ ཚེ་འདིར་དགོས་པའི་བུ་ནི་ང་ལ་མེད༔ ཕྱི་མར་དགོས་པའི་ཆོས་ནི་ང་ལ་མེད༔ རྒྱལ་པོ་འདེགས་པའི་དམངས་རྣམས་མུ་གེས་ཤི༔ ཞེས་པའི་སྨྲེ་སྔགས་སེམས་གཅོང་གདུང་བ་ལ༔ དེ་ནས་སྲང་སྲོང་ཨཱ་སེས་མྱ་ངན་བསངས༔ མི་ཡི་བདག་པོ་རྒྱལ་ཉིད་གསོན་མཛོད་དང་༔ བསགས་པའི་ནོར་འཛད་སྐྱེས་པའི་ཐ་མ་འཆི༔ འཇིག་རྟེན་དག་ན་ཚེ་ཐར་ཡོད་མ་ཡིན༔ འཇིག་པའི་རྐྱེན་མང་འཚོ་བའི་རྐྱེན་ནི་ཉུང་༔ གསོན་པར་འདོད་ཀྱང་རང་དབང་ཅུང་ཟད་མེད༔ མྱ་ངན་མ་མཛད་དགེ་བའི་ཕན་ཡོན་སོམས༔ ཡིད་བརྟན་ཞུམ་མེད་སྟོབས་ཆེ་ཁ་དོག་བདེ༔ དེ་སྐད་བརྗོད་པས་རྒྱལ་པོ་ཐུགས་ཚིམ་གྱུར༔ དབྱར་ཟླ་ར་བའི་ཚེས་ནི་བཅོ་ལྔ་ལ༔ དཀོན་ཅོག་དྲུང་དུ་མཆོད་པ་རྒྱ་ཆེན་ཕུལ༔ དཀོན་ཅོག་སྦྱིན་དང་ཆོས་ཀྱི་སྤྲིན་ཞེས་པ༔ ཐེག་པ་ཆེན་པོའི་མདོ་སྡེ་ཚར་གཅིག་བཏོན༔ འགྲོ་བ་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོ༔ ཅི་ཡོད་སྦྱིན་པར་གཏོང་བར་དམ་བཅས་ཏེ༔ དེ་དུས་ཙ་ན་མི་ཀུན་མེ་ཏོག་ཟ༔ གྲོང་ཁྱེར་ཀ་མ་རུ་ཡི་བྱང་ཤར་ན༔ རྒྱ་མཚོ་དྲི་མེད་མདངས་ལྡན་ཞེས་བྱ་བར༔ མེ་ཏོག་པདྨ་མང་པོ་སྐྱེས་པ་ལ༔ མེ་ཏོག་ཨུ་དུམྺཱ་རའི་ནགས་ཚལ་ནི༔ སྡོང་པོ་པང་གིས་མི་འཁྱུད་པ་ཞིག་འདུག༔ ལོ་སྐོར་རེ་ལ་གསར་རྙིང་བརྗེས་ནས་སྐྱེ༔ ནམ་ཞིག་འབྲུག་ལོ་སྟོན་ཟླ་ར་བ་ཡི༔ ཁྲི་གདུགས་སྐར་མ་རྒྱལ་གྱི་ཉིན་པར་ནི༔ བློན་པོས་པདྨ་ལེན་དུ་ཕྱིན་པའི་ཚེ༔ པདྨའི་ཟེའུ་འབྲུ་མཐོ་བརྒྱད་འདུག་པའི་སྟེང་༔ ཁྱེའུ་ལྟ་མཛེས་ཟིལ་པ་ཕྲོམ་མེར་འདུག༔ ཁྱེར་ནས་རྒྱལ་པོའི་ཕྱག་ཏུ་ཕུལ་བ་ན༔ བུ་སྐལ་ཡོང་སྲིད་ཁྱེར་སྙམ་བསམས་པ་དང་༔ ལེགས་སམ་ལེགས་ན་བཟའ་སྨད་གུ་ཡང་སྐྱིད༔ ཉེས་སམ་ཉེས་ན་གྲི་བོ་རང་ལ་འབབ༔ དེ་བས་ཞུས་ནས་བཀའ་བཞིན་བྱ་བར་རིགས༔ རྒྱལ་པོའི་སྒོར་འོངས་འཕྲིན་འདོན་དོན་ཆེན་འཇལ༔ རྒྱལ་པོའི་དཀོར་མཛོད་ནོར་རྣམས་སྦྱིན་པར་བཏང་༔ ལོ་མང་སོང་ནས་དཀོར་མཛོད་ནོར་རྣམས་སྟོངས༔ སྦྱིན་པའི་འཕྲོ་ཆད་སློང་བའི་འཕྲོ་མ་ཆད༔ ད་ནི་བང་མཛོད་ཐམས་ཅད་སྟོངས་སོ་བརྗོད༔ སློང་བས་ངེད་ཀྱི་སྐལ་བ་མེད་པ་ན༔ སྔོན་ཆད་སྦྱིན་པ་བཏང་བ་དོན་མེད་ཟེར༔ དེ་ནས་རྒྱལ་པོས་ཐུགས་དགོངས་བཏང་བ་ལས༔ ཕྱི་བློན་ནང་བློན་བློན་པོའི་ཚོགས་རྣམས་བསྡུས༔ སྦྱིན་པ་ལོ་མངས་ཟས་ནོར་ཐམས་ཅད་ཟད༔ སློང་མོ་བ་ཡིས་འཕྲོ་མ་ཆད་པར་འདོད༔ ད་ནི་ཟས་ནོར་འབྱུང་ཐབས་ཅི་བྱ་གསུངས༔ ལ་ལས་སོ་ནམ་བྱས་ན་འབྱུང་ངོ་ཟེར༔ ལ་ལས་ཚོང་ཁེ་བྱས་ན་འབྱུང་ངོ་ཟེར༔ ལ་ལས་དམག་ཇག་དགྲ་ཟླ་བཅོམ་ན་ཟེར༔ ལ་ལས་ཅི་ཟེར་ལ་ལས་ཅང་ཟེར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱིས་དཀོར་མཛོད་སྦྱིན་པར་བཏང་བའི་ལེའུ་སྟེ་བཅུ་གསུམ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༤ གཟིགས་སྟངས་དྲི་མེད་མདངས་ལྡན།

དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས༔ ཟག་མེད་རིན་པོ་ཆེ་ཡི་ཕོ་བྲང་ནས༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྤྲུལ་པ་བཀྱེ༔ སྐུ་ལུས་བཀོད་པ་མཚན་བཟང་སུམ་ཅུ་གཉིས༔ འཁོར་ལོས་སྒྱུར་རྒྱལ་བཟང་པོ་མཆོག་ཏུ་སྤྲུལ༔ གླིང་བཞིར་དབང་མཛད་ཆོས་ཀྱི་འཁོར་ལོ་བསྐོར༔ འགྲོ་འདུལ་གཟིགས་སྟངས་རྣམ་པ་གསུམ་ལ་གཟིགས༔ གཟིགས་སྟངས་དང་པོ་འགྲོ་བ་རིགས་དྲུག་ཏུ༔ འགྲོ་བ་འདུལ་བའི་ཐུབ་དྲུག་གུ་རུ་དྲུག༔ མི་རྣམས་རྒྱུ་འབྲས་ཡིད་ཆེས་བསྐྱེད་པའི་ཕྱིར༔ ཨིནྡྲ་བོ་དྷིར་བུ་མེད་པ་ལ་གཟིགས༔ གཟིགས་སྟངས་གཉིས་པ་རྒྱ་བོད་རྩུབ་འགྱུར་ཅན༔ ལྷ་འདྲེ་ཤིན་ཏུ་ཐུ་བ་འདུལ་བར་དགོངས༔ རྫུས་སྐྱེས་མ་ཡིན་མངལ་སྐྱེས་མི་ཐུལ་བས།དྲི་མེད་མདངས་ལྡན་གཡུ་ཡི་མཚོ་ལ་གཟིགས༔ གཟིགས་སྟངས་གསུམ་པ་བོད་ཀྱི་རྒྱལ་ཁམས་སུ༔ ལྷ་སྲིན་འཁྲུག་པ་གདུག་པ་ཅན་གྱི་ཡུལ༔ མུན་པར་ཆོས་ཀྱི་སྒྲོན་མེ་གསལ་བྱེད་པ༔ ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གཟིགས༔ གསལ་དབྱེ་ཞིབ་པར་བཤད་ན་འདི་ལྟར་རོ༔ ཨུ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་ན༔ རྒྱ་མཚོ་དྲི་མེད་མདངས་ལྡན་ཞེས་བྱ་འཁོར༔ ཆུ་ཞེང་དཔག་ཚད་བརྒྱ་ཕྲག་ཉི་ཤུ་ཡོད༔ དྲི་མེད་མདངས་ལྡན་དཔག་ཚད་འབུམ་ཕྲག་གཅིག༔ ཟླུམ་ལ་འཁྱིལ་བ་སྔོ་ལ་དངས་པའི་མཚོ༔ དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་དང་ལྡན༔ དེ་གང་ཞེ་ན་རྣམ་གྲངས་འདི་ལྟ་སྟེ༔ གཙང་དང་དངས་པ་བསིལ་དང་འཇམ་པ་དང་༔ བསུང་དང་ངོམས་པ་བདེ་དང་ཞིམ་པའོ༔ གཙང་བ་དྲི་དང་ལྷན་ཅིག་མི་གནས་པ༔ དངས་པ་འདམ་གྱི་རྙོག་པ་མེད་པའོ༔ བསིལ་བ་ཞེས་ནི་ངར་དང་ལྡན་པའོ༔ འཇམ་པ་འཐུངས་ན་ཟུག་རྔུ་མེད་པའོ༔ བསུང་ནི་བཟང་པོའི་ངད་དང་ལྡན་པའོ༔

ཞིམ་པ་རོ་ནི་མཆོག་ཏུ་གྱུར་པའོ༔ ངོམས་པ་གདུང་བ་སེལ་བར་བྱེད་པའོ༔ བདེ་བ་གང་དེའི་ལུས་ལ་ཕན་པའོ༔ ནད་གདོན་བགེགས་ཀྱི་རིགས་གྱུར་གང་ལའང་ཕན༔ ཆུ་དེ་ལེན་དཀའ་རྫུ་འཕྲུལ་སྤྱོད་ཡུལ་ལོ༔ ལས་འཕྲོ་བཟང་པོ་ཡོད་པ་ཀུན་གྱིས་ལོན༔ འགྲོ་བ་སེམས་ཅན་ཀུན་གྱིས་སྒྲིབ་པ་སྦྱོང་༔ འཐུངས་དང་བཀྲུས་པ་མཐོང་བའི་མི༔ རྩོད་པ་ཅན་གྱི་སེམས་ཅན་ཡང་༔ ཆུ་འཐུངས་མི་རྩོད་པ་རུ་འགྱུར༔ འཐབ་མོ་ཅན་གྱི་སེམས་ཅན་ཡང་༔ ཆུ་འཐུངས་མི་འཐབ་པ་རུ་འགྱུར༔ ཁྲོ་གཏུམ་ཅན་གྱི་སེམས་ཅན་ཡང་༔ ཆུ་འཐུངས་མི་ཁྲོ་བ་རུ་འགྱུར༔ ཚིག་པ་ཅན་གྱི་སེམས་ཅན་ཡང་༔ ཆུ་འཐུངས་མི་ཚིག་པ་རུ་འགྱུར༔ རིགས་དྲུག་སེམས་ཅན་མང་པོ་ལས༔ ལྟ་བའི་མིག་རྣོ་ཀུན་གྱིས་ལྟོས༔ ལོག་ལྟ་ཀུན་གྱིས་ག་ལ་མཐོང་༔ ས་ལེར་འོད་གསལ་མདངས་ལྡན་མཆོག༔ འདྲེན་པའི་སྐྱེས་བུ་ཀོ་ཤའི་མཚོ་ལས་འཁྲུངས༔ ཨུ་རྒྱན་ཡུལ་གྱི་ལྷོ་ནུབ་ཉེ་བ་ན༔ དགེ་བའི་རྟགས་བྱུང་མཚོ་ཆེན་ཞིག་གི་གླིང་༔ རབ་ལེགས་མཛེས་ལྡན་ཅན་གྱི་ནུབ་བྱང་ངོས༔ གྲོང་ཁྱེར་ཀ་མ་རཱུ་པའི་བྱང་ཤར་མཚམས༔ པདྨའི་སྡོང་པོ་ཨུ་དུམྺཱ་རའི་ཚལ༔ ཉིན་མོ་ཉི་མས་མེ་ཏོག་ཆུ་གཏིང་བྱིང་༔ རྒྱ་མཚོ་ཆེན་པོ་བྱིན་དང་ལྡན་པར་བྱེད༔ མཚན་མོ་ཁ་རུ་ཐོན་པས་འོད་དང་ལྡན༔ འདྲེན་པའི་སྐྱེས་བུ་ཀོ་ཤའི་མཚོ་ལས་འཁྲུངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གཟིགས་སྟངས་དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་ལྡན་མཚོ་རབས་ཀྱི་ལེའུ་སྟེ་བཅུ་བཞི་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༥ རྒྱལ་པོ་ཨིནྡྲ་བོ་དྷིའི་རྣམ་ཐར།

དེ་ནས་རྒྱལ་པོ་ལ་སྲས་མི་མངའ་བས༔ མོ་མས་མོ་བྱས་རྩིས་པས་རྩིས་བརྩིས་ཤིང་༔ ཕྱྭ་པ་རྣམས་ཀྱིས་ཕྱྭ་གཡང་བླན་བྱས་པས༔ སྦྱིན་གཏོང་ཕོངས་མེད་བགྱིས་ན་སྲས་འབྱུང་ཞེས༔ ཆོས་སྐྱོང་རྒྱལ་པོ་ཨིནྡྲ་བོ་དྷི་ཡིས༔ ནང་པའི་པཎ་ཆེན་ལྔ་བརྒྱ་རྩ་གཅིག་དང་༔ དེ་བཞིན་ཕྱི་པ་ལྔ་བརྒྱ་རྩ་གཅིག་སྟེ༔ བླ་མཆོད་བཟང་པོ་སྟོང་དང་རྩ་གཉིས་རྣམས༔ རང་རང་ལྷ་ལ་མཆོད་སྒྲུབ་བྱེད་དུ་བཅུག༔ རྒྱལ་པོས་སྲས་འབྱུང་གསོལ་བ་བཏབ་ནས་སུ༔ སྦྲུལ་ལོ་ཆོ་འཕྲུལ་ཆེན་པོའི་ཉ་ལ་ནི༔ རིན་པོ་ཆེ་ཡི་མཛོད་མིག་སུམ་སྟོང་ཕྱེ༔ དེ་ནས་རང་བྱུང་གཟི་འདྲའི་མཆོད་རྟེན་ལ༔ ཕྱི་མཆོད་ནང་མཆོད་གསང་མཆོད་ཆེན་པོ་མཛད༔ ཕྱོགས་བཞི་མཚམས་བརྒྱད་མཐའ་དག་སྐད་བསྒྲགས་ནས༔ གང་ལ་གང་མཁོ་བཏང་ཡང་སྲས་མ་བྱུང་༔ བླ་མཆོད་དྲང་སྲོང་ཨཱ་སེ་ན་ཞེས་བྱ༔ བདེན་པ་མཐོང་བ་གྲུབ་པ་ཐོབ་པ་ཞིག༔ དཔོན་གཡོག་བདུན་བྱུང་ངེད་ལ་སྦྱིན་ཐོང་ཟེར༔ སྦྱིན་པ་གཏོང་རྒྱུ་མེད་དོ་སྨྲས་པ་དང་༔ ངེད་ཀྱི་སྦྱིན་པའི་སྐལ་བ་མེད་པ་ན༔ གཞན་སྦྱིན་བཏང་བ་དོན་མེད་ཆུ་ལ་ཕོ༔ ངེད་ཀྱིས་བདེན་པའི་སྟོབས་བརྗོད་འགྲུབ་བོ་གསུངས༔ རྒྱལ་པོའི་ཞལ་ནས་འོ་ན་ཁྱོད་ཅག་རྣམས༔ ང་ཡི་ཕོ་བྲང་ནང་གཤེགས་བཞུགས་སུ་གསོལ༔ དྲང་སྲོང་རྣམས་ཀྱིས་བདེན་པའི་ཚིག་བརྗོད་པ༔ སྲས་འབྱུང་བ་རུ་སྨོན་ལམ་དགེ་བར་ཐོབ༔ བཙུན་མོ་རྣམས་ཀྱིས་བཀུར་སྟི་གྱིས་ཤིག་གསུངས༔ རྒྱལ་པོ་དཔོན་གཡོག་ཕྱི་ཡི་རྒྱ་མཚོ་ལ༔ ནོར་བུ་ལེན་དུ་ཕྱིན་པའི་ཤུལ་དུ་ནི༔ ཕྱི་ནང་བླ་མཆོད་པཎ་ཆེན་སྟོང་རྩ་གཉིས༔ རབ་ཏུ་ཤིན་ཏུ་ཐུགས་མུག་ཡིད་ཆད་ནས༔ ལྷ་འདྲེ་གདུག་པ་ཅན་རྣམས་སྒྲོལ་བ་ཡི༔ སྦྱིན་སྲེག་བྱེད་པའི་བཅའ་གཞི་བྱེད་པར་བཤམས༔ ལྷ་འདྲེ་ཐམས་ཅད་འདུས་ཤིང་འཁྲུགས་ནས་སུ༔ ཐོག་སེར་གློག་འཁྱུག་སྒྲ་འོད་ང་ནག་འཁྲུགས༔ ས་གཡོས་རྡོ་སེར་དམག་འཁྲུག་མུག་ཡམས་ཀྱིས༔ ཨུ་རྒྱན་ཡུལ་རྣམས་བྲེད་ཅིང་རབ་ཏུ་སྐྲག༔ ས་ནས་འཕར་ཞིང་ཆོ་ངེ་ཆོ་དགུ་འདེབས༔ ཉ་མོ་བྱེ་ཚན་བཏོན་པ་བཞིན་གྱུར་ཏོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོ་ཨིནྡྲ་བོ་དྷིའི་རྣམ་ཐར་གྱི་ལེའུ་སྟེ་བཅོ་ལྔ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༦ རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་གྱི་ནོར་བུ་ལོན་པ།

དེ་ནས་རྒྱལ་པོས་དེ་དག་བྱ་ལས་རྣམས༔ ཆོས་དང་མཐུན་པའི་བྱ་ལས་མ་ཡིན་བསམ༔ རྒྱ་མཚོར་ཞུགས་ཏེ་ནོར་བུ་རིན་ཅེན་བླངས༔ དབུལ་ཕོངས་རྣམས་ལ་སྦྱིན་པ་ཡིད་བཞིན་བྱ༔ རྒྱ་མཚོར་རིན་ཅེན་ལེན་དུ་ཕྱིན་མནོ་ཞིང་༔ དེ་ཚེ་ཡུལ་ན་ཚོང་དཔོན་རྒད་པོ་ཞིག༔ སྔོན་ཆད་རྒྱ་མཚོར་ལན་མང་ཕྱིན་པ་ཡོད༔ དེ་ཡི་གན་དུ་རྒྱལ་པོ་སོང་ནས་སུ༔ ཁོ་བོ་རྒྱ་མཚོར་འཇུག་པའི་ས་མཁན་དུ༔ ཁྱོད་ཉིད་འགྲོ་དགོས་ད་ལྟ་ཆོས་ཤིག་སྨྲས༔ དེད་དཔོན་རྒྱ་མཚོར་འགྲོ་ནི་མི་རུང་སྟེ༔ དབུལ་ཕོངས་ལུས་སྲོག་བསྡོས་ནས་འགྲོ་བ་ཡིན༔ རྒྱ་མཚོའི་ནང་ན་ཆུ་བས་རྦ་ཀློང་འཁྱིལ༔ ཆུ་སྲིན་དང་ནི་ཀླུ་ཡང་གདུག་པ་ཅན༔ སྲིན་མོ་རི་ཆུའི་མདོག་ཅན་ལ་སོགས་པ༔ ཤིན་ཏུ་ཡ་ངའི་བགེགས་ཀྱང་མང་དུ་ཡོད༔ རྒྱལ་པོའི་སྤྱན་གྱིས་མི་གཟིགས་འགྲོ་མི་ནུས༔ ཞེས་སྨྲས་དེ་ནས་རྒྱལ་པོས་བསྒོ་བ་ནི༔ བསམ་པ་འདི་ཉིད་མ་གྲུབ་ཤི་ནས་སྡོད༔ རྒྱ་མཚོར་འགྲོ་བའི་ས་མཁན་གྱིས་ཤིག་དང་༔ ཅི་དགོས་བཀའ་སྩོལ་བདག་གིས་བསྒྲུབ་བོ་ཟེར༔ དེད་དཔོན་ས་མཁན་འདི་སྐད་ཅེས་པ་སྨྲས༔ ཆུ་སྲིན་བརྟག་པའི་ཕུག་རོན་གསོན་མ་དགོས༔ ཕུག་རོན་གསོ་བའི་བ་གཞོན་དམར་མོ་དགོས༔ བ་ཉིད་གསོ་བའི་རྩྭ་ཕོན་མང་དུ་དགོས༔ ཆུ་སྲིན་གསོད་པའི་དུང་ནི་གསོན་མ་དགོས༔ གཟིངས་དང་གཟིངས་ཀྱི་སྡོམ་ཐག་གསུམ་ཐོག་དགོས༔ ཕྱོགས་བཞིར་ཞ་ཉེའི་གཏིང་རྡོ་ཆེན་པོ་བཞི༔ གསོ་མ་ར་ཙ་རྔ་མའི་ཐག་པ་དགོས༔ རླུང་ཕྱོགས་འབབ་ལ་གཡེར་ཤིང་རྒྱལ་མཚན་དགོས༔ དེ་ནས་རྒྱལ་པོས་དེ་རྣམས་ལེགས་པར་བསྒྲུབས༔ དེད་དཔོན་གྲུ་བཅོས་གཟིངས་ཆས་ལེགས་པར་བྱས༔ རྒྱལ་པོའི་འཁོར་གྱིས་མི་བཞུད་བཤོལ་བཏབ་ཀྱང་༔ མ་གནང་གཟིངས་ཀྱི་ནང་དུ་ཞུགས་པར་གྱུར༔ ཚོང་པ་ལྔ་བརྒྱ་ཙམ་ཡང་གཟིངས་ལ་ཞུགས༔ དེ་ནས་དེད་དཔོན་རྒྱ་མཚོའི་ནང་ལ་ཕྱིན༔ གྲུ་ནང་ཞུགས་ནས་ཐག་པ་བདུན་གྱིས་བརྟོད༔ རླུང་ཕྱོགས་སྦྱར་ཏེ་འགྲོ་བའི་ཚོང་པ་ལ༔ རྒྱ་མཚོའི་ནང་ན་བགེགས་རིགས་སྣ་ཚོགས་ཡོད༔ བདེ་བར་ཕྱིར་འཁོར་བ་ནི་ཤིན་ཏུ་ཉུང་༔ དེ་ལ་ཐེ་ཚོམ་ཟ་རྣམས་ཕྱིར་དེངས་ཤིག༔ གལ་ཏེ་ལུས་དང་སྲོག་ལ་མི་བལྟ་ཞིང་༔ ཕ་དང་བུ་དང་ཆུང་མ་གཉེན་བཤེས་ལ༔ མ་ཆགས་མ་ཞེན་རིན་ཅེན་སེམས་པ་རྣམས༔ རིན་ཅེན་གླིང་དུ་ཕྱིན་ཀྱང་བདེ་བར་འཁོར༔ བུ་དང་ཚ་རབས་ཡང་ཚ་བདུན་ཚུན་ཆོད༔ རིན་ཅེན་ནོར་དང་མི་འབྲལ་འཚེངས་པར་འགྱུར༔ ཞེས་བསྒྲགས་དེ་ནས་ཐག་པ་གཅིག་བཅད་དོ༔ དེ་བཞིན་ཉི་མ་བདུན་པར་དེ་སྐད་བསྒོ༔ ཐག་པ་རེ་རེ་བཅད་ནས་ང་ཕྱོགས་སུ༔ དར་པོ་ཆེ་དང་གཡེར་ཤིང་རྒྱལ་མཚན་བསྒྲེངས༔ མགྱོགས་པའི་ཁྱད་ཀྱང་དཔག་ཆེན་མདའ་བཞིན་སོང་༔ དེ་ནས་རིན་པོ་ཆེ་ཡི་གླིང་ཕྱིན་ནས༔ འཁོར་རྣམས་རིན་པོ་ཆེ་ཡི་གླིང་དུ་བཞག༔ རྒྱལ་པོ་དེད་དཔོན་གྲུ་ཆུང་ཞིག་ནང་ཞུགས༔ རིམ་གྱིས་བགྲོད་པས་རིན་ཅེན་གླིང་ཉེར་སླེབས༔ སྨོན་ལམ་སྟོབས་ཀྱིས་རྒྱལ་པོའི་མཐོང་ཡུལ་དུ༔ རགས་པའི་ཡུལ་སྣང་ཅུང་ཞིག་གསལ་བར་གྱུར༔ བལྟས་པས་རི་ནི་དཀར་པོ་ཞིག་སྣང་སྟེ༔ རྒྱལ་པོས་ཕ་གི་ཅི་ཡི་རི་ཡིན་དྲིས༔ དེད་དཔོན་ཕ་གི་དངུལ་གྱི་རི་ཡིན་ཟེར༔ དེ་ནས་སོང་བས་རི་ནི་སྔོན་པོ་མཐོང་༔ ཕ་གི་ཅི་ཡི་རི་ཡིན་དྲིས་པ་དང་༔ རིན་ཅེན་བཻ་ཌཱུརྱ་ཡི་རི་ཡིན་ཟེར༔ དེ་ནས་ཡང་སོང་སེར་པོ་ཞིག་སྣང་སྟེ༔ དེ་ནི་རིན་ཅེན་གསེར་གྱི་རི་ཡིན་ཟེར༔ གསེར་གྱི་རི་དེའི་རྩ་རུ་ཕྱིན་པ་དང་༔ ས་གཞི་ཐམས་ཅད་གསེར་གྱི་བྱེ་མར་སྣང་༔ གསེར་གྱི་བྱེ་མའི་སྟེང་དུ་ཡུན་ཞིག་འདུག༔ རྒྱལ་པོའི་སྙན་དུ་དེད་དཔོན་འདི་སྐད་སྨྲས༔ བདག་ནིརྒས་པས་ད་ནི་འགྲོ་མི་ཕོད༔ ཁྱོད་ཀྱིས་འདི་ནས་དཔག་ཚད་གཅིག་སོང་དང་༔ མདུན་ན་རིན་ཅེན་སྣ་ཚོགས་མཁར་བརྒྱ་ཡོད༔ ཐེ་ཚོམ་མེད་པར་མཁར་ནང་བཙངས་ཀྱིས་སོང་༔ གལ་ཏེ་མཁར་སྒོ་བཅད་ནས་འདུག་པ་ན༔ མཁར་གྱི་ཡ་ཐེམ་གསེར་གྱི་གཡུང་དྲུང་བྲིས༔ མ་ཐེམ་རྡོ་རྗེ་རྒྱ་གྲམ་བྲིས་པ་ཡོད༔ སྒོ་དྲུང་རྡོ་རྗེའི་གཏུན་བུ་ཞིག་ཡོད་དེ༔ རྡོ་རྗེའི་གཏུན་གྱིས་མཁར་གྱི་སྒོ་རྡུངས་ཤིག༔ དེ་ཡི་ནང་ནས་ཀླུ་ཡི་བུ་མོ་ནི༔ མཛེས་ལྡན་མ་ཞེས་ཁ་དོག་མཐིང་ག་ཞིག༔ མགོ་ལུས་མེད་པར་རིན་ཅེན་སྣ་བདུན་བརྒྱན༔ ལག་ན་སྔོ་ཧྲིལ་ཁ་དོག་འོད་ལྔ་འབར༔ ཡིད་བཞིན་ནོར་བུའི་མཆོག་དེ་འབུལ་དུ་འོང་༔ ཐོབ་མ་ཐག་ཏུ་མ་ཤོར་དམ་དུ་བཟུང་༔ དེ་ལོན་པས་ན་ནོར་བུས་བསམ་དགུ་འབྱུང་༔ དབང་པོ་རབ་ཏུ་བསྡོམས་ལ་མ་སྨྲ་ཞིག༔ མཇུག་ལ་ལྷ་མོ་ལྔ་ཞིག་འོངས་ནས་ཀྱང་༔ རིན་ཅེན་མང་པོ་ཐོགས་ནས་འབུལ་དུ་འོང་༔ མྱུར་དུ་ལོང་ལ་གོས་ཀྱི་མཐུར་ཐུམས་ཤིག༔ ཅེས་པ་དེད་དཔོན་རྒྱལ་པོར་བསླབས་པ་དང་༔ རྒྱལ་པོས་བསྒོ་བ་བཞིན་དུ་བྱས་ཏེ་ཕྱིན༔ རིན་ཅེན་མཁར་ནི་མང་པོའི་ནང་ནས་སུ༔ རིན་ཅེན་སྣ་བདུན་མཁར་གྱི་ནང་དུ་ཕྱིན༔ སྒོ་ཡང་དམ་བཅད་རྡོ་རྗེའི་གཏུན་བུས་བརྡུངས༔ སྒོ་ནི་རང་བྱེ་ལྷ་མོས་རིན་ཅེན་ཐོགས༔ ལྷ་མོ་མཐིང་གས་ནོར་བུ་སྔོན་པོ་བྱིན༔ ཀླུ་མོ་རྣམས་ཀྱིས་རིན་ཅེན་མང་པོ་བྱིན༔ དེད་དཔོན་སྨྲས་པ་བཞིན་དུ་ནོར་བུ་བླངས༔ རིང་པོར་མ་ལོན་དེ་མ་ཐག་ཕྱིར་ལོག༔ དེད་དཔོན་གནས་སར་ཕྱིན་ཏེ་དྲིན་ཆེ་སྨྲས༔ ནོར་བུ་གོས་ཀྱིས་གཏུམས་ཏེ་གསོལ་བཏབ་པས༔ རྒྱལ་པོའི་སྤྱན་ལོང་གཡོན་པ་ཕྱེད་པར་གྱུར༔ ཨིནྡྲ་བོ་དྷི་ཞེས་ནི་སྒྲ་བྱུང་ངོ་༔ དེ་ནས་ཚོང་པ་ཕལ་པ་ཡོད་དེར་ཕྱིན༔ དེད་དཔོན་ནོར་བུ་བརྟག་ལ་མཁས་པ་དེས༔ རིན་ཅེན་མང་ཉུང་བཟང་ངན་ཚད་བསྟན་ནས༔ ནོར་བུའི་ནང་ནས་རིན་ཅེན་མང་པོ་ཚོལ༔ ནོར་བུ་མཆིང་བུ་ལ་སོགས་བགོས་ནས་བྱིན༔ མངས་ན་གཟིངས་ཆུར་བྱིང་ནས་སྲོག་དང་འབྲལ༔ ཆོག་ཤེས་གྱིས་ཤིག་གཟིངས་ལ་འཇུག་གོ་ཟེར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་གྱི་ནོར་བུ་ལོན་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༧ ཨིནྡྲ་བོ་དྷི་མཇལ་ཞིང་རྟེན་འབྲེལ་བརྟགས་པ།

དེ་ནས་གཟིངས་ཀྱི་ཁ་ལོ་བསྒྱུར་ནས་སུ༔ རྒྱལ་པོ་འཁོར་བཅས་ཡུལ་ཕྱོགས་འོངས་པ་དང་༔ གོང་གི་པདྨ་ལེན་པའི་བློན་པོ་དེ༔ ཆོས་ཀྱི་བློན་པོ་ཏྲིག་ན་འཛིན་ཞེས་ཏེ༔ གྲུ་ཆུང་ཞིག་ཏུ་ཞུགས་ནས་སྔུན་བསུར་བྱུང་༔ རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས༔ ནུབ་ཕྱོགས་ཨུ་རྒྱན་ཡུལ་གྱི་བྱང་ཤར་ངོས༔ དྷ་ན་ཀོ་ཤའི་ནུབ་བྱང་པདྨོའི་ཚལ༔ དྲི་མེད་མདངས་ལྡན་རྒྱ་མཚོའི་གླིང་ཞིག་ན༔ ངུར་བ་ཁྲུང་ཁྲུང་ལ་སོགས་ཆུ་བྱའི་རིགས༔ དཔག་ཏུ་མེད་པ་ཁྲ་ཅེམ་སོང་བའི་དབུས༔ འཇའ་ཚོན་སྣ་ལྔའི་འོད་ཀོར་གུར་ཕུབ་འདུག༔ རྒྱལ་པོས་ཏྲིག་ན་འཛིན་ལ་བཀའ་སྩལ་པ༔ ཕ་གིར་ཅི་འདུག་ལྟོས་ལ་ཤོག་དང་གསུངས༔ རྒྱལ་པོར་སྤྱན་མེད་གཟིགས་པ་ཇི་ལྟར་ཡིན༔ ངས་ནི་ཡིད་བཞིན་ནོར་བུ་ལོན་པ་ལས༔ གསོལ་བ་བཏབ་པས་མི་གཡོན་ཕྱེད་དོ་གསུངས༔ བློན་པོས་སྨྲས་པ་པདྨའི་ཚལ་དབུས་ན༔ ཁྱེའུ་ཆུང་ཡ་མཚན་ཅན་ཞིག་བཞུགས་ནས་འདུག༔ རྒྱལ་པོའི་བུ་སྐལ་ཁྱེར་སྙམ་སོམ་ཉི་ཞུགས༔ རྒྱལ་པོ་ཉིད་རང་གཟིགས་སུ་ཆས་པར་ཞུ༔ རྒྱལ་པོ་ཨིནྡྲ་བོ་དྷིའི་ཞལ་ན་རེ༔ ཉེ་བར་འགྲོ་དགོས་མདང་གི་རྨི་ལམ་ན༔ གསེར་གྱི་རྡོ་རྗེ་རྩེ་དགུ་འོད་འཕྲོ་ཞིག༔ ནམ་མཁའ་ནས་བྱུང་ལག་ཏུ་ལོན་པ་རྨིས༔ ཉི་མ་བདག་གི་སྙིང་ནས་ཤར་བ་རྨིས༔ དེ་སྐད་གསུངས་ནས་རྒྱལ་པོ་བློན་པོ་གཉིས༔ གྲུ་ཆུང་ཞིག་ཏུ་ཞུགས་ནས་ཕྱིན་པ་དང་༔ ངུར་པའི་ཚོགས་རྣམས་སྒྲ་དིར་འདྲོགས་པར་གྱུར༔ པདྨའི་སྟེང་ན་ཁྱེའུ་ལོ་བརྒྱད་ཙམ༔ བལྟ་ན་སྡུག་པ་བྱད་བཞིན་ལེགས་པ་ཞིག༔ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲ༔ རྒྱལ་པོ་ངོ་མཚར་སྐྱེས་ནས་གསོལ་བ་ནི༔

ཨེ་མ་ཧོཿཡ་མཚན་ཅན་གྱི་ཁྱེའུ་ཆུང་ཁྱད་འཕགས་ཁྱོད༔ ཡབ་ནི་གང་ཡིན་ཡུམ་ནི་གང་ཡིན་པ༔ ཡུལ་ནི་གང་ཡིན་རིགས་ནི་གང་དུ་གཏོགས༔ ཟས་སུ་ཅི་གསོལ་འདི་རུ་ཅི་མཛད་གསུངས༔ དེ་ནས་ཁྱེའུ་ཆུང་གིས་བཀའ་སྩལ་པ༔ བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིན༔ མ་ནི་བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན༔ རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས༔ ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན༔ འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་༔ དེ་སྐད་གསུངས་པས་རྒྱལ་པོ་སྤྱན་ཆབ་ཤོར༔ མིག་ལོང་གཡས་པ་དེ་ཡང་ཕྱེད་པར་གྱུར༔ ཆོས་བློན་ཏྲིག་ན་འཛིན་གྱིས་ངུ་འབོད་བཏོན༔ རྒྱལ་བུའི་མཚན་ནི་མཚོ་སྐྱེས་རྡོ་རྗེར་བཏགས༔ འདི་ནི་སྤྲུལ་པའི་སྐུ་ཞིག་ཡིན་སྙམ་ནས༔ ང་ཡི་བུ་སྐལ་མཆོད་གནས་བྱའོ་སྙམ༔ པདྨའི་སྡོང་པོ་ཁྱེའུར་བཅས་པ་ཁྱེར༔ རྒྱལ་པོ་ཉིད་ཀྱི་ཡུལ་ཕྱོགས་ཕྱིན་པར་གྱུར༔ ངུར་པ་ཁྲུང་ཁྲུང་ལ་སོགས་ཆུ་བྱའི་རིགས༔ ལ་ལ་ཕྱིར་འབྲང་ལ་ལ་སྐད་ངན་སྒྲོགས༔ ལ་ལ་ཁྱེའུའི་སྟེང་དུ་ལྷུང་ཐབས་འབེབས༔ ལ་ལ་མཚོ་མཐར་ཕྱོགས་བཞི་མཚམས་བརྒྱད་བསྐོར༔ ལ་ལ་མཆུ་ནི་ས་ལ་བཙུགས་ནས་བསྒྲེ༔ དེ་ནས་ཕྱིན་ཕྱིན་གྱུར་པའི་མཚོ་འགྲམ་ན༔ མི་རྒན་མགོ་དཀར་ཞིག་གིས་ཉ་རྒྱ་བཙུགས༔ ལྕགས་ཀྱུ་རེ་ཡིས་ཉ་རེ་བཟུང་ནས་སུ༔ སྐམ་ལ་ཕྱུང་ནས་ལིང་ལིང་འཕར་གྱིན་འདུག༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དགོངས་ལ༔ བདག་གིས་རྒྱལ་པོའི་རྒྱལ་སྲིད་གཟུང་བ་ན༔ ཉ་མོ་ལྕགས་ཀྱུས་ཟིན་འདྲའི་སྡུག་བསྔལ་ཡོད༔ ཅེས་པའི་བརྡ་ཆོས་ལ་ཉེ་རྟེན་འབྲེལ་གོ༔ དེ་ནས་ཡང་ཕྱིན་གྱུར་པའི་ཚལ་ཞིག་ན༔ ཁྭ་ད་ཞིག་གིས་སྲེག་པ་བདས་སོང་བས༔ ཚེར་ཕུང་ཞིག་ལ་སྲེག་པ་འཁྲིས་ནས་སོང་༔ ཁྭ་ད་དེ་ཡང་ཚེར་ཕུང་རྩར་སོང་ནས༔ ཁྭ་དས་གཡས་ཕྱིན་སྲེག་པས་གཡོན་ལ་བྲོས༔ ཁྭ་དས་གཡོན་ཕྱིན་སྲེག་པས་གཡས་ལ་བྲོས༔ དེ་ཉིད་འབྲོས་འདེད་ཡུན་རིང་བྱས་ནས་སུ༔ བར་སྐབས་ཞིག་ལ་སྲེག་པས་བྲོས་པས་ཐར༔ ཚེར་ཕུང་དེ་ཉིད་རྒྱལ་པོའི་རྒྱལ་སྲིད་དང་༔ ཁྭ་ད་དེ་ཉིད་ཨིནྡྲ་བོ་དྷི་འདྲ༔ སྲེག་པ་དེ་ཉིད་མཚོ་སྐྱེས་རྡོ་རྗེ་སྟེ༔ རྒྱལ་སྲིད་ཐབས་ཀྱིས་སྤང་བའི་བརྡ་རུ་གོ༔ དེ་ནས་ཕྱིན་པས་འཇག་ཁྱིམ་གྲོང་ཞིག་ན༔ དགེ་བསྙེན་ཕོ་མོ་གཉིས་ཀྱི་བུ་ཤར་ཅིག༔ བྱི་པ་བསད་པས་ཁྱིམ་དུ་མི་གཏོང་མཐོང་༔ རྒྱལ་པོའི་ཁྲིམས་ལ་གནོད་པ་བསྐྱལ་བ་ན༔ བདག་ཉིད་སྤྱུག་པའི་བརྡ་ཆོས་རྟེན་འབྲེལ་གོ༔ དེ་ནས་རྒྱལ་པོའི་ཕོ་བྲང་མཐོང་བར་གྱུར༔ ཐམས་ཅད་རབ་ཏུ་དགའ་ནས་ལྟད་མོས་བསུས༔ སྟག་ཤོན་སེང་ཤོན་ཁྱུང་ཤོན་བརྒྱ་ཕྲག་གསུམ༔ སྔགས་འཆམ་སྔགས་གར་སྔགས་གིང་བརྒྱ་གསུམ་དང་༔ ནི་གུ་རྒྱན་ལྡན་བརྒྱ་གསུམ་ཞེ་ས་འབུལ༔ ཁྱེའུ་སུམ་བརྒྱས་གར་གྱི་ཕྱག་རྒྱ་བསྒྱུར༔ རྔ་བོ་ཆེ་སོགས་རོལ་མོའི་རིགས་བྱེད་སྦིར༔ གདུགས་དང་རྒྱལ་མཚན་དར་གྱི་རིགས་བྱེད་ཕྱར༔ འཇིག་རྟེན་ཁམས་ཀྱི་ལྟད་མོའི་རིགས་བྱེད་རྣམས༔ འདྲ་འབག་མང་པོ་གྱོན་ནས་རྩེ་བར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོ་ཨིནྡྲ་བོ་དྷི་དང་ཞལ་མཇལ་ཞིང་རྟེན་འབྲེལ་བརྟགས་པའི་ལེའུ་སྟེ་བཅུ་བདུན་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༨ རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པ།

དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིས༔ དགོས་འབྱུང་ཡིད་བཞིན་ནོར་བུ་རིན་པོ་ཆེ༔ བ་ཚྭ་ཅན་གྱི་ཆུ་ལ་ལེགས་པར་བཀྲུས༔ ཀཱ་ཤི་ཀ་ཡི་རས་ཀྱིས་བྲད་ནས་སུ༔ ཤིང་ཁྱོགས་དར་ཟབ་འདོ་ལེའི་སྟེང་དུ་བཞག༔ ང་ཡིས་རྙེད་པའི་ནོར་བུ་རིན་ཅེན་འདི༔ ཡིད་བཞིན་ནོར་བུ་ཡང་དག་ཡིན་ངེས་ན༔ ང་ཡི་ཁྱེའུ་འདི་ཉིད་བཞུགས་པའི་ཁྲི༔ རིན་ཅེན་སྣ་བདུན་མཐོ་བའི་ཁྲིར་གྱུར་ལ༔ རིན་ཅེན་སྣ་བདུན་གདུགས་ཀྱང་ཡོད་པར་ཤོག༔ དེ་སྐད་བརྗོད་མ་ཐག་ཏུ་གྲུབ་པར་གྱུར༔ དེ་ལ་ཁྱེའུ་བཞུགས་རྒྱལ་པོར་མངའ་གསོལ་ནས༔ མཚན་ཡང་པདྨ་རྒྱལ་པོ་ཞེས་བྱར་བཏགས༔ དེ་ནས་རྒྱལ་པོས་སྨོན་ལམ་འདི་སྐད་བཏབ༔ ང་ཡིས་ལོན་པའི་ནོར་བུ་རིན་ཅེན་འདི༔ ཡིད་བཞིན་མ་ནོར་བ་ཞིག་ཡིན་ངེས་ན༔ བང་མཛོད་སྟོངས་པ་ཐམས་ཅད་གང་བར་ཤོག༔ དེ་སྐད་བརྗོད་མ་ཐག་ཏུ་བང་མཛོད་རྣམས༔ སྔར་དུས་ཅི་ཡོད་ཐམས་ཅད་གང་བར་གྱུར༔ དེ་ནས་རྒྱལ་པོས་རྔ་བོ་ཆེ་བརྡུངས་ནས༔ ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་སྒྲ་བསྒྲགས་ཏེ༔ རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་ལོན༔ ནོར་བུ་རིན་ཅེན་དགོས་འདོད་ཆར་འབེབས་པས༔ གང་སུ་ཅི་འདོད་གང་འདོད་ཐམས་ཅད་ལོངས༔ དེ་སྐད་ཅེས་པ་ཕོ་ཉས་སྒྲ་བསྒྲགས་སོ༔ རྒྱལ་པོས་ཡིད་བཞིན་ནོར་བུར་ཁྲུས་ཆབ་གསོལ༔ རྒྱལ་མཚན་རྩེ་ལ་བཏགས་ནས་གདུགས་འཕན་ཕྱར༔ ཙནྡན་ཨ་ཀ་རུ་དང་ཆོས་དབྱངས་དང་༔ སི་ཧཱ་ལ་སོགས་དྲི་བཟང་དྲི་ཡིས་བདུགས༔ ཕྱི་ནང་མཆོད་པ་འདོད་ཡོན་མང་པོས་མཆོད༔ རོལ་མོའི་རིགས་བྱེད་དཔག་ཏུ་མེད་པས་བསྐོར༔ རྒྱལ་པོས་ཁྲུས་བྱས་གོས་བཟང་གཙང་མ་གྱོན༔ ཕྱོགས་བཞིའི་ལྷ་ལ་ཕྱག་བཙལ་འདི་སྐད་བརྗོད༔ ང་ཡིས་རྙེད་པའི་ནོར་བུ་རཏྣ་འདི༔ ཡིད་བཞིན་མ་ནོར་བ་ཞིག་ཡིན་ངེས་ན༔ མཆོག་དང་ཐུན་མོང་ཅི་འདོད་ཆར་ཕོབ་ཅིག༔ བརྗོད་པ་ཙམ་གྱིས་ཕྱོགས་བཞིར་ང་ལངས་ནས༔ མི་གཙང་ཐམས་ཅད་ཕྱགས་ནས་གཙང་བར་བྱས༔ དེ་ཡི་སྟེང་དུ་སྦྲང་ཆར་ཟིམ་བུར་བབ༔ རྡུལ་མི་ལྡང་བར་བྱི་དོར་བྱས་ནས་སུ༔ དང་པོར་ཁ་ཟས་རོ་བརྒྱའི་ཆར་པ་ཕབ༔ ལྟོགས་པའི་མི་རྣམས་ཐམས་ཅད་ཚིམ་པར་བྱས༔ དེ་ནས་གོས་ཀྱི་རིགས་བྱེད་ཆར་པ་ཕབ༔ འཁྱགས་པའི་མི་རྣམས་ཐམས་ཅད་ཚིམ་པར་བྱས༔ དེ་ནས་ནོར་གྱི་རིགས་བྱེད་ཆར་པ་ཕབ༔ རིན་ཅེན་གསེར་གཡུ་བཻཌཱུརྱ་དང་ནི༔ མུ་ས་གརྦྷ་དང་ནི་བཞོན་པ་དང་༔ ཐེག་པ་ཁྱོག་དང་སྐྱེད་མོས་ཚལ་དང་མཚེར༔ ཞིང་དང་ཁང་པ་རྐང་འགྲོས་ལ་སོགས་པ༔ གང་ལ་གང་འདོད་ཐམས་ཅད་ཚིམ་པར་བྱས༔ རྒྱལ་པོའི་མངའ་འོག་ཡོད་པ་ཐམས་ཅད་རྣམས༔ ལྟོགས་ཕོངས་དབུལ་བའི་སྡུག་བསྔལ་བྲལ་བར་གྱུར༔ དེ་ནས་མཁའ་ལ་སྒྲ་དང་འོད་དུ་བཅས༔ འཇའ་འོད་ཟེར་གསུམ་ནང་ནས་སྒྲ་བྱུང་སྟེ༔ བདེ་བ་ཆེན་པོ་དྲུག་པ་རྡོ་རྗེ་འཆང་༔ མེ་རི་འབར་བར་རྒྱལ་པོ་ཛའི་ཁང་ཐོག༔ ཏནྟྲ་སྡེ་ནི་བཅོ་བརྒྱད་ཆར་པ་ཕབ༔ རིགས་ལྔ་ཁྲག་འཐུང་མཁའ་འགྲོ་མ་རྣམས་འདུས༔ སིངྒྷའི་ནགས་ཚལ་ལུང་གི་མདོ་བདུན་ཕབ༔ དྷ་ན་ཀོ་ཤའི་གླིང་གི་རྒྱལ་པོའི་ཁབ༔ རྫོགས་ཆེན་རྩ་བ་ཡན་ལག་རྒྱུད་ཆར་ཕབ༔ ད་ནི་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད༔ རང་རང་མཆོག་གི་དངོས་གྲུབ་ཐོབ་པར་གྱུར༔ ཞེས་གསུངས་སོ༔ རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༡༩ མེ་ཏོག་ཨུ་དུམྺཱ་ར་གེ་སར།

དཔེར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ༔ རྡུལ་ཕྱིས་བཀྲུས་བཤད་དར་གྱི་ལྡིང་ཁུག་བཅུག༔ རྒྱལ་མཚན་རྩེར་བཏགས་མཆོད་ཕུལ་སྨོན་ལམ་བཏབ༔ ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ལྟར༔ རྒྱལ་རིགས་མེ་ཏོག་དཀར་པོར་སྐྱེ་བ་ནི༔ རྒྱལ་པོའི་རིགས་སུ་གཏོགས་པས་ཆེ་བ་ཡིན༔ རྗེའུ་རིགས་མེ་ཏོག་སེར་པོར་སྐྱེ་བའོ༔ རྗེའུའི་རིགས་སུ་གཏོགས་པས་བཙུན་པ་ཡིན༔ བྲམ་ཟེའི་རིགས་ནི་མེ་ཏོག་དམར་པོར་སྐྱེ༔ བྲམ་ཟེའི་་རིགས་སུ་གཏོགས་པས་གཙང་བའོ༔ དམངས་རིགས་མེ་ཏོག་ལྗང་གུར་སྐྱེ་བ་ཡིན༔ དམངས་ཀྱི་རིགས་སུ་གཏོགས་པས་གདོལ་བའོ༔ འཁོར་བ་སྟོངས་ཀྱིས་དོགས་ནས་སྦྱོང་བའི་དོན༔ ཨུ་དུམྺཱ་རའི་མེ་ཏོག་པདྨ་ནི༔ ས་ཆ་གང་བྱུང་གནས་ལ་མི་སྐྱེ་སྟེ༔ མ་དྲོས་བྱང་ཕྱོགས་རྩེ་ལྔའི་ཕ་རོལ་ལམ༔ དྷ་ན་ཀོ་ཤ་དྲི་མེད་མདངས་ལྡན་མཚོར༔ མེ་ཏོག་ཨུ་དུམྺཱ་རའི་ཚལ་ཡོད་དོ༔ མེ་ཏོག་ཚད་ནི་ཏཱ་ལའི་འཕང་ལོ་ཙམ༔ དཔག་ཚད་གཅིག་དང་འཁོར་ཡུག་ཁྱབ་པ་ལ༔ བྲམ་ཟེའི་མེ་ཏོག་དམར་པོའི་ནང་དབུས་སུ༔ སྣང་བ་མཐའ་ཡས་ཐུགས་ཀའི་ས་བོན་ཧྲཱིཿའོད་དུ་ཞུ་བས་ཐར་པ་ཐོབ་པའི་སྐུ༔ མཚན་བཟང་སུམ་ཅུ་རྩ་གཉིས་རྟགས་རྣམས་ཚང་༔ སྐྱེས་བུ་ཐབས་ལ་མཁས་མཆོག་པདྨ་འབྱུང་༔ ཐུན་མོང་མ་ཡིན་རྫུ་འཕྲུལ་ཤིན་ཏུ་ཆེ༔ ཕྱིན་ཅི་ལོག་རྣམས་འདི་ལ་མ་སྡངས་ཤིག༔ སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་ལ༔ སེམས་ཅན་ཐམས་ཅད་ཤི་ཞིང་མ་ལུས་ན༔ འདྲེན་པའི་སློབ་དཔོན་ངོ་ཡང་ཅང་ཤེས་སམ༔ མ་རྟོགས་པ་ནི་གཏི་མུག་རང་བཞིན་གནས༔ དམུས་ལོང་ལ་ནི་མདོག་བསྟན་ལྟ་བུར་གྱུར༔ དེ་བས་མ་མཐོང་བ་ནི་གསེར་ལ་འགོང་༔ མི་རིགས་པ་ནི་དཔོན་ལ་བསྡོ་བ་ཡིན༔ སྟོང་གསུམ་གསེར་དུ་གྱུར་ན་གསེར་ལ་འགོང་༔ ཐམས་ཅད་དཔོན་དུ་གྱུར་ན་དཔོན་ལ་བསྡོ༔ དེ་བས་མཁའ་འགྲོ་མ་རྣམས་སྤྲོ་བ་སྐྱེས༔ ལྷ་སྲིན་སྡེ་བརྒྱད་རྣམས་ནི་བཀའ་བཙན་ཞིང་༔ སྐྱེ་འགྲོ་སེམས་ཅན་ཀུན་གྱི་དོན་ནུས་འགྱུར༔ འཁོར་ནི་མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོར༔ སྲོག་མ་སྲིང་མ་ཀོང་མ་འཇིབ་མ་དང་༔ དཀར་ཤམ་མ་དང་རྐང་ཆེན་བློ་སྦྱོང་མ༔ དཔལ་གཟེར་མ་དང་དཔལ་གྲུབ་རྣམ་གཡེང་མ༔ ཐམས་ཅད་དམར་མོ་ཕྱག་གཉིས་གྲི་ཐོད་ཐོགས༔ མཁའ་འགྲོ་བཅུ་བཞི་བར་སྣང་དག་ལ་འཕྱོ༔ མཁའ་འགྲོ་སྡེ་ལྔ་ལུས་དཔག་མེད་པར་སྤྲུལ༔ ཕྱག་གིས་མཆོད་པ་དཔག་མེད་འབུལ༔ མེ་ཏོག་མ་དང་བདུག་སྤོས་མ༔ སྣང་གསལ་མ་དང་དྲི་ཆབ་མ༔ བྱུག་པ་མ་དང་ཞལ་ཟས་མ༔ ཚོགས་མཆོད་མ་དང་རོལ་མོ་མས༔ བསྟོད་པ་གླུ་ཡི་མཆོད་པ་འབུལ༔ ཧྲཱིཿཡུལ་གྱི་མིང་ནི་རྒྱན་ཡུལ༔ གནས་ཀྱི་མིང་ནི་ཀོ་ཤའི་མཚོ༔ མེ་ཏོག་མིང་ནི་ཨུ་དུམྺཱར༔ རིགས་ནི་དམར་པོ་བྲམ་ཟེའི་རིགས༔ ཁམས་གསུམ་དབང་སྡུད་གེ་སར་ཡུམ༔ མངལ་སྐྱོན་མ་གོས་སྤྲུལ་པའི་སྐུ༔ སུམ་ཅུ་རྩ་གཉིས་མཚན་མཆོག་ལྡན༔ བཟང་པོ་མཆོག་ལ་ཕྱག་འཚལ་བསྟོད༔ ཅེས་པས་མཁའ་འགྲོ་རྣམས་ཀྱིས་མགྲིན་གཅིག་བསྟོད༔ ནམ་མཁའི་སྤྲིན་གསེབ་སྐུ་ཡི་ཕྱེད་ཐོན་པའི༔ ཐུབ་པ་ལྔ་བཅུ་རྩ་བཞིས་མེ་ཏོག་འཐོར༔ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲ༔ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཚམ་སྟོབས་འབེབས་ཤིང་༔ ཐམས་ཅད་མཁྱེན་པས་འགྲོ་བའི་རེ་བ་སྐོང་མཛད་པ༔ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོག༔ མི་མཇེད་འཇིག་རྟེན་གསེར་གྱི་ས་གཞི་བརྡལ་བ་ལ༔ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བ༔ བསྟན་གཉིས་ཉི་ཟླ་ཟུང་གཅིག་སྐོར་བ་བྱེད་པ་ཡིས༔ འགྲོ་ཀུན་མ་རིག་མུན་པ་སངས་བའི་བཀྲ་ཤིས་ཤོག༔ འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་བ༔ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བས༔ བསྐལ་པ་བཟང་པོར་གཟུགས་བཟང་བ་དང་སྤོབས་པར་ལྡན༔ ཆོས་ཀུན་དར་བས་སྐྱེ་དགུ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་རིང་དཔལ་འབྱོར་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལ༔ དགེ་འདུན་ཤེས་གསུམ་ལྡན་པའི་བསྟན་པའི་གངས་ཅན་མཚོ༔ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོང་གཉིས་འདུ་བ༔ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོག༔ ཕྱོགས་བཞི་མཚམས་བརྒྱད་སྟེང་གི་ཕྱོགས་ནས་ནི༔ ཐུབ་པ་དྲུག་དང་དུས་གསུམ་སངས་རྒྱས་རྣམས༔ དྲུག་དྲུག་སྤྲིན་གྱི་གསེབ་ན་གྲལ་བྱས་ནས༔ རོལ་མོའི་སྒྲ་བསྒྲགས་མེ་ཏོག་ཆར་དུ་ཕབ༔ བཀྲ་ཤིས་རྟགས་ཀྱི་གླུ་དབྱངས་མང་བརྗོད་ནས༔ དེ་ལྟར་སྤྲུལ་པའི་སྐུ་རུ་མངའ་གསོལ་ལོ༔ རིགས་ཀྱི་མཁའ་འགྲོ་ཆེན་མོ་བཅུ་དྲུག་གིས༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་མངའ་གསོལ་བ༔ ཧཱུྃ་ཆོས་དབྱིངས་རྣམ་དག་དྲི་མེད་མདངས་ལྡན་པའི༔ ཡ་མཚན་པདྨ་གེ་སར་སྡོང་པོ་ལས༔ མ་བཅོས་སྤྲོས་བྲལ་བདེ་བ་ཆེན་པོར་བྱོན༔ སྐུ་གཅིག་མཚན་བརྒྱད་ཁྱོད་ལ་ཕྱག་འཚལ་བསྟོད༔ རང་བྱུང་ལྷུན་གྲུབ་པདྨའི་ཤར་ཕྱོགས་སུ༔ སྤྲུལ་པ་ཡོངས་རྫོགས་ཤཱཀྱ་སེང་གེར་སྤྲུལ༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོར༔ སྐྱེ་མེད་རྣམ་དག་འོད་གསལ་དཀྱིལ་ན་བཞུགས༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་ལོ༔ ཐབས་མཁས་རྒྱ་ཆེན་པདྨའི་ལྷོཕྱོགས་སུ༔ ཡེ་ཤེས་ཀློང་ཆེན་པདྨ་རྒྱལ་པོར་སྤྲུལ༔ རིན་ཅེན་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོར༔ ཅིར་སྣང་རིག་པ་གང་ལ་གང་འདུལ་བཞུགས༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ༔ རྒྱ་མཚོར་སྨད་ཟུག་པདྨའི་ནུབ་ཕྱོགས་སུ༔ ནམ་མཁའི་ལུས་ཅན་པདྨ་སམྦྷར་སྤྲུལ༔ འཁོར་དུ་པདྨའི་མ་ཚོགས་འཁོར་གྱིས་བསྐོར༔ རྫུ་འཕྲུལ་འདོད་དགུ་སྟོབས་ལྡན་དཀྱིལ་ན་བཞུགས༔ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་ལོ༔ འཕྲིན་ལས་ཁྱབ་གདལ་པདྨའི་བྱང་ཕྱོགས་སུ༔ ཉོན་མོངས་བདུད་འཇོམས་རྡོ་རྗེ་གྲོ་ལོད་སྤྲུལ༔ འཁོར་དུ་ཀརྨ་མཁའ་འགྲོ་མ་ཚོགས་བསྐོར༔ ཡེ་ཤེས་ལྔ་རྫོགས་སྣ་ལྔའི་དཀྱིལ་ན་བཞུགས༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་ཡན་ལག་པདྨའི་ཤར་ལྷོ་རུ༔ མ་རིག་མུན་སེལ་ཉི་མ་འོད་ཟེར་སྤྲུལ༔ འཁོར་དུ་བཛྲ་དཔའ་བོ་གིང་གིས་བསྐོར༔ བྱང་སེམས་འགྲོ་དོན་མཛད་པའི་དཀྱིལ་ན་བཞུགས༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་ལོ༔ ཐེག་དགུ་སྟོབས་སྤྱོད་ལྷོ་ནུབ་པདྨ་རུ༔ སྲིན་པོའི་ཁ་གནོན་པདྨ་འབྱུང་གནས་སྤྲུལ༔ འཁོར་དུ་རིན་ཅེན་དཔའ་བོ་གིང་གིས་བསྐོར༔ ལམ་ལྔ་ས་བཅུ་བགྲོད་མེད་དཀྱིལ་ན་བཞུགས༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ༔ སྐྱེ་མེད་སྐུ་འཁྲུངས་པདྨའི་ནུབ་བྱང་དུ༔ རིགས་དྲུག་ཆོས་སྟོན་སེང་གེ་སྒྲ་སྒྲོགས་སྤྲུལ༔ འཁོར་དུ་པདྨ་དཔའ་བོ་གིང་གིས་བསྐོར༔ གཟུང་འཛིན་དག་པས་ཕྱོགས་མཚམས་དཀྱིལ་ན་བཞུགས༔ སེང་གེ་སྒྲ་སྒྲོགས་སྐུ་ལ་ཕྱག་འཚལ་ལོ༔ ཅིས་ཀྱང་མི་འགྱུར་པདྨའི་བྱང་ཤར་དུ༔ ཤེས་རབ་མེ་འབར་བློ་ལྡན་མཆོག་སྲེད་སྤྲུལ༔ འཁོར་དུ་ཀརྨ་དཔའ་བོ་གིང་གིས་བསྐོར༔ ཚད་མེད་བཞི་ལྡན་དོང་སྤྲུགས་དཀྱིལ་ན་བཞུགས༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་ལོ༔ བླ་མའི་འཁོར་ཚོགས་ཌཱ་ཀི་གིང་གི་ཚོགས༔ ཆོས་སྐྱོང་སྒོ་བ་བཞི་དང་སྒོ་མ་བཞི༔ མ་མོ་མཁའ་འགྲོ་ཕྱི་ནང་བར་ཆད་སྲུང་༔ བཀའ་སྲུང་དམ་ཅན་རྣམས་ལ་ཕྱག་འཚལ་ལོ༔ ཌཱ་ཀི་ཐམས་ཅད་བར་སྣང་གར་སྟབས་མཛད༔ ལྷ་རྣམས་ནམ་མཁའི་དབྱིངས་ནས་རོལ་མོ་སྒྲོགས༔ ལྷ་སྲིན་སྡེ་བརྒྱད་ཕྱི་ནས་བསྐོར་བ་དང་༔ ཀླུ་ཆེན་བརྒྱད་པོས་པད་སྡོང་མཐར་བསྐོར་ཞིང་༔ ཉིན་མཚན་ཀུན་ཏུ་རིན་ཅེན་འཐོར་བར་བྱེད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ མེ་ཏོག་ཨུ་དུམྺཱ་ར་གེ་སར་གྱི་ལེའུ་སྟེ་བཅུ་དགུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༠ ཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བ།

དེ་ནས་རྒྱལ་སྲས་པདྨ་རྒྱལ་པོ་ཡིས༔ ཟླ་མེད་གཅིག་པུར་ཕ་ཚད་འཁྱམ་དུ་ཕྱིན༔ ལྷོ་ཕྱོགས་མྱ་ངམ་ཚང་ཞེས་བྱ་བའི་ཚལ༔ ལྗོན་པའི་ཤིང་གྲིབ་སྐྱིལ་ཀྲུང་བཅས་ཏེ་བཞུགས༔ དྲང་སྲོང་ཆེན་པོ་འོད་ཟེར་ཅན་ཞེས་དང་༔ དྲང་སྲོང་ཆེན་པོ་གནས་འཇོག་ཅེས་བྱ་དང་༔ དྲང་སྲོང་ཆེན་པོ་འགྲོ་སྐྱོང་ལ་སོགས་པ༔ དྲང་སྲོང་མང་པོ་མཁའ་ལ་འགྲོ་བ་ལས༔ སྟེང་དུ་ཕྱིན་པར་མ་ནུས་འོག་ཏུ་བལྟས༔ རྒྱལ་སྲས་སྤྲུལ་སྐུ་དཔལ་དང་གཟི་མདངས་འབར༔ མཚན་བཟང་སྟོབས་ཆེ་ཤུགས་ཅན་བདོག་མཐོང་ནས༔ འདི་དེ་སུ་ཞིག་རྣམ་ཐོས་བུའམ་ནི༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ནི་ཡིན༔ འཇིག་རྟེན་འདི་ན་རྣམ་པ་འདི་ལྟ་བུ༔ དྲང་སྲོང་རྣམས་ཀྱིས་དེ་སྐད་སྨྲས་པ་དང་༔ སྐྱེད་མོས་ཚལ་ནས་ལྗོན་པའི་ལྷ་མོས་སྨྲས༔ རྣམ་ཐོས་བུ་དང་སྟོང་ཕྲག་ཆར་མི་ཉེ༔ འདི་དྲུང་ཕྱིན་ན་གང་དང་འགྲན་མི་ནུས༔ དྲང་སྲོང་ཚིག་དེ་ཐོས་པས་ས་ལ་བབས༔ དྲི་མེད་རྒྱལ་སྲས་མཉམ་པར་བཞག་པ་མཐོང་༔ དྲང་སྲོང་རྣམས་ཀྱིས་བདེན་པའི་ཚིག་བརྗོད་པ༔ ཨེ་མ་ཧོ༔ རིན་ཅེན་སྣ་ཚོགས་ལྗོན་པའི་ཤིང་ཆེན་ལ༔ བཀྲ་ཤིས་བྱ་ཚོགས་མང་པོ་སྐད་སྙན་འབྱིན༔ མེ་ཏོག་སྣ་ཚོགས་ལེགས་པར་འཁྲུངས་པའི་ཚལ༔ ཆོས་དེ་རྣམ་པའི་མཆོག་ཀུན་ལྡན་བསྒོམ་པ༔ པདྨ་རྒྱལ་པོའི་སྐུ་མཆོག་དྲི་མ་མེད༔ སངས་རྒྱས་གཉིས་པ་འཇིག་རྟེན་སྒྲོན་མ་ཁྱོད༔ བདག་ཅག་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིས༔ ཡོན་ཏན་ཅུང་ཟད་བརྗོད་པར་མ་ིནུས་ཚིམ༔ ཞེས་བརྗོད་བསྐོར་བ་ལན་བདུན་བྱས་ནས་སུ༔ དྲང་སྲོང་རྣམས་ནི་མཁའ་ལ་སོང་བར་གྱུར༔ རྒྱལ་པོ་གཞོན་ནུ་མི་འདུག་གར་སོང་ཞེས༔ གཞོན་ནུ་ཚོལ་ཕྱིན་ལྗོན་པའི་ཤིང་གྲིབ་ལ༔ སྐྱིལ་ཀྲུང་བཅས་ནས་ལྟ་སྟངས་མཛད་པ་མཐོང་༔ རྒྱལ་པོ་ཨིནྡྲ་བོ་དྷིས་དེར་སོང་ནས༔ སྐྱེ་རྒུ་མི་ཟད་གཞན་དག་རྣམས༔ ཟས་དང་སྐོམ་དང་མི་འབྲལ་ཏེ༔ ལོངས་སྤྱོད་ཆེན་པོའི་ཚུལ་བགྱིད་ཅིང་༔ ཕྱོགས་ཉིད་ཀུན་ཏུ་རྣམ་པར་རྒྱུ༔ རྒྱལ་བུ་ཅི་ཕྱིར་ཐུགས་མ་ཕེབས༔ སྐྱེས་བུ་གཞོན་ནུ་ལུས་མཛེས་པ༔ སྡུག་ཅིང་ཡིད་འོང་གཅིག་པུ་འདིར༔ ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ༔ ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས༔ སྲོག་དང་ལུས་ལ་མི་ལྟ་བར༔ ཞེ་སར་བཅས་ནས་ཁྱེའུ་མཆོད༔ ཕོ་བྲང་ནང་དུ་བདེ་བར་འདུག༔ ཅེས་བརྗོད་ཁྱེའུས་ཕོ་བྲང་ཕྱིན་པར་གྱུར༔ དེ་ནས་རེ་ཞིག་དུས་ན་བློན་པོ་རྣམས༔ རྒྱལ་པོའི་འདུན་སར་ལྷན་ཅིག་ཚོགས་པ་དང་༔ བློན་པོ་རྒན་རབས་ཁ་ཅིག་འདི་སྐད་སྨྲ༔ རྒྱལ་པོ་ཐུགས་ཀྱིས་མཁྱེན་པས་དགོངས་པར་མཛོད༔ རྒྱལ་བུ་ཕོ་བྲང་ཐུགས་མི་ཕེབས་པ་ནི༔ ཁམས་རྒྱས་ལང་ཚོ་དར་བབ་ཡིད་སྲུབས་འཕེལ༔ བཙུན་མོ་བླངས་ན་ཐུགས་ཕེབས་གནང་བར་མཛོད༔ ཅེས་གསོལ་རྒྱལ་པོའི་ཐུགས་སུ་ལྷགས་པར་གྱུར༔ དེ་ནས་རྒྱལ་པོས་བློན་པོའི་ལན་སྨྲས་པ༔ དེལྟར་བྱའོ་སྤྲུལ་སྐུའི་ཚུལ་མཐུན་པའི༔ བུ་མོ་གང་ཞིག་སུ་དག་ཡོད་ལྟོས་ཤིག༔ དེ་ནས་ཆོས་བློན་ཏྲིག་ན་འཛིན་ཞེས་པས༔ ཉིན་མཚན་གཡེལ་བ་མེད་པར་གང་དག་ནས༔ བུ་མོ་བརྒྱ་ཕྲག་སྟོང་ཕྲག་མང་པོ་བསྡུས༔ ཁྱེའུས་ཕོ་བྲང་རྩེ་ནས་གཟིགས་སུ་བཅུག༔ རབ་ཏུ་དགའ་བའི་སེམས་བསྒྱུར་བཙུན་མོར་ཁབ༔ ཚུལ་མཐུན་དམ་པ་འདི་ཡིན་གསུང་བར་ཞུ༔ བློན་པོས་རིན་ཅེན་མང་པོ་སྦྱིན་དུ་བཅུག༔ རྒྱལ་པོ་ཆེན་པོས་སྲས་ལ་འདི་སྐད་གསོལ༔ བདག་ཅག་རྣམས་ཀྱི་བསམ་པ་ཅི་ཡིན་པ༔ ཚིག་འདི་དྲི་མེད་མཆོག་གིས་གསན་དུ་གསོལ༔ ནི་གུ་གང་དག་འདི་རུ་ལྷགས་གྱུར་པ༔ སྤྲུལ་སྐུའི་ཐུགས་སུ་བྱོན་པ་སྩལ་ལགས་ཀྱི༔ རྒྱལ་སྲས་དྲི་མེད་མཆོག་དེས་ཚིགས་སུ་བཅད༔ སུག་བཞི་མི་འཛུགས་བྱོལ་སོང་ཁྱུ་རེ་ཆེ༔ བ་ཡུ་ཁོལ་ཐག་ཅན་ཚོས་ཅི་ཞིག་བྱ༔ ཆང་མང་འཐུངས་པའི་ར་རོ་ཏོག་ཅོར་ཆེ༔

ལྷ་འདྲེས་མ་བརླམས་སྨྱོ་བ་ཡིན་ནམ་ཅི༔ ཉོན་མོངས་ནད་གང་རང་ཉིད་ལྷ་མོར་མཐོང་༔ སྲོག་མ་བཅད་པའི་རོ་ཚོས་ཅི་ཞིག་བྱ༔ དེ་སྐད་གསུངས་ནས་འགོལ་བའི་གནས་ལ་སོང་༔ རྒྱལ་པོས་བཙུན་མོ་དམ་པ་འདིས་ཉན་པ༔ དེ་ནས་ཞག་བདུན་བར་དུ་ལན་གྱིས་གསུངས༔ དེ་ནས་པདྨ་རྒྱལ་པོའི་བསམ་པ་ལ༔ ཁྱིམ་ཐབ་འདི་ལ་སྦྱར་མ་ཐག་ཏུ་ནི༔ འཐབ་མོ་འཁོན་རྩོད་མྱ་ངན་སྡུག་བསྔལ་རྩ༔ འོན་ཀྱང་ནོར་བུ་འདམ་རྙོག་ཁྲོད་ནས་འོང་༔ ལམ་གྲོགས་གེགས་མི་བྱེད་པའི་བུད་མེད་དེ༔ རྒྱུ་ལམ་བདེ་བའི་རོ་ཡིས་ཚིམ་གྱུར་ནས༔ ཡོ་ག་རྣམ་གསུམ་སྤྱོད་ལ་བསྔགས་པའོ༔ དེ་སྙམ་སེམས་ནས་ཡི་གེར་བྲིས་པ་ནི༔ བག་ཡོད་གཟུགས་མཛེས་མི་དགེའི་ཁྱིམ་ནས་འབྱོལ༔ ན་ཚོད་རུས་རིགས་དག་པས་སེམས་བསྒྱུར་འོས༔ གཡོ་མེད་མི་ཁྲོ་ཕྲག་དོག་སེར་སྣ་མེད༔ ངོ་ཚ་ཤེས་ཤིང་བག་ཡོད་གཏོང་ལ་མོས༔ འདོད་ཆགས་ཞེ་སྡང་གཏི་མུག་ཤས་ཆུང་བ༔ བདག་གི་སེམས་དང་འགལ་བར་མི་བྱེད་དེ༔ དེ་འདྲའི་བུ་མོ་མཆིས་ན་བཀའ་སྩོལ་ཅིག༔ བུ་མོ་ཕལ་པ་མང་ཡང་བདག་འདུན་མིན༔ ཞེས་པ་ལ་སོགས་ཚིགས་བཅད་རྒྱལ་པོས་ཐོས༔ རྒྱལ་པོས་ཏྲིག་ན་འཛིན་ལ་བཀའ་སྩལ་པ༔ ཏྲིག་ན་འཛིན་ཁྱོད་སིངྒ་ལ་རུ་སོང་༔ མི་ཁྱིམ་བུ་མོ་ཐམས་ཅད་ལྟོས་ཤོག་གསུངས༔ ཡོན་ཏན་དེ་ཚང་བུ་མོ་གང་ཡང་རུང་༔ ཡོངས་སུ་བཟུང་ལ་འདི་རུ་ཁྲིད་ཤོག་གསུངས༔ དེ་ནས་བློན་པོས་ཡུལ་དེའི་ཁྱིམ་ཀུན་བཙལ༔ དེ་ལྟ་བུ་ནི་གཅིག་ཀྱང་མི་འདུག་ནས༔ སངས་རྒྱས་དུས་སྟོན་བྱེད་པའི་ལྟད་མོ་ལ༔ བུ་མོ་ལྔ་བརྒྱ་ལྷན་གཅིག་འདུག་པའི་དབུས༔ བུ་མོ་གཟུགས་མཛེས་ལྟ་ན་སྡུག་པ་མཐོང་༔ ཁྱོད་ཉིད་སུ་ཡི་བུ་མོ་ཡིན་ཞེས་སྨྲས༔ སུ་ཡི་བུ་མོ་ཡིན་ན་ཅི་བྱེད་ཟེར༔ དབང་པོའི་སྲས་པོ་གཟུགས་ནི་མཛེས་གྱུར་པ༔ མངལ་སྐྱོན་མ་གོས་རྫུས་སྐྱེས་པདྨར་འཁྲུངས༔ དེ་ཡི་བཙུན་མོར་ཁྱོད་ཉིད་འོས་སམ་སྙམ༔ དགའ་བའི་འཛུམ་སྟོན་བདག་ལ་མིང་སྨྲོས་ཤིག༔ བུ་མོས་བཞིན་དཀར་སོ་ཡི་མདངས་བསྟན་ནས༔ བུ་མོའི་ཁྱུ་ནས་ཕ་ཚད་ཅིག་ཏུ་དོན༔ ང་ཡི་མིང་ནི་འོད་འཆང་མ་ཞེས་ཟེར༔ རྒྱལ་པོ་ཙནྡྲ་གོམ་ཤིའི་སྲས་མོ་ཡིན༔ མི་མཆོག་ཁྱོད་ཀྱིས་མྱུར་དུ་མཆིས་པར་མཛོད༔ རྒྱལ་པོ་དྷ་ན་ཧ་ཏའི་བུ་ལ་ནི༔ ང་ནི་བག་མར་སང་འགྲོ་གནངས་འགྲོར་ཡོད༔ མི་མཆོག་ཁྱོད་ནི་རྩོལ་བའི་དུས་བབ་སྨྲས༔ དེ་ནས་ཆོས་བློན་ཆེན་པོ་ཏྲིག་ན་འཛིན༔ སིངྒ་ལ་ཡི་རྒྱལ་པོའི་དྲུང་དུ་ཕྱིན༔ རྒྱལ་པོ་ཟླ་བ་གཞོན་ནུར་ཡི་གེ་བསྟན༔ རྒྱལ་པོས་ཡི་གེ་ཀློག་ནས་ཚིག་སྨྲས་པ༔ ཡི་གེའི་ནང་བཞིན་བུ་མོར་ཚང་འདུག་སྟེ༔ ཁྱོད་འཕྱིས་རྒྱལ་པོ་དྷ་ཧའི་བུ་ལ་བྱིན༔ དེ་ལ་མྱུར་དུ་གུད་དུ་འགྲོ་དགོས་ཡོད༔ ཅེས་ཐོས་བློན་པོ་ཡིད་འཁྱོག་མྱུར་བར་ཕྱིན༔ རྒྱལ་པོས་སུ་ལ་དེ་ལྟར་ཡོད་ཅེས་དྲིས༔ བློན་པོས་རྒྱལ་པོ་ཟླ་བ་གཞོན་ནུ་ལ༔ བུ་མོ་ཡོན་ཏན་དེ་དག་ཚང་བ་མཆིས༔ འོང་བར་མི་སྣང་དྷ་ཧའི་བུ་ལ་ཐལ༔ ཞེས་སྨྲས་ཡོན་ཏན་ཨེ་ཚང་རྒྱལ་བུར་འདྲི༔ བུ་མོ་ལྔ་བརྒྱ་ལྷན་ཅིག་ཁྲིད་ལ་ཤོག༔ རིན་ཅེན་མང་པོའི་སྦྱིན་པ་བྱེད་དུ་འཇུག༔ ཡིད་བཞིན་ནོར་བུ་གང་ལ་བྱིན་དེ་ཡིན༔ ཞེས་གསུངས་དེ་ནས་བློན་པོས་སིངྒར་ཕྱིན༔ རྒྱལ་སྲས་མཆོག་དེ་ནོར་བུ་སྦྱིན་པར་གཏོང་༔ བུ་མོ་ལྔ་བརྒྱ་རིན་ཅེན་ལེན་དུ་གཤེགས༔ ཞེས་བརྗོད་ལྔ་བརྒྱ་ལྷན་ཅིག་ཁྲིད་ནས་འོང་༔ ཕོ་བྲང་ཕྱི་རོལ་རིན་ཅེན་མང་པོ་སྤུངས༔ རྒྱལ་སྲས་མཐོ་བའི་པདྨའི་ཁྲི་ལ་འདུག༔ ཁྲི་ཡི་གཡོན་དུ་རིན་ཆེན་སྙོད་མི་བཞག༔ བུ་མོ་བཞི་བརྒྱ་དགུ་བཅུ་གོ་དགུ་ནི༔ རིན་ཅེན་བླངས་ཤིང་ལྟ་མི་བཟོད་པར་སོང་༔ ཕྱི་ན་བལྟ་ན་སྡུག་ཅིང་ཡིད་འོང་ཞིག༔ མདུན་དུ་ཐལ་སྦྱར་པུས་བཙུགས་ཞལ་ལ་ལྟ༔ ཚིགས་སུ་བཅད་པས་རྒྱལ་སྲས་སྐུ་ལ་བསྟོད༔ ཨེ་མ་ཧོ༔ རྒྱལ་སྲས་ཁྱོད་ཀྱི་གཟུགས་ནི་བལྟས་མི་ངོམས༔ བཻཌཱུརྱ་འདྲ་སྐུ་མདོག་དཀར་རྣམས་དང་༔ བྱུ་རུའི་མདོག་འདྲ་དམར་པོ་ཟངས་འདྲ་བས༔ ཁྱོད་ལ་དཔེ་ནི་བགྱི་བར་མི་ནུས་ཏེ༔ བདག་ནི་ཁྱོད་གཟུགས་བལྟ་བས་རབ་ཏུ་སྐོམ༔ ཐུགས་རྗེས་ཆབ་ཀྱིས་བདག་ལ་ཚིམ་པར་མཛོད༔ འདྲེན་པ་ཁྱོད་ནི་བདག་ལ་མི་དགྱེས་སམ༔ ཞེས་བསྟོད་མཆི་མ་མང་དུ་ཕྱུང་བ་དང་༔ པདྨ་རྒྱལ་པོས་ཡིད་བཞིན་ནོར་བུ་བླངས༔ བཞིན་གྱི་དཀྱིལ་འཁོར་འོད་འཆང་མ་ལ་བསྟན༔ མི་དབང་ཟླ་བའི་སྲས་མོ་འོད་འཆང་ཁྱོད༔ ཁྱོད་དང་ཟུར་འདྲ་ཙམ་ཡང་ས་སྟེང་མེད༔ རྟག་པར་ཁོར་ཡུག་ཏུ་ནི་ཁྱོད་ཉིད་དྲན༔ བདག་ནི་བདེ་བར་གཤེགས་པ་མཐོང་རབ་སྐོམ༔ མཐོང་བའི་ཆུ་བསིལ་བདག་ལ་སྩལ་ཏུ་གསོལ༔ ཞེས་བརྗོད་ཡིད་བཞིན་ནོར་བུ་བྱིན་པ་དང་༔ བཙུན་མོ་འོད་འཆང་མས་བླངས་ཚིགས་སུ་བཅད༔ རྒྱལ་སྲས་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ལས༔ ལས་ངན་ལམ་དང་བྲལ་བ་བདག་ཡིན་ན༔ ཐིགས་པ་གཅིག་ཙམ་ཐུགས་བརྩེར་གྱུར་པ་ལ༔ བདག་གིས་དོག་སར་པུས་མོ་བཙུགས་ནས་སུ༔ རྒྱལ་སྲས་གཟུགས་སྐོམ་ཤིན་ཏུ་མྱ་ངན་སེམས༔ འདྲེན་པའི་སླད་དུ་སྙིང་རྗེའི་སྐད་ཀྱིས་ངུ་༔ ཞེས་གསོལ་ཡིད་བཞིན་ནོར་བུ་ཕྱག་གཏད་སོང་༔ དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིས༔ རྒྱལ་པོ་ཟླ་བ་གཞོན་ནུར་ཡི་གེ་བསྲིངས༔ རྒྱལ་པོ་ཁྱོད་ནི་བསོད་ནམས་རྒྱ་མཚོའི་དབུས༔ འོད་འཆང་མཛེས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན༔ ལྷ་མོའི་གཟུགས་འཛིན་མ་ནི་བདག་བུར་བྱིན༔ ཞེས་པའི་ཡི་གེ་རྒྱལ་པོས་མཐོང་བ་དང་༔ རྒྱལ་པོ་ཟླ་བ་གཞོན་ནུས་ལན་བསྐུར་བ༔ རྒྱལ་པོའི་དབང་པོ་དམ་པ་ཨིནྡྲ་ཡི༔ བུ་དེ་སྙིང་སྟོབས་དམ་པ་མཆོག་གྱུར་ཅིང་༔ གང་གིས་བུ་མོ་བདེ་བར་བྱས་པ་ཡིན༔ དྷ་ཧའི་བུ་ལ་བསྟན་པ་འདི་བཤད་ཟིན༔ རྩོད་པར་ཆས་ལ་ལྟ་བས་བདག་ཀྱང་དོགས༔ སྤྲོ་ཞིང་སྐྱེས་ཀྱི་འགྲོགས་པས་ཞེ་མ་ཚོ༔ ཡིག་ལན་མཐོང་བས་རྒྱལ་པོ་ཡིད་མ་བདེ༔ རྒྱལ་སྲས་དམ་པ་དེ་ལ་རྒྱལ་པོས་སྨྲས༔ འོད་འཆང་མཚན་དེ་ཤིན་ཏུ་ཚང་མཆིས་ན༔ དེ་ནི་ཐབས་ཀྱིས་བཙུན་མོར་བླང་བར་བགྱི༔ ཞེས་གསུངས་དེ་ནས་སྲས་ཀྱིས་ལན་གསོལ་བ༔ སེམས་ཅན་དམ་པ་དེ་ནི་ཡོན་ཏན་ལྡན༔ ཉམ་ཆུང་མུན་པ་འཐིབས་པོར་གནས་པར་གྱུར༔ ཡབ་གཅིག་གསོན་ནམ་འོན་ཏེ་ཤིའམ་ཅི༔ གཞོན་པ་མགྱོགས་པས་མྱུར་དུ་ཕོ་བྲང་བཀྲིས༔ ཞེས་གསུངས་རྒྱལ་པོས་བློན་པོར་བཀའ་བསྒོས་པ༔ འདི་ལྟར་བློན་པོ་མྱུར་དུ་དེར་སོང་ལ༔ བྲམ་ཟེ་རྟེན་འབྲེལ་མཁན་པོ་བོས་ཤོག་གསུངས༔ རྒྱལ་པོས་བྲམ་ཟེ་རྟེན་འབྲེལ་མཁན་པོ་དེ༔ རིན་ཆེན་མང་པོ་བྱིན་ཏེ་ཚིམ་པར་བྱས༔ བདག་བུ་སྡུག་ཅིང་ཡིད་འོང་གཅིག་པུ་འདི༔ ཟླ་བའི་བུ་མོ་འོད་འཆང་མ་ཡིས་ཟིན༔ རྒྱལ་པོ་དྷ་ཧའི་བུ་ལ་ཐལ་ཟིན་སྨྲེང་༔ བག་མར་འགྲོ་བའི་ལམ་དུ་ཞུགས་པའི་ཚེ༔ བུ་མོ་དེ་ཡི་ལག་པ་གཡས་གཡོན་ལ༔ སྔགས་བཏབ་ལྕགས་ཀྱི་ཕྱེ་མ་འདི་ཉིད་ནི༔ སེན་མོའི་བར་དུ་ཟར་མའི་ཆུས་སྦྱོར་རྫོངས༔ ཞེས་གསུངས་རྒྱལ་པོའི་བཀའ་ནི་གཉན་པའི་ཕྱིར༔ བྲམ་ཟེ་ཁས་བླངས་དམ་བཅས་མནའ་བོར་རོ༔ དེ་ནས་དུས་བབ་བག་མར་འགྲོ་བ་ལ༔ ཡུལ་ཆོས་བུ་མོ་འབུམ་ཕྲག་མང་པོའི་གསེབ༔ ཆ་ལུགས་འདྲ་འདྲ་མི་ཤེས་བྱས་ནས་གཏོང་༔ ལྟད་མོ་བལྟ་བ་དམར་ནག་ཁྲོམ་དུ་འཁྱིལ༔ བློན་པོ་ཏྲིག་ན་དཔོན་གཡོག་ལྔ་བརྒྱར་བཅས༔ ལག་ཏུ་ལྕགས་ལེན་རྡོ་བཟུང་མིའི་སྲང་བསྡད༔ དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིས༔ ཕོ་བྲང་རྩེ་བརྒྱད་དར་དང་རྒྱལ་མཚན་ཕྱར༔ རྒྱལ་མཚན་རྩེ་ལ་ཡིད་བཞིན་ནོར་བུ་བཏགས༔ ཕྱོགས་བཞིར་ཕྱག་བཙལ་གསོལ་བ་འདི་སྐད་བཏབ༔ ང་ཡིས་རྙེད་པའི་ཡིད་བཞིན་ནོར་བུ་འདི༔ བསམ་འཕེལ་དགོས་དགུ་འབྱུང་བ་ཡིན་གྱུར་ན༔ ཡོན་ཏན་ལྡན་པའི་བུ་མོ་འོད་འཆང་མ༔ འཁོར་གཡོག་ལྔ་བརྒྱར་བཅས་པ་འདིར་ཤོག་ཅིག༔ དེ་སྐད་བརྗོད་པས་བཙུན་མོ་འོད་འཆང་མ༔ འབུམ་ཕྲག་ཕྱེད་སོང་ཕྱེད་ན་ཡོད་པ་ལས༔ བློན་པོ་ཏྲིག་ན་ཡོད་པའི་མདུན་ས་དེར༔ རང་དབང་མེད་པར་ལག་གཉིས་འཐེན་བཞིན་བྱེད༔ བློན་པོ་འཁོར་བཅས་རང་གི་ཡུལ་ཕྱོགས་འོངས༔ ཕྱི་ལ་འོད་འཆང་དཔོན་གཡོག་ལྔ་བརྒྱ་བྱུང་༔ བག་མ་ཕྲོགས་ཟེར་ཕྱི་ལ་མང་པོ་འཐབ༔ གིང་ཆེན་བཞི་ཡིས་འདོ་ལེའི་སྟེང་ལ་ཁྱེར༔ ནམ་མཁའི་དབྱིངས་ལ་རེས་མཐོང་རེས་མི་མཐོང་༔ ཐོར་ཅོག་དགུ་ལྡན་ཕོ་བྲང་ནང་དུ་བབས༔ རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ནས༔ སྤྲུལ་སྐུ་འཇིག་རྟེན་ཆོས་དང་མཐུན་བྱའི་ཕྱིར༔ རྒྱལ་པོ་གཞན་ཞིག་བུ་མོ་བླངས་པའི་ཚུལ༔ བློན་པོས་མིང་འབོད་ལམ་ནས་འོང་བ་མཐོང་༔ བློན་པོ་དེ་ཉིད་ཤིན་ཏུ་སེམས་དགའ་སྟེ༔ གླང་ཆེན་ཞོན་ནས་འོད་འཆང་བལྟ་ཕྱིར་འོངས༔ བུ་མོ་ལྔ་བརྒྱས་འོད་འཆང་ཁྲུས་ནས་ཕྱུང་༔ ཤིན་ཏུ་ཁྲུས་བགྱིས་ཤིན་ཏུ་བརྒྱན་བརྒྱན་ནས༔ མཐོང་བས་དགའ་བས་བཙུན་མོ་ལྟ་བར་བྱེད༔ སྟན་བཟང་སྟེང་དུ་ཕྱིན་ཏེ་དགའ་མགུར་སྤྱོད༔ བུ་མོ་བརྒྱ་སྟོང་འབུམ་ཕྲག་ནང་ནས་ཀྱང་༔ འོད་འཆང་མ་ནི་བཙུན་མོ་མཆོག་དབང་བསྐུར༔ རྒྱལ་སྲས་མཆོག་ལ་མཆོད་པའི་ལས་བྱེད་དོ༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པས༔ དགའ་བའི་སྒྲ་འབྱིན་ཕོ་བྲང་ནང་དུ་རྩེ༔ ཕོ་བྲང་མཁར་བརྒྱད་ལྷ་ཁང་ཁྱིམ་ལྟ་བུ༔ སྒོ་ཁང་རྟ་བབས་སྐར་ཁུང་བསིལ་ཁང་དང་༔ རིན་ཅེན་སྣ་ཚོགས་བརྒྱན་པའི་ཁྱིམ་ན་འདུག༔ ཡོ་བྱད་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ལ༔ བཙུན་མོའི་འཁོར་རྣམས་ལྷ་ཡི་བུ་མོ་འདྲ༔ ལྟ་སྤྱོད་མཐུན་ཅིང་ཁ་ན་མ་ཐོ་མེད༔ བུད་མེད་ཚོགས་ཀྱི་སྤྱོད་ལམ་ཡིད་དུ་འོང་༔ མཛའ་བོ་གཉེན་བཤེས་ཡིད་དག་དགའ་མཆིད་སྨྲ༔ ཤིང་རྟའི་འཁོར་ལོ་གྱད་ཆེན་བཞིས་བསྒྱུར་ནས༔ ཕོ་བྲང་ཕྱོགས་བཞིར་ཉིན་བཞིན་སྐྱོ་བསངས་བྱེད༔ རོལ་མོ་མང་པོའི་བྱེ་བྲག་བསམ་མི་ཁྱབ༔ ལོ་ལྔའི་བར་དུ་ཕོ་བྲང་གནས་པར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་ཉི་ཤུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༡ རྒྱལ་སྲིད་སྤངས་པ།

དེ་ནས་རེ་ཞིག་དུས་ན་སྒྲ་འོད་བྱུང་༔ རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་བྱོན༔ ལྷ་འཁོར་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐོར༔ འཇའ་འོད་དཀྱིལ་ནས་ཚིགས་སུ་བཅད་པ་སྨྲས༔ ཨེ་མ་ཧོ༔ རྒྱལ་པོའི་ཕོ་བྲང་དབུས་ན་ནི༔ ཆོས་ཀྱི་རྒྱལ་པོ་གནས་གྱུར་པ༔ བཙུན་མོ་སྡུག་གུའི་ཚོགས་ཀྱིས་བསྐོར༔ ཕན་ཚུན་གནས་ཀྱང་འདུ་བ་དག༔ དེ་དག་ཐམས་ཅད་མི་དགའ་ཞིང་༔ འཇིགས་པའི་ཡིད་ཀྱིས་མྱ་ངན་བྱེད༔ དེ་ཡི་དུས་ལ་ད་བབ་བོ༔ རྒྱལ་སྲིད་རུལ་བ་བཞིན་དུ་དོར༔ ཞེས་གསུངས་མི་སྣང་མཁའ་ལ་ཡལ་བར་གྱུར༔ དེ་ནས་ཨིནྡྲ་བོ་དྷིའི་རྨི་ལྟས་ལོག༔ ཉི་ཟླ་གཉིས་ཀ་དུས་གཅིག་རྒས་པ་རྨིས༔ ཕོ་བྲང་ནང་དུ་བཤུམ་མོ་བྱེད་པ་རྨིས༔ མྱ་ངན་རབ་ཏུ་གདུངས་ཤིང་སྨྲེ་སྔགས་འདོན༔ རྒྱལ་པོ་བློན་པོ་སྙིང་རྗེའི་སྐད་ཀྱིས་ངུ་༔ དེ་སྐད་བརྗོད་ཅིང་ཡིད་ནི་རབ་ཏུ་ཞུམ༔ དེ་ནས་རྒྱལ་སྲས་པདྨ་རྒྱལ་པོ་ཡིས༔ སྔར་གྱི་སྐྱེད་མོས་ཚལ་གྱི་ས་རུ་ཕྱིན༔ བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལ༔ ཤར་གྱིཕྱོགས་ནས་འཁོར་ལོ་རྩིབས་སྟོང་པ༔ ལྟེ་བ་མུ་ཁྱུད་དང་བཅས་ཡོངས་སུ་རྫོགས༔ བཟོ་མཁན་མ་བྱས་ལྷ་རྫས་གསེར་རང་བཞིན༔ འགྲན་གྱིས་ཟླ་མེད་ལས་ལས་གྲུབ་པའིཕྱིར༔ འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ལ༔ རྒྱལ་སྲིད་སྣ་བདུན་རིན་ཅེན་སྣ་བདུན་དང་༔ ཡོ་བྱད་སྣ་བདུན་དམ་རྫས་སྣ་བདུན་བྱུང་༔ ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་བསུ་བ་བྱེད༔ དེ་ནས་མི་མཆོག་རྒྱལ་སྲས་དགོངས་པ་ལ༔ རྒྱལ་ས་བཟུང་བས་འགྲོ་བའི་དོན་མི་འགྲུབ༔ སེམས་ཅན་མང་པོ་ངན་འགྲོའི་གཡང་ལ་འཆོར༔ རྒྱལ་སྲིད་སྤང་བའི་ཐབས་ཤིག་བྱ་དགོས་བསམས༔ པདྨའི་རྩ་ལག་སྨད་འཚོང་བཟང་མོ་གཉིས༔ ངན་སོང་གསུམ་འཁོར་གཅིག་ནི་སྦྲང་མར་སྐྱེས༔ གཅིག་ནི་བུ་ཆུང་མཚན་མ་བཟང་པོར་སྐྱེས༔ ད་སྟེ་ཞག་བདུན་ཤི་ནས་དམྱལ་བར་འགྲོ༔ འཕགས་ཞལ་ཉི་ཞུར་ཙམ་ཡང་མི་མཐོང་སྟེ༔ ཐུགས་རྗེས་གཟིགས་ནས་ལས་ངན་འཛད་པ་དང་༔ རྒྱལ་པོ་དང་ནི་བློན་པོས་སུན་འདོན་ཕྱིར༔ རྒྱལ་ཕྲན་ཞིག་གིས་བུ་ཆུང་བསིལ་གྲིབ་བསྙལ༔ དེ་ཡི་མགོ་ལ་སྦྲང་མ་ཞིག་འདུག་ནས༔ རྒྱལ་སྲས་པདྨས་སོར་རྡེའུ་ཞིག་འཕངས་པས༔ སྦྲང་མ་བུ་ཆུང་ཀླད་པའི་དཀྱིལ་དིམ་ཤི༔ ཐམས་ཅད་མི་རིགས་མི་འཚམ་ཧ་ལས་ནས༔ འཁོར་ལོས་སྒྱུར་བའི་རྒྱལ་པོས་ཡུལ་གནོད་མེད༔ མཚོན་ཆས་གཡུལ་རྒྱལ་གསོད་དུ་མི་འཇུག་ལ༔ མི་ཐོང་རྒྱལ་པོ་འདི་ནི་གནོད་འཚེ་བྱེད༔ ཅེས་པ་ལ་སོགས་ཁས་བརྒྱ་བྱེད་པར་གྱུར༔ རྒྱལ་ཕྲན་བུ་རོ་ཡབ་ཀྱི་མདུན་དུ་བོར༔ དེ་ནས་ཡབ་ཀྱིས་སྲས་ལ་འདི་སྐད་སྨྲས༔ སེམས་ཅན་བདེ་བར་བྱེད་པ་རྒྱལ་པོའི་ཁྲིམས༔ གཞོན་ནུས་རྒྱལ་ཁྲིམས་བཤིག་པ་མིན་ནམ་ཅི༔ འཁོར་ལོས་སྒྱུར་རྒྱལ་ལོ་ཀར་བྱོན་པའི་ཚེ༔ ཡུལ་དེའི་མིརྣམས་ཐམས་ཅད་བདེ་བ་ལ༔ ཁམས་གྱི་རྒྱལ་ཕྲན་བུ་བསད་ཁྲིམས་ལ་མཆོངས༔ ཞེས་གསུངས་རྒྱལ་སྲས་མཆོག་གིས་ལན་གསོལ་བ༔ ཡབ་མཆོག་བདག་ལ་དགྱེས་པར་གསོན་མཛོད་དང་༔ བདག་ནི་འདི་ཡི་སྐྱེ་བ་ཡང་སྔ་ལ༔ ཉི་འོག་རྒྱལ་པོ་རྣ་བ་ཅན་གྱི་བུ༔ གོའུ་ཏ་མ་ཞེས་བྱར་སྐྱེ་བ་བླངས༔ དྲང་སྲོང་མདོག་ནག་ཅེས་བྱར་རབ་ཏུ་བྱུང་༔ ཡུལ་གྲུ་འཛིན་དུ་ལོ་མའི་སྤྱིལ་པོར་འདུག༔ དེ་ན་སྨད་འཚོང་བཟང་མོ་བྱ་བ་དང་༔ གཡོན་ཅན་པདྨའི་རྩ་ལག་བྱ་བ་ཡོད༔ དེ་གཉིས་དགའ་མགུར་སྤྱོད་ཕྱིར་ཆས་པ་ལ༔ ལམ་དུ་ཨ་རི་ཞེས་བྱའི་ཚོང་པ་ཡིས༔ བཟང་མོར་ཀཪྴ་པ་ཎ་ལྔ་བརྒྱ་བྱིན༔ དེ་དང་ལྷན་ཅིག་རྩེས་པས་བུ་མོས་བསྙད༔ པདྨའི་རྩ་ལག་ཁྲོས་ནས་བཟང་མོ་བསད༔ རལ་གྲི་གོའུ་ཏ་མའི་མདུན་དུ་བོར༔ རྒྱལ་པོས་བཅིངས་པས་གོའུ་ཏ་མ་ཤི༔ པདྨའི་རྩ་ལག་སྦྲང་མའི་སྐྱེ་བ་བླངས༔ སྨད་འཚོང་བཟང་མོ་བློན་པོའི་བུ་རུ་སྐྱེས༔ གོའུ་ཏ་མ་དེ་ནི་ད་ལྟ་ང་༔ ལས་ཀྱི་སྲོག་ལན་དེ་ལྟར་ཆགས་པ་ཡིན༔ རྒྱབ་ཚད་མི་ཕོག་ཕོག་ཚད་མི་འཆི་ན༔ རྒྱལ་པོས་མཁྱེན་མཛོད་ཁྲིམས་ནི་མ་བཤིགས་གསུངས༔ དེ་ནས་རྒྱལ་པོས་བུ་ཆུང་ཤི་སྟོང་བྱིན༔ རྒྱལ་སྲས་ཕོ་བྲང་ནང་དུ་སྤྱན་དྲངས་ནས༔ ཕྱི་སྒོ་ནང་སྒོ་བར་སྒོ་གནམ་སྒོ་ལ༔ གྱད་ཀྱི་བློན་པོ་སྒོ་སྲུངས་བརྒྱ་བརྒྱ་བཞག༔ རྒྱལ་སྲས་ཕྱི་རུ་སྐྱོ་བསངས་མ་གཏོང་བསྒོས༔ ཕྱི་ལ་འོབས་བརྐོས་སྒོ་གཏན་གཞུག་ཏུ་བཅུག༔ གྲོང་ཁྱེར་སྒོ་བཞིར་དམག་གི་དཔུང་ཆེན་བཞག༔ འོད་འཆང་མ་དང་རྒྱལ་སྲས་ལྷན་ཅིག་ཏུ༔ མནལ་བའི་ཚེ་ན་རི་འགུལ་ས་ནི་གཡོས༔ ལྗོན་ཤིང་ང་གིས་བསྐྱོད་པས་རྩ་ནས་དོན༔ གནམ་ས་གཉིས་ནི་འགྲེ་ལོག་བསྒྱུར་བ་དང་༔ མགོ་ཡི་སྐྲ་བཅད་སོ་གཅིག་ཕྱུང་བ་རྨིས༔ དེ་ནས་གཉིད་སད་སྙིང་མ་དགའ་ཞིང་བཤུམ༔ རྨི་ལམ་དེ་འདྲ་རྨི་བ་ཅི་འགྱུར་སྨྲས༔ རྒྱལ་སྲས་མཆོག་གིས་བཙུན་མོ་ལ་སྨྲས་པ༔ འོད་འཆང་ཁྱོད་ནི་སྡིག་མེད་དགེ་སེམས་ལྡན༔ རྨི་ལྟས་བཟང་གིས་ཁ་རོག་ཉོལ་ཞེས་གསུངས༔ དེ་ནས་རྒྱལ་སྲས་རྒྱལ་པོའི་ཁང་བཟང་སོང་༔ ཁང་བཟང་ཐམས་ཅད་འོད་ཟེར་གང་བར་གྱུར༔ རྒྱལ་པོའི་མནལ་སད་ཉི་མ་ཤར་བྱུང་ཟེར༔ བལྟས་པས་རྒྱལ་སྲས་དམ་པ་དེ་མཐོང་ནས༔ མཚན་མོ་རྒྱུ་བ་ཅིས་ཉེས་མི་གཟིམས་པར༔ པདྨ་འདྲ་བའི་མིག་རིང་ཅི་མཛད་གསུངས༔ རྒྱལ་སྲས་ཡབ་ལ་ཐལ་སྦྱར་པུས་བཙུགས་ནས༔ ཡབ་གསན་ང་ནི་ཚེ་གཅིག་སངས་རྒྱས་བསྒྲུབ༔ གཏི་མུག་རོ་ཉལ་བྱེད་ལ་སྐྱིད་པ་མེད༔ ལེ་ལོ་དང་ནི་གཡེང་བ་རབ་སྤངས་ནས༔ ཆོས་ཀྱི་གཏམ་མང་སྣ་ཚོགས་ཉེ་བར་སྟོན༔ དེ་ལ་སྐྱོ་བའི་སེམས་ནི་མ་མཛད་ཅིག༔ ཅེས་སྨྲས་རྒྱལ་པོ་མཆི་མས་བརྣངས་འདི་བརྗོད༔ ཁྱོད་ནི་སེམས་ཅན་ལེགས་བྱེད་དགོངས་པ་སྟེ༔ ཤིན་ཏུ་ཉམ་ཆུང་རང་གི་བུ་ལ་ཡང་༔ བདག་ནི་ལས་ཀྱི་འཕྲོ་དང་སྐལ་བར་ལྡན༔ ངེས་པར་མི་ལུས་ཐོབ་ནས་རྒྱལ་པོར་གྱུར༔ སྲས་ཀྱིས་ཕོངས་ནས་དཀོར་མཛོད་སྦྱིན་པར་བཏང་༔ ལམ་ལ་བགྲོད་དཀའ་རྒྱ་མཚོའི་ནོར་བུ་བླངས༔ ཡབ་དང་ཡུམ་མེད་པདྨའི་སྡོང་པོ་ལས༔ རྒྱུ་དང་རྐྱེན་མེད་སྤྲུལ་པའི་སྐུ་དང་མཇལ༔ རྒྱལ་སྲིད་ཕུལ་ནས་གཙུག་གི་ནོར་བུ་ཞུས༔ འཁོར་བའི་ཆོས་ལ་སྐྱོ་བ་མ་མཛད་པར༔ བདག་དང་ཡུལ་འཁོར་བྱམས་པས་སྐྱོངས་མཛོད་གསུངས༔ དེ་ནས་རྒྱལ་སྲས་མཆོག་གིས་འདི་སྐད་གསོལ༔ འདོད་ཆགས་ཞེ་སྡང་གཏི་མུག་མ་གྲོལ་བའི༔ འགྲོ་བ་གསུམ་པོ་འདི་མིན་གཞན་ན་མེད༔ ལུས་འདིའི་སྡུག་བསྔལ་ཕྲ་མོ་མི་བཟོད་པར༔ ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དུ་རེ༔ སྡུག་བསྔལ་ཆེན་པོ་ནམ་འོང་ཆ་མེད་པར༔ ཚེ་འདི་རྟག་པར་བཟུང་ནས་གཉེར་ཀ་བྱེད༔ བློ་ནོར་སྙིང་མེད་དབུས་སུ་ང་མི་སྡོད༔ འཁོར་བ་སྒྱུ་མར་མི་ཆགས་རབ་ཏུ་འབྱུང་༔ གཡེང་བ་འདུ་འཛི་སྤངས་ནས་སྤྱོད་པ་སྐྱོང་༔ ཞེས་གསུངས་རྒྱལ་པོ་མཆི་མས་མིག་གང་ནས༔ ཀྱེ་མ་ཁྱོད་དང་མ་ཕྲད་སྔོན་རོལ་ཏུ༔ བདག་ཉིད་མི་འཆི་གསོན་པ་ཇི་ལྟ་བུ༔ འཆི་བདག་ཅི་ཕྱིར་ང་ལ་སྔར་མི་འོངས༔ སྡུག་བསྔལ་འདི་ལས་གཞན་མི་འབྱུང་ཞེས་གསུངས༔ དེ་ནས་རྒྱལ་སྲས་མཆོག་གིས་ཐུགས་གསོས་ཏེ༔ སྔོན་གྱི་རྒྱལ་སྲས་རྣམས་ཀྱིས་ཆོས་བཤད་པ༔ བདག་གིས་ཀུན་རྫོབ་བདེན་པ་ལ་བརྟེན་ནས༔ ཡབ་མཆོག་རྒྱལ་པོའི་ཐུགས་ཀྱི་གཅོང་འབྱིན་ཕྱིར༔ ཚིགས་སུ་བཅད་དེ་སྨྲས་པར་བགྱིའོ་གསོན༔ སྔར་འདུས་སྡོད་པ་མེད་པས་འབྲལ་བར་ངེས༔ གནས་སྐབས་ཡུད་ཙམ་ཡིན་པས་འབྲལ་བར་ངེས༔ རྒྱལ་བློན་ཚོང་དུས་འདྲ་བས་སོ་སོར་འགྱེས༔ འཇིག་རྟེན་དག་ན་རྟག་པའི་ཆོས་མེད་དེ༔ སྔར་ལུས་མེད་པས་ཐམས་ཅད་འཆི་བར་ངེས༔ ཕུང་པོ་འདུས་བྱས་ཡིན་པས་འཇིག་པར་ངེས༔ མི་ཚེ་སྐད་ཅིག་མི་སྡོད་འགྲོ་བར་ངེས༔ བྱས་པ་ཐམས་ཅད་མི་རྟག་འཇིག་པར་ངེས༔ བརྩིགས་པའི་གནས་ཀྱིས་འཆི་བ་ལ་མི་བསྟོངས༔ འབྲེལ་བའི་གཉེན་གྱིས་འཆི་བ་ལ་མི་བསྟོངས༔ བསགས་པའི་ནོར་གྱིས་འཆི་བ་ལ་མི་བསྟོངས༔ རང་ལུས་དཔའ་བགོས་འཆི་བ་ལ་མི་བསྟོངས༔ རྒྱུས་མེད་ས་རུ་གཅིག་པུར་འཁྱམ་དགོས་ན༔ དེ་ཀུན་བདེན་ནམ་གུས་པའི་སེམས་ཀྱིས་གཞིགས༔ བདག་གིས་ཐེག་པ་ཆེན་པོའི་ཆོས་བཙལ་ནས༔ ཡབ་ཡུམ་མྱུར་དུ་བླ་མེད་སངས་རྒྱས་བཏོན༔ དེ་ལྟར་ལེགས་སྨྲས་སོམས་ལ་ཐུགས་བདེར་མཛོད༔ དེ་སྐད་གསུངས་པས་རྒྱལ་པོའི་ཐུགས་ཆད་ནས༔ དེ་ཀ་ཡིན་ཟེར་བློ་ནི་ནང་དུ་བྲོས༔ བུ་ལ་ཆགས་པའི་སྲེད་པ་ཡོངས་སུ་བཅད༔ ཁྱོད་ཀྱི་བསམ་པ་ཡོངས་སུ་རྫོགས་གྱུར་ཅིག༔ དབུ་ཐུམ་གཏུམས་ནས་ཀྱི་ཧུད་ཟེར་ཞིང་ངུས༔ དེ་ནས་རྒྱལ་སྲས་དམ་པས་རང་ཁྱིམ་ཕྱིན༔ ནམ་ལངས་བློན་པོའི་ཚོགས་རྣམས་ཐམས་ཅད་བསགས༔ རྒྱལ་སྲིད་སྤང་ཕྱིར་བརྟུལ་ཞུགས་སྤྱོད་པ་མཛད༔ སྐུ་ནི་གཅེར་བུ་རུས་པའི་རྒྱན་དྲུག་གསོལ༔ ཕྱག་ཏུ་རྡོར་དྲིལ་ཁ་ཊྭཱྃ་རྩེ་གསུམ་ཐོགས༔ ཕོ་བྲང་རྩེ་མོར་གར་སྟབས་མཛད་པ་ལས༔ ལྟད་མོ་བལྟ་བའི་དམངས་ཕལ་མང་པོ་ཚོགས༔ རྡོ་རྗེ་ཁ་ཊྭཱྃ་ཤོར་བའི་རྫུ་བག་མཛད༔ བདུད་ཀྱི་བློན་པོ་དབང་ཆེ་ཁ་བཙན་པ༔ ཀ་ཏ་མ་ཞེས་ཨུ་པ་ཏ་ཡི་བུ༔ པྲ་ཏ་ཀ་ར་མ་བུའི་མགོ་དཀྱིལ་ཕོག༔ རྡོ་རྗེ་ཀླད་པའི་དཀྱིལ་དུ་སོང་ནས་གུམ༔ ཁ་ཊྭཱྃ་མ་ཡི་སྙིང་ལ་ཕོག་ནས་ཤི༔ དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོར་ཞུས༔ རྒྱལ་བུར་མངའ་གསོལ་ཚུལ་མིན་སྤྱོད་པ་བྱས༔ སྔ་དུས་རྒྱལ་ཕྲན་བུ་བསད་ལན་ཆགས་ཟེར༔ ད་ཡང་བློན་པོའི་བུ་སྨད་བསད་གདའ་བས༔ རྒྱལ་ཁྲིམས་གང་ཉེས་ཆད་པས་མ་བཅད་ན༔ ད་དུང་རྒྱལ་པོས་འདི་འདྲ་འགའ་བྱེད་དོ༔ གསལ་ཤིང་རྩེ་ལ་བསྐྱོན་པའི་ཆད་པ་འཚལ༔ ཞེས་ཞུས་རྒྱལ་པོ་ཐུགས་འཁྲུགས་སེམས་མ་དགའ༔ ཁྲིམས་བཙན་བློན་པོ་ངོ་སོ་འདོན་པའི་ཕྱིར༔ རྒྱལ་པོས་འཇིག་རྟེན་མཐུན་པར་གཏམ་སྨྲས་པ༔ འདི་ནི་མི་མ་ཡིན་གྱི་བུའམ་ཅི༔ སྤྲུལ་པའི་སྐུ་ཞིག་ཡིན་ནམ་མི་ཤེས་པས༔ བསད་པས་མི་འོང་མཐའ་ལ་སྤྱུགས་ཀྱིས་གསུངས༔ རྒྱལ་བུར་ཐུགས་ཡིད་ཆགས་པས་མ་དགའ་ཡང་༔ རྒྱལ་ཁྲིམས་བཙན་པས་མི་སྤྱུགས་དབང་མེད་ནས༔ རྒྱལ་བློན་ཐམས་ཅད་ཚོགས་པའི་མདུན་སྨྲས་པ༔ རིན་ཅེན་མཚོ་དཀྱིལ་པདྨའི་སྡོང་པོ་ལས༔ ཕ་མེད་མ་མེད་ཁྱེའུ་སྤྲུལ་པའི་སྐུ༔ སྐུ་མཆོག་དྲི་མེད་ཡོན་ཏན་རབ་བརྒྱན་པ༔ སྲས་ཀྱིས་ཕོངས་ནས་རྒྱལ་སར་དབང་བསྐུར་བྱས༔ རྒྱལ་བུའི་སྤྱོད་རྩུབ་བློན་པོའི་ཕྲུ་གུ་བཀུམས༔ བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པ་གཅོད༔ གསལ་ཤིང་རྩེར་བསྐྱོན་ཟེར་ཡང་སྤྱུགས་ཁས་བླངས༔ ད་ནི་རྒྱལ་བུ་གང་དགར་བཞུད་ཅེས་གསུངས༔ དེ་ནས་རྒྱལ་བུས་ཡབ་ལ་འདི་སྐད་གསོལ༔ འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང་༔ ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་སྲིད་བྱིན༔ ང་ནི་གོའུ་ཏ་མར་ཡོད་པའི་དུས༔ པྲ་ཏ་ཀ་ར་མངག་གཞུག་བུ་མོ་ཡིན༔ མ་འདི་ཚོང་པ་ཨ་རིའི་སྐྱེ་བ་ཡིན༔ ལས་ཀྱི་ལན་ཆགས་བློན་པོའི་བུ་སྨད་བཀུམས༔ རྒྱལ་ཁྲིམས་བཙན་པས་བདག་ནི་སྤྱུགས་ན་ལེགས༔ རྒྱལ་པོའི་གསུང་བཞིན་རྗེས་སུ་འཇུག་པར་ཞུ༔ དེ་སྐད་གསུངས་པས་རྒྱལ་པོ་མ་དགྱེས་སོ༔ བློན་རྣམས་རྒྱལ་སྲས་སྤྱུག་པའི་གྲོས་འདུན་བྱེད༔ ལ་ལ་འབྲུ་ཤའི་ཡུལ་དུ་སྤྱུག་གོ་ཟེར༔ ལ་ལ་བཻདྡྷའི་ཡུལ་དུ་སྤྱུག་གོ་ཟེར༔ ལ་ལ་བྷངྒ་ལའི་ཡུལ་སྤྱུག་གོ་ཟེར༔ ཁ་ཅིག་མུ་སྟེགས་ཟངས་གླིང་སྤྱུག་གོ་ཟེར༔ ཁ་ཅིག་ཁང་བུའི་གླིང་དུ་སྤྱུག་གོ་ཟེར༔ ཁ་ཅིག་ལི་ཡི་ཡུལ་དུ་སྤྱུག་གོ་ཟེར༔ ཁ་ཅིག་རྒྱ་ནག་ཡུལ་དུ་སྤྱུག་གོ་ཟེར༔ ལ་ལ་ནཱ་ལེནྡྲ་རུ་སྤྱུག་གོ་ཟེར༔ ལ་ལ་ཐོ་གར་ཡུལ་དུ་སྤྱུག་གོ་ཟེར༔ ལ་ལ་ཟ་ཧོར་ཡུལ་དུ་སྤྱུག་གོ་ཟེར༔ ལ་ལ་འ་ཤའི་ཡུལ་དུ་སྤྱུག་གོ་ཟེར༔ ཁ་ཅིག་སྟག་གཟིག་ཡུལ་དུ་སྤྱུག་གོ་ཟེར༔ ཁ་ཅིག་མ་རུ་ཙེའི་ཡུལ་སྤྱུག་གོ་ཟེར༔ ཁ་ཅིག་བྱང་ཕྱོགས་ཤམྦྷ་ལར་སྤྱུག་ཟེར༔ བློན་རྣམས་སྤྱུག་པའི་ཡུལ་ལ་ཁ་མ་འཆམས༔ རྒྱལ་པོས་འགྲོ་བའི་ཡུལ་ཕྱོགས་གང་ལ་མཉེས༔ མཉེས་པའི་ཡུལ་ཕྱོགས་དེ་ལ་སྤྱུག་གིས་གསུངས༔ རྒྱལ་བུ་སངས་རྒྱས་གཉིས་པས་འདི་སྐད་གསོལ༔ གནས་ལ་ངེས་པ་མེད་པས་གར་སྤྱུགས་གཞལ་ཡས་ཁང་༔ བྱ་རྒྱུ་ཆོས་ལས་མེད་པས་རྒྱལ་པོའི་གདན་ས་རུ༔ ཡོ་ག་རྣམ་གསུམ་སྤྱོད་པའི་མི་དེ་སྐྱིད་དང་འཕྲད༔ སེམས་ལ་སྐྱེ་ཤི་མེད་པས་བསད་པས་ང་མི་འཇིགས༔ ཡུལ་ལ་ཞེན་པ་མེད་པས་སྤྱུགས་ཀྱང་ང་མི་འཇིགས༔ ཡབ་ཡུམ་གཉིས་པོ་ཡུན་ཅིག་བདེ་བར་རབ་བཞུགས་མཛོད༔ དེ་སྐད་གསུངས་ནས་ཡབ་ཡུམ་ཕྱག་འཚལ་ལོ༔ བཙུན་མོས་རྒྱལ་བུའི་མགུལ་ལ་འཁྱུད་ནས་སུ༔ ཀྱེ་ཧུད་བུ་སྡུག་ཡིད་འོང་མཐོང་དགའ་བ༔ གྲོས་ངན་སྤྱུག་པའི་དབང་དུ་ཅི་ཕྱིར་སོང་༔ བུ་ཚབ་ང་སྤྱུགས་ཅི་ཕྱིར་གོ་མི་ཆོད༔ ཅེས་བརྗོད་རྒྱལ་བ་ཉིད་ལ་ཁ་ནི་གཏུགས༔ རྒྱལ་པོ་ཨིནྡྲ་བོ་དྷིའི་ཞལ་ནས་ནི༔ བློན་པོས་མ་མཐོང་ནོར་བུ་ཁྱེར་ཅིག་གསུངས༔ དབུལ་བཀྲེས་སྐོམ་འཁྱགས་སྡུག་བསྔལ་འདི་ཡིས་སེལ༔ གསོལ་བ་གང་བཏབ་དགོས་འདོད་འདི་ལས་བྱུང་༔ འདི་ལ་རྒྱལ་བུའི་མཐུན་རྐྱེན་མཛོད་ཅིག་གསུངས༔ རྒྱལ་བུའི་ཞལ་ནས་ཡབ་ལ་འདི་སྐད་གསོལ༔ བདག་གི་སྣང་བ་ཡིད་བཞིན་ནོར་བུ་སྟེ༔ ཡབ་ཀྱི་ནོར་བུས་བདག་ལ་ཅི་ཞིག་བྱ༔ འདི་ལ་ནོར་བུའི་ཟླ་བོ་མཛོད་ཅིག་གསུངས༔ ལྗགས་ཀྱི་མཆིལ་མ་རྒྱལ་པོའི་ཕྱག་ཏུ་བསྐྱུར༔ དེ་ཉིད་ཡིད་བཞིན་ནོར་བུ་བསམ་འཕེལ་གྱུར༔ དེ་ནས་བློན་པོའི་ཚོགས་གསེབ་རྒྱལ་པོ་བྱོན༔ དུར་ཁྲོད་བསིལ་བའི་ཚལ་ཞེས་འཇིགས་སུ་རུང་༔ སྐྱི་བུང་བྱེད་པ་དེ་རུ་སྤྱུག་གོ་ཟེར༔ བློན་པོ་ཐམས་ཅད་ཁ་འཆམ་ཐབས་ཅིག་འདུག༔ རྒྱལ་པོས་བློན་པོ་རྣམས་ལ་བཀའ་སྩལ་པ༔ འཇིག་རྟེན་ཁམས་ན་འགྲན་གྱི་ཟླ་བྲལ་བ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ༔ མཚན་བཟང་སུམ་ཅུ་རྩ་གཉིས་མཚན་འཆང་བའི༔ སྐུ་མཆོག་དམ་པ་དཔེ་མེད་འདི་འདྲ་བ༔ སྔར་ཡང་མ་བྱོན་ད་ཡང་མི་འབྱོན་ན༔ ཁྲིམས་ལ་མཆོངས་ཀྱང་འདི་ཉིད་སྤྱུག་པར་ཕོངས༔ སྔོན་ཆད་རབ་ཏུ་བྱུང་དོགས་མེལ་ཚེ་བཞག༔ ད་ནི་སྤྱུག་པ་སུ་ཡི་སྙིང་ལ་ཕོད༔ བཀྲ་མི་ཤིས་པ་འཁྲུག་དང་ནད་མུག་འོང་༔ ཞེས་གསུངས་བློན་པོ་ཨུ་པ་ཏ་ཁྲོས་ནས༔ ཁྲིམས་སྲུང་རྒྱལ་པོ་སྨྲ་བ་ལན་ཅིག་ཡིན༔ དེ་ལས་མངས་ན་རྒྱལ་སྲིད་ཟིན་མི་འགྱུར༔ གྲོས་མཁན་བློན་པོའི་འདུན་གྲོས་ལན་ཅིག་ཡིན༔ དེ་ལས་མངས་ན་གྲོས་ཐག་ཆོད་མི་འགྱུར༔ ཐམས་ཅད་ཁ་འཆམས་བསིལ་བའི་ཚལ་དུ་སྤྱུག༔ ཅེས་སྨྲས་རྒྱལ་སྲས་སྤྱུག་པ་ཀུན་ཐོས་ནས༔ ཡུལ་མི་ཐམས་ཅད་ལྟད་མོ་བལྟ་བར་འདུས༔ དེ་དག་དཔག་ཚད་བརྒྱ་དང་སུམ་བརྒྱ་དང་༔ དཔག་ཚད་སྟོང་གི་ལམ་ནས་འོངས་པ་དང་༔ དཔག་ཚད་འབུམ་དང་ཁྲི་ནས་ལྷགས་པ་དང་༔ བྱེ་བ་ས་ཡ་དག་ནས་སྤྲིན་བཞིན་འདུས༔ མི་རྣམས་གཟུགས་བཟང་ཡན་ལག་རགས་པ་དང་༔ ཤིན་ཏུ་མཛེས་ཤིང་ཉམས་དགའ་མདངས་དང་ལྡན༔ ཐམས་ཅད་སྤྱི་བོར་རལ་པ་ཐོར་ཅོག་བྱས༔ གསེར་དངུལ་མུ་མེན་བྱུ་རུ་ལ་སོགས་བརྒྱན༔ རས་གོས་དཀར་དམར་སྣ་ཚོགས་གྱོན་པས་གང་༔ བུད་མེད་སྐྲ་ཡི་མདུད་པ་རྒྱ་མདུད་བཅིངས༔ དུང་དང་རུས་པ་གཡུ་ཡི་རྒྱན་གྱིས་བརྒྱན༔ དགེ་སྦྱོང་བྲམ་ཟེ་དབུལ་ཕོངས་མགོན་མེད་དང་༔ ནད་པ་ལ་སོགས་ཐམས་ཅད་དུས་དེར་འདུས༔ གྲོང་ཁྱེར་ཕྱི་རོལ་ལམ་ལ་ཐག་ཐོག་གང་༔ དེ་ནས་རྒྱལ་བུ་ཕོ་བྲང་ནང་སྒོར་ཐོན༔ རྔ་བོ་ཆེ་དང་དུང་དང་རྫ་རྔ་དང་༔ རྔ་ཕྲན་པི་ཝང་གླིང་བུ་མ་དཀྲོལ་འཁྲོལ༔ བཙུན་མོ་འོད་འཆང་མས་ནི་ཕྱི་ལ་འབྲངས༔ དྲི་མེད་དྲི་བྲལ་ཁྱོད་ནི་གང་བཞུད་པ༔ བདག་ཀྱང་ཁྱོད་དང་ལྷན་ཅིག་འགྲོ་བར་བགྱི༔ འོན་ཏེ་ཕོ་བྲང་འདི་ལ་གཟིགས་ནས་སུ༔ སྐྱེ་འཆི་མཐར་ཕྱིན་མ་ཐོབ་བར་དུ་བཞུགས༔ ཞེས་ངུས་མཆི་མ་འཁོར་ཞིང་སྨྲས་པ་དང་༔ རྒྱལ་བུ་དམ་པ་ནང་དུ་འཐེན་མཛད་ནས༔ སྤྱོད་པ་བསྐྱངས་པས་ཡབ་ཀྱི་ཁྲིམས་དང་འགལ༔ རྒྱལ་ཁྲིམས་གཉན་པས་འདི་ནས་སྤྱུག་པར་མཆི༔ ལྷ་མོའི་གཟུགས་ཁྱོད་གང་དུ་ཅི་བྱེད་འགྲོ༔ རྒྱལ་པོ་བློན་འབངས་བར་དུ་བདེ་ཞིང་སྐྱིད༔ བརྩེ་བར་མ་བྱེད་ཕྱིས་ཤིག་མཇལ་དུ་འོང་༔ དེ་སྐད་གསུངས་པས་འོད་འཆང་བསམ་པ་ལ༔ འདི་ལྟར་སྤྱུག་པ་ཡབ་ཀྱི་ངག་ཡོད་འོང་༔ དེ་མིན་ཁྲིམས་དང་འགལ་བར་བྱས་གྱུར་ཀྱང་༔ མི་མཆོག་འདི་འདྲ་སྤྱུག་པ་ཕངས་སྙམ་ནས༔ ཐེན་དང་ཡབ་ལ་ཞུ་བ་ཡོད་ཀྱི་ཟེར༔ བཙུན་མོ་འོད་འཆང་རྒྱལ་པོའི་དྲུང་དུ་ཕྱིན༔ པུས་བཙུགས་འདུག་སྟེ་བཤུམ་མོའི་ཡུས་འདི་བརྗོད༔ ཅི་ནས་འབྲངས་པའི་ཁྲིམས་ཀྱིས་ཡུལ་སྲིད་བདེ༔ འབངས་མང་སྟོབས་ལ་མ་གཏད་གྲོས་གདབ་གསོལ༔ རྒྱལ་པོའི་ཐུགས་ནི་སྨྱོ་བ་ཡིན་ནམ་ཅི༔ མི་མཆོག་འདི་དང་ཕྱིན་ཆད་ཕྲད་པར་དཀའ༔ རྒྱལ་པོའི་སྲས་གཅིག་བུ་འདི་མཐར་སྤྱུགས་ནས༔ སྲས་ནི་གཞན་མེད་ཁྲིམས་ཀྱིས་ཅི་ཞིག་བྱ༔ ཁོ་མོ་ཕོ་བྲང་འདིར་ནི་ཅི་ལ་སྡོད༔ ཅེས་པ་ལ་སོགས་མང་དུ་སྨྲས་པ་དང་༔ རྒྱལ་པོས་ཁྱོད་བདེན་འོད་འཆང་ཁྱོད་རེ་བདེན༔ ཅི་ཕྱིར་ཁྱོད་ཟེར་བཞིན་དུ་མི་ཉན་སྨྲས༔ རྒྱལ་པོས་བློན་པོ་ཚོགས་པའི་དབུས་སུ་ཕྱིན༔ རྒྱལ་བའི་སྲས་དེ་ཕོ་བྲང་ཕྱིར་ཐོན་ནས༔ ལྗོན་ཤིང་མྱ་ངན་ཚང་གི་དྲུང་ན་འདུག༔ འདུས་པ་རྣམས་ལ་སྤྲོ་བའི་ཚིག་སྨྲས་པ༔ ལུས་འདི་མི་རྟག་གཡང་ཁའི་སྡོང་པོ་འདྲ༔ དབུགས་ནི་མི་རྟག་ལ་ཁའི་ན་བུན་འདྲ༔ ཡིད་ནི་མི་རྟག་ནམ་མཁའི་གློག་དང་འདྲ༔ ཚེ་འདི་མི་རྟག་རྩྭ་ཁའི་ཟིལ་བ་འདྲ༔ ཞེས་གསུངས་ཕྱོགས་ནས་འདུས་པའི་མགྲོན་པོ་རྣམས༔ ཆེ་ཆུང་མེད་པ་ཐམས་ཅད་མཆི་མས་བརྣངས༔ དེ་ནས་འཇིག་རྟེན་སྐྱོང་བ་ཆེན་པོ་བཞི༔ རྣམ་ཐོས་སྲས་དང་ཡུལ་འཁོར་སྲུང་དང་ནི༔ སྤྱན་མི་བཟང་དང་དེ་བཞིན་འཕགས་སྐྱེས་པོ༔ བུ་དང་བློན་པོ་འཁོར་དང་མངག་པ་དང་༔ ཕོ་ཉ་གཡོག་འཁོར་ཁ་དོག་འཕགས་པ་དག༔ གནས་དེར་ལྷགས་ནས་རྒྱལ་སྲིད་སྣ་བདུན་བསུ༔ རྒྱལ་སྲས་མདུན་དུ་པུས་བཙུགས་ཐལ་སྦྱར་ནས༔ སྙན་ངག་ཚིགས་སུ་བཅད་པས་བསྐུལ་བ་ནི༔

ཨེ་མ་ཧོཿརྒྱལ་པོའི་རྒྱལ་ས་ཐུན་མོང་སྐྱབས་གནས་མིན༔ སྐྱེ་གནས་སོ་སོར་སྔ་ཕྱིར་སྤྲུལ་པའི་སྐུ༔ པད་འབྱུང་མ་ཡིན་ངེས་དོན་སྟོན་པ་མེད༔ ཐ་དད་དྲང་ཕྱིར་ཐེག་པ་སོ་སོ་ཀུན༔ ལྟ་སྤྱོད་སྦྱོར་སྒྲོལ་པད་འབྱུང་སངས་རྒྱས་ལམ༔ འབྲས་བུ་བདག་གཞན་མཆོག་ཐུན་སངས་རྒྱས་འགྲུབ༔ ཅེས་བསྐུལ་མཁའ་འགྲོ་སྡེ་བཞི་མདུན་དུ་བྱུང་༔ གླུ་གར་རྟ་མཆོག་རིན་ཅེན་ཁྲིད་བྱུང་ནས༔ རྒྱལ་བའི་སྲས་ཁྱོད་རྟ་མཆོག་འདི་ལ་ཆིབས༔ མཁའ་འགྲོ་སྡེ་བཞིས་ཆིབས་ཀྱི་རྐང་ལག་བཏེག༔ ཡངས་ཆེན་ནམ་མཁའ་དྭངས་པའི་དབྱིངས་ལ་བཞུད༔ རྒྱལ་སྲིད་སྣ་བདུན་སྔོན་མཇུག་ན་རེ་བྱས༔ ཐོ་ཕྱི་ཐམས་ཅད་འཇའ་འོད་སྒོར་རེ་བཞུད༔ སྐྱེ་བོ་མང་པོའི་ཚོགས་རྣམས་ཕྱི་ལ་ལྟ༔ མྱ་ངན་ངུ་ཞིང་གདོང་ལས་མཆི་མ་གཟགས༔ བུད་མེད་ཚོགས་རྣམས་ཉམ་ཐག་ས་ལ་འདྲེ༔ རྒྱལ་པོ་ཀྱི་ཧུད་བུ་སྡུག་བརྗོད་ཅིང་ངུ་༔ འོད་འཆང་འགྱེལ་ནས་དྲན་པ་ཉམས་པར་གྱུར༔ རྐན་དང་མཆུ་དང་ཁ་དང་སོ་བསྐམས་ནས༔ ཅང་མི་ཟེར་ཞིང་དབུགས་ཀྱི་རྒྱུ་བ་ཆད༔ འཁོར་གཡོག་བུད་མེད་ལྔ་བརྒྱ་མིག་ཆུ་གཟགས༔ ཉམ་ཐག་ལག་པ་གཉིས་ཀྱིས་བྲང་རྡུང་ཞིང་༔ ཉ་ཐང་ཕྱིང་བཞིན་ས་སྟེང་འདྲེ་ལྡོག་བྱེད༔ བདུད་བློན་རྣམས་ཀྱི་དབུགས་ནི་ཧད་ཧད་བྱས༔ རྒྱལ་བུ་དེ་ཉིད་གར་བཞུད་ལྟ་བར་བྱེད༔ ཡུམ་གྱིས་ཇི་ལྟར་སྡུག་པའི་བུ་འདི་ནི༔ ཕྱིན་ཆད་མི་མཐོང་འདི་འདྲའི་ལྟས་ངན་པ༔ བདག་ལུས་མྱ་ངན་མེ་ཡིས་ཚིག་ཅེས་བརྗོད༔ ཆོས་བློན་རྣམས་ཀྱིས་ཕྱི་ལ་ཕྱག་བཙལ་ནས༔ བདག་ཅག་ཐམས་ཅད་ཁྱོད་ཀྱིས་འདུལ་བར་ཤོག༔ ཅེས་པའི་སྨོན་ལམ་མང་པོ་འདེབས་པར་བྱེད༔ ཨུ་རྒྱན་ཡུལ་ནས་ལྷོ་ཕྱོགས་ངོས་ལ་གཤེགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་སྲིད་སྤངས་པའི་ལེའུ་སྟེ་ཉེར་གཅིག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༢ དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་པ།

དེ་ནས་ལྔ་ལྡན་ཡུལ་དུ་ས་རུབ་ནས༔ རྒྱལ་བུས་རྟ་མཆོག་སྟེང་ནས་ས་ལ་བབས༔ རྒྱ་གར་བཀའ་སྐྱོང་བྲག་ཕུག་བྱ་བར་བཞུགས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས༔ སྒྲུབ་པ་ཞག་བདུན་མཛད་པས་གྲུབ་པ་ཐོབ༔ ཞི་བའི་ལྷ་ཚོགས་ནམ་མཁའི་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པ་མེ་ལོང་གཟུགས༔ ཞལ་མཐོང་མཆོག་དང་ཐུན་མོང་གཉིས་གྲུབ་ནས༔ སྐྱེ་ཤི་མེད་པ་ཚེ་ཡི་རིག་འཛིན་ཐོབ༔ དེ་ནས་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས༔ དཔག་ཚད་ལྔ་འདས་དུར་ཁྲོད་བསིལ་བའི་ཚལ༔ རོ་མྱགས་ཚལ་དང་འདམ་བུའི་ཚལ་ཀྱང་ཟེར༔ མཐའ་སྐོར་དཔག་ཚད་ཕྱེད་དང་གཉིས་ཡོད་པའི༔ རིན་ཅེན་ས་ལྟེ་ལྟ་བུ་ཡོད་པ་ལ༔ ཁོད་སྙོམས་ལག་མཐིལ་ལྟ་བུར་མཐོ་དམན་མེད༔ དེ་ཉིད་དབུས་ན་ལྷ་ལས་བབས་པ་ཡི༔ མཆོད་རྟེན་བདེ་བྱེད་བརྩེགས་པ་ཞེས་བྱ་བ༔ ཕྱི་ནི་མཆོད་རྟེན་ནང་ནི་གཞལ་ཡས་ཁང་༔ རྒྱུ་ནི་རིན་ཅེན་སྣ་ཚོགས་ལས་གྲུབ་པ༔ སྒོ་ནི་ཟངས་ལས་བྱས་ཤིང་གསེར་གྱིས་བྱུགས༔ འཁོར་ལོ་གདུགས་དང་བུམ་པ་བྲེ་དང་བཅས༔ དྲིལ་བུ་ཚར་དངར་སྒྲ་ནི་སྣ་ཚོགས་འབྱུང་༔ ཕྱོགས་བཞི་དག་ན་སྟོན་པའི་སྐུ་རྟེན་རེ༔ དུར་ཁྲོད་བྱང་ཤར་འཇིག་རྟེན་ལྷ་ཆེན་རྟེན༔ དཔག་བསམ་ཤིང་ནི་བྷ་ས་ལ་ཞེས་ཟེར༔ དུར་བྱའི་ཚོགས་ནི་དཔག་ཏུ་མེད་པ་གནས༔ འཇིག་རྟེན་ལྷ་ནི་དགའ་བྱེད་ཤྭ་ར་ཞེས༔ ཞོན་པ་སེང་གེ་ནག་པོ་ལ་ཞོན་ནས༔ ལག་པར་མདུང་ནག་རྩེ་མོ་གསུམ་པ་ཐོགས༔ གོས་སུ་ལེ་བརྒན་དམར་པོའི་འཇོལ་བེར་གསོལ༔ འགྲོ་བའི་སྲོག་ལེན་ཐོགས་པ་མེད་པའི་འཁོར༔ བྱེ་བ་དང་བཅས་ལྷ་སྲིན་སྡེ་བརྒྱད་འདུ༔ དེ་ན་མཁའ་འགྲོ་མ་ནི་དཔག་མེད་གནས༔ ལ་ལའི་མིག་ནས་ཉི་མའི་འོད་ཟེར་འབྱུང་༔ ལ་ལ་འབྲུག་གི་སྒྲ་སྒྲོགས་མ་ཧེ་ཞོན༔ ལ་ལ་གྲི་ཐོགས་མིག་ནི་འབྲུ་ཚུགས་ལྟ༔ ལ་ལ་ཐོད་བརྩེགས་ཐོགས་ནས་སྟག་ལ་ཞོན༔ ལ་ལ་མི་རོ་ཐོགས་ནས་སེང་གེ་ཞོན༔ ལ་ལ་རྒྱུ་མ་ཟ་ཞིང་ཁྱུང་ལ་ཞོན༔ ལ་ལ་མདུང་རྩེ་མེ་འབར་ཅེ་སྤྱང་ཞོན༔ ལ་ལ་ཁྲག་མཚོ་ོབ་ཅིང་གདོང་ལྔ་པ༔ ལ་ལ་ལག་པ་དཔག་ཏུ་མེད་པ་ན༔ སེམས་ཅན་རིགས་བྱེད་རྣམ་པ་མང་པོ་ཐོགས༔ ལ་ལ་རང་གི་མགོ་བཅད་ལག་ན་ཐོགས༔ ལ་ལ་རང་གི་སྙིང་ཕྱུང་ལག་ན་ཐོགས༔ ལ་ལ་རང་གི་ཁོག་པ་ཁ་ཕྱེ་ནས༔ ནང་ཁྲོལ་རྒྱུ་མ་གཟིངས་ཤིང་ཟ་བར་བྱེད༔ ལ་ལ་ཕོ་མཚན་མོ་མཚན་ངོམ་ཞིང་སྦེད༔ རྟ་དང་བ་ལང་གླང་པོ་ཞོན་པ་གནས༔ དབུས་ན་དག་བྱེད་སྐྱི་བུང་མཚོ་ཡོད་པར༔ དུར་ཁྲོད་གནས་པའི་སྲོག་ཆགས་དཔག་མེད་གནས༔ འགྲོ་བ་རྣམས་ཀྱིས་སྐད་ཅིག་རྒྱུ་མི་ནུས༔ སྲོག་དངོས་ལེན་ཅིང་ཟ་བར་བྱེད་པའི་གནས༔ གདུལ་བྱ་ཕྱིན་ཅི་མ་ལོག་འདུལ་དགོངས་ནས༔ པདྨ་རྒྱལ་པོ་ཉིད་ཀྱིས་དེར་བྱོན་ཏེ༔ བམ་རོ་གསར་རྙིང་མང་པོའི་ཁྲི་ལ་བཞུགས༔ དུར་ཁྲོད་གནས་པའི་རབ་འཇིགས་སྲོག་ཆགས་ཀྱིས༔ ཁྱད་དུ་འཕགས་པའི་ཤིང་ཐོག་མང་པོ་ཕུལ༔ མཁའ་འགྲོ་མ་རྣམས་ཕྱག་བྱས་རབ་ཏུ་འདུད༔ དབུས་ཀྱི་མཆོད་རྟེན་སྐུ་ཡི་རྒྱབ་བརྟེན་ནས༔ ལོ་ལྔར་བཞུགས་ནས་ཁྱད་པར་ཐེག་པ་དགུ༔ མཁའ་འགྲོ་མ་ཚོགས་རྣམས་ལ་ཆོས་བསྟན་ཏོ༔ ཡུལ་དེའི་ཆོས་ལུགས་རྒྱལ་པོའི་བཙུན་མོའམ༔ དྲག་དྲག་མགོ་ཅན་ཤི་བར་གྱུར་པ་ན༔ དུར་ཁྲོད་དེ་རུ་ཅི་འཁྱོལ་བྱེད་པ་ལ༔ རོ་གོས་རས་ཡུག་རེ་ཡིས་བསྒྲིལ་ནས་སུ༔ མི་ནི་ཤི་ཚད་དུར་ཁྲོད་དེ་རུ་སྐྱེལ༔ རོ་ཟས་འབྲས་ཆན་ཁལ་རེ་སྔས་བཅུག་འཇོག༔ པདྨ་རྒྱལ་པོས་བརྟུལ་ཞུགས་སྤྱོད་པ་བསྐྱངས༔ རོ་རྒྱགས་འབྲས་ཟོས་རོ་གོས་རས་ཡུག་གྱོན༔ ནམ་ཞིག་ཡུལ་དེར་མུ་གེ་ཆེན་པོ་བྱུང༔ ཕལ་ཆེར་ཤི་ནས་རོ་རྒྱགས་འབྲས་སྐྱེལ་ཆད༔ རོ་གོས་རས་ཡུག་རེ་ཡིས་དྲིལ་ནས་བསྐྱལ༔ པདྨ་རྒྱལ་པོས་བམ་རོའི་སྒྲུབ་པ་མཛད༔ ཟས་སུ་རོ་ཟོས་གོས་སུ་རོ་གོས་གྱོན༔ ཀཻ་རཱི་མ་བརྒྱད་མཁའ་འགྲོ་དབང་དུ་བསྡུས༔ གའུ་ཤོད་ཕྱིན་བརྟུལ་ཞུགས་སྤྱོད་པ་མཛད༔ ཕོ་བྱུང་བསྒྲལ་ནས་མ་མོ་མཁའ་འགྲོ་མཆོད༔ མོ་བྱུང་སྦྱོར་བ་བྱས་ནས་དབང་དུ་བསྡུས༔ ཡུལ་དེའི་རྒྱལ་པོ་ཨརྟི་ཞེས་པ་ཡི༔ བཙུན་མོ་སྦྲུམ་མ་གཅིག་གི་རོ་བཤས་པས༔ ཁོག་པའི་ནང་ནས་བུ་མོ་མ་ཤི་བྱུང་༔ འདི་ལ་ང་ཡི་མུ་དྲ་བྱའོ་སྨྲས༔ རྒྱལ་པོའི་ཐུགས་ལ་མ་ལྡན་བརྙས་པར་སོང་༔ ཡུལ་མི་ཐམས་ཅད་ལོག་ནས་ལིངས་ལ་བཏང་༔ རྒྱལ་བུ་དྷརྨྨ་ཤྲཱི་ཞེས་རྩལ་ལྡན་ཞིག༔ ལུང་པའི་མདོ་རུ་མཚོན་ཐོགས་བསྒུག་ཏུ་བཅུག༔ རྔོན་པས་ལུང་པ་བཤུས་ནས་མདའ་ལ་དེད༔ དྷརྨྨས་ཤཱཀྱ་སེང་གེའི་མིག་སྔ་ནས༔ འོད་མའི་མདའ་གཞུ་འཕངས་པས་མིག་ཕོག་ཤི༔ མ་སོད་ལུང་པའི་མདའ་ལ་ཤོར་བ་ཡིས༔ བདུད་པོ་ཤོར་བ་གཞོན་ནུ་ཞེས་མཚན་བཏགས༔ དེར་ནི་འགྱོད་པ་དྲག་པོ་སྐྱེས་པ་ཡིས༔ མཁའ་འགྲོས་བརྟུལ་ཞུགས་སྤྱོད་པའི་མཆོད་རྟེན་བཞེངས༔ ཨུརྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་པའི་ལེའུ་སྟེ་ཉེར་གཉིས་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༣ རྩིས་ལ་སྦྱངས་པ།

དེ་ནས་གསལ་ལྡན་ཡུལ་དུ་ཕྱིན་པ་དང་༔ ཤཱཀྱའི་དྲང་སྲོང་སྲིད་སྒྲུབ་བྱ་དང་ཕྲད༔ ཁྱོད་ཀྱིས་ཅི་ཤེས་དྲིས་པས་རྩིས་ཤེས་ཟེར༔ དེ་ལ་མཉེས་པའི་ཡོན་ཕུལ་རྩིས་སློབས་བྱས༔ དང་པོར་ལོ་ཡི་བྱུང་ཚུལ་བསླབས་པ་ནི༔ ཡུམ་ལ་ལྷ་ཡིས་བྱིན་བས་མཛད་པ་ཡིས༔ མ་རིག་བྱི་བའི་ལོ་ནི་དེ་ནས་བྱུང་༔ ལྷུམས་ཞུགས་གླང་པོ་ཐལ་ཀར་མཆེ་དྲུག་སྤྲུལ༔ འདུ་བྱེད་གླང་གི་ལོ་ནི་དེ་ནས་བྱུང་༔ ལྷུམས་ནང་ཁྲ་བོ་ཁྱི་ལེར་འདུག་པ་ཡིས༔ རྣམ་ཤེས་སྟག་གི་ལོ་ནི་དེ་ནས་བྱུང་༔ བལྟམས་དུས་སྙན་ནི་ཀྲོང་ངེ་བྱོན་པ་ཡིས༔ མིང་གཟུགས་ཡོས་བུའི་ལོ་ནི་དེ་ནས་བྱུང་༔ འཁྲུངས་ཚེ་ནམ་མཁའ་དག་ནས་སྒྲ་བྱུང་བས༔ སྐྱེ་མཆེད་དྲུག་ཅེས་འབྲུག་ལོ་དེ་ནས་བྱུང་༔ སྐུ་ལ་ཀླུ་ཡི་རྒྱལ་པོས་ཁྲུས་བྱས་པས༔ རེག་པ་སྦྲུལ་གྱི་ལོ་ནི་དེ་ནས་བྱུང་༔ རྟ་ནི་ངང་པ་གསེར་ལྡན་ཞོན་པ་ཡིས༔ ཚོར་བ་རྟ་ལོ་པ་ནི་དེ་ནས་བྱུང་༔ དེ་ནས་ལྷ་ཡིས་ལུག་གི་ཞོདྲངས་པས༔ སྲེད་པ་ལུག་གི་ལོ་ནི་དེ་ནས་བྱུང་༔ སྤྲེའུ་ཧ་ལུ་མ་དྷས་སྦྲང་རྩི་ཕུལ༔ ལེན་པ་སྤྲེའུའི་ལོ་ནི་དེ་ནས་བྱུང་༔ འདབ་ཆགས་རྒྱལ་པོ་ཁྱུང་སྦྲུལ་སོར་ཕྲག་འབྲེལ༔ སྲིད་པ་བྱ་ལོ་པ་ནི་དེ་ནས་བྱུང་༔ ཁྱི་ཚོགས་གོང་ཀར་སངས་རྒྱས་ཆོས་ཉན་པས༔ སྐྱེ་བ་ཁྱི་ལོ་པ་ནི་དེ་ནས་བྱུང་༔ ལྕགས་ཀྱི་ཕག་མོ་དགུ་བཙུགས་སྟོབས་འགྲན་པས༔ རྒ་ཤི་ཕག་ལོ་པ་ནི་དེ་ནས་བྱུང་༔ སངས་རྒྱས་ཐུབ་པའི་མཛད་པ་བཅུ་གཉིས་ལས༔ སྲིད་པའི་ལོ་འགྲོས་རྟེན་འབྲེལ་བཅུ་གཉིས་སྲིད༔ ཅེས་སོགས་ཐེག་དམན་བློས་བྱས་རྩིས་གཞུང་དང་༔ འདུལ་བ་ལུང་དང་རྒྱ་ཆེར་རོལ་པ་དང་༔ ཕལ་ཆེན་སོགས་ནས་བཤད་པའི་གྲངས་རྩིས་དང་༔ མདོ་སྡེ་སྟག་རྣ་མཚན་རྟགས་ལས་ཀྱི་རྩིས༔ འཕགས་པ་རྟག་ཏུ་ངུ་ཡི་རྒྱུན་དཔྱད་རྩིས༔ མདོ་སྡེ་གསང་བ་ཆེན་པོ་བསྟན་འབེབས་རྩིས༔ མདོ་སྡེ་ཁམས་གསུམ་སྣང་བྱེད་གཟེར་དམིགས་རྩིས༔ མྱ་ངན་འདས་པ་ཤི་བ་རོ་འགྲོས་རྩིས༔ ཤིས་པར་བརྗོད་པ་ཚོང་དང་བག་མའི་རྩིས༔ དུས་ཀྱི་འཁོར་ལོའི་ཉི་ཟླ་གཟའ་སྐར་སོགས༔ བརྟན་གཡོ་ཕྱི་ནང་གཞན་གསུམ་བརྩི་ཚུལ་དང་༔ རྡོ་རྗེ་གདན་བཞིའི་སྲིད་པ་འདྲེན་འཛིན་རྩིས༔ མཁའ་འགྲོ་རྒྱ་མཚོ་ཕྱི་ནང་རྣལ་འབྱོར་རྩིས༔ ཆོས་མངོན་རྡུལ་དང་རྡུལ་ཕྲན་རྩིས་རྣམས་བསླབས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྩིས་ལ་སྦྱངས་པའི་ལེའུ་སྟེ་ཉེར་གསུམ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༤ སྨན་ལ་སྦྱངས་པ།

དེ་ནས་པདྨ་ཅན་གྱི་ཡུལ་དུ་ཕྱིན༔ སྨན་པ་འཚོ་བྱེད་གཞོན་ནུའི་བུ་དང་ཕྲད༔ ཁྱོད་ཀྱིས་ཅི་ཤེས་བྱས་པས་སྨན་ཤེས་ཟེར༔ ང་ལ་སྨན་ཞིག་སློབས་དང་བྱས་པ་ཡིས༔ ང་ནི་རྒས་པས་ལུས་འདར་མཁས་རྒྱུ་མེད༔ སློབ་དཔོན་མི་འོང་འོང་ན་བསླབས་ཀྱི་ཟེར༔ ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས༔ གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ༔ དེ་ལྟར་ཟླ་བའི་གོ་རིམ་དུས་ནི་དྲུག༔ ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད༔ གསུམ་གསུམ་དུ་ནི་ཚིགས་རྣམས་འདུས་པར་ཤེས༔ ཟླ་བ་གཉིས་གཉིས་ཤིང་གི་དུས་སུ་བསྟན༔ ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུར༔ སྨན་པ་དང་ནི་ཁམས་དང་དུས་ཀྱང་བསྟན༔ དབང་པོ་དང་ནི་ཁམས་རྣམས་དེ་དག་ཀྱང་༔ ལོ་གཅིག་ལ་ནི་ཚིགས་རྣམས་ཡོངས་སུ་འགྱུར༔ དབང་པོ་དག་ནི་ཡོངས་སུ་འགྱུར་བས་ན༔ ལུས་ཅན་རྣམས་ལ་སྣ་ཚོགས་ནད་ཀྱང་འབྱུང་༔ འདི་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞི༔ ཚོགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི༔ ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ༔ ཟས་སྐོམ་སྨན་རྣམས་གོ་རིམ་ཇི་བཞིན་ཏེ༔ རླུང་ནི་ཤས་ཆེའི་ནད་ནི་དབྱར་ན་ལྡང་༔ སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ༔ དགུན་གྱི་དུས་ན་དེ་བཞིན་འདུས་པ་སྟེ༔ བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ་༔ དབྱར་ནི་སྣུམ་དྲོ་ལན་ཚྭ་སྐྱུར་བའི་རོ༔ སྟོན་ནི་མངར་དང་སྣུམ་དང་བསིལ་བའོ༔ དགུན་ནི་མངར་དང་སྐྱུར་དང་སྣུམ་པ་སྟེ༔ དཔྱིད་ཀྱི་དུས་ན་རྩུབ་དྲོ་ཚ་བའོ༔ བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་༔ མཁྲིས་པ་ཆེ་བ་འཇུ་བའི་དུས་ན་ལྡང་༔ རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང་༔ ཁམས་གསུམ་གཡོ་བ་དེ་ནི་དེ་ལྟར་རོ༔ རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ༔ བཀྲུ་སྨན་གྱིས་ནི་མཁྲིས་པ་གསོ་བར་བྱ༔ འདུས་པ་ལ་ནི་གསུམ་དུ་མཐུན་ལྡན་པ༔ བད་ཀན་ཚིགས་སུ་བབས་ན་སྐྱུགས་སྨན་བཏང་༔ རླུང་ཤས་ཆེ་དང་མཁྲིས་དང་འདུས་པ་དང་༔ བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱ༔ དུས་གང་ཁམས་གང་ལུས་ནི་གང་ཡིན་པ༔ དེ་ཡི་སྨན་དང་བཟའ་བཏུང་བསྟེན་པར་བྱ༔ ཁོ་བོ་སྨན་པའི་བདག་ཉིད་མཁས་པ་ཆེ༔ རིག་བྱེད་ཡན་ལག་བརྒྱད་དང་ལྡན་པ་དང་༔ སྨན་གྱི་ཕུང་པོ་བསམ་མི་ཁྱབ་པ་བསླབས༔ ཡང་དག་པར་ནི་མཁས་པར་ཁོང་དུ་ཆུད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྨན་ལ་སྦྱངས་པའི་ལེའུ་སྟེ་ཉེར་བཞི་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༥ རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ།

དེ་ནས་རཱ་ག་ལ་ཡི་ཡུལ་དུ་ཕྱིན༔ ཨཱ་ཙར་ཀུན་གྱི་བཤེས་གཉེན་ཞེས་བྱ་བ༔ རྒད་པོ་མགོ་དཀར་སྨ་ར་དཀར་དང་ཕྲད༔ རྒད་པོ་ཁྱོད་ཀྱིས་ཅི་ཤེས་སྨྲས་པ་ཡིས༔ སྒྲ་དང་ཡི་གེའི་བསྟན་པ་ཅི་འདྲ་བ༔ ཉི་འོག་ས་སྟེང་འགྲན་ཟླ་མེད་ཅེས་ཟེར༔ བདག་ལ་སྒྲ་དང་ཡི་གེ་བསླབ་ཏུ་གསོལ༔ དེ་སྐད་གསོལ་བས་དང་པོར་སྒྲ་ཉིད་བསླབས༔ ལེགས་སྦྱར་སཾ་སྐྲྀ་ཏ་ནི་ལྷ་ཡི་སྐད༔ ཨ་ཝ་བྷྲཾ་ཤཱི་གསང་བ་བརྡ་ཡི་སྐད༔ པྲ་ཀྲྀ་ཏ་ནི་བརྡ་སྦྱོར་འཕྲལ་གྱི་སྐད༔ པི་ཤཱ་ཙི་ནི་ཤ་ཟ་འདྲེ་ཡི་སྐད༔ སྒྲ་ནི་ཐད་སོར་བསྒྱུར་དང་ཐད་ལོག་བསྒྱུར༔ བརྒྱུད་དེ་བསྒྱུར་དང་བསྒྲུབས་ཏེ་བསྒྱུར་བ་དང་༔ སྒྲ་གཅིག་དོན་མང་དོན་གཅིག་སྒྲ་མང་བསླབས༔ དེ་ནས་ཡི་གེའི་རིགས་ལ་སྦྱངས་པ་ནི༔ ལཱཉྩ་ན་དང་ན་གར་ཝརྟུ་ལ༔ ཀསྨིར་སིནྡྷུ་དྷ་རི་ཀ་སོགས་དང་༔ ཚངས་པ་ཁ་རོ་ཏ་ཡི་ཡི་གེ་སོགས༔ ཡིག་རིགས་མི་འདྲ་དྲུག་ཅུ་རྩ་བཞི་དང་༔ སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ་བསླབས༔ དེ་ནས་བཟོ་བོ་བི་ཤྭ་ཀརྨ་ཞེས༔ ལོ་ནི་བརྒྱད་ཅུ་འགྲོ་བ་ཞིག་རྩར་ཕྱིན༔ གསེར་འགྱུར་རྩི་དང་རིན་པོ་ཆེ་ཡི་བཟོ༔ ལྷ་བཟོ་གོས་བཟོ་ཤིང་བཟོ་རྩི་བཟོ་དང་༔ དངུལ་བཟོ་ཟངས་བཟོ་ལྕགས་བཟོ་རྡོ་བཟོ་དང་༔ ཐགས་དང་ལྷམ་དང་ཞྭ་དང་ལུགས་དང་ལས༔ ཤེས་བྱའི་རིགས་སུ་གྱུར་པ་ཐམས་ཅད་བསླབས༔ དེ་ནས་གྲོང་ཁྱེར་ཞིག་ཏུ་ཕྱིན་པ་དང་༔ སྨྱུག་མ་འཇག་མའི་ལྷགས་སྐྱོབ་ནང་ཞིག་ན༔ དུད་པ་ཕྱུར་ཕྱུར་འདུག་པས་དེ་རུ་ཕྱིན༔ སྤྲང་མོ་ཞིག་གིས་རྫ་རྩི་བྱེད་ཀྱིན་འདུག༔ འདི་ཡི་བྱ་ཐབས་ང་ལ་སློབས་དང་བྱས༔ ཁྱོད་ནི་ཕུན་སུམ་ཚོགས་པར་འདུག་པ་ལ༔ རྫ་རྩི་བསླབས་ནས་ཅི་ཞིག་བྱའམ་ཟེར༔ རབ་ནི་རྡོ་སྦྱོར་འབྲིང་ནི་ས་སྦྱོར་ཡིན༔ ཐ་མ་ལུགས་སྦྱོར་ཡང་ཐ་མར་ཚིལ་སྦྱོར༔ ཤེས་བྱ་དེ་ལྟ་བུ་ཡང་བསླབ་པར་བྱ༔ རྗེས་སུ་མྱོང་བ་དེ་ནི་རབ་ཏུ་བརྟན༔ ཨུརྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པའི་ལེའུ་སྟེ་ཉེར་ལྔ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༦ སྐུ་རབ་ཏུ་བྱུང་བ།

དེ་ནས་དགེ་སློང་ཤཱཀྱ་མཻ་ཏྲཱི་དང་༔ ཤཱཀྱ་བཤེས་གཉེན་བྱ་བ་གཉིས་དང་ཕྲད༔ ཁྱོད་གཉིས་ཐད་ཀ་གར་འགྲོ་དྲིས་པ་ཡིས༔ བྲག་དམར་བྱ་སྐྱིབས་ཅན་ཞེས་བྱ་བ་ན༔ སློབ་དཔོན་པྲ་བྷ་ཧསྟི་བྱ་བ་བཞུགས༔ དེ་ལ་ཆོས་ཞུར་འགྲོ་བ་ཡིན་ཞེས་ཟེར༔ འོ་ན་ང་ཡང་འགྲོ་བྱས་བསྡོངས་ནས་ཕྱིན༔ སློབ་དཔོན་པྲ་བྷ་ཧསྟི་དང་མཇལ་ནས༔ ཁྱོད་ལ་བདག་ནི་ཚངས་སྤྱོད་རབ་ཏུ་འབྱུང་༔ ཆོ་ག་དེ་ནི་རབ་ཏུ་བསྟན་ཏུ་གསོལ༔ དེ་སྐད་གསོལ་བས་སློབ་དཔོན་ཞལ་ན་རེ༔ བདག་གིས་རྣལ་འབྱོར་ཡོ་གའི་རྒྱུད་རྣམས་ཤེས༔ དེ་ལྟ་བུ་ནི་སྤྱོད་ན་སྦྱིན་པར་བྱ༔ རབ་ཏུ་བྱུང་བའི་མཁན་པོ་ངས་མི་འོང་༔ བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོ༔ ཨ་སུ་ར་ཡི་བྲག་ཕུག་བཞུགས་ནས་ཡོད༔ ཚངས་སྤྱོད་རབ་ཏུ་བྱུང་ན་དེར་ཕྱུང་གསུངས༔ དབང་མ་བསྐུར་བར་གསང་སྔགས་འཆད་སྣོད་མིན༔ བྱིས་པ་འཇུག་པ་ཐུན་མོང་དབང་ལྔ་བསྐུར༔ ཏ་ཐཱ་སཾ་གྲ་ངན་སོང་སྦྱོང་རྒྱུད་དང་༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ཏནྟྲ་དང་༔ མ་ཧཱ་ཛ་ཡ་ཡོ་ག་ཙཱརྱ་དང་༔ པཱ་ར་མི་ཏ་ལས་ཀྱི་རྟོག་པའི་རྒྱུད༔ དེ་སོགས་ཡོ་གའི་རྒྱུད་སྡེ་མ་ལུས་གསུངས༔ ཇིལྟར་གསུངས་པ་དེ་བཞིན་ཁོང་དུ་ཆུད༔ ཡོ་ག་སུམ་ཅུ་རྩ་གཉིས་ལྷ་ཞལ་མཐོང་༔ དེ་ནས་ཤིང་ཕོ་རྟ་ལོ་སྤྲེལ་ཟླ་ཡི༔ ཚེས་བརྒྱད་ཨ་སུ་ར་ཡི་བྲག་ཕུག་ཕྱིན༔ དགེ་སློང་ཁྲི་ཕྲག་མང་པོ་བཞུགས་པ་ཡིས༔ རྨི་ལམ་ཉི་མ་གཅིག་ཤུལ་གཅིག་ཤར་རྨིས༔ ནམ་མཁའ་ཐམས་ཅད་སྒྲ་དང་འོད་ཀྱིས་གང་༔ རེས་འགའ་སངས་རྒྱས་གཟུགས་སུ་སྟོན་པར་བྱེད༔ རེས་འགའ་འོད་ནི་འབའ་ཞིག་སྣང་བར་བྱེད༔ དེ་བཞིན་ཆོ་འཕྲུལ་མང་པོ་རྨིས་པར་གྱུར༔ དེ་ནས་ཚེས་བཅུ་སྐར་མ་ལག་སོར་ཉིན༔ དྲང་སྲོང་ཉི་མའི་གུང་དང་ལྷན་ཅིག་ཏུ༔ གཉིས་ཀ་རབ་ཏུ་བྱུང་ནས་བསྟན་པ་གཏད༔ ས་ཡི་ལྷ་མོས་ཆོས་གོས་ངུར་སྨྲིག་ཕུལ༔ ཕྱོགས་བཅུའི་སངས་རྒྱས་མདུན་གྱི་མཁའ་ལ་བྱོན༔ བསྟན་པའི་མངའ་བདག་ཤཱཀྱ་སེང་གེར་གསོལ༔ འོད་སྲུངས་ཆེན་པོས་ལྕང་ལོ་གསིལ་བ་ལ༔ སྤུ་གྲིའི་ཁ་ནེལ་ཕོད་པར་མ་གྱུར་ཏེ༔ སྤུ་གྲི་བརྡར་བས་མཁའ་འགྲོ་མ་བཞིས་བཟུང་༔ ཌཱ་ཀི་སྒྲ་ཡི་རྣ་བ་ཅན་བྱུང་ནས༔ སྤུ་གྲི་ཕྲོགས་ཏེ་མདུན་གྱི་ནམ་མཁར་བོར༔ དེར་ནི་སྤུ་གྲིས་གཏམས་པའི་མཆོད་རྟེན་བྱུང་༔ འདུལ་ཁྲིམས་ལྡན་པའི་དགེ་སློང་ཆ་ལུགས་འཛིན༔ བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ༔ བྱང་ཆུབ་སེམས་དཔའ་འབུམ་ཕྲག་མང་པོ་རྣམས༔ བཀའ་ཡི་བགྲོ་བ་བྱེད་པའི་ནང་ན་འདུག༔ བྱང་ཆུབ་སེམས་དཔའ་སུ་མི་ཏྲ་ཞེས་བཏགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྐུ་རབ་ཏུ་བྱུང་བའི་ལེའུ་སྟེ་ཉེར་དྲུག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༧ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པ།

དེ་ནས་ཀུན་དགའ་འོད་སྲུངས་ཆོས་ཞུ་བའི༔ བར་སྐབས་བར་སྐབས་སུ་མི་ཏྲ་ཡིས་གསོལ༔ དགེ་སློང་ཆེན་པོ་འདི་ཙམ་ནང་ནས་ནི༔ བཅོམ་ལྡན་འདས་ཀྱི་ཞམ་རིང་ཁྱོད་བྱེད་པ༔ འདི་ནི་དགོས་ཆེད་ཡོད་ཀྱིས་ནན་ཏན་གསུངས༔ ཀུན་དགའ་བོས་ནི་གུས་པས་ཉོན་ཅིག་གསུངས༔ ང་ནི་འཇིག་རྟེན་ཁམས་ན་རྩོད་པ་མེད༔ རྩོད་མེད་ཆོས་འདི་སངས་རྒྱས་ཞལ་ནས་གསུངས༔ ཐུབ་པ་ཉི་ཤུ་རྩ་དགུ་ཁབ་ཏུ་གནས༔ ཆོས་ལ་དཀའ་བ་སྤྱད་པ་ལོ་དྲུག་སྟེ༔ མཉན་ཡོད་ལེགས་པའི་སྐར་མས་ཉི་ཤུ་བཞི༔ དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བ༔ མདོ་སྡེ་བཅུ་གཉིས་སྡེ་ནི་བློ་ནས་འཆད༔ དོན་མི་སྒོམ་ཞིང་ཚིག་ལ་འཆེལ་བ་ལ༔ ཐུབ་པས་ཞི་བ་ལ་ནི་མི་འཇུག་པའི༔ ཚིག་ལ་མཁས་པ་མཁས་པ་མ་ཡིན་ཏེ༔ མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན༔ ཞེས་གསུངས་ལེགས་པའི་སྐར་མ་ལོག་ལྟ་སྐྱེས༔ ཐུབ་པའི་མཚན་བཟང་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་༔ འོད་ནི་འདོམ་གང་ཡོད་པའི་སྐུ་མཆོག་ལ༔ ལོ་ནི་ཉི་ཤུ་རྩ་བཞིར་ཁྱོད་གཡོག་བྱས༔ ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་༔ རྒྱལ་པོ་ཟས་གཙང་རྒྱལ་ས་མ་ཟིན་པའི༔ གོ་མ་ཆོད་ཀྱི་མི་ཁྱམས་རྐང་འདྲེན་ལས༔ ཆོས་ནི་ང་མཁས་མཉམ་པོའི་གཡོག་མི་བྱེད༔ ཅེས་སྨྲས་ཕྱི་རོལ་ངམ་གྲོག་དཔག་ཚད་དེང་༔ ཐུབ་པའི་དབང་པོས་རྡོ་རྗེ་གདན་དུ་བྱོན༔ བྱང་ཆུབ་ཤིང་དྲུང་སེང་གེའི་ང་རོ་སྒྲོགས༔ ཀྭའི་ཀྭའི་ཀྭའི༔ ཚེ་དང་ལྡན་པ་ཐམས་ཅད་འདུས་ཤིག་གསུངས༔ དེ་ནས་དགེ་འདུན་ཐམས་ཅད་འདུས་པ་ལས༔ ལེགས་པའི་སྐར་མ་ཁོ་ནི་ཁྲོས་ཏེ་སོང་༔ ཁྱོད་རྣམས་སུ་ཡིས་ང་ཡི་ཉེ་གནས་བྱེད༔ དགྲ་བཅོམ་རྣམས་ཀྱིས་གུས་པའི་ཕྱག་འཚལ་ཏེ༔ པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས༔ ཁྱོད་ཀྱི་ཞམ་རིང་ངེད་ཀྱིས་བྱེད་པར་ཞུས༔ ཐུབ་དབང་ཞལ་ནི་ནག་རོག་བསྟན་ནས་སུ༔ ཁྱོད་རྣམས་ཅི་ཕྱིར་ང་ཡི་ཉེ་གནས་བྱེད༔

ན་སོ་རྒས་ཤིང་འབྱུང་བ་རྒུད་ནས་མེད༔ ཚེ་དང་ལྡན་པ་རྣམས་ཀྱིས་མཉམ་པར་གཞག༔ ཐུབ་དབང་ཐུགས་ཀྱི་རྩེ་མོ་གང་ལ་གཏད༔ དགྲ་བཅོམ་རྣམས་ཀྱི་ཡེ་ཤེས་སྤྱན་གྱིས་གཟིགས༔ དགེ་སློང་པཱུརྞ་ཤཱི་ལར་གཏད་པ་ནི༔ མཽངྒལ་གྱི་བུ་ཡིས་མཐོང་ནས་སུ༔ དགྲ་བཅོམ་པ་ནི་ལྔ་བརྒྱས་པཱུརྞ་ལ༔ ཕྱག་བཙལ་ཐུབ་པའི་ཞམ་རིང་གྱིས་ཤིག་བརྗོད༔ ཐུབ་པའི་དབང་པོས་ཀུན་དགའ་ལེགས་སོ་གསུངས༔ ཞལ་གྱི་དཀྱིལ་འཁོར་འཛུམ་པའི་མདངས་ཀྱང་བསྟན༔ ང་ཡིས་ཉེ་གནས་མི་ཡོང་བྱེད་དགོས་ན༔ བཅའ་བ་རྣམ་པ་འདི་གསུམ་གནང་བར་ཞུ༔ ལྟོ་དང་གོས་ནི་རང་ལ་ཟ་བ་དང་༔ ངས་ནི་ཞུ་བ་གང་ཞུས་གནང་བ་དང་༔ ང་མེད་ཤུལ་དུ་ཆོས་མི་གསུང་དང་གསུམ༔ འདི་གསུམ་བཅོམ་ལྡན་འདས་ཀྱིས་གནང་བར་མཛོད༔ ཐུབ་དབང་འཛུམ་པའི་ཉ་རྒྱས་ཟླ་ཞལ་བསྟན༔ ཀུན་དགའ་བོ་ཁྱོད་ལེགས་སོ་ལན་གསུམ་གསུངས༔ ང་ཡིས་དྲི་བ་དང་པོར་སྔ་བ་ནི༔ དགེ་སློང་ལེགས་པའི་སྐར་མ་ཇི་ལྟར་དྲིས༔ ཆོས་ཀྱི་བདག་ཉིད་སངས་རྒྱས་དེ་ཞལ་ནས༔ ཐོས་མང་དགེ་སློང་ལེགས་པའི་སྐར་མ་འདི༔ ད་སྟེ་ཞག་བདུན་ཚེ་ཡི་དུས་བྱས་ནས༔ མེ་ཏོག་ལྡུམ་རར་ཡི་དྭགས་ཞིག་ཏུ་སྐྱེ༔ ཀུན་དགའ་བོ་ཡིས་ལེགས་སྐར་མདུན་དུ་ཕྱིན༔ སངས་རྒྱས་གསུང་དེ་རྣ་བར་བཏབ་པ་དང་༔ ལེགས་པའི་སྐར་མས་སེམས་ལ་ཟོན་བཅུག་སྟེ༔ རེས་འགའ་ཁོ་ཡི་བརྫུན་དེ་བདེན་གྱི་ཡོད༔ ཞག་བདུན་ནང་བར་ཞེས་ཁྲེལ་འདེད་དགོས་སྙམ༔ ཞག་དྲུག་བར་དུ་འདུག་ས་གཅིག་ཏུ་བསྡད༔ སྨྱུང་སྦྱངས་རྒྱུན་བཅད་ཟ་མ་མ་ཟོས་སོ༔ ཞག་བདུན་འགྲོ་བའི་ནུབ་མོ་ཁ་བསྐམས་ནས༔ ཆུ་འཐུངས་ཆུ་མ་འཇུ་བར་ཚེ་དུས་བྱས༔ ཀུན་དགའ་བོ་ཡིས་ནང་ཞོགས་ལྟ་རུ་ཕྱིན༔ ཇི་ལྟ་བ་བཞིན་གྱུར་ཏེ་ངེས་ཤེས་སྐྱེས༔ དེ་ནས་མེ་ཏོག་ལྡུམ་རར་ཕྱིན་པ་དང་༔ ཡི་དྭགས་ཆེན་པོ་ལྟར་མི་བཟོད་པའི་ལུས༔ ཐུབ་པའི་དབང་པོ་གར་བཞུགས་རྒྱབ་བསྟན་འདུག༔ དེ་བཞིན་ཆོས་སྨྲས་རྣ་བ་ལག་པས་འགེབས༔ རྐྱེན་དེས་བྱས་ཏེ་བདག་གིས་ཞམ་རིང་བྱས༔ ལེགས་པའི་སྐར་མ་ལོགྲངས་ཉི་ཤུ་བཞི༔ ཀུན་དགའ་བོས་ནི་ལོ་གྲངས་ཉི་ཤུ་གཅིག༔ ཐུབ་དབང་སུམ་ཅུ་སོ་ལྔའི་ལོ་ལོན་ནས༔ སྐྱེ་བ་ལྕགས་ཕོ་ཁྱི་ཡི་ལོ་ལ་ནི༔ སྔོན་ཆད་མ་བསྐོར་ཆོས་ཀྱི་འཁོར་ལོ་བསྐོར༔ རྡོ་རྗེ་གདན་དང་ཝཱ་རཱ་ཎ་སཱི་རུ༔ འཁོར་ལོ་དང་པོ་ལྔ་སྡེ་བཟང་ལ་བསྐོར༔ སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པ༔ ལོ་བདུན་ཟླ་བ་གཉིས་ཀྱིས་མ་ཚང་བར༔ བདེན་པ་བཞི་བལྡབས་སྤྲོས་ནས་བཅུ་གཉིས་གསུངས༔ མདོ་སྡེ་ལེགས་ཉེས་བསྟན་དང་ལས་བརྒྱ་པ༔ མདོ་སྡེ་ལས་རྣམ་འབྱེད་དང་ལས་རྣམ་འཐག༔ མདོ་སྡེ་ལས་ཀྱི་རྣམ་སྨིན་བསྟན་པ་དང་༔ གང་པོའི་རྟོགས་བརྗོད་བྲམ་ཟེ་ཚོགས་ཀྱི་མདོ༔ དྲིན་ལན་བསབས་མདོ་མཛངས་བླུན་དྲན་ཉེར་གཞག༔ དེ་དག་དྲང་དོན་བསྟན་པའི་མདོ་བཅུའོ༔ ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ༔ འདུལ་བ་གཞི་དང་རྣམ་འབྱེད་གཞུང་བླ་མ༔ ཕྲན་ཚེགས་བཞི་ནི་རྩ་བའི་མདོ་བཞིའོ༔ རྩ་བའི་ལུང་དང་དགེ་སློང་སོ་ཐར་དང་༔ དགེ་སློང་མ་ཡི་སོ་ཐར་ལ་སོགས་པ༔ ཐེག་དམན་དྲང་ཕྱིར་ཆོས་ཚུལ་དཔག་མེད་གསུངས༔ ཉོན་མོངས་སྤང་དང་འགེགས་ཤིང་ཚོགས་དྲུག་འདོད༔ ས་ནི་བརྒྱད་འདོད་གང་ཟག་བདག་མེད་དང་༔ ཆོས་ཀྱི་བདག་མེད་ཀྱི་ནི་ཕྱེད་རྟོགས་པའི༔ འབྲས་བུ་དགྲ་བཅོམ་འཐོབ་པའི་ཆོས་འཁོར་བསྐོར༔ འཁོར་ལོ་བར་པ་མེ་ཕོ་འབྲུག་ལོ་ནས༔ ཤིང་མོ་གླང་བར་མ་ག་དྷ་ཡི་ཡུལ༔ རྒྱལ་པོའི་ཁབ་དང་བྱ་རྒོད་ཕུང་པོའི་རིར༔ བྱམས་པ་སྤྱན་རས་གཟིགས་སོགས་བྱང་སེམས་འཁོར༔ རབ་འབྱོར་ལ་སོགས་དགེ་སློང་ལྔ་སྟོང་ལ༔ ལོ་བཅུའི་བར་དུ་མཚན་ཉིད་མེད་ཆོས་གསུངས༔ ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ༔ ངེས་དོན་མདོ་སྡེ་རྒྱས་འབྲིང་གསུམ་དུ་གསུངས༔ སྟོང་ཕྲག་བརྒྱ་པ་ཉི་ཁྲི་ལྔ་སྟོང་པ༔ ཁྲི་བརྒྱད་སྟོང་པ་ཤེས་རབ་ཁྲི་པ་དང་༔ བརྒྱད་སྟོང་པ་དང་སྡུད་པ་ཡུམ་དྲུག་གོ༔ རབ་རྩལ་ཞུས་དང་ཤེར་ཕྱིན་ལྔ་བརྒྱ་པ༔ རྡོ་རྗེ་གཅོད་པ་ཚུལ་བརྒྱ་ལྔ་བཅུ་པ༔ ཀཽ་ཤི་ཀ་སུམ་ཅུ་སྒོ་ཉེར་ལྔ༔ ཤེས་རབ་སྙིང་པོ་ཡི་གེ་ཉུང་ངུ་དང་༔ ཡི་གེ་གཅིག་མ་དཀོན་བརྩེགས་འདུས་པ་བཞི༔ ཤེར་ཕྱིན་བདུན་བརྒྱ་པ་སྟེ་སྲས་བཅུ་གཅིག༔ དེ་ལྟར་ཡུམ་སྲས་བཅུ་བདུན་གཞན་ཡང་ནི༔ ཕར་ཕྱིན་སྟོང་ཉིད་སྟོན་པའི་ཆོས་གསུངས་པ༔ མངོན་པར་རྟོགས་པའི་སྐབས་བརྒྱད་དོན་བདུན་ཅུ༔ ལམ་ལྔ་ས་བཅུ་འགྲེས་རྐང་བརྒྱ་རྩ་བརྒྱད༔ ཉོན་མོངས་རྣམ་སྦྱོང་ཚོགས་ནི་བརྒྱད་དུ་འདོད༔ ཆོས་དང་གང་ཟག་གཉིས་ཀའི་བདག་མེད་རྟོགས༔ ས་བཅུ་རྫོགས་ནས་ཆོས་སྐུ་འཐོབ་པར་བསྟན༔ འཁོར་ལོ་ཐ་མ་ཡངས་པ་ཅན་གྱི་ཡུལ༔ མེ་ཕོ་སྟག་ནས་ས་ཕོ་སྟག་གི་བར༔ ནཱ་ལེནྡྲ་ཡི་གཙུག་ལག་མ་ལ་ཡ༔ པདྨ་ཅན་དང་ལྷ་གནས་ལ་སོགས་པར༔ ལྷ་ཀླུ་དྲི་ཟའི་བུ་མོ་ཤེས་རབ་གཟིངས༔ བྱང་ཆུབ་སེམས་དཔའ་རྣམ་གྲོལ་སྡེ་སོགས་ལ༔ བཅུ་གསུམ་བར་དུ་ངེས་དོན་ཆོས་འཁོར་བསྐོར༔ ཕལ་ཆེན་དཀོན་བརྩེགས་ལངྐར་གཤེགས་པ་དང་༔ དགོངས་པ་ངེས་འགྲེལ་དཔལ་ཕྲེང་སེང་གེའི་སྒྲ༔ དབུས་འགྱུར་ཚལ་དང་སྔོན་གནས་བརྒྱ་རྩ་བརྒྱད༔ པད་དཀར་གསེར་འོད་དམ་པ་མྱང་འདས་མདོ༔ བྱམས་ཞུས་མངོན་པའི་སྡེ་སྣོད་ལ་སོགས་གསུངས༔ སེམས་ཅན་ཁམས་བཞུགས་བདེ་གཤེགས་སྙིང་པོ་བསྟན༔ འཁོར་ལོ་བཞི་པ་གནས་ནི་མ་ལ་ཡ༔ ལྕང་ལོ་ཅན་དང་གནམ་ལྕགས་ཡོད་པའི་རྩེར༔ ལྷ་ཡི་དབང་པོ་བརྒྱ་བྱིན་ཞུ་བ་ཕུལ༔ ཕྱི་རྒྱུད་ཀྲཱི་ཡའི་ཆོས་ཀྱི་འཁོར་ལོ་བསྐོར༔ རིག་སྔགས་ཀུན་གྱི་ཁོག་དབུབ་དཔུང་བཟང་རྒྱུད༔ རིག་སྔགས་ལག་ན་རྡོ་རྗེ་དབང་བསྐུར་རྒྱུད༔ རིག་སྔགས་གསལ་བ་རིག་པ་མཆོག་གི་རྒྱུད༔ རིག་སྔགས་འདུལ་བ་སིདྡྷི་ཀ་རིའི་རྒྱུད༔ རིག་སྔགས་འཕྲིན་ལས་ཁམས་གསུམ་རྣམ་རྒྱལ་རྒྱུད༔ རིག་སྔགས་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད༔ འཇམ་དཔལ་རྩ་རྒྱུད་རྡོ་རྗེ་མི་འགྱུར་རྒྱུད༔ དོན་ཡོད་ཞགས་པ་རྡོ་རྗེ་རྣམ་འཇོམས་རྒྱུད༔ གཏུམ་ཆེན་མི་གཡོ་བ་ཡི་རྒྱུད་ལ་སོགས༔ ཀྲི་ཡ་སྡེ་དྲུག་སྡེ་ལྔ་ལ་སོགས་གསུམ༔ དགའ་ལྡན་གནས་སུ་ཨུ་པ་སྡེ་བཞི་གསུངས༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་དྲི་མེད་རྒྱུད༔ འཇམ་དཔལ་རྣོན་པོ་དྲི་མ་མེད་པའི་རྒྱུད༔ འཇམ་དཔལ་དྲ་བ་གཅོད་དང་གསང་བརྟན་རྒྱུད༔ འཁོར་ནི་འདོད་ཁམས་གཟུགས་ཁམས་འཁོར་ལ་གསུངས༔ ནཻརཱཉྫ་ན་འོག་མིན་གནས་སོགས་སུ༔ དེ་ཉིད་བསྡུས་པ་དཔལ་མཆོག་དང་པོ་དང་༔ རྡོ་རྗེ་རྩེ་མོ་ངན་སོང་སྦྱོང་བའི་རྒྱུད༔ ས་མོ་ཡོས་ནས་ཤིང་མོ་བྱ་ཡི་བར༔ ལོ་བདུན་བར་དུ་གསང་སྔགས་ཕྱི་པ་གསུངས༔ ནང་པ་བླ་མེད་རྡོ་རྗེའི་ཐེག་པ་ནི༔ ཕྱག་ན་རྡོ་རྗེས་སྟོན་ཅིག་ལུང་བསྟན་ནས༔ ཚིག་གཅིག་མ་གསུངས་བསྟན་པའི་སེལ་བྱེད་གསུངས༔ ཡུལ་གཅིག་རྒྱ་གར་རྡོ་རྗེ་གདན་གཅིག་ན༔ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་༔ བྱུང་ན་མི་སྲིད་ཐུབ་པའི་བསྟན་པ་བརྗེ༔ ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ༔ འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ༔ མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ༔ མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ༔ གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ༔ བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་འདུ༔ དབྱངས་བསྙད་མདོའི་སྡེ་ལུང་དུ་བསྟན་པའི་སྡེ༔ ཚིགས་བཅད་ཆེད་དུ་བརྗོད་དང་གླེང་གཞིའི་སྡེ༔ རྟོགས་བརྗོད་སྐྱེས་རབས་ཤིན་ཏུ་རྒྱས་པའི་སྡེ༔ རྨད་བྱུང་གཏན་དབབ་དེ་ལྟར་བྱུང་བའི་སྡེ༔ བསྡུས་པས་འདུལ་བ་མདོ་སྡེ་མངོན་པ་གསུམ༔ བརྒྱད་ཅུ་རྩ་གཉིས་བར་དུ་ཆོས་འཁོར་བསྐོར༔ ཤིང་མོ་བྱ་ལོ་མེ་ཕོ་བྱི་བའི་ཟླ༔ ཚེས་བརྒྱད་ནམ་གུང་ཐུབ་པ་མྱ་ངན་འདས༔ ད་ལྟ་ཤིང་ཕོ་རྟ་ཡིས་ལོ་བཅུ་སོང་༔ དེ་སྐད་གསུངས་པས་སུ་མི་ཏྲ་ནི་ཚིམ༔ ལོ་ལྔའི་བར་དུ་ཉིན་མཚན་ཁ་སྦྱར་ནས༔ མདོ་སྔགས་གཉིས་ཀྱི་ལུང་རྣམས་རྫོགས་པར་ཞུས༔ རིམ་གྱིས་ཉམས་སུ་ལེན་པའི་ཐབས་སུ་འདུག༔ མཚན་ཉིད་སྡེ་གསུམ་ཚིག་མང་དོན་ཆུང་དགོངས༔ ཚིག་ཉུང་དོན་ཆེ་གསང་སྔགས་ཕྱི་ནང་གཉིས༔ འདོད་ཐོབ་ཤེས་པ་རྩོལ་སྒྲུབ་སེམས་རྒྱུད་བཅིངས༔ འོག་མས་སེམས་ཉིད་དོན་དེ་མིརྟོགས་མཁྱེན༔ ཀུན་རྫོབ་དམིགས་བཅས་ཕྱོགས་སྟོང་ཤེས་སྒྲིབ་བསྒྲིབས༔ དོན་དམ་རང་བཞིན་ཡེ་སྟོང་ཡེ་ཤེས་ཡིན༔ ཁྱད་དུ་འཕགས་པའི་ཆོས་ཤིག་བཙལ་དགོས་སྙམ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཀུན་དགའ་བོ་ལ་ཕྱི་ཐུབ་པའི་ཐེག་པ་གསུམ༔ ནང་སྔགས་ཀྱི་ཐེག་པ་གསུམ༔ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་ལེའུ་སྟེ་ཉེར་བདུན་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༨ བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པ།

དེ་ནས་གུ་རུ་ཤཱཀྱ་སེང་གེ་ཡིས༔ ཐོས་པའི་མཆོག་གྱུར་ཀུན་དགའ་བོ་ལ་ནི༔ མདོ་སྔགས་ཡི་གེར་བཏབ་ནས་ཇི་ཙམ་སོང་༔ གྲངས་སུ་བྱས་ན་པོ་ཏི་དུ་ཙམ་མཆིས༔ བཞུགས་པའི་གནས་ནི་གང་དང་གང་ན་བཞུགས༔ དགེ་བ་དམ་པ་ངས་ཉན་ཁྱོད་ཀྱིས་སྨྲོས༔ དེ་ནས་ཀུན་དགའ་བོ་ཡིས་ལེགས་གསུངས་པ༔ ཐུབ་དབང་ཡོངས་སུ་འདས་ནས་ད་བར་དུ༔ སངས་རྒྱས་གསུང་རྣམས་ཡི་གེར་ཐེབས་ཚད་བཏབ༔ གླེགས་བམ་བྱས་པས་གླང་ཆེན་རབ་བརྟན་གྱི༔ གསུང་རབ་དམ་ཆོས་རྒྱབ་ཁལ་ལྔ་བརྒྱ་བྱུང་༔ གནས་ལ་མ་འཆམས་ལྷ་ཀླུས་ཐོབ་ཤ་བྱས༔ རྒྱས་པ་འབུམ་ནི་ཀླུའི་ཡུལ་གཏེར་དུ་སྦས༔ ཉི་ཁྲི་བརྒྱ་བྱིན་ཡུལ་ཏུ་གཏེར་དུ་སྦས༔ ཁྲི་པ་ལྷ་མ་ཡིན་གྱི་ཡུལ་དུ་སྦས༔ བརྒྱད་སྟོང་པ་ནི་རྣམ་སྲས་ཡུལ་དུ་སྦས༔ སྡུད་པ་གྲོང་ཁྱེར་མེ་ཏོག་བློ་གྲོས་སྦས༔ ཤེར་སྙིང་བྲམ་མོ་བདེ་བའི་ནང་དུ་སྦས༔ དྲང་དོན་མདོ་བཅུ་ཐོ་གར་ཡུལ་དུ་སྦས༔ མདོ་སྡེ་ཕལ་ཆེར་རྡོ་རྗེ་གདན་དུ་སྦས༔ མངོན་པ་ནཱ་ལེནྡྲ་ཡི་གཙུག་ལག་སྦས༔ ཡུམ་སྲས་བཅུ་བདུན་སཱ་ལའི་ཡུལ་དུ་སྦས༔ རྒྱ་ཆེར་རོལ་པ་བྲུ་ཤའི་ཡུལ་དུ་སྦས༔ བསྐལ་པ་བཟང་པོ་ཟངས་གླིང་ཡུལ་དུ་སྦས༔ མདོ་སྡེ་རྟེན་འབྲེལ་སྙིང་པོ་ཐོ་གར་ཡུལ༔ ལངྐར་གཤེགས་པ་སྲིན་པོའི་ཡུལ་དུ་སྦས༔ གསེར་འོད་དམ་པ་རི་རབ་ཟོམ་དུ་སྦས༔ ཕལ་པོ་ཆེ་ནི་རྒྱ་ནག་ཡུལ་དུ་སྦས༔ དཀོན་མཆོག་བརྩེགས་པ་ཡངས་པ་ཅན་དུ་སྦས༔ པདྨ་དཀར་པོ་རི་བོ་ཏ་ལར་སྦས༔ བསོད་སྐྱབས་བདུད་རྩི་ལྔ་པ་བྷངྒ་ལ༔ རྣམ་གཟིགས་ཆོས་ཀྱི་མེ་ལོང་བཻདྡྷའི་ཡུལ༔ འོད་སྲུངས་སྟོང་པ་རྣམ་འབྱེད་ཁ་ཆེའི་ཡུལ༔ འཆི་འཕོ་བསྟན་པ་ཁང་བུའི་གླིང་དུ་སྦས༔ འདས་པ་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་༔ གསང་སྔགས་ཕལ་ཆེར་ཨུ་རྒྱན་ཡུལ་དུ་སྦས༔ བཀའ་འདས་རྒྱུད་ལྔ་གནམ་ལྕགས་ཕ་བོང་སྦས༔ ཟག་པ་མེད་དང་ཟ་མ་ཏོག་ཆེ་ཆུང་༔ ཆུ་བོ་ནཻརཱཉྫ་ནའི་མཚོ་ལ་སྦས༔ འཇམ་དཔལ་རྩ་རྒྱུད་ཀ་མ་རུ་པར་སྦས༔ ཙྪིནྡྷ་མ་ཎི་མ་ག་དྷ་རུ་སྦས༔ གྲྭ་ལྔ་དུར་ཁྲོད་བསིལ་བའི་ཚལ་དུ་སྦས༔ རིན་ཆེན་ཏོག་གཟུངས་ཁང་བུའི་གླིང་དུ་སྦས༔ གདམས་ངག་འབོགས་དང་དབུས་འགྱུར་ཚལ་ལ་སོགས༔ བཀའ་འཁོར་བཞི་ཀ་ཟ་ཧོར་ཡུལ་དུ་སྦས༔ ཐུབ་པའི་བསྟན་པ་སྟོངས་སུ་ཕངས་པ་ཡིས༔ ནམ་མཁའ་ས་འོག་བྲག་དང་ཆུ་དང་ཤིང་༔ རི་དང་ཕུག་པ་བས་མཐའ་དུར་ཁྲོད་དང་༔ གཙུག་ལག་ཁང་དང་མཆོད་རྟེན་ནཱ་ལེནྡྲ༔ དྲི་ཟ་གྲུལ་བུམ་གནོད་སྦྱིན་ཀླུ་དབང་ཡུལ༔ མདོ་སྡེ་བཞག་པར་བྱས་ནས་དར་བར་བྱེད༔ འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་༔ རྐུན་པོ་མེ་ཆུས་བསླུས་ནས་ཟད་པར་འགྱུར༔ དེ་བཞིན་གཤེགས་པའི་དམ་པའི་ཆོས་གཏེར་འདི༔ བསྐལ་པ་མང་པོར་གང་སྦས་ཆུད་མི་ཟ༔ དེ་དག་ཕྱི་མའི་དུས་ན་འབྱིན་ལུང་བསྟན༔ ཐུབ་པ་མྱ་ངན་འདས་འོག་ཏུ༔ ལོ་ནི་ཉི་ཤུ་རྩ་བརྒྱད་ན༔ རྒྱལ་པོ་ཛ་ཞེས་བྱ་བ་འབྱུང་༔ དེ་བཞིན་གཤེགས་པ་ང་འདས་ནས༔ ལོ་ནི་བརྒྱད་ཅུ་ལོན་པ་ན༔ ནུབ་ཕྱོགས་ཨུ་རྒྱན་ཡུལ་ཞེས་པར༔ དེ་བ་བཟང་སྐྱོང་ཞེས་བྱ་འབྱུང་༔ ཡོ་ག་རྣམ་གསུམ་སྟོན་པར་བྱེད༔ ང་ནི་འདི་ནས་མི་གནས་ནས༔ ལོ་ནི་བཞི་བརྒྱ་ལོན་པ་ན༔ དགེ་སློང་ཀླུ་ཞེས་བྱ་བ་འབྱུང་༔ བསྟན་པ་འདི་ལ་དད་ཅིང་སྐྱོང་༔ དེ་བཞིན་གཤེགས་པ་ང་འདས་ནས༔ ལོ་ནི་སུམ་བརྒྱ་སུམ་ཅུ་ན༔ སངས་རྒྱས་གསང་བ་ཞེས་བྱ་འབྱུང་༔ དེ་ཡིས་མཐུ་འབྱིན་ཕན་ཡོན་ཚོར༔ ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་ལྔ་བརྒྱ་བདུན་ཅུ་ན༔ ཞིང་པ་ལྔ་ཐུབ་ཅན་གྱི་བུ༔ ཤྲཱི་ཧཱུྃ་ཀ་ར་ཞེས་བྱ་འབྱུང་༔ ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་བརྒྱད་བརྒྱ་དགུ་ཉེ་ན༔ ཟི་ཡན་ཏ་ཡི་ཡུལ་དུ་ནི༔ ལུས་བསྐྱེད་དག་པའི་མཆེད་གཉིས་འབྱུང་༔ མངོན་པའི་བཀའ་རྣམས་དར་བར་བྱེད༔ ང་ནི་མི་གནས་འདས་འོག་ཏུ༔ ལོ་ནི་བཞི་གཉིས་ལོན་པ་ན༔ སྔོན་གྱི་ལས་ཀྱིས་རབ་བསྐུལ་ནས༔ སིངྒ་ལ་ཡི་ཡུལ་དུ་ནི༔ མངལ་སྐྱེས་སྤངས་པའི་བརྫུས་སྐྱེས་ཉིད༔ པདྨ་འབྱུང་གནས་རྫུ་འཕྲུལ་ཅན༔ འཕགས་པ་ལྷ་ཡིས་རྒོལ་བ་འཇོམས༔ དཀའ་འགྲེལ་དག་ལ་མཁས་པ་བྱུང་༔ ང་ནི་མི་གནས་འདས་འོག་ཏུ༔ ལོ་ནི་ལྔ་བརྒྱ་ལྔ་བཅུ་ན༔ ཟ་ཧོར་གནྡུ་ཞེས་བྱ་བར༔ རྒྱལ་པོ་གོ་མ་དེ་བྱིའི་བུ༔ བ་ོདྷི་ས་ཏྭ་ཞེས་བྱ་འབྱུང་༔ འདི་ནས་ཁ་ཆེའི་ཡུལ་དུ་ནི༔ ནུབ་ཕྱོགས་གླང་པོ་སྒང་ཞེས་པར༔ བི་མ་མི་ཏྲ་ཞེས་བྱ་འབྱུང་༔ དེ་ཡི་མཐུ་བྱིན་ཡོན་ཏན་གྲགས༔ གདོང་དམར་ཅན་གྱི་ཡུལ་དུ་ནི༔ སྟོན་པ་མྱ་ངན་འདས་འོག་ཏུ༔ ལོ་ནི་ཕྱེད་དང་ཉིས་སྟོང་ན༔ དམ་པའི་ཆོས་ནི་འབྱུང་བར་འགྱུར༔ དགེ་བ་ཅན་གྱི་ས་ཕྱོགས་སུ༔ བྱང་ཕྱོགས་གངས་རིའི་རྒྱུད་བར་དུ༔ ལོ་ནི་ཉིས་སྟོང་ལྔ་བརྒྱ་ན༔ དམ་པའི་ཆོས་ནི་རྒྱས་པར་འགྱུར༔ ང་ནི་མྱ་ངན་འདས་འོག་ཏུ༔ ང་དང་འདྲ་བའི་སྐྱེས་བུ་ཡིས༔ རྒྱལ་བའི་དགོངས་པ་འགྲོལ་བར་བྱེད༔ བསྟན་བཅོས་དག་ཏུ་ང་ཡིས་བཤད༔ ཅེས་གསུངས་སོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ་སྟེ་ཉེར་བརྒྱད་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༢༩ དུར་ཁྲོད་སྐུ་ལ་རྫོགས་སུ་བཞུགས་པ།

དེ་ནས་དགེ་སློང་ཤཱཀྱ་སེང་གེ་ཡིས༔ ཡུལ་གྱི་མིང་ནི་བཻདྡྷའི་ཡུལ་དུ་ཕྱིན༔ དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས་ཞེས་པ༔ མཐའ་སྐོར་དཔག་ཚད་ཕྱེད་དང་བཞི་ཡོད་པའི༔ དབུས་ན་མཆོད་རྟེན་རི་བོ་ཏ་ལ་ཞེས༔ རྒྱུ་ནི་རིན་ཆེན་ཤེལ་ལས་གྲུབ་པ་ཡི༔ ལོགས་ལ་མ་མོ་ཆེན་མོ་ཙཻ་རཱི་མ༔ ཤར་ན་ལྗོན་ཤིང་མཐུ་འབྱིན་ཞེས་བྱ་བ༔ དུར་ཤིང་དེ་ལ་དུར་བྱ་མང་པོ་གནས༔ སྨད་ན་མི་མ་ཡིན་གྱི་སྒྱུ་མ་མཁན༔ བུད་མེད་མཛེས་མ་ཁྱི་རུ་བསྒྱུར་བ་དང་༔ རྡེའུ་ཤིང་བུ་སེམས་ཅན་ཀེང་རུས་བསྒྱུར༔ གཟའ་སྐར་ཉི་ཟླ་རོ་ནི་སྐམ་ོན་བསྒྱུར༔ དེ་བཞིན་སྣ་ཚོགས་སྒྱུ་མ་བྱེད་པའི་གནས༔ དུར་ཁྲོད་ལྷོ་ན་དུར་ཆུ་འགྲམ་མཚོ་ཞེས༔ རྗིང་དབུས་ཀེང་རུས་པདྨ་ལྔ་བརྩེགས་སྐྱེས༔ དེ་ཡི་མཐའ་སྐོར་དུར་མེ་རང་བཞིན་འབར༔ མེ་འབར་གསེབ་ན་མི་ལུས་ཕྱེད་ཚལ་དང་༔ རྐང་དང་མགོ་དང་ལག་པ་པགས་པ་དང་༔ གསར་རྙིང་ཚིག་དང་མ་ཚིག་ཚིག་ལ་ཁད༔ དུར་ཁྲོད་ནུབ་ན་དུར་ང་འཚུབ་མ་འཚུབ༔

རླུང་གི་གསེབ་ན་འབྱུང་པོ་ཡི་དྭགས་ཁྱུ༔ བུ་ཆུང་རེའུ་ལུག་བ་ལང་ཀེང་རུས་ཞོན༔ ལ་ལ་ནད་པ་ལ་ལ་མི་རོ་ཐོགས༔ ལ་ལ་སྣབས་ལུད་ལ་ལ་མེ་ཆུ་ཐོགས༔ ལ་ལ་ཞོ་མར་ལ་ལ་ཤ་ཆང་ཐོགས༔ བྱང་ན་དུར་རི་ས་ཆེན་རབ་གཡོ་ཞེས༔ དུར་རིའི་རྒྱལ་པོ་འདུ་འཛིན་དེ་ལ་ནི༔ དུར་གྱི་སེམས་ཅན་ཐམས་ཅད་གནས་བཅས་སྡོད༔ རྐེད་པར་ཡིད་བཞིན་ནོར་བུའི་གཏེར་ཡོད་པ༔ དེ་ཡི་ཤར་ན་འཇིག་རྟེན་སྐྱོང་བའི་ལྷ༔ དབང་ཕྱུག་མ་ཧཱ་པཱ་ལ་ཡ་ཞེས་པ༔ ལུས་པོ་གཡག་ལ་མགོ་བོ་སེང་གེའི་གདོང་༔ ལུས་སྨད་སྦྲུལ་ལ་སྲིན་པོའི་སྟེང་དུ་ཞོན༔ ལག་པར་ཁ་ཊྭཱཾ་མི་རོའི་རྒྱལ་མཚན་ཕྱར༔ དེ་ཡི་འཁོར་ན་གཟུགས་མང་མཐའ་ཡས་པ༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་སྣ་ཚོགས་རྩེ༔ ལྷོ་ཕྱོགས་བློ་འཕེལ་དམར་པོ་བསམ་གཏན་བསྒོམ༔ དུར་ཁྲོད་དེར་ནི་མཆོད་རྟེན་རྒྱབ་བརྟེན་ནས༔ མཁའ་འགྲོ་མ་ལ་ཆོས་གསུངས་ལོ་ལྔ་བཞུགས༔ མཚན་ནི་ཉི་མ་འོད་ཟེར་ཞེས་སུ་གྲགས༔ གཞན་དོན་འཕྲིན་ལས་འབྲས་བུ་ལོ་འདབ་རྒྱས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དུར་ཁྲོད་སྐུ་ལ་རྫོགས་སུ་བཞུགས་པའི་ལེའུ་སྟེ་ཉེར་དགུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༣༠ དུར་ཁྲོད་བདེ་ཆེན་བརྡལ་དུ་བཞུགས་པ།

དེ་ནས་ཚིག་ཉུང་དོན་ཆེ་ཅིག་ཅར་པ༔ རྟོགས་གྲོལ་དུས་མཉམ་ཆོས་ཤིག་བཙལ་དགོས་སྙམ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཕྱིན༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས༔ སྐུ་མདོག་མཐིང་ག་སེང་གེའི་ཁྲི་ལ་བཞུགས༔ སྣ་ཚོགས་རྒྱན་མང་རིགས་ལྔའི་དབུ་རྒྱན་གསོལ༔ མཉམ་གཞག་ཐོ་ཕྱི་འཇའ་འོད་ཟེར་དུ་འཕྲོ༔ ཉི་མ་འོད་ཟེར་དམའ་བའི་ས་ལ་འདུག༔ མིག་གི་དབང་པོས་ཆོས་སྨྲའི་ཞལ་ལ་ལྟ༔ རྣ་བའི་དབང་པོས་མ་ཡེངས་གསུང་ལ་ཉན༔ ཡིད་ཀྱི་དབང་པོས་ཚིག་བཟུང་དོན་ལ་བརྟགས༔ རྫོགས་པ་ཆེན་པོ་སྤྲོས་པ་མེད་པའི་ཀློང་༔ རྩ་བའི་སྐོར་ནི་སེམས་སྨད་བཅོ་བརྒྱད་དེ༔ ནམ་མཁའ་ཆེ་དང་རིག་པའི་ཁུ་བྱུག་དང་༔ ཁྱུང་ཆེན་ལྡིང་བ་རྩལ་ཆེན་སྤྲུགས་པ་དང་༔ བསྒོམ་དོན་དྲུག་པ་རྩེ་མོ་བྱུང་རྒྱལ་དང་༔ ནམ་མཁའི་རྒྱལ་པོ་བདེ་བ་ཕྲ་བཀོད་དང་༔ རྫོགས་པ་སྤྱི་སྤྱོད་རིན་ཅེན་ཀུན་འདུས་དང་༔ སྲོག་གི་འཁོར་ལོ་བྱང་ཆུབ་སེམས་ཏིག་དང་༔ རྫོགས་ཆེན་བདེ་འབྱམས་སྲིད་པ་སྤྱི་ཆིངས་དང་༔ རྗེ་བཙན་དམ་པ་ཡིད་བཞིན་ནོར་བུ་དང་༔ ཐིག་ལེ་ཀློང་ཡངས་རྡོ་ལ་གསེར་ཞུན་ནོ༔ གསང་མཚན་བླ་མེད་རྡོ་རྗེ་འཆང་དུ་བཏགས༔ དགྱེས་པའི་ཡུམ་དང་བདེ་ཆེན་སྙོམས་པར་འཇུག༔ སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ༔ དེ་ནས་ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ༔ གསང་ལམ་མནོལ་མའི་དུར་ཁྲོད་བདེ་ཆེན་བརྡལ༔ དཔག་ཚད་ཕྱེད་དང་དྲུག་གིས་བསྐོར་བ་ལ༔ དབུས་ན་རང་བྱུང་མཆོད་རྟེན་ཀ་ནི་ཀ༔ བསྟན་པ་ཀུན་གྱི་རང་བཞིན་ཕྱོགས་མདོག་ཅན༔ མ་མོ་ཆེན་མོ་ཀཻ་རཱི་མ་གནས་པ༔ བྱང་ན་དུར་ཤིང་ལྗོན་པ་སྣ་ལེན་ཞེས༔ དུར་ཁྲོད་སེམས་ཅན་སྤྲ་སྤྲེའུ་མང་པོ་དང་༔ མཁའ་འགྲོ་མ་རྣམས་གར་གྱི་ཕྱག་རྒྱ་བསྒྱུར༔ འོག་ན་འཇིགས་པ་མི་བཟད་དུར་ཆུ་ཞེས༔ དུར་གྱི་སེམས་ཅན་མང་པོ་ལ་ལ་དགོད༔ ལ་ལ་ངུ་ཞིང་ལ་ལ་འཛིང་འཐབ་གསོད༔ དུར་ཁྲོད་ལྷོ་ན་དུར་མེ་རང་འབར་འཕྱོ༔ ཚག་ཆོམ་འུར་ཆོམ་དཔག་ཚད་རྒྱང་གྲགས་མཆོངས༔ མེ་གསེབ་མེ་ལྷ་ར་ཞོན་མང་པོ་ནི༔ ལག་ན་རྐང་རུས་དགང་གཟར་བླུགས་གཟར་བསྣམས༔ དུར་ཁྲོད་ནུབ་ན་དུར་ང་འཚུབ་ཟླ་ཞེས༔ གསེབ་ན་མཁའ་འགྲོ་མང་པོ་མི་རོ་ཁུར༔ ལག་ན་མི་རྐང་གླིང་བུ་འབུད་པར་བྱེད༔ ནུབ་བྱང་དུར་རིའི་རྒྱལ་པོ་རྩེ་བརྒྱ་པར༔ དུར་གྱི་སེམས་ཅན་མང་པོ་དེ་ལ་སྡོད༔ རཏྣ་ཡིད་བཞིན་ནོར་བུའི་གཏེར་ཡོད་པ༔ བྱང་ཤར་མཚམས་ན་མཁའ་འགྲོ་མིག་རིང་མ༔ སྔོན་མོ་རས་ནི་དམར་པོའི་ཨང་རག་གྱོན༔ མཆུ་ནི་རྨ་བྱ་མིག་ནི་འུག་པར་འདུག༔ སྐུ་སྟོད་དག་ལ་རུས་པའི་རྒྱན་དྲུག་གསོལ༔ དཔྲལ་བའི་དཀྱིལ་ན་མེ་ལོང་ཞིག་འདུག་པ༔ རལ་པ་ཐོར་ཚུགས་རྡོ་རྗེ་དཀྱིལ་དུ་བཅིངས༔ ལག་པ་གཉིས་ཀྱིས་གཡང་གཞི་བས་བུར་བཤུ༔ ལྷོ་ནུབ་དུད་སོལ་ལྷ་མོ་དྲེའུ་རྟ་ཞོན༔ དུར་ཁྲོད་དེར་ནི་མཆོད་རྟེན་རྒྱབ་བརྟེན་ནས༔ མཁའ་འགྲོ་མ་ལ་ཆོས་འཁོར་ལོ་ལྔ་བསྐོར༔ དེ་ནས་བྷངྒ་ལ་ཡི་ཡུལ་དུ་ཆས༔ གྲོང་ཁྱེར་མིང་ནི་གསས་ཁང་བྱ་བ་ན༔ བོན་པོ་གཡུང་གཤེན་བྱ་བ་ཡོད་པ་ལས༔ གནམ་ལ་ཉི་མ་དུ་ཤར་བོན་བྱེད་འགྲོ༔ རེ་ཞིག་དུས་ན་བོན་པོ་ཁྲེ་ཆང་མྱོས༔ འཁར་རྔ་སྟོང་གསུམ་སྒྲ་སྒྲོགས་བྱ་བ་བོར༔ དེ་ནས་མི་ལྟོགས་ཤིག་གིས་བ་བོར་བཙལ༔ བ་ནི་མ་རྙེད་བོན་པོའི་འཁར་རྔ་རྙེད༔ ནང་དུ་ཁྱེར་ནས་བྱིས་པས་འཁར་རྔ་བརྡུངས༔ བོན་པོས་འཁར་རྔ་བཙལ་བས་བ་ཞིག་རྙེད༔ དེད་འོངས་ཞོ་བཞོས་བྱིས་པ་རྣམས་ལ་བྱིན༔ བོན་པོས་མི་ལྟོགས་འཁར་རྔ་བརྐུས་ཟེར་བརྩད༔ མི་ལྟོགས་བོན་པོས་བ་བརྐུས་ཟེར་ནས་བརྩད༔ མ་འཆམས་ཁ་ཆེ་རྒྱལ་པོའི་དྲུང་དུ་གཏུགས༔ བ་དང་འཁར་རྔ་བརྗེས་ལ་མ་འཐབས་ཟེར༔ མི་ལྟོགས་བ་ཁྱེར་བོན་པོས་འཁར་རྔ་ཁྱེར༔ མི་ལྟོགས་ཆུང་མས་འོ་མ་བཞོས་འདུག་ཟེར༔ མ་སྨད་རྣམས་ཀྱིས་མི་ལྟོགས་སུན་ཕྱུང་ནས༔ བོན་པོས་སྔོན་ཕྱིན་འོ་མ་བཞོས་སྨྲས་པས༔ བོན་པོས་ཁྱོད་ཀྱིས་འཁར་རྔ་བརྡུངས་འདུག་ལོ༔ བརྡུངས་པས་ཅི་སྟོ་ཟད་ནི་མི་འགྲོ་ཡི༔ བཞོས་པས་ཅི་སྟོ་བསྐམ་ནི་མི་འགྲོ་ཟེར༔ མ་འཆམས་རྒྱལ་པོའི་དྲུང་དུ་ཞུ་བར་ཕྱིན༔ བོན་པོས་བ་འཚོས་མི་ལྟོགས་ངར་ཐོགས་གསུངས༔ བ་ཡང་མི་འཚོ་ངར་ཡང་མི་འདོགས་ཞུས༔ རྒྱལ་པོས་ཡིན་ཆུག་སྨྲས་ནས་རང་ཡུལ་ཕྱིན༔ མི་ལྟོགས་དེ་ཡིས་བོན་པོ་ལམ་དུ་བསད༔ བོན་པོའི་ཆུང་མ་དེ་དང་ལྷན་ཅིག་བསྡེབས༔ ཆུང་མས་མིང་བོར་ཚིག་བསྲིངས་མི་ལྟོགས་བཅིངས༔ བོན་པོའི་རོ་བསྐུར་རྒྱལ་པོའི་དྲུང་དུ་ཕུལ༔ རྒྱལ་པོས་བོན་པོའི་རོ་དང་དོ་ཡ་བྱས༔ བ་ལ་བཀལ་ནས་བོན་པོའི་འཁར་རྔ་བརྡུངས༔ བཙལ་བས་རྙེད་མ་ལེགས་དང་སྟོར་མ་ལེགས༔ ཐམས་ཅད་མ་བརྟགས་རྫས་ནི་མ་སྒྲུབ་ཅིག༔

ཅེས་པའི་སྒྲ་བསྒྲགས་གྲོང་ཁྱེར་ཐམས་ཅད་བསྐོར༔ དུར་ཁྲོད་བདེ་ཆེན་བརྡལ་དུ་བསྐྱལ་བར་གྱུར༔ ཉི་མ་འོད་ཟེར་འདི་ལྟར་ཅི་ཉེས་དྲིས༔ མི་ལྟོགས་བརྫུན་སྨྲས་བོན་པོས་ཕ་བསད་ནས༔ བུ་དང་ཕ་རོ་དོ་ཡ་བྱས་སོ་ཟེར༔ མཁྱེན་ཏེ་བ་དང་མི་ལྟོགས་སྲོག་སྐྱབས་མཛད༔ དུར་ཁྲོད་བདག་པོ་རྣམས་དང་འདྲིས་སུ་བཅུག༔ བ་འདི་འཚོས་ལ་འོ་མས་འཚོ་བ་གྱིས༔ ཆོས་ཉོན་གསུངས་པས་བུ་སྨད་ཡོད་ཅེས་ཟེར༔ བུ་སྨད་ཡོད་པས་ཅི་སྟོ་ཆོས་གྱིས་གསུངས༔ གསང་སྔགས་འཁོར་ནི་ཚོམ་བུར་བཅས་པ་ཡིན༔ སངས་རྒྱས་ཡུལ་དུ་ཁྱུ་དེད་བཏང་གིས་གསུངས༔ དེ་སྐད་གསུངས་པས་མི་ལྟོགས་མ་དགའ་སྟེ༔ དགེ་སྦྱོང་ཁྲམ་རྐྱལ་རྫུན་མ་འདི་འདྲ་བ༔ བཙུན་པའི་ཆས་ཡིན་བྱས་ན་སྔགས་པར་འདུག༔ སྔགས་པའི་ཆས་ཡིན་བྱས་ན་བཙུན་པར་འདུག༔ བུད་མེད་འདི་དག་ཁོ་ཡི་ཆུང་མར་འདུག༔ ཕྲུ་གུ་དེ་ཚོ་གང་ན་ཡོད་ན་སྙམ༔ ལོག་ལྟ་སྐྱེས་ཀྱང་འདུན་པ་བཞིན་དུ་བྱས༔ དེ་ནས་ཁོ་ཡི་བ་ཤི་འཚོ་བ་ཆད༔ ཉི་མ་འོད་ཟེར་དུར་ཤིང་སེམས་ཅན་སྨྲས༔ ཁྱེད་ཚོས་མི་འདིར་གནོད་འཚེ་མ་བྱེད་པར༔ དུར་ཤིང་སྣ་ལྡན་ཤིང་ཐོག་བཟའ་རུ་ཆུག༔ སྤྲ་དང་སྤྲེའུས་ཟོས་པས་མི་ལྟོགས་བསྲུངས༔ ཤིང་ཐོག་ཨ་འཕྲག་གཡས་གཡོན་བརྒྱངས་ནས་སུ༔ བུ་སྨད་བྱིན་ནས་ཁྲིད་འོང་བསམ་པ་ལ༔ མར་བབས་རྐང་པའི་འོག་ནས་ཤིང་ཞིག་ཆག༔ ལུས་པོ་དཔྱངས་ནས་ལག་པས་འཆང་བས་ཆག༔ འཇིགས་པ་མི་བཟད་དུར་ཆུའི་ནང་དུ་ལྷུང་༔ དུར་གྱི་སེམས་ཅན་མང་པོས་བཟའ་བར་ཆས༔ སྤྲེའུས་བསྲུངས་ནས་སྤྲ་ཡིས་ལེན་པ་ལ༔ ལྗོན་ཤིང་འོག་ནས་བོ་བའི་ཆལ་ཆོལ་དེར༔ ཇི་ལྟར་བྱས་ཀྱང་ཐར་པར་མ་གྱུར་ཏེ༔ སྤྲ་རྣམས་ཐམས་ཅད་ཤིང་སྡོང་རྩེ་ལ་བསྡད༔ སྤྲེའུ་གཅིག་གི་མཇུག་མར་གཅིག་འཆང་ནས༔ སྤྲ་ཡིས་སྤྲེའུ་ཕྱི་མའི་མཇུག་མ་བཟུང་༔ སྤྲེའུའི་ཐག་པས་མི་ལྟོགས་སྟེང་དུ་བཏང་༔ བང་པས་བཏབ་ནས་ཡར་ལ་འཐེན་ནས་སུ༔ སྤྲ་ཡིས་སྤྲེའུ་རེ་རེ་བཞིན་དུ་བཏབ༔ མི་ལྟོགས་དེ་ཉིད་ཤིང་ཁར་ཐོན་པ་དང་༔ སྤྲ་སྤྲེ་ཐམས་ཅད་དུབ་ནས་གཉིད་དུ་སོང་༔ ཤིང་ཐོག་བུ་སྨད་ཁྲིད་ནས་བཟའ་དགོས་བསམས༔ མི་ལྟོགས་ལྗོན་ཤིང་སྡོང་པོ་སྤྲུགས་པ་ཡིས༔ སྤྲ་སྤྲེ་དུས་གཅིག་དུར་མཚོའི་ནང་དུ་ལྷུང་༔ དུར་ཆུའི་སེམས་ཅན་རྣམས་ཀྱིས་ཟོས་པར་གྱུར༔ དེ་ནས་མི་ལྟོགས་གུ་རུའི་དྲུང་དུ་ཕྱིན༔ རླུང་གཡོས་སྤྲ་སྤྲེ་ཐམས་ཅད་དུར་ཆུར་ལྷུང་༔ ང་ཡིས་ཤིང་འབྱར་བྲོས་པས་ཐར་བ་ཡིན༔ དེ་སྐད་ཟེར་བས་གུ་རུའི་ཐུགས་ཀྱིས་ཁྲེལ༔ ཕན་ཆེན་མ་བཏགས་གནོད་ཆེར་ག་ལ་སྐྱེལ༔ བྱིན་པར་མ་གྱུར་འདོད་དུ་ག་ལ་འོང་༔ སྐྱོན་ཅན་རྫུན་མའི་རྒྱུ་ནི་གང་ལ་དྲང་༔ རང་འདོད་ཕུགས་བཅུག་མི་བཟང་ག་ལ་ཡིན༔ དུར་ཁྲོད་འདི་ནས་ཁྱོད་ཀྱིས་གར་མི་ཐར༔ མི་མ་ཡིན་གྱིས་གསོན་པོར་ཟ་བར་འགྱུར༔ དེ་སྐད་གསུངས་པས་ལོག་པའི་བློ་བསྲེལ་ཏེ༔ ང་དང་ཁོ་གཉིས་ཅི་ལ་མི་མཉམ་བསམས༔ སུ་ཡི་དྲིན་མེད་ང་རང་རང་རྒོད་ཡིན༔ མི་མ་ཡིན་གྱིས་ཟ་ན་ཁྱོད་ཀྱང་ཟ༔ བྲང་འོག་མི་དགེ་བཅུ་ཡིས་གང་བར་འགྱུར༔ དེ་ལ་རྒྱལ་བ་སྙིང་རྗེ་དྲག་པོ་སྐྱེས༔ ང་ཡིས་བུ་སྨད་གསེབ་ཏུ་བསྐྱལ་ཅིག་གསུངས༔ དུར་ཁྲོད་འཇིགས་པའི་ཉེན་དང་བྲལ་བ་དང་༔ མ་སྨད་བདུན་དང་ལྷན་ཅིག་འཛོམས་པའི་ཚེ༔ གཅིག་ལ་གཅིག་དགའ་ཆེན་པོ་བྱེད་པར་གྱུར༔ དེ་ནས་མ་སྨད་ཐམས་ཅད་ཁྲིད་ནས་སུ༔ དུར་ཤིང་ཤིང་ཐོག་བཟའ་བར་འོངས་བ་ལ༔ ལམ་དུ་གཅན་གཟན་རྣམས་ཀྱིས་ཟོས་པར་གྱུར༔ ཐོས་བསམ་ལྡན་པས་འགྲོ་བ་མ་ལུས་འདུལ༔ བྱམས་པ་ཆེན་པོས་ཕ་མ་ལྟ་བུར་མཛད༔ གུ་རུ་བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དུར་ཁྲོད་བདེ་ཆེན་བརྡལ་དུ་བཞུགས་པའི་ལེའུ་སྟེ་སུམ་ཅུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༣༡ དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་བཞུགས་པ།

དེ་ནས་མཁའ་དབྱིངས་རྣམ་པར་དག་པའི་ཀློང་༔ སྤྲུལ་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ཞེས༔ གླང་ཆེན་རབ་ཏུ་བརྟན་པའི་སྟེང་ན་བཞུགས༔ གཡས་པ་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན༔ དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པར་བརྒྱན༔ སྐུ་ལ་རྒྱན་ནི་ཐམས་ཅད་རྫོགས་པས་བཀླུབས༔ དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་རུས་པས་མཛེས༔ ཤེལ་གྱི་ཁ་དོག་འདྲ་སྟེ་དཀར་ལ་འཚེར༔ བསྐྱེད་པ་མ་ཧཱ་ཡོ་ག་ལ་མཁས་པ༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་སྟོན༔ ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོར་སྟོན༔ སྒྲ་རུ་གྲགས་པ་ཐམས་ཅད་སྔགས་སུ་སྟོན༔ ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་སྟོན༔ བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་སྡེ་ནི༔ རྒྱས་པར་དབྱེ་ན་རྒྱུད་སྡེ་འབུམ་ཚོ་ལྔ༔ བསྡུ་ན་རྩ་བའི་ཏནྟྲ་སྡེ་བཅོ་བརྒྱད༔ སྐུ་ཡི་ཏནྟྲ་སངས་རྒྱས་མཉམ་སྦྱོར་ལ༔ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིས༔ གླང་པོ་རབ་འབོག་གླང་པོ་ཆུར་འཇུག་དང་༔ རྩ་རྒྱུད་སངས་རྒྱས་མཉམ་སྦྱོར་རང་དང་གསུམ༔ གསུང་གི་ཏནྟྲ་ཟླ་གསང་ཐིག་ལེ་ལ༔ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིས༔ གཅིག་ལས་འཕྲོས་དང་པདྨ་དབང་ཆེན་རྒྱུད༔ རྩ་རྒྱུད་ཟླ་གསང་ཐིག་ལེ་རང་དང་གསུམ༔ ཐུགས་ཀྱི་ཏནྟྲ་གསང་བ་འདུས་པ་ལ༔ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིས༔ རྩེ་གསུམ་འདུས་དང་རི་བོ་བརྩེགས་པའི་རྒྱུད༔ རྩ་རྒྱུད་གསང་བ་འདུས་པ་རང་དང་གསུམ༔ ཡོན་ཏན་ཏནྟྲ་དཔལ་མཆོག་དང་པོ་ལ༔ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིས༔ ནམ་མཁའ་མཛོད་ཀྱི་བྱིན་བརླབས་ཏནྟྲ་དང་༔ དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཏནྟྲ་དང་༔ རྩ་རྒྱུད་དཔལ་མཆོག་དང་པོ་རང་དང་གསུམ༔ འཕྲིན་ལས་ཏནྟྲ་ཀརྨ་མཱ་ལེ་ལ༔ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིས༔ ཀཱི་ལ་བཞི་བཅུ་རྩ་གཉིས་ཏནྟྲ་དང་༔ སྒྲོལ་མ་བརྩེགས་པ་ལས་ཀྱི་ཏནྟྲ་དང་༔ རྩ་རྒྱུད་ཀརྨ་མཱ་ལེ་རང་དང་གསུམ༔ མཚན་ཉིད་དང་ནི་རྒྱུད་རྣམས་ཐམས་ཅད་སྤྱི༔ གསང་བའི་སྙིང་པོ་དང་ནི་བཅུ་དྲུག་གོ༔ དམ་ཚིག་སྡོམ་པ་ཀུན་གི་གཞི་མ་ནི༔ བཀོད་པ་རྒྱལ་པོའི་རྒྱུད་དང་བཅུ་བདུན་ཏེ༔ ལས་བཞི་འཕྲིན་ལས་ཀུན་གྱི་ཁ་སྐོངས་སམ༔ ཡོན་ཏན་ཐམས་ཅད་ཀྱི་ནི་མཇུག་བསྡུ་བ༔ ཐབས་ཀྱི་ཞགས་པའི་རྒྱུད་དང་བཅོ་བརྒྱད་གསུངས༔ ལྟ་བ་བདེན་པ་དབྱེར་མེད་གཅིག་ཏུ་བསྟན༔ སྒོམ་པ་ཏིང་འཛིན་རྣམ་གསུམ་སྒོམ་པར་བྱེད༔ སྤྱོད་པ་དམ་རྫས་ཐབས་ཀྱིས་ཟིན་པར་སྤྱོད༔ འབྲས་བུ་ཁྱད་པར་དགུ་ཡི་ས་ཐོབ་བོ༔ གསང་མཚན་སྔར་བཞིན་རྡོ་རྗེ་འཆང་དུ་བཏགས༔ དེ་ནས་ཡུལ་གྱི་མིང་ནི་བལ་པོའི་ཡུལ༔ དུར་ཁྲོད་མིང་ནི་ལྷུན་གྲུབ་བརྩེགས་པ་ཞེས༔ དཔག་ཚད་ཕྱེད་དང་ལྔ་ཡིས་བསྐོར་བ་ལ༔ དབུས་ན་མཆོད་རྟེན་བྱ་རི་ཁ་ཤོར་ནི༔ མ་མོ་ཆེན་མོ་ཀསྨ་རཱི་གནས་པ༔ ལྷོ་ན་ལྗོན་པ་དུར་ཤིང་སེར་པོ་ཞེས༔

དུར་བྱའི་རིགས་བྱེད་མང་པོ་ཤ་སྐད་སྒྲོག༔ ནུབ་ན་དུར་ཆུ་བུ་རམ་ཤིང་ལྡན་མཚོ༔ དུར་གྱི་སེམས་ཅན་མང་པོ་གནས་པ་ཡོད༔ བྱང་ན་དུར་མེ་འུར་འུར་ཞེས་བྱ་བའི༔ མེ་དཔུང་ནང་ན་མི་ལུས་ར་མགོ་ཅན༔ ལུག་དང་ཁྱི་དང་བྱི་ལ་ཕག་པ་བྱ༔ དཀར་དམར་སྣ་ཚོགས་ཀེང་རུས་ལག་བཟུང་བ༔ ཤར་ན་དུར་ང་ཕྱོགས་འཚུབ་ཅེས་བྱ་བའི༔ རླུང་གསེབ་མཁའ་འགྲོ་མང་པོ་ཀེང་རུས་འཕྱར༔ བྱང་ཤར་དུར་རིའི་རྒྱལ་པོ་སྤོས་ངད་ལྡན༔ དུར་གྱི་སེམས་ཅན་མང་པོ་ཚང་བཅས་ཤིང་༔ རཏྣ་ཡིད་བཞིན་ནོར་བུའི་གཏེར་སྦས་པ༔ ལྷོ་ནུབ་བར་སྣང་ཁམས་ཀྱི་གློག་མ་སྤྲིན༔ འབྲུག་གི་མགོ་ལ་གློག་གི་ལུས་པོ་ཅན༔ ལག་པ་གཉིས་ཀྱིས་མེ་དཔུང་མེ་དར་འཕྱར༔ རྩེ་ལ་ཀེང་རུས་པགས་པ་རྐེད་བུད་བཏགས༔ ཤར་ལྷོར་གནོད་སྦྱིན་རྒོད་མ་ཁ་ཞེས་པ༔ མི་ལུས་བོང་བུའི་མགོ་ལ་བྱ་གཤོག་ཅན༔ ཁ་ནས་སྟག་སྤྱང་གཅན་གཟན་མང་པོ་སྐྱུག༔ ལག་པ་གཉིས་ཀྱིས་འོད་མའི་མདའ་གཞུ་བཀང་༔ ཁམ་ནག་ལུས་ལ་བྱ་རྒོད་ཐུལ་པ་གྱོན༔ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེར༔ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོར༔ གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལ༔ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་མནན༔ མཚན་ནི་སེང་གེ་སྒྲ་སྒྲོགས་ཞེས་སུ་གྲགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་བཞུགས་པའི་ལེའུ་སྟེ་སོ་གཅིག་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༢ དུར་ཁྲོད་ལངྐ་བརྩེགས་སུ་བཞུགས་པ།

 

དེ་ནས་བཀོད་པ་ལྷུན་གྲུབ་ཕོ་བྲང་ཞེས༔ མདོག་ནི་མཐིང་ག་དཔག་ཚད་ལས་འདས་པ༔ དབྱིབས་ནི་ཟླུམ་པོ་འཇའ་འོད་ཟེར་གསུམ་འཕྲོ༔ དེ་ནང་སྐུ་བཞིའི་སྟོན་པ་ཀུན་དུ་འཆང་༔ སྐུ་མདོག་མཐིང་ནག་སེང་གེའི་སྟེང་ན་བཞུགས༔ དུར་ཁྲོད་ཆས་བརྒྱད་རུས་པའི་རྒྱན་དྲུག་དང་༔ དཔལ་གྱི་ཆས་བརྒྱད་རཏྣའི་རྒྱན་དྲུག་གསོལ༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ་ནས་བཞུགས༔ ཐེག་པ་ཐུན་མོང་དགུ་དང་ཁྱད་པར་དགུ༔ ཆོས་རྣམས་ཐམས་ཅད་དབྱེར་མེད་གཅིག་ཏུ་སྟོན༔ སྤྱི་ཏི་ཡོ་གར་མཁས་པའི་དྲུང་དུ་ཕྱིན༔ སྤྱི་ཏིའི་རྒྱུད་སྡེ་བྱེ་བ་ཕྲག་བཅུ་དང་༔ སྟོང་ཕྲག་བདུན་ཅུ་རྩ་གཉིས་ལེགས་པར་གསུངས༔ བཀའ་འདུས་རྒྱལ་པོ་ཟུག་པ་རྩ་བའི་རྒྱུད༔ འགྲིལ་བ་སྟོང་པོ་གྱེས་པ་ཡལ་གའི་རྒྱུད༔ རྒྱས་པ་ལོ་འདབ་སྨིན་པ་འབྲས་བུའི་རྒྱུད༔ བསྡུས་པའི་རྒྱུད་དང་ལུང་གི་རྒྱུད་དང་ནི༔ མན་ངག་རྒྱུད་དང་རྒྱ་ཆེར་བཤད་པའི་རྒྱུད༔ སྐུ་ཡོངས་རྫོགས་པ་མི་ཕྱེད་པ་ཡི་མདོ༔ གསུང་ཡོངས་རྫོགས་པ་མ་འདྲེས་པ་ཡི་མདོ༔ ཐུགས་ཡོངས་རྫོགས་པ་ཡེ་ཤེས་སྒོ་ལྔའི་མདོ༔ ཡོན་ཏན་ཡོངས་རྫོགས་གོལ་ས་བཅད་པའི་མདོ༔ འཕྲིན་ལས་ཡོངས་རྫོགས་རྣམ་གྲངས་ངེས་པའི་མདོ༔ ཁྲིམས་གསུམ་ཡོངས་རྫོགས་རྩ་བ་བརྟན་པའི་མདོ༔ ལས་ཀྱི་ཁོལ་པོ་རྒྱུན་དུ་བཀོལ་བའི་མདོ༔ ཁྱད་པར་སྤྱི་མདོ་ཉི་ཤུ་རྩ་གཅིག་གསུངས༔ ལྟ་བ་དངོས་མེད་ཡེ་སྟོང་ཐེར་ཟུག་སྟོན༔ སྒོམ་པ་གང་ཤར་ཏིང་འཛིན་བཞི་ལྔ་སྒོམ༔ སྤྱོད་པ་སྣ་ཚོགས་ལམ་ཁྱེར་ལས་སུ་རུང་༔ འབྲས་བུ་བཅོ་བརྒྱད་དེ་བཞིན་གཤེགས་པའི་ས༔ གསང་མཚན་ཀུན་ཏུ་འཆང་ཞེས་ཡོངས་སུ་གྲགས༔

དེ་ནས་ཡུལ་གྱི་མིང་ནི་ཟ་ཧོར་ཡུལ༔ དུར་ཁྲོད་ཆེན་པོ་ལངྐ་བརྩེགས་པ་ཞེས༔ དཔག་ཚད་ཕྱེད་དང་བདུན་གྱིས་བསྐོར་བ་ཡི༔ དབུས་ན་མཆོད་རྟེན་བདེ་བྱེད་གཞོན་ནུ་གྲུབ༔ མ་མོ་ཆེན་མོ་ཙནྜ་ལཱི་གནས་པ༔ ནུབ་ན་ལྗོན་པ་དུར་ཤིང་བ་ལེ་ཝ༔ དུར་བྱ་མང་པོའི་ཚང་བཅས་ཤིང་ཏོག་ཟ༔ སྤྲ་དང་སྤྲེའུ་མང་པོས་ཀེང་རུས་བཀྲམ༔ བྱང་ན་དུར་མཚོ་སྐྱོན་བྲལ་མཚོ་ཞེས་པར༔ ཆུ་སྲིན་ཆུ་རྟ་ཆུ་གླང་ཆུ་ལུག་དང་༔ ཆུ་མི་རུས་སྦལ་ཉ་ཆེན་དུང་སོགས་རྒྱུ༔ ཤར་ན་དུར་མེ་གཟི་བརྗིད་འཕྲོག་ཅེས་པ༔ མེ་དཔུང་དུམ་བུ་མང་པོ་ཆད་འགྲོ་བའི༔ མེ་གསེབ་དོམ་དྲེད་རྒོད་དང་སྤྱང་ཀིའི་ཚོགས༔ ཁ་ནས་སེམས་ཅན་རིགས་བྱེད་ཀེང་རུས་སྐྱུག༔ ལྷོ་ན་དུར་ང་ཁོ་ར་ཁོར་ཡུག་ཅེས༔ རླུང་གསེབ་སྤྲ་དང་ཕྱུགས་ལུག་བཅས་པ་ཀུན༔ ཐམས་ཅད་ནམ་མཁའི་དབྱིངས་ལ་ཁྱེར་འགྲོ་བ༔ ཤར་ལྷོ་དུར་རིའི་རྒྱལ་པོ་དབང་པོའི་བྲག༔ དུར་གྱི་སེམས་ཅན་མང་ཤིའི་ཀེང་རུས་དང་༔ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུའི་གཏེར༔ བྱང་ཤར་མཁའ་འགྲོ་རྡོ་རྗེ་བདུད་འདུལ་མ༔ སྐུ་མདོག་དམར་མོ་རས་སྔོན་ཨང་རག་གྱོན༔ མཆུ་ནི་རྨ་བྱ་མིག་ནི་འུག་པར་འདུག༔ སྐུ་སྟོད་དག་ལ་རུས་པའི་རྒྱན་དྲུག་གསོལ༔ དཔྲལ་བའི་དཀྱིལ་ན་མེ་ལོང་ཅིག་ཡོད་པ༔ རལ་པ་ཐོར་ཚུགས་རྡོ་རྗེ་དཀྱིལ་དུ་བཅིངས༔ ལག་པ་གཉིས་ཀྱིས་རྡོ་རྗེ་སེར་པོ་ཐོགས༔ མཚན་མ་དཀྲུག་ཅིང་ཁ་ནས་བུ་ཆུང་སྐྱུག༔ ལྷོ་ནུབ་མཚམས་ན་དུས་མཚན་ཀོ་ཤ་ཞེས༔ སེང་མགོ་གཡས་གསུམ་གཡོན་གསུམ་དགུ་ཡོད་པ༔ ལུས་ལ་སྟག་གི་པགས་པའི་ཐུལ་པ་གྱོན༔ མི་རོ་སྐམ་རློན་རྙིད་པ་སེ་ལེ་ཁུར༔ ལག་ན་མདུང་རིང་རྔ་ནག་བཏགས་པ་འཕྱར༔ རྟ་ནག་མི་རོའི་སྒ་ཆ་བྱས་པ་ཞོན༔ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེར༔ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོར༔ མཚན་ནི་པདྨ་སམྦྷ་ཞེས་བྱར་གྲགས༔ དེ་ནས་དགའ་རབ་རྡོ་རྗེ་ཞེས་བྱ་བ༔ ལྷའི་བུ་ཀུན་དགའ་སྙིང་པོ་ཚེ་འཕོས་པ༔ རྒྱ་གར་རྩེ་ཕྲུག་རིན་ཅེན་སྒང་བྱ་ན༔ ཡབ་ནི་རྒྱལ་པོ་དྷརྨཱ་ཨ་ཤྭ་ཀ༔ ཡུམ་ནི་བདེ་གཤེགས་རིགས་ལྡན་མ་གཉིས་ལ༔ སྲས་པོ་མེད་ཅིང་སྲས་མོ་གཉིས་ཡོད་དེ༔ གཡུང་དྲུང་སྐྱིད་དང་མཚོ་སྐྱེས་ས་ལེ་མ༔ བཀྲ་ཤིས་གཡུང་དྲུང་སྐྱིད་ནི་ཁབ་ཏུ་གཤེགས༔ མཚོ་སྐྱེས་ས་ལེ་མ་ནི་ཆོས་བྱར་དགོངས༔ མཛོ་མོ་དཀར་མོ་ཞིག་ལ་ཆས་རྐྱེན་བཀལ༔ གཡོག་མོ་དགེ་ལྡན་མ་ནི་ཁྲིད་ནས་སུ༔ འབྲས་གསུམ་ཚལ་གྱི་ཁུ་བྱུག་སྡིངས་སུ་བསྒོམས༔ ནམ་དེའི་དགུང་ལ་རྨི་ལམ་རིན་ཅེན་གྱི༔ བུམ་པར་བདུད་རྩི་བླུགས་ནས་འཐུངས་པ་རྨིས༔ དེ་ཡི་ནང་པར་གཡུ་ཡི་ནེ་ཙོ་ཞིག༔ སྲས་མོའི་ཕྲག་པ་གཡས་སུ་བབས་ནས་ནི༔ ལྷ་གཅིག་ཁྱོད་ལ་སྲས་ཤིག་བཙས་ནས་སུ༔ དེ་ནི་ལྷ་དང་མི་ཡི་སྟོན་པ་སྟེ༔ དགའ་རབ་རྡོ་རྗེ་ཞེས་བྱར་འགྱུར་རོ་ཟེར༔ ནེ་ཙོ་འཕུར་སོང་བུ་མོའི་མཆིད་ན་རེ༔ ང་ནི་བུ་ཚ་མི་འདོད་ཆོས་བྱས་ཡིན༔ སྡུག་བྱ་འཕུང་བྱ་འདི་ནི་ཅི་སྐད་ཟེར༔ དེ་ནས་སང་ཕོད་སྲས་ཤིག་འཁྲུངས་པ་ལས༔ ཕ་མེད་བུ་འདིས་དགོས་པ་མེད་ཟེར་ནས༔ གཡོག་མོར་ཐལ་དོང་ནང་དུ་བསྐྱུར་དུ་བཅུག༔ ཞག་བདུན་ལོན་ནས་སྔར་གྱི་རྨི་ལམ་དྲན༔ སྤྲུལ་པའི་སྐུ་ཞིག་ཡིན་སྲིད་ལྟོས་དང་བྱས༔ བལྟས་པས་བུ་དེ་མ་ཤི་ཐལ་གསེབ་ན༔ འཕྲ་ཤད་ལིང་ལིང་རྩེ་ཡིན་འདུག་པ་ལས༔ དེ་ལ་དགྱེས་ནས་རོ་ལངས་བདེ་བར་བཏགས༔ དེ་ནས་བུ་དེ་གཞན་གྱི་ཟླ་སྐྱེད་པས༔ དེ་ཡི་ཞག་སྐྱེད་ཤིན་ཏུ་ཆེ་བར་གྱུར༔ དེ་བཞིན་ལོ་སྐྱེད་པས་ཀྱང་ཟླ་སྐྱེད་ཆེ༔ ལོ་བརྒྱད་ལོན་ནས་ཡུམ་ལ་འདི་སྐད་བརྗོད༔ རྡོ་རྗེ་སེམས་དཔའ་གར་བཞུགས་ཆོས་ཉན་འགྲོ༔ ཆོས་ཀྱི་ཆར་པ་སེམས་ཅན་ཀུན་ལ་འབེབས༔ ཡུམ་གྱིས་རྡོར་སེམས་མི་མངོན་དབྱིངས་ན་བཞུགས༔ ཁྱོད་ཀྱིས་མི་མཐོང་འདུག་པར་འཚལ་ཞེས་སྨྲས༔ ལན་ཅིག་དུས་ན་བྱིས་པ་དེ་སྟོར་ནས༔ ཡུན་རིང་མེད་དེ་དེ་ནས་བྱུང་ཙ་ན༔ ངས་དཔལ་རྡོ་རྗེ་སེམས་དཔར་ཆོས་ཉན་ཕྱིན༔ རྡོ་རྗེ་སེམས་དཔས་ཅི་ཤེས་ངས་ཤེས་ཟེར༔ དེ་ནས་ཡུམ་ཡང་ངོ་མཚར་སྐྱེས་པ་ལས༔ པཎ་ཆེན་ལྔ་བརྒྱར་བགྲོ་གླེང་བྱེད་འགྲོ་ཟེར༔ ཡུམ་གྱིས་པཎ་ཆེན་ལྔ་བརྒྱ་ཤིན་ཏུ་མཁས༔ ཚོགས་པ་ཆོས་གྲའི་སྟོན་པ་ཡིན་པས་ན༔ ཁྱོད་ཀྱིས་མི་ཐུབ་བྱས་པས་ཐུབ་འོང་ཟེར༔ འོ་ན་ངའི་ཡབ་དྷརྨཱ་ཨ་ཤྭ་ཀའི༔ མཆོད་གནས་ཡིན་པས་ཡབ་ལ་ཞུས་ཤིག་གསུངས༔ ཁྱེའུས་རྩེ་ཕྲུག་རིན་ཅེན་སྒང་དུ་ཕྱིན༔ པཎ་ཆེན་ལྔ་བརྒྱར་བགྲོ་གླེང་བྱེད་པ་ཡིན༔ ཕྱག་ནི་རྩེ་སྤྲོད་བཞེས་པར་ཞུ་བྱས་པས༔ རྒྱལ་པོས་མི་ཐུབ་ཟེར་ཀྱང་ཐུབ་ཁས་བླངས༔ དེ་ནས་རྒྱལ་པོས་པཎྜི་ཏ་རྣམས་ལ༔ དེ་སྐད་ཟེར་བའི་ཟི་ཡན་ཅིག་གདའ་བས༔ ཕྱག་ནི་རྩེ་སྤྲོད་གནང་བར་ཞུ་ཞེས་གསུངས༔ པཎྜི་ཏ་རྣམས་བགྲོ་གླེང་བྱེད་པ་ན༔ མ་ཐུབ་རྒྱལ་པོས་ཆད་པས་ཆོད་ཅིག་གསུངས༔ དེ་ནས་ཁྱེའུས་ཕྱག་རྩེ་སྤྲོད་དུ་བྱས༔ བགྲོ་གླེང་བྱས་པས་པཎྜི་ཏ་རྣམས་ཕམ༔ ཐེག་པ་གང་ནས་གླེངས་ཀྱང་མ་ཐུབ་སྟེ༔ ངོ་མཚར་སྐྱེས་ཏེ་སངས་རྒྱས་བྱོན་ནོ་ཟེར༔ ཨ་ལ་ལ་སྟེ་ཆོས་བྱོན་དགེ་འདུན་བྱོན༔ བདེ་བ་ཆེན་པོ་ཎྜི་ཡཱ་ཞེས་བྱར་བཏགས༔ རྒྱལ་པོ་དགྱེས་པས་དགྱེས་པ་རྡོ་རྗེར་བཏགས༔ ཡུམ་གྱིས་བཞད་པས་བཞད་པ་རྡོ་རྗེར་བཏགས༔ ཡུལ་མི་དགའ་བས་དགའ་རབ་རྡོ་རྗེར་བཏགས༔ དེ་ཚེ་སིངྒ་ལ་ཡི་རྒྱལ་པོ་ནི༔ རྒྱལ་པོ་གཞོན་ནུ་དཔལ་ཞེས་བྱ་བའི་བུ༔ མཁས་པ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ༔ རྒྱ་མཚོའི་གླིང་ལ་སྐུ་སྐྱོ་འཆག་ཏུ་བཞུད༔ མི་བཞུགས་པ་ལས་སླར་ལོག་ཙ་ན་ནི༔ ཐེག་པ་བརྒྱད་ལས་མཐོ་བའི་དགུ་པ་ནི༔ ཨ་ཏི་ཡོ་ག་བྱ་བ་ཁས་ལེན་པའི༔ བྱིས་དཀར་རས་སྔོན་ཨང་རག་གྱོན་པ་ཞིག༔ པཎྜི་ཏ་རྣམས་ཀུན་གྱིས་མ་ཐུབ་གྲགས༔ སོ་མཚམས་འབྱེད་པས་ཚར་གཅོད་འདོང་ངོ་གསུངས༔ འཇམ་དཔལ་བཤེས་གཉེན་དཔོན་གཡོག་རྣམས་ཀྱིས་བྱོན༔ སངས་རྒྱས་སྤྲུལ་པ་དགའ་རབ་རྡོ་རྗེ་དེ༔ ཨུ་རྒྱན་ཡུལ་གྱི་དྷ་ན་ཀོ་ཤའི་གླིང་༔ དྷ་ཧེ་ན་ཡི་འདུ་ཁང་ཆེན་པོ་ན༔ ཆོས་གསུང་བཞུགས་པའི་དྲུང་དུ་བཤེས་གཉེན་བྱོན༔ རྩོད་པ་བྱས་པས་འཇམ་དཔལ་བཤེས་གཉེན་གྱིས༔ ལུང་རིགས་མན་ངག་གང་ཡང་མ་ཐུབ་ནས༔ སྔར་དུ་གཤེ་སྐུར་བཏབ་བར་འགྱོད་པ་སྐྱེས༔ སྡིག་པ་སྦྱང་དོན་རང་གི་ལྕེ་བཅད་སྙམ༔ གཡོག་པོའི་མིང་བོས་སྤུ་གྲི་ལོང་ཤོག་ཟེར༔ དགའ་རབ་རྡོ་རྗེས་སྤུ་གྲིས་ཅི་བྱེད་གསུངས༔ ཁྱེད་ལ་སྡིག་བསགས་ད་ནི་ལྕེ་གཅོད་ཟེར༔ ལྕེ་བས་སྙིང་བཏོན་དེ་ཡིས་སྡིག་མི་འདག༔ མན་ངག་ཆོས་རྣམས་མ་རྨོངས་མཁས་པར་སློབས༔ རང་གི་ཉམས་དང་སྦྱར་བའི་ཆོས་ཤིག་རྩོམས༔ དེ་སྐད་གསུངས་པས་ཆོས་རྣམས་མ་ལུས་ཞུས༔ བྱང་སེམས་སྡེ་ལ་འགྲེལ་པ་གསེར་ཞུན་བརྩམས༔ དེ་སྐད་ཡོངས་སུ་གྲགས་པས་ས་སྟེང་ཁྱབ༔ པདྨ་སམྦྷས་དགའ་རབ་དྲུང་དུ་ཕྱིན༔ རྫོགས་ཆེན་སྙིང་ཐིག་རྒྱུད་ནི་བཅུ་བདུན་དང་༔ སྔགས་སྲུངས་ནག་མོའི་རྒྱུད་དང་བཅོ་བརྒྱད་གསན༔ གོལ་ས་གཅོད་པ་གླང་པོ་སུན་འབྱིན་རྒྱུད༔ རྒྱལ་པོ་ལྟ་བ་ལ་ཟློའི་རྒྱུད་དང་ནི༔ བྲམ་ཟེ་ཐེག་པ་ཤན་འབྱེད་རྒྱུད་ཅེས་དང་༔ ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་བསྟན༔ སེམས་ཉིད་ཆོས་སྐུར་ངོ་སྤྲོད་བླ་མ་ཡིན༔ རང་རིག་སྐྱེ་མེད་ས་གསུམ་དུས་གཅིག་ནོན༔ སེམས་ཉིད་འགག་མེད་སངས་རྒྱས་འཕོ་འགྱུར་མེད༔ དགའ་རབ་རྡོ་རྗེ་ཆོས་ཀྱི་བྱུང་ཁུངས་བཟང་༔ ཐམས་ཅད་མཁྱེན་ཅིང་ཁོང་དུ་ཆུད་པར་གྱུར༔ ལྟ་བ་ཀ་དག་ཆོས་དབྱིངས་མ་བུར་ཐིམ༔ སྒོམ་པ་མ་བཅོས་རང་བཞིན་ལྷུན་གྱིས་གྲུབ༔ སྤྱོད་པ་ཉོན་མོངས་བྱང་ཆུབ་བླང་དོར་མེད༔ འབྲས་བུ་སྤང་ཐོབ་མེད་པར་རང་སར་གྲོལ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དུར་ཁྲོད་ལངྐ་བརྩེགས་སུ་བཞུགས་པའི་ལེའུ་སྟེ་སོ་གཉིས་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༣ དུར་ཁྲོད་པདྨ་བརྩེགས་པར་བཞུགས་པ།

 

དེ་ནས་ཡུལ་གྱི་མིང་ནི་རྒྱན་ཡུལ༔ དུར་ཁྲོད་ཆེན་པོ་པདྨ་བརྩེགས་ཞེས་པ༔ མཐའ་སྐོར་དཔག་ཚད་ཕྱེད་དང་གཉིས་ཡོད་པའི༔ དབུས་ན་མཆོད་རྟེན་རང་བྱུང་རང་འོད་ཅན༔ མ་མོ་ཆེན་མོ་པུཀྐ་སཱི་གནས་པ༔ ཤར་ལྷོར་ལྗོན་པའི་དུར་ཤིང་ཙུ་ཏ་ཞེས༔ དུར་བྱ་མང་པོའི་དེ་ལ་གནས་ཡོད་པ༔ ལྷོ་ནུབ་དུར་ཆུ་སྔོ་བསངས་རྒྱ་མཚོ་ཞེས༔ དུར་ཉ་དུར་སྲིན་དུར་སྦལ་མང་པོ་ཡོད༔ དྲི་ཟའི་བུ་མོ་དཀར་མོ་མང་པོ་ནི༔ དུར་ཆུའི་སེམས་ཅན་ཤི་ཚད་ཐམས་ཅད་ཟ༔ ནུབ་བྱང་དུར་མེ་མཐོང་འཚིག་འབར་བ་ཞེས༔ མེ་གསེབ་ང་ལྷའི་བུ་མོ་མང་པོ་ནི༔ སེར་དཀར་ཤ་བ་ཞོན་ནས་ཀེང་རུས་འཕྱར༔ བྱང་ཤར་དུར་ང་ཤིན་ཏུ་རྒྱས་ཞེས་པའི༔ རླུང་གསེབ་དམག་འཁྲུག་གཡུལ་འགྱེད་གོ་ཆ་ཅན༔ ཤར་ན་དུར་རི་སོ་ལེགས་ཞེས་བྱ་བར༔ དུར་གྱི་སེམས་ཅན་གཅན་གཟན་མང་པོ་ཉལ༔ ཟད་མི་ཤེས་པའི་ཆོས་གཏེར་ཡོ་ག་གསུམ༔ ལྷོ་ན་ཡེ་ཤེས་མཁའ་འགྲོ་མདོག་སྣ་ཚོགས༔ འབྲི་ཀློག་སྒོམ་དང་འཆད་དང་ལུང་སྟོན་པ༔ བྱང་ན་ལྷ་འདྲེ་ཡོངས་ཀྱི་ཚོགས་འདུ་ཅན༔ རབ་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེར༔ མཆོད་རྟེན་རྒྱབ་བརྟེན་ལོ་ལྔར་ཆོས་འཁོར་བསྐོར༔ མཁའ་འགྲོ་ཞི་བ་འཚོ་ཞེས་མདོག་དཀར་བ༔ རས་ཀྱི་ཨང་རག་སྔོན་པོ་སྨད་ལ་དཀྲིས༔ ལག་ཏུ་བྷནྡྷའི་སྐྱོགས་ནི་ཁྲག་གིས་བཀང་༔ སྐྲ་ནི་ཐོར་ཅོག་ཐོད་སྐམ་ཕྲེང་བས་བཅིངས༔ པདྨ་སམྦྷའི་དྲུང་ན་པུས་བཙུགས་འདུག༔ སྦྱོར་སྒྲོལ་ཕུན་སུམ་ཚོགས་པ་སློབ་པར་བྱེད༔ གསང་བའི་མཚན་ནི་སེང་གེ་སྒྲ་སྒྲོག་གྲགས༔ དེ་ནས་སྤྲིན་ནག་འདུས་པའི་དུར་ཁྲོད་དུ༔ རིགས་ལྡན་བདེ་བ་བཟང་སྐྱོང་ཞེས་བྱ་བ༔ ཕྱག་རྡོར་སྤྲུལ་པ་སྣང་བའི་གཟུགས་སུ་གྲུབ༔ རེག་པའི་གཟུགས་སུ་མ་གྲུབ་འོད་ཀྱི་ལུས༔ གཅེར་བུ་སྐྲ་གྲོལ་དར་སྔོན་སྨད་ལ་དཀྲིས༔ གཡས་པའི་ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས༔ གཡོན་པའིཕྱག་ན་དངུལ་གྱི་དྲིལ་བུ་འཁྲོལ༔ འཇའ་ཡི་རྣམ་པ་ལྟ་བུར་བཞུགས་པ་ལ༔ རྫོགས་པ་ཨ་ནུ་ཡོ་གའི་རྒྱུད་སྡེ་ནི༔ གསང་སྔགས་བླ་མེད་དོན་རྫོགས་འདུས་པའི་རྒྱུད༔ སྤྱིརྒྱུད་དགུ་དང་སྒོས་རྒྱུད་བཅོ་ལྔ་གསན༔ བྱེ་བྲག་རྒྱུད་ནི་བརྒྱ་ཕྲག་བཅུ་རྣམས་དང་༔ གསང་ཆེན་སྒྱུ་འཕྲུལ་ཆེན་པོ་སྡེ་བརྒྱད་གསན༔ རྡོར་སེམས་སྒྱུ་འཕྲུལ་གསང་བའི་སྙིང་པོ་དང་༔ རོལ་པ་མངོན་རྫོགས་ལྷ་མོ་སྒྱུ་འཕྲུལ་དང་༔ དཀྱིལ་འཁོར་རྫོགས་པ་སྒྱུ་འཕྲུལ་བརྒྱད་པ་དང་༔ འཕྲིན་ལས་རྫོགས་པ་སྒྱུ་འཕྲུལ་བཞི་བཅུ་པ༔ ཡེ་ཤེས་རང་སྣང་སྒྱུ་འཕྲུལ་བླ་མ་དང་༔ ཡོན་ཏན་མཐར་ཕྱིན་སྒྱུ་འཕྲུལ་བརྒྱད་ཅུ་པ༔ དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་༔ སྡེ་སྣོད་ཡོངས་ཁྱབ་སྒྱུ་འཕྲུལ་དྲ་བ་ཞུས༔ ཡུལ་གྱི་མིང་ནི་ལི་ཡི་ཡུལ་དུ་ཕྱིན༔ དུར་ཁྲོད་ཆེན་པོ་ལོ་ཀ་བརྩེགས་ཞེས་པ༔ མཐའ་སྐོར་དཔག་ཚད་ཕྱེད་དང་བཞི་ཡོད་པའི༔ དབུས་ན་རང་བྱུང་མཆོད་རྟེན་ཀེའུ་ཤ༔ མ་མོ་ཆེན་མོ་སྨ་ཤ་ནི་གནས་པ༔ ནུབ་བྱང་ལྗོན་པའི་དུར་ཤིང་ལྟ་ན་སྡུག༔ དུག་སྦྲུལ་འཁྲིལ་ཞིང་དུར་ཕག་མང་པོས་བསྐོར༔ དུར་བྱའི་ཚང་བཅས་ཕྲུ་གུ་ཤ་ཡིས་གསོ༔ བྱང་ཤར་དུར་ཆུ་དྲི་བྲལ་མཚོ་ཞེས་པར༔ དུར་ཆུའི་སེམས་ཅན་མང་པོས་སེམས་ཅན་ཟ༔ ལ་ལ་ཀེང་རུས་ལ་ལ་ཤི་ལ་ཁད༔ ལ་ལ་རྙིད་པ་ལ་ལ་ཕྱེད་ཚལ་དང་༔ ལ་ལ་གསོན་པོ་མགོ་མཇུག་ཟར་ཡོད་པ༔ གྲུལ་བུམ་བུ་མོ་སེར་མོ་མང་པོ་ནི༔ དུར་ཆུའི་སེམས་ཅན་ཤི་ཚད་པགས་པ་བཤུ༔ ཤར་ལྷོར་དུར་མེ་གྲིབ་ཅན་ཞེས་བྱའི་གསེབ༔ ཕག་པ་དཀར་ནག་མང་པོ་ཀེང་རུས་སྐྱུག༔ ལྷོ་ནུབ་དུར་ང་འཚུབ་འཚུབ་ཅེས་བྱའི་ནང་༔ སྟག་གཟིག་མ་བུ་མང་པོ་འཛིང་ཞིང་འབྲོས༔ ནུབ་བྱང་དུར་རིའི་རྒྱལ་པོ་སྲིད་པ་ཅན༔ སྲིན་བུ་མེ་ཁྱེར་མང་པོ་མེ་སྟག་འཕྲོ༔ དུར་གྱི་སེམས་ཅན་མང་པོ་ལ་ལ་ཤི༔ ལ་ལ་ན་ཞིང་ལ་ལ་འཆི་འཕྲས་བྱེད༔ ལ་ལ་ཀེང་རུས་ལ་ལ་མདའ་ཕོག་པ༔ ལ་ལ་གསོན་ཅིང་ལ་ལ་ལང་ཚོ་ལྡན༔ འདོད་ཡོན་འབྱུང་བ་ནོར་བུའི་གཏེར་ཡོད་པ༔ ལྷོ་ན་བ་ལང་ཞེས་བྱ་གླང་པོའི་གདོང་༔ ནག་པོ་ལུས་ལ་གཟིག་གི་ཐུལ་པ་གྱོན༔ ལག་པ་གཉིས་ཀྱིས་ཐོད་པའི་མདུང་རིང་འཛིན༔ རྒྱབ་ན་ཆུ་སྲིན་ཉ་ཡི་སེ་ལེ་ཁུར༔ ཕག་དཀར་མི་རོའི་སྒ་ཆ་བྱས་པ་ཞོན༔ ནུབ་ན་གླང་ཞོན་ནག་མོ་དམར་ལྕམ་མ༔ ཏྲི་ཤཱུལ་རྩེ་གསུམ་ཐོད་ཁྲག་མི་སྙིང་ཟ༔ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེར༔ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོར༔ མཚན་ནི་རྡོ་རྗེ་གྲོ་ལོད་ཅེས་བྱར་གྲགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ་སྟེ་སོ་གསུམ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༤ དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པར་བཞུགས་པ།

 

དེ་ནས་མཁའ་སྤྱོད་རིག་འཛིན་གནས་སུ་ཕྱིན༔ བདེ་ཆེན་གསང་ལམ་མནོལ་མའི་དུར་ཁྲོད་ན༔ མཁའ་འགྲོ་ཉི་ཟླ་དངོས་གྲུབ་ཅེས་ཀྱང་བྱ༔ མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་ཞེས༔ དགེ་སློང་ཀུན་དགའ་སྨོན་ལམ་ཞེས་ཀྱང་བྱ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེའི་དྲུང་ཕྱིན༔ ཐོད་མཁར་སྒོ་བཅད་ནང་དུ་མ་ཐར་ནས༔ གཡོག་མོ་ཀུ་མཱ་ར་ལ་འཕྲིན་བརྒྱུད་པས༔ ལན་ནི་མ་བྱུང་བརྗེད་དམ་སྨྲས་པ་ཡིས༔ ཤེལ་གྱི་བུམ་པ་ཁུར་ནས་ཆུ་ལེན་འདུག༔ ངས་བསྐུར་བྱས་པས་བུམ་སྟེགས་ཁ་རུ་བཞག༔ རྒྱལ་བས་བུམ་སྟེགས་བུམ་པ་འབྱར་དུ་བཅུག༔ ལངས་པར་མ་གྱུར་ཁུག་ཁུག་ལན་འགའ་བྱས༔ བུམ་ཐག་ཕུད་ནས་རྒྱལ་བའི་མདུན་དུ་འོངས༔ ཤེལ་གྱི་གྲི་གུས་བྲང་གཤགས་ཁ་ཕྱེ་ནས༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ བཀྲ་ལམ་བསྟན་ནས་ངག་ནས་འདི་སྐད་གསུངས༔ ཁྱོད་ཀྱང་སྔགས་པ་ནུས་མཐུ་ཅན་འདུག་སྟེ༔ དེ་བས་ངའི་འདི་ཡ་མཚན་མི་ཆེའམ༔ དེ་སྐད་ཟེར་བས་ཕྱག་བཙལ་བསྐོར་བ་བྱས༔ མཆོག་དབང་གོང་མ་བདག་ལ་བསྐུར་དུ་གསོལ༔ ང་ནི་གཡོག་ཡིན་ནང་དུ་འདེང་ཟེར་ཕྱིན༔ ཉི་ཟླའི་ཁྲི་བརྩེགས་ཉི་ཟླའི་གདུགས་ཕུབ་པ༔ ཉི་མ་ཟླ་བའི་རྒྱན་དྲུག་སྐུ་ལ་གསོལ༔ དགེ་སློང་མ་བཞུགས་ཕྱག་བཙལ་བསྐོར་བ་བྱས༔ གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ནས་ནི༔ ཕྱི་ནང་གསང་བའི་དབང་བསྐུར་ཞུ་གསོལ་བས༔ ལྷ་ཚོགས་མདུན་གྱི་ནམ་མཁར་ཁྲ་ཆེམ་བྱུང་༔ སྐལ་ལྡན་རིགས་ལྡན་ད་ལྟ་དབང་ཞུས་གསུངས༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ བསྐལ་པ་སྟོང་གི་སངས་རྒྱས་ཀྱང་༔ བླ་མ་དག་ལ་བརྟེན་ནས་བྱུང་༔ དཔལ་ལྡན་བླ་མ་ཡོན་ཏན་མཚོ༔ བཞིན་གྱི་དཀྱིལ་འཁོར་ལེགས་བསྟན་ནས༔ ཐུགས་རྗེས་སློབ་མ་ལ་གཟིགས་ཞུ༔ དབང་ནི་ལྷ་ལ་མི་ཞུ་བླ་མར་ཞུ༔ དེ་སྐད་སྨྲས་པས་དགེ་སློང་མའི་ཞལ་ནས༔ དབང་ཞུ་ཤེས་གསུངས་ལྷ་ཚོགས་ཐུགས་ཀར་བསྡུས༔ རྡོ་རྗེ་གྲོ་ལོད་ཡི་གེ་ཧཱུྃ་དུ་བསྒྱུར༔ ཞལ་དུ་མིད་ནས་བྱིན་གྱིས་བརླབས་པ་ཡིས༔ ཕྱི་ལྟར་སངས་རྒྱས་སྣང་བ་མཐའ་ཡས་སྐུ༔ ཚེ་ཡི་རིག་འཛིན་གྲུབ་པའི་དབང་རྣམས་ཐོབ༔ ཁོང་པའི་ནང་སླེབས་བྱིན་གྱིས་བརླབས་པ་ཡིས༔ ནང་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོ་བསྒོམ་པའི་དབང་རྣམས་ཐོབ༔ གསང་བའི་པདྨོར་བཏོན་ནས་བྱིན་བརླབས་པས༔ ལུས་ངག་ཡིད་གསུམ་ཤེས་སྒྲིབ་དག་པར་སྦྱངས༔ གསང་བ་ལྟར་ན་རྟ་འགྲིན་དབང་གི་སྐུ༔ དྲེགས་པའི་ལྷ་འདྲེ་དམ་ལ་འདོགས་དབང་ཐོབ༔ དེ་ནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ སྟུག་པོ་བཀོད་པ་བཀོད་པ་ལྷུན་གྲུབ་ན༔ རྒྱལ་བ་རྒྱ་མཚོ་རྣམས་ཀྱི་བཀའ་སྡོད་པ༔ རིག་འཛིན་རྡོ་རྗེ་རྒྱས་བྱ་བའི་མིང་ཡང་མེད༔ བསྐལ་པ་སྟོང་གི་སངས་རྒྱས་ཀྱང་༔ བླ་མ་དག་ལ་བརྟེན་ནས་བྱུང་༔ དཔལ་ལྡན་བླ་མ་ཡོན་ཏན་མཚོ༔ བཞིན་གྱི་དཀྱིལ་འཁོར་ལེགས་བསྟན་ནས༔ ཐུགས་རྗེས་སློབ་མ་ལ་གཟིགས་ཞུ༔ དབང་ནི་ལྷ་ལ་མི་ཞུ་བླ་མར་ཞུ༔ དེ་སྐད་སྨྲས་པས་དགེ་སློང་མའི་ཞལ་ནས༔ དབང་ཞུ་ཤེས་གསུངས་ལྷ་ཚོགས་ཐུགས་ཀར་བསྡུས༔ རྡོ་རྗེ་གྲོ་ལོད་ཡི་གེ་ཧཱུྃ་དུ་བསྒྱུར༔ ཞལ་དུ་མིད་ནས་བྱིན་གྱིས་བརླབས་པ་ཡིས༔ ཕྱི་ལྟར་སངས་རྒྱས་སྣང་བ་མཐའ་ཡས་སྐུ༔ ཚེ་ཡི་རིག་འཛིན་གྲུབ་པའི་དབང་རྣམས་ཐོབ༔ ཁོང་པའི་ནང་སླེབས་བྱིན་གྱིས་བརླབས་པ་ཡིས༔ ནང་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོ་བསྒོམ་པའི་དབང་རྣམས་ཐོབ༔ གསང་བའི་པདྨོར་བཏོན་ནས་བྱིན་བརླབས་པས༔ ལུས་ངག་ཡིད་གསུམ་ཤེས་སྒྲིབ་དག་པར་སྦྱངས༔ གསང་བ་ལྟར་ན་རྟ་འགྲིན་དབང་གི་སྐུ༔ དྲེགས་པའི་ལྷ་འདྲེ་དམ་ལ་འདོགས་དབང་ཐོབ༔ དེ་ནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ སྟུག་པོ་བཀོད་པ་བཀོད་པ་ལྷུན་གྲུབ་ན༔ རྒྱལ་བ་རྒྱ་མཚོ་རྣམས་ཀྱི་བཀའ་སྡོད་པ༔ རིག་འཛིན་རྡོ་རྗེ་ཆོས་ནི་ཞེས་ཀྱང་བྱ༔ རྡོ་རྗེ་སྙིང་པོ་འཛིན་པ་ཞེས་ཀྱང་བྱ༔ རིག་འཛིན་རྒྱལ་པོ་ཀུན་ཛ་ར་ཞེས་པ༔ དུང་ལ་ཕོ་ཚོས་བསྐུས་པའི་ཞལ་བསྟན་ནས༔ ལྷ་ཡི་བུ་དང་བུ་མོ་མང་པོས་བསྐོར༔ འཇའ་དང་འོད་དང་རོལ་མོའི་སྒྲ་དང་བཅས༔ གནས་དེ་ཉིད་དུ་བཀའ་གཏད་དབང་རྣམས་བསྐུར༔ ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་དབང་༔ ཕྱི་ཡི་ཆས་བརྒྱད་སྤྲུལ་པའི་སྐུ་རུ་བསྐུར༔ ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་དབང་༔ ནང་གི་ཆས་བརྒྱད་ལོངས་སྤྱོད་རྫོགས་སྐུར་བསྐུར༔ རིག་པའི་རྩལ་དབང་ཡི་དམ་ལྷ་ཡི་དབང་༔ གསང་བའི་ཆས་བརྒྱད་ཆོས་ཀྱི་སྐུ་རུ་བསྐུར༔ ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་༔ དབང་གི་ཆས་བཅུ་མི་འགྱུར་རྡོ་རྗེར་བསྐུར༔ སྐུ་ལྔའི་བདག་ཉིད་བླ་མ་རྡོ་རྗེ་འཆང་༔ ཡུམ་འཁྲིལ་ལྟ་བ་སྤྱི་འབྱམས་མངོན་བྱང་བསྐུར༔ དེ་ནས་སྦས་པའི་དབང་ལྔ་བསྐུར་བ་ནི༔ རཏྣའི་སྲིད་དབང་ཛམ་ལའི་ནོར་དབང་དང་༔ བྲམ་ཟེའི་གཏེར་དབང་དྲེགས་པའི་སྲོག་དབང་དང་༔ སྡུད་པའི་ཁྲོམ་དབང་བཅས་པ་བསྐུར་བར་གྱུར༔ དེ་ནས་རྡོ་རྗེ་གྲོ་ལོད་ལུང་བསྟན་ཏེ༔ རྒྱ་གར་གསེར་གླིང་དབེན་སྐྱོང་བྲག་ཕུག་ན༔ རྒྱལ་པོ་སྐར་རྒྱལ་ཞེས་བྱའི་སྲས་པོ་ནི༔ ཤྲཱི་སིངྷ་ཞེས་བྱ་བཞུགས་ནས་ཡོད༔ ཆོས་རྣམས་ཐམས་ཅད་དབྱེར་མེད་གཅིག་སྒོམ་པ༔ ངོ་སྤྲོད་གནད་དུ་བསྣུན་ཅིག་ས་མ་ཡ༔ དེ་ནས་ཤྲཱི་སིངྷའི་དྲུང་དུ་བྱོན༔ ཆོས་ཀུན་དབྱེར་མེད་དོན་དམ་གནད་ཅིག་ཞུ༔ ཤྲཱི་སིངྷས་མཁའ་ལ་སྡིག་མཛུབ་གཏད༔ གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག༔ མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེན༔ ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ སྟོང་སྟོང་མི་སྟོང་མི་སྟོང་རྣམ་པར་སྟོང་༔ མ་འགགས་མ་འགགས་འགགས་འགགས་འགག་པ་མེད༔ ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་༔ སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི༔ ཤྲཱི་སིངྷའི་དོན་དམ་གནད་དེ་མཛོད༔ ལྟ་སྤྱོད་སྣོད་རུང་དབྱེར་མེད་ངང་གིས་འཆར༔ ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ༔ ཡུལ་གྱི་མིང་ནི་སཱ་ལའི་ཡུལ་དུ་བྱོན༔ དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པ་ཞེས༔ མཐའ་སྐོར་དཔག་ཚད་ཕྱེད་དང་བཞི་ཡོད་པའི༔ དབུས་ན་རང་བྱུང་མཆོད་རྟེན་ཀ་པ་ཏ༔ མ་མོ་ཆེན་མོ་བཻཏྟཱ་ལཱི་གནས་པ༔ ལྷོ་ནུབ་ལྗོན་པའི་དུར་ཤིང་གསེར་ལྡན་ལ༔ དུར་གྱི་སེམས་ཅན་མང་པོ་ཤིང་ཏོག་ལེན༔ ནུབ་བྱང་དུར་ཆུ་མཆོག་མཚོ་ཞེས་བྱ་བ༔ དུར་གྱི་སེམས་ཅན་མང་པོ་གནས་པ་ཡོད༔ ཀླུ་དབང་གནོད་སྦྱིན་བུ་མོ་རོ་ལེན་མ༔ བྱང་ཤར་དུར་མེ་དུད་སྤྲིན་ཞེས་བྱ་བ༔ མེ་ང་འཚུབ་གསེབ་འདྲེ་སྲིན་ཕོ་མོ་རྣམས༔ ལ་ལ་མི་རོ་རྟ་རོ་བ་ལང་དང་༔ སེམས་ཅན་རིགས་བྱེད་ཟ་བ་དཔག་མེད་རྩེ༔ ཤར་ལྷོ་དུར་ང་ལངས་འབྱིན་ཞེས་བྱ་བ༔ ཁམ་ནག་གསེབ་ན་སེམས་ཅན་མི་འདྲ་བ༔ དཔག་ཏུ་མེད་པ་ལ་ལ་ཤི་བར་གྱུར༔ ལ་ལ་སྐྱེ་ཞིང་ལ་ལ་རྒས་པ་ཡོད༔ ནུབ་ན་དུར་རི་ལྷ་མིན་འབབ་ཅེས་པར༔ དུར་གྱི་སེམས་ཅན་མང་པོ་མི་འདྲ་གནས༔ དབུལ་བྲལ་ཡིད་བཞིན་ནོར་བུའི་གཏེར་ཡོད་པ༔ བྱང་ན་འདུ་འཆང་མ་ཞེས་ལྷ་མོའི་གཟུགས༔ སེར་མོ་ལུས་ལ་རྒོད་ཀྱི་ཐུལ་བ་གྱོན༔ ལག་པས་བམ་གྱི་ཁོག་སྟོད་ཁོག་སྨད་འདྲལ༔ རྒྱབ་ན་མི་མགོ་ོན་པའི་སེ་ལེ་ཁུར༔ ལུག་ནག་ཀེང་རུས་སྒ་ཆས་བྱས་པ་ཞོན༔ ཤར་ན་ཀ་ཅའི་བདག་མོ་ཞེས་བྱ་བ༔ དམར་མོ་མི་རོ་ཞོན་ནས་ཞིང་དབྱུག་འཕྱར༔ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེར༔ མཆོད་རྟེན་རྒྱབ་བརྟེན་ལོ་ལྔའི་བར་དུ་ནི༔ མཁའ་འགྲོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར༔ གསང་བའི་མཚན་ནི་ཐོད་ཕྲེང་རྩལ་དུ་གྲགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པར་བཞུགས་པའི་ལེའུ་སྟེ་སོ་བཞི་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༥ སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་རྒྱ་ནག་ཡུལ་དུ་བཞུགས་པ།

 

དེ་ནས་རྒྱ་ནག་རི་བོ་རྩེ་ལྔའི་ཤར༔ ཆུ་བོ་སུ་ཏ་སི་རི་ཞེས་བྱའི་འགྲམ༔ རི་བོ་དེ་ཤན་རྩེ་ལ་འཇམ་དཔལ་བཞུགས༔ དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ཡིས༔ རྒྱ་གར་ཆོས་ཀྱི་འཁོར་ལོ་བཞི་བསྐོར་ནས༔ རྒྱ་ནག་རྒྱལ་ཁམས་ཆོས་ལ་འཛུད་པར་དགོངས༔ རྒྱ་ནག་ཡུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་གསུངས༔ སུ་ཡང་ཉན་མཁན་མེད་ཅིང་སྐུར་བ་འདེབས༔ དོན་དམ་བདེན་པའི་ཆོས་ཀྱིས་མ་ཐུལ་བས༔ ཐུགས་མུག་བྱ་རྒོད་ཕུང་པོའི་རི་ལ་བཞུགས༔ ཀུན་རྫོབ་བདེན་པ་རྩིས་ཀྱིས་འདུལ་བར་དགོངས༔ རྒྱ་ནག་རི་བོ་རྩེ་ལྔ་ཞེས་བྱ་བ༔ འོད་ཟེར་ཁ་དོག་རྣམ་པ་ལྔ་ལྡན་པའི༔ རྩེ་ལ་མཆོད་རྟེན་རིགས་ནི་ལྔ་ཡོད་པ༔ རྨང་ན་ཛམྦཱུ་ཏྲི་ཤའི་ཤིང་སྐྱེས་པ༔ དེ་ལ་གཙུག་ནས་འོད་ཟེར་སེར་པོ་བསྟིམས༔ མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་ཞེས༔ ཤིང་ནི་ཛམྦཱུ་ཏྲི་ཤའི་ལྦ་བ་ལས༔ མི་འགྱུར་གསེར་ལྟར་བརྫུས་ནས་སྐུ་འཁྲུངས་ཏེ༔ བསྐྱེད་པའི་ཡབ་མེད་བལྟམས་པའི་ཡུམ་ཡང་མེད༔ འཁོར་བའི་སྐྱོན་གྱི་དྲི་མས་མ་གོས་པའི༔ གཡས་པའི་ཕྱག་ན་ཤེས་རབ་རལ་གྲི་གདེངས༔ གཡོན་པའི་ཕྱག་ན་པོ་ཏི་ཨུཏྤལ་བསྣམས༔ སྤྱི་བོའི་གཙུག་ན་མཐིང་གི་ཤོག་བུ་ལ༔ གསེར་གྱི་རུས་སྦལ་འཇའ་ཚོན་སྣ་ལྔས་བསྐོར༔ ཆུ་བོ་སུ་ཏ་སི་རིའི་གཏིང་དུ་སོང་༔ དེ་ཡི་ལྦུ་བར་རུས་སྦལ་དཀར་པོ་བྱུང་༔ ཕོ་སྦལ་མོ་སྦལ་གཉིས་ནི་བཤོས་པ་ཡིས༔ དེ་ལས་རུས་སྦལ་རྣམ་པ་ལྔ་བྱུང་སྟེ༔ ཤཱཀ་ཐུབ་ལྷ་ཡུལ་འོད་ཟེར་དཀར་པོ་སྤྲོས༔ ལྷ་མོ་རྣམ་རྒྱལ་མ་ཞེས་རྒྱན་ལྡན་ཞིག༔ འཕགས་པ་འཇམ་དཔལ་ཉིད་ཀྱི་མདུན་དུ་བྱུང་༔ འཇམ་དཔལ་སྤྲུལ་པའི་རུས་སྦལ་ཕྱག་མཐིལ་བླངས༔ འདི་ནི་མ་ཧཱ་གསེར་གྱི་རུས་སྦལ་ཏེ༔ རུས་སྦལ་རྩ་བ་འདུས་པའི་རྒྱུད་བདུན་གསུངས༔ དེ་ནས་གསོན་རྩིས་ཉི་ཁྲི་ཆིག་སྟོང་བཤད༔ གཤིན་པོའི་རྩིས་ལ་ཉི་ཁྲི་ཆིག་སྟོང་དང་༔ བག་མའི་རྩིས་ལ་ཉི་ཁྲི་ཆིག་སྟོང་དང་༔ ས་དཔྱད་རྩིས་ལ་ཉི་ཁྲི་ཆིག་སྟོང་དང་༔ རྩིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས༔ ཛམྦཱུའི་གླིང་གི་སེམས་ཅན་ཐམས་ཅད་ཀུན༔ འཇིག་རྟེན་ཀུན་རྫོབ་གཙུག་ལག་བཤད་ལ་འདུས༔ ཆོས་ལ་ཉན་མཁན་མེད་པར་ནུབ་ལ་ཐུག༔ འཕགས་པ་འཇམ་དཔལ་ཐུགས་ཀྱི་དགོངས་པ་ལ༔ ཐུབ་པའི་དོན་དམ་ཆོས་ལ་མི་ཉན་ཟེར༔ ང་ཡིས་ཀུན་རྫོབ་བཤད་ལ་ཡིད་ཆེས་འདུ༔ རྩིས་འདི་མ་བསྣུབས་དམ་ཆོས་མི་དར་བསམ༔ གཙུག་ལག་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྣམས༔ ཟངས་ཆེན་གའུ་ཁ་སྦྱར་ནང་དུ་བཅུག༔ རི་བོ་རྩེ་ལྔའི་བྱང་ཤར་གཏེར་དུ་སྦས༔ དེ་དུས་ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ ཚེ་ཐུང་ནད་མང་ནོར་དབུལ་མི་མི་འཕེལ༔ འབྲོག་པ་ཕྱུགས་ཉེས་བོད་པ་ལོ་ཉེས་ཤིང་༔ མུ་གེ་དམག་འཁྲུག་མི་ནད་ཕྱུགས་ནད་དར༔ ཉི་མ་ཤར་ལྷོའི་རི་བོ་དཀར་གསལ་རྩེའི༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ནི༔ རྒྱལ་བའི་སྲས་པོ་པད་འབྱུང་དྲུང་དུ་འོངས༔ ང་ཡིས་འཁོར་བ་དོང་ནས་ལན་གསུམ་སྤྲུགས༔ གཅིག་ཀྱང་མེད་སྙམ་རི་བོ་ཏ་ལར་བལྟས༔ སྔར་བཞིན་འདུག་ནས་མིག་ནས་མཆི་མ་ཕྱུང་༔ སྲིན་ལག་བླངས་གཏོར་འགྲོ་དོན་སྨོན་ལམ་བཏབ༔ གངས་ཆུང་ཚེ་འཕོས་བདེ་མཆོག་བྱ་བར་སྐྱེས༔ དེ་ལ་བུ་བཞི་གསུམ་གྱི་གོང་མ་ཁྱོད༔ སེམས་ཅན་མི་བདེའི་ཉེས་པ་འདི་དག་རྣམས༔ གཙུག་ལག་གཏེར་དུ་སྦས་པས་ལན་པ་ཡིན༔ ཁྱོད་ཀྱིས་ཚངས་པར་སྤྲུལ་ལ་གཏེར་འདི་ཐོན༔ འགྲོ་ཀུན་འོ་བརྒྱལ་ཉེན་ཕྱིར་ལུང་འདི་བསྟན༔ ཞེས་གསུངས་སླར་ཡང་རི་བོ་ཏ་ལར་བྱོན༔ དེ་ནས་གུ་རུ་པདྨ་འབྱུང་གནས་ཀྱིས༔ ལྷའི་བུ་ཚངས་པ་གདོང་བཞིར་སྤྲུལ་ནས་སུ༔ འཕགས་པ་འཇམ་དཔལ་བཞུགས་པའི་དྲུང་དུ་ཕྱིན༔ འཇམ་དཔལ་དཔྱད་འདི་དོན་དམ་བདེན་མིན་ཀྱང་༔ ཀུན་རྫོབ་བདེན་པས་སེམས་ཅན་ཕན་ཐོགས་འདུག༔ རྩིས་འདི་གཏེར་ནས་ཕྱུང་ལ་ང་ལ་ཤོད༔ དུས་དེར་ལྷ་མོ་རྣམ་རྒྱལ་མ་ཡང་བྱུང་༔ ཀླུ་རྒྱལ་འཇོག་པོ་སྦྲུལ་མགོ་བདུན་པ་བྱུང་༔ འཕགས་པས་ཞལ་གྱིས་བཞེས་ཏེ་གཏེར་ནས་ཕྱུང་༔ མཐིང་ཤུན་གུར་ཕུབ་ཤིང་རྟའི་འཁོར་ལོས་དྲངས༔ ཁ་ཕྱེ་རྩིས་སྒོ་བརྒྱད་ཁྲི་བཞི་སྟོང་བཤད༔ དང་པོ་སྤང་རྒྱན་བླ་མ་བཅུ་སྐོར་བཤད༔ རྒྱ་མ་ལས་ཀྱི་སྐོར་མགོ་དྲུག་ཅུ་དང་༔ སྡོང་པོ་དགུ་འདུས་དཀའ་བ་དགུ་བསྒྲིལ་དང་༔ རྒྱ་ཡི་ཞིབ་གཤེར་ས་དཔྱད་ཨ་བྱི་ཏ༔ གནམ་ས་རྗེས་གཅོད་འབྱུང་བ་སེལ་གཞིག་དང་༔ བག་མ་གི་གོང་རྒྱ་མོ་དར་ཚགས་དང་༔ གཤིན་རྩིས་ཟངས་སྐྱམ་མ་བུ་བཅོ་ལྔ་པ༔ བཅོ་བརྒྱད་པ་དང་ཆུང་དུར་ལ་སོགས་པ༔ བཅུ་གསུམ་པ་དང་བལ་མོ་ལྡེམ་སྐོར་དང་༔ དམིགས་སེལ་རྣམ་བཞི་འབྱུང་བ་ལྔ་བརྩེགས་དང་༔ འཇམ་ཡིག་མདོ་འགྲེལ་གཞུང་དཔྱད་ལྔ་པ་དང་༔ དར་རྒུད་འཕྲུལ་གྱི་མེ་ལོང་ལ་སོགས་པ༔ གཙུག་ལག་སྡེ་དགུ་གྱིམ་ཤང་རྣམ་པ་གསུམ༔ གབ་རྩེ་ལྔ་བརྩེགས་ལ་སོགས་ཐོག་མར་གསུངས༔ བར་དུ་རྒྱ་ཡི་བསྟན་པ་བཅོ་བརྒྱད་བཤད༔ ཁྲ་བོ་གཟི་མིག་ཏྲཱི་ཀ་དུམ་དམར་ནག༔ བྱ་ར་དགུ་སྐོར་གཅེར་མཐོང་ཕྱི་ནང་དང་༔ བསམ་ལས་བྱུང་ཚོར་རྒྱ་རྒྱུད་རིང་ཐུང་བརྩེགས༔ གསེར་གྱི་མེ་ཏོག་དཔལ་འབར་མིའི་འཁྲུངས་དཔེ༔ གསེར་དཔེ་བཅུ་གཉིས་གསང་མཛོད་ཆེ་ཆུང་འབྲེལ༔ གནམ་ས་བཀོད་པའི་ཕྱགས་ཤིང་གཅེས་བསྡུས་ཡིག༔ མན་ངག་ཐུགས་སྒྲོམ་རྣོ་མཉེན་འཕྲུལ་དར་ཚགས༔ སྨེ་བའི་སྡེ་མིག་ཀ་ཁ་རབ་འབྲིང་དང་༔ རྩེ་འཛིན་བདུན་བརྒྱ་ཉི་ཤུར་བལ་ཡིག་ནི༔ སུམ་བརྒྱ་དྲུག་ཅུ་དང་ནི་བཅོ་བརྒྱད་གསུངས༔ གསུམ་པ་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ༔ ཡང་གསང་ཐུགས་རྒྱུད་སྡེ་རུ་ལོངས་པའི་རྒྱུད༔ སྡེ་རུ་ལོངས་པ་འཇིག་རྟེན་གཙུག་ལག་རྒྱུད༔ མཁའ་འགྲོ་གཙུག་ལག་རྡོ་རྗེ་གཙུག་ལག་རྒྱུད༔ སྡོང་པོ་དགུ་འདུས་སྣང་གསལ་སྒྲོན་མེའི་རྒྱུད༔ ཞིབ་གཤེར་ནག་པོ་ཀ་བ་ནག་རྒྱུད་བདུན༔ ཕྱི་རྒྱུད་ཁྲ་བོ་རྒྱ་ཆེར་འགྲེལ་པའི་རྒྱུད༔ དར་རྒུད་སྙིང་རྒྱུད་འཕྲུལ་གྱི་མིག་ཚགས་དང་༔ བར་རྒྱུད་གསེར་མིག་གསལ་བ་རྒྱུད་ཕྱིའོ༔ དར་རྒུད་གསལ་བའི་རྒྱུད་དང་འཁྲུགས་ཡིག་རྒྱུད༔ ནང་གི་སྤར་ཁ་སྨེ་བའི་རྒྱུད་ལ་ནི༔ སྤར་ཁ་དག་ལ་རྒྱུད་ནི་སྡེ་བརྒྱད་དོ༔ སྤར་ཁ་འཁྲུགས་ཡིག་རྩ་བའི་རྒྱུད་དང་ནི༔ སྤར་ཁ་འཇམ་ཡིག་མདོ་འགྲེལ་གསེར་འགྲེལ་རྒྱུད༔ སྤར་ཁ་གསེར་ཐིག་གསེར་གྱི་ཉེའུ་ཆུང་རྒྱུད༔ གསེར་གྱི་ཕྱེ་ལེབ་སྡོམ་ཚིག་འཁོར་ལོའི་རྒྱུད༔ སྤར་ཁ་ས་རིས་ཆེན་མོའི་རྒྱུད་རྣམས་སོ༔ སྨེ་བ་འདི་ལ་རྒྱུད་སྡེ་ལྔ་རུ་ཡོད༔ སྨེ་བ་དགུ་གླིང་གསང་བའི་རྒྱུད་དང་ནི༔ ཧ་ལོ་འབར་རྒྱུད་རྒྱ་ཆེར་འགྲེལ་པའི་རྒྱུད༔ ཟ་འོག་གུར་རྒྱུད་དམར་ནག་འཁྲུག་རྒྱུད་དོ༔ སྨེ་སྒོ་ནུབ་བསྟན་ཕོ་དྲུག་གནམ་དུ་འགྲོ༔ མོ་དྲུག་སར་འགྲོ་དབུས་ནས་ལྷོ་ནུབ་ལུག༔ སྦྲུལ་དང་ཁྱི་སྟག་བྱ་འབྲུག་བྱི་བ་གླང་༔ རང་ཐོག་ཕོ་དྲུག་གཡས་ལ་མོ་དྲུག་གཡོན༔ ཡང་གསང་ཐུགས་ལ་ཐེབས་ཟློག་ནག་པོའི་རྒྱུད༔ མངལ་མཚོན་ང་རྒྱུད་གྱིམ་ཤང་ལྟོ་ཡི་རྒྱུད༔ གའུ་དམར་ནག་སེ་ལུང་ཁུག་པའི་རྒྱུད༔ སྙིང་གཟེར་སྲོག་ཏིག་ནག་པོའི་རྒྱུད་དང་ནི༔ སྲིད་པའི་ལྟོ་རྒྱུད་ཆེ་འབྲིང་ཆུང་གསུམ་མོ༔ གབ་རྩེ་རྣམ་བརྒྱད་ཕྱི་ཡི་སྐོར་འགོ་དྲུག༔ སྤར་ཁ་སྨེ་བ་དར་རྒུད་རྣམ་པ་གསུམ༔ ལོ་དང་ཟླ་བ་གཟའ་དང་སྐར་མ་གསུམ༔ ནང་གི་སྐོར་འགོ་རྣམ་པ་དྲུག་དག་པ༔ ལུས་སྲོག་དབང་ཐང་ང་རྟ་བླ་ཁམས་དྲུག༔ གསང་བའི་སྐོར་འགོ་རྣམ་པ་དྲུག་ཡིན་ཏེ༔ སྐྱེས་ང་སྤར་སྨེ་ཕྱི་ཡི་ལོག་མིན་གསུམ༔ དགུ་མིག་དུར་མིག་སྐག་དང་རྣམ་པ་གསུམ༔ བཞི་པ་གཙུག་ལག་དཔྱད་དུ་གསུངས་པ་ནི༔ སྣང་གསལ་སྒྲོན་མ་ལྷ་ལ་གདམས་པའི་རྒྱུད༔ གསང་འགྲེལ་མ་ཧཱ་ནག་པོ་རྩ་བའི་རྒྱུད༔ རུས་སྦལ་ཁྲ་བོ་མདོག་གཅོད་ང་གི་ནི༔ ར་རུ་བསེ་རུ་ལྕགས་བཞི་མེ་བརྒྱད་དང་༔ སྤར་ཁའི་གཞུང་དཔྱད་ཆེ་ཆུང་གཟའ་རྒྱུད་གཉིས༔ གཟའ་བཞི་མས་རླུང་གོང་ཕུར་ལྡེ་མིག་དང་༔ དགུ་མིག་དུར་མིག་སྤར་གྱི་འབུམ་ནག་དང་༔ ལྟོ་བཞི་གསེར་འགྲེལ་གཟའ་ཉི་དགུ་ཞུར་དང་༔ སྤར་ཁ་བསྟན་རྒྱུད་སྦྲ་རྟགས་གསེར་ལས་བཅུ༔ བསམ་ཀ་ཕྱི་ལྟ་བསམ་ཀ་དགུ་སུམ་འགྱུར༔ སྐྱེ་གནས་གསུམ་པ་མངལ་ཕུགས་ས་དཔྱད་རྒྱུད༔ དེབས་ཆེན་དེབས་ཆུང་རྒྱ་ཡི་ནང་དཔྱད་ཆེ༔ འབྱུང་ཆེན་འབྱུང་ཆུང་སྐོར་ཡིག་སྨད་ལྔ་བཅུ༔ ཁྲོམ་རྩིས་ཆེན་མོ་ལེའུ་བརྒྱད་ཅུ་པ༔ ལྟོ་སྒྲོམ་འབུམ་ཏིག་འབྲུག་རྩིས་གསལ་བཀྲ་གཉིས༔ འབྱུང་བ་སྣང་གི་མེ་ལོང་རྒྱའི་སྤུངས་ལྟོ༔ དས་ཆད་ནག་པོ་ཟླ་གསང་སྟག་ཤམ་ནག༔ ས་དཔྱད་རིན་ཅེན་ཕྲེང་བ་དཔྱད་སྤྱང་ཀི༔ འཇིག་པའི་ལྕེ་མདུང་ཆེན་པོ་བཅུ་གསུམ་དང་༔ ཟངས་སྐྱམ་རྡེའུ་ནག་སྲིད་པའི་དུར་སྒྲོམ་དང་༔ ཟངས་སྐྱམ་གྱི་འགྲོས་ཟངས་སྐྱམ་མེ་ལོང་ལྔ༔ ཟངས་སྐྱམ་ཞུ་རུ་ཟངས་སྐྱམ་པདྨ་དང་༔ དཔྱད་ཀྱི་ཁོག་པ་ཆེན་པོ་ལ་སོགས་པ༔ གབ་རྩེ་སུམ་བརྒྱ་དང་ནི་དྲུག་ཅུ་བཤད༔ མཚན་ནི་ཚངས་པ་གདོང་བཞི་པ་རུ་གྲགས༔ གཙུག་ལག་ཚངས་པའི་སྤྱི་རྒྱུད་བཞི་ཡང་མཛད༔ ཤར་གདོང་དཀར་པོས་གསོན་རྩིས་ལེགས་བཤད་མཛད༔ བྱང་གདོང་ནག་པོས་གཤིན་རྩིས་ཟངས་སྐྱམ་མཛད༔ ནུབ་གདོང་དམར་པོས་བག་རྩིས་བཀྲ་བཞི་མཛད༔ ལྷོ་གདོང་སེར་པོས་ས་དཔྱད་རིན་སྤུངས་མཛད༔ གདོང་བཞི་གཅིག་དྲིལ་ཚངས་པ་བཞི་འདུས་མཛད༔ སྤྱི་དྲིལ་རྩིས་འདུས་མ་རིག་མུན་སེལ་མཛད༔ སྒོས་བཅོས་ཕན་ཐབས་ནམ་མཁའ་མཛོད་བརྙེས་མཛད༔ བྱེ་བྲག་དམག་ལྟོ་ཁྲོམ་རྩིས་གྱིམ་ཤང་མཛད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་རྒྱ་ནག་ཡུལ་དུ་བཞུགས་པའི་ལེའུ་སྟེ་སོ་ལྔ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༦ སངས་རྒྱས་བསྟན་པ་སྲུང་ཐབས་མཛད་པ།

 

དེ་ནས་རྒྱ་གར་ཡུལ་གྱི་ཕར་མཐའ་ན༔ རྒྱ་ནག་ཆེན་པོའི་ཡུལ་གྱི་ཚུར་མཐའ་ན༔ བཤན་པའི་གྲོང་ཁྱེར་སྡིག་ཅན་བྱ་བ་ཡོད༔ དེ་དག་མཐུན་པས་མཐུན་པ་གདུལ་བའི་ཕྱིར༔ རིགས་ངན་ཁྱིམ་པ་གཉིས་ཀྱི་བུ་རུ་སྤྲུལ༔ གདོལ་པ་ལག་ངན་ཀ་ཏི་ཞེས་བྱ་བས༔ འཇག་མའི་སྤྱིལ་པོ་ཅིག་ནི་ཕུབ་ནས་སུ༔ མི་རྣམས་ཐམས་ཅད་དད་པ་ལྡོག་པའི་ཕྱིར༔ རི་དྭགས་སེམས་ཅན་ཐམས་ཅད་བསད་ཅིང་ཟོས༔ དེས་ཀྱང་མ་ཚིམ་རང་ཤ་བཅད་ནས་ཟོས༔ དེར་ནི་མི་རྣམས་མང་དུ་དཔྱས་པ་ཡིས༔ བྲག་ཕུག་ས་མིན་ཀུ་ཏ་ལ་རུ་བྲོས༔ བཤན་པའི་གྲོགས་པོ་གཏུམ་པོ་ལོག་སྤྱོད་ལ༔ སྤྲུལ་པའི་ལག་ཆ་སྣ་ཚོགས་བྱིན་ནས་སུ༔ ཁྱོད་དང་ང་ནི་ལས་ཀ་མཐུན་ནོ་ཟེར༔ རིགས་ངན་རྔོན་པའི་ལས་ཀ་གྱིས་ཤིག་སྨྲས༔ རང་གིས་འོད་མའི་མདའ་གཞུ་བརྒྱ་ཀུན་བྱིན༔ གསོད་གཅོད་ལས་ཀྱིས་ང་ཡིས་གནས་སུ་དྲང་༔ ང་ཡིས་ངན་སོང་གསུམ་གྱི་སྒོ་བཅད་གསུངས༔ སེམས་ཅན་བསམ་བློ་མི་གཅིག་ཐ་དད་པས༔ རང་ཉིད་མནོ་བ་བཞིན་དུ་གཞན་མི་མནོ༔ མི་ལུས་ལས་ངན་ཁ་དྲག་པོ་རྣམས་ཀུན༔ ཉོན་མོངས་ནང་ཁང་ཁོང་ཁྲོའི་རང་བཞིན་ཚོ༔ རྣམ་རྟོག་འཕྲོ་འགྱུར་མང་ཞིང་ཁ་ལག་རྩུབ༔ དམུ་རྒོད་བསམ་པ་ལས་སུ་མ་རུང་རྣམས༔ ཆོས་སྤང་ལ་སོགས་བསྟན་པའི་སེལ་བྱེད་པས༔ དེ་དག་བསྒྲལ་ཕྱིར་མཐུ་དང་ངན་སྔགས་དགོས༔ དེ་ཕྱིར་ངན་སྔགས་ཆོས་ཤིག་བཙལ་དགོས་བསམས༔ འཇིག་རྟེན་ཞིང་ཁམས་དུར་ཁྲོད་ཆེན་པོའི་གླིང་༔ ཡུལ་ཕྱོགས་ཕུང་ལུང་ནག་པོའི་དུར་ཁྲོད་ཕྱིན༔ མུ་སྟེགས་ཁ་ལ་མེ་འབར་སྒོ་དྲུང་དུ༔ འཚུབ་མ་ནག་པོ་ཞིག་གི་དཀྱིལ་ནང་ན༔ མེ་དམར་བྱ་ཕོ་ཙམ་ཞིག་མ་ཤི་བར༔ འཇིག་རྟེན་དྲེགས་པ་ཕོ་མོ་ཐམས་ཅད་བསྐོར༔ སོད་ཅིག་རྡུངས་ཤིག་ཆོད་ཅིག་ཁྲིད་ལ་ཤོག༔ སྔགས་པས་བརྗོད་པ་ཙམ་གྱིས་ལས་བྱེད་དེ༔ ཟས་སུ་དམར་གཏོར་ཟ་ཞིང་མཚན་མོ་རྒྱུ༔ བསྟན་པའི་རཱུ་ཏྲ་ཕོ་མོ་མང་པོ་ནི༔ ལ་ལས་ཁྲིད་ཅིང་ལ་ལས་ཕྱི་ནས་འཕུལ༔ ལ་ལས་སྙིང་འདོན་ལ་ལས་མིག་སྒྱིད་གཅོད༔ ལ་ལ་ཀླུས་ཟོས་ལ་ལ་ནད་ཡམས་རྒྱབ༔ ལ་ལ་དུ་འབྲང་ལ་ལ་དུར་ཤིད་བྱེད༔ ལ་ལ་དམག་འཁྲུག་ལ་ལ་མུ་གེ་བྱུང་༔ ལ་ལ་སད་བྱུང་ལ་ལ་སེར་བས་རྡུང་༔ ལ་ལ་ཡུལ་དོན་ལ་ལ་ཞིང་ཁམས་སྟོངས༔ ལ་ལ་སྨྱོ་འབོག་ལ་ལ་ཁ་ལྐུགས་པ༔ ལ་ལ་རྒྱལ་འཇིགས་ལ་ལ་མེ་ཡིས་འཇིགས༔ ལ་ལ་ཆུས་འཇིགས་ལ་ལ་དུག་སྦྲུལ་འཇིགས༔ ལ་ལ་དུག་འཇིགས་ལ་ལ་ནམ་མཁས་འཇིགས༔ ལ་ལ་དགྲས་འཇིགས་ལ་ལ་ཡོ་ལོག་འཇིགས༔ ལ་ལ་གཅན་གཟན་ལ་ལ་རང་ལྕེབས་པ༔ ལེགས་བྱས་ཉེས་བྱས་རྣམ་སྨིན་ལ་ཡོགས་བསྐྱེད༔ སྔགས་པ་ཇེ་ལེགས་ཇེ་ལེགས་ཇེ་བཟང་འགྲོ༔ བསྟན་པའི་དགྲ་དེ་ཅི་སྙད་ཅི་ལ་བཏགས༔ ཇེ་དམའ་ཇེ་དམའ་ཇེ་ཞེན་ཇེ་ཞེན་འགྲོ༔ མི་ནོར་ཟས་གསུམ་བྱ་རུ་མི་བཏུབ་པའི༔ རབ་ཏུ་འཇིགས་པའི་སྒྲུབ་ཁང་དེ་ཉིད་དུ༔ ལྷ་དང་ཀླུ་དང་གཟའ་དང་རྒྱལ་པོ་དང་༔ བདུད་དང་བཙན་དང་དམུ་དང་ཐེའུ་རང་དང་༔ གྲུལ་བུམ་ཀླུ་དབང་གནོད་སྦྱིན་དྲི་ཟ་དང་༔ བྲམ་ཟེ་མུ་སྟེགས་མོན་པ་སོག་པོ་དང་༔ མེ་ཉག་ཧོར་དང་མཐའ་མི་ཨཱ་ཙ་ར༔ མགོན་པོ་མ་མོ་མེ་ལྷ་ལྷ་མ་ཡིན༔ ཕྱི་དང་ནང་དང་གསང་བའི་ལྷ་མ་སྲིན༔ སྡེ་ཚན་བརྒྱད་བརྒྱད་རང་རང་སྲོག་སྙིང་ཕུལ༔ དེ་དུས་བདག་འདྲ་རྡོ་རྗེ་དྲག་པོ་རྩལ༔ བསྟན་པའི་ཆོས་སྐྱོང་དགྲ་ལ་རྦད་པའི་ཐབས༔ སྲིད་པའི་མ་མོ་ལས་ལ་བཏང་བའི་ཐབས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་བའི་ཐབས༔ ཤིས་ལ་ཚན་ཆེ་རྣོ་མྱུར་ཐོག་དང་འདྲ༔ སྲོག་སྙིང་བགྲངས་པས་སྲིད་པ་སླར་ལོག་འགྱུར༔ མི་སྲིད་སྲིད་པ་ཅི་ཡང་སྲིད་པ་ཡི༔ ངན་སྔགས་རྣམ་གྲངས་མང་པོ་ཡི་གེར་བཏབ༔ མཐུ་གཏད་སེར་གསུམ་སེལ་འབྱེད་མནན་གསུམ་བསྡུས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སངས་རྒྱས་བསྟན་པ་སྲུང་ཐབས་མཛད་པའི་ལེའུ་སྟེ་སོ་དྲུག་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༧ གདུལ་བྱའི་ཞིང་ཁམས་གཟིགས་པ།

 

དེ་ནས་བྱ་རྒོད་ཕུང་པོའི་རི་ལ་བཞུགས༔ བདག་གི་གདུལ་ཞིང་གང་ན་འདུག་གཟིགས་པས༔ མེ་ལོང་གཅིག་ནང་ཉི་མ་གཅིག་ཤར་ལྟར༔ ནུབ་པ་མེད་པ་ཡིད་བཞིན་ནོར་བུའི་ཚུལ༔ ཐོས་པ་ལས་བྱུང་ཤེས་རབ་རྒྱུད་ལ་འབྱོངས༔ འགྲོ་བ་འདྲེན་པའི་ཆོས་འཆད་ཉམ་མི་ང་༔ བསམ་པ་ལས་བྱུང་ཤེས་རབ་རྒྱུད་ལ་འབྱོངས༔ ཕྱི་རོལ་རྩོད་པའི་གྲུབ་མཐའ་ཉམ་མི་ང་༔ བསྒོམ་པ་ལས་བྱུང་ཤེས་རབ་རྒྱུད་ལ་འབྱོངས༔ སེམས་ཀྱི་མཐར་ཐུག་ལྟ་བ་ཉམ་མི་ང་༔ ང་ནི་མིང་གི་སངས་རྒྱས་མ་ཡིན་ཏེ༔ དགེ་སྦྱོང་འབྲས་བུ་བཞི་ཐོབ་སངས་རྒྱས་ཡིན༔ ཆོས་སྨྲས་གོ་འདྲེད་ཁྱེར་བའི་འཁོར་མི་བསྟེན༔ གདམས་ངག་སྣོད་རྙིངས་ཁྱེར་ལ་ཆོས་མི་འཆད༔ དད་པ་སྣུམ་དྲེད་ཁྱེར་བའི་ཁྱུར་མི་བསྡད༔ དམ་ཚིག་ཚོད་ཡོད་བྱེད་པའི་གྲོགས་མི་འགྲོག༔ དེ་ལྟར་དགོངས་ནས་ཡེ་ཤེས་སྤྱན་གྱིས་གཟིགས༔ སེམས་ཅན་ཐམས་ཅད་མ་རིག་ལས་ཀྱིས་བསྒྲིབས༔ ཉེ་ཡང་མ་མཐོང་རང་སེམས་ངོ་མ་ཤེས༔ བཤད་ཀྱང་མ་ཐོས་མུན་ཕྲག་རྒྱང་ཐག་རིང་༔ བདེ་བ་བསྒྲུབས་པས་སྡུག་བསྔལ་འཁོར་བ་འགྲུབ༔ གཅིག་ཀྱང་གདུལ་བྱའི་ཞིང་དུ་མི་འདུག་ནས༔ ཨུ་རྒྱན་ཡུལ་གྱི་དྲི་མེད་མདངས་ལྡན་དུ༔ མཁའ་འགྲོ་མ་ལ་ཆོས་བཤད་དོན་འགྱུར་དགོངས༔ ཆར་ཆད་ཉི་སྤྲིན་འཇའ་ཚོན་ཤར་བ་ལྟར༔ སྐད་ཅིག་ཉིད་ལ་དྷ་ན་ཀོ་ཤར་བྱོན༔ གསང་སྔགས་མཁའ་འགྲོ་མ་ཡི་བརྡ་སྐད་གསུངས༔ རྒྱ་མཚོའི་གླིང་གི་མཁའ་འགྲོ་མ་བཞི་འདུས༔ རྡོ་རྗེ་ཕག་མོ་ལུས་དང་གྲིབ་བཞིན་འཁོར༔ རྒྱ་མཚོའི་ཀླུ་དང་བར་སྣང་གཟའ་སྐར་འདུས༔ ཆོས་བཤད་དམ་བསྲེས་བྲན་དུ་ཁས་བླངས་བྱུང་༔ བྱ་བྱེད་སྤྱོད་པ་འཇིག་རྟེན་པ་ལས་ལོག༔ ཡེ་ཤེས་སྤྱན་གྱིས་གདུལ་བྱ་གང་འདུག་གཟིགས༔ ཟ་ཧོར་རྒྱལ་ཁམས་ཐམས་ཅད་གདུལ་བྱར་མཁྱེན༔ དེ་ཡང་ཨུ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ ཟ་ཧོར་ཡུལ་གྱི་གྲོང་ཁྱེར་ཆེན་པོའི་དབུས༔ ཕོ་བྲང་རཏྣ་པུ་རི་བྱ་བ་ན༔ ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་ཞེས་པ༔ བཙུན་མོ་སུམ་བརྒྱ་དང་ནི་དྲུག་ཅུས་བསྐོར༔ ཕྱི་བློན་ནང་བློན་བདུན་བརྒྱ་ཉི་ཤུར་བཅས༔ ཟ་ཧོར་རྒྱལ་ཁམས་ཡོངས་ལ་དབང་བསྒྱུར་བའི༔ རྒྱལ་པོ་དེ་ཉིད་གདུལ་བྱའི་ཞིང་དུ་གཟིགས༔ རེ་ཞིག་དུས་ན་བཙུན་མོ་ཧའུ་ཀིས༔ ཉི་མ་བརྒྱད་ནི་དུས་གཅིག་ཤར་བ་ཡིས༔ ཟ་ཧོར་ཡུལ་ཁམས་གཞོབ་ཏུ་སོང་བ་དང་༔ མགོ་ལ་གཡུ་ཡི་མཆོད་རྟེན་སྐྱེས་པ་རྨིས༔ རྨི་ལམ་རྒྱལ་པོའི་སྙན་དུ་གསོལ་བ་ཡིས༔ རྟོག་པ་ཟོས་ནས་རིམ་གྲོ་ཆེན་པོ་བྱས༔ རྨི་ལམ་རྨིས་པའི་བཙུན་མོ་རྒན་པ་ལ༔ ལུས་པོ་མ་བདེ་བུ་སྐྱེའི་ལྟས་ལེགས་བྱུང་༔ ལུས་ནི་ཡང་ཞིང་གོམ་པ་འདེགས་འཇོག་མགྱོགས༔ ལྷ་ཡི་བུ་དང་བུ་མོ་མང་པོ་ཡིས༔ སྐོར་བ་བྱེད་ཅིང་བཀུར་སྟི་མཆོད་པ་བྱེད༔ རང་བཞིན་ཉམས་དགའ་ཤེས་པ་མི་འཚུབ་ཅིང་༔ མདངས་ནི་ཡལ་ཡལ་བྱིན་ནི་ཐིབས་ཐིབ་བྱེད༔ བག་དྲོ་འུར་འུར་ལུས་བདེ་ཆམ་ཆམ་བྱེད༔ རྒྱལ་པོའི་སྙན་དུ་དེ་ལྟའི་ལྟས་བྱུང་སྨྲས༔ རྒྱལ་པོ་དགྱེས་ཏེ་རྒྱལ་བུ་འོང་བའི་རྟགས༔ བཙུན་མོར་བཀུར་སྟི་རིམ་གྲོ་ཆེ་བར་བྱེད༔ རྒྱལ་བུ་སྐྱེ་རེ་བུ་མོ་སྐྱེས་པར་གྱུར༔ རྒྱལ་པོ་ཐུགས་གཙིགས་ཆུང་སྟེ་ཁྲམ་མ་གསུངས༔ བཙུན་མོ་ཡི་མུག་རྨི་ལྟས་དེ་འདྲ་བར༔ བུ་ནི་ཅི་ཕྱིར་མི་སྐྱེ་སྙམ་ནས་སུ༔ བྲམ་ཟེ་མཚན་མཁན་བོས་ནས་ནི་གུ་བསྟན༔ འདི་དེ་ལུས་ལ་ཡོད་པའི་རྨི་ལྟས་སྨྲས༔ བྲམ་ཟེས་བུ་མོ་དྲི་བཟང་ཆུ་ཡིས་བཀྲུས༔ ཉི་གྲིབ་མཚམས་སུ་ཕྱིང་དཀར་བཏིང་བའི་སྟེང་༔ བུ་མོ་བཞག་ནས་མཚན་བརྟག་བྱས་པ་ཡིས༔ བྲམ་ཟེ་རང་དབང་མེད་པར་མཆི་མ་ཟགས༔ བཙུན་མོ་ནི་གུ་གཉིས་ལ་ཕྱག་འཚལ་ཏེ༔ བཙུན་མོ་ཧད་ནས་བྲམ་ཟེར་འདི་སྐད་གསུངས༔ བུ་མོའི་མཚན་རྟགས་ངན་པ་མ་ཡིན་ནམ༔ གང་ལྟར་འདུག་པ་རྫུན་མེད་དྲང་པོར་སྨྲོས༔ བྲམ་ཟེས་མཚན་རྟགས་མི་ངན་ཤིན་ཏུ་བཟང་༔ མཚན་བཟང་སུམ་ཅུ་རྩ་གཉིས་དཔེ་བྱད་བརྒྱན༔ མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་འདི༔ མི་ཡི་བུ་མིན་ལྷ་ཡི་སྲས་མོ་སྟེ༔ ཡེ་ཤེས་མཁའ་འགྲོ་མ་ནི་མི་ཡུལ་བྱོན༔ འདི་ལ་ཁྱིམ་པའི་བདག་དེ་སུ་ཡིན་པ༔ འཁོར་ལོས་སྒྱུར་བའི་རྒྱལ་པོར་སྨོས་ཅི་དགོས༔ འདི་ནི་ཁྱིམ་མེད་རབ་ཏུ་བྱུང་བ་ན༔ ཚེ་ལུས་གཅིག་གིས་ཟ་ཧོར་ཡུལ་ཁམས་འདྲེན༔ འདི་འདྲའི་མཚན་མཆོག་སུ་ལའང་ཡོད་མིན་གསུངས༔ མིང་ཡང་ལྷ་ལྕམ་མནྡཱ་ར་བར་བཏགས༔ གཞན་མའི་ལོ་སྐྱེད་ལས་ཀྱང་ཟླ་སྐྱེད་ཆེ༔ དེ་བཞིན་ཟླ་སྐྱེད་པས་ཀྱང་ཞག་སྐྱེད་ཆེ༔ ལྷ་ལྕམ་དགུང་ལོ་བཅུ་གསུམ་ལོན་པའི་དུས༔ ཕྱོགས་བཞི་མཚམས་བརྒྱད་ཡེ་ཤེས་མཁའ་འགྲོར་གྲགས༔ ལྷ་ལྕམ་ཉིད་ལ་ལྟ་མི་མང་དུ་འདུས༔ དགའ་མཐུན་འཁོར་བའི་སྣང་ཅན་སེམས་ཡིད་ཕྲོགས༔ ལེགས་པའི་གཟུགས་ནི་ཤིན་ཏུ་རྙེད་དཀའ་བའི༔ བུ་མོའི་དངོས་པོ་དེ་ལ་ཐོབ་ཤ་བྱེད༔ རྒྱ་གར་རྒྱལ་པོས་བུ་མོའི་རིན་དུ་ནི༔ རྟ་མཆོག་རིན་ཅེན་གསེར་གྱི་དོང་རྩེ་བྱིན༔ རྒྱ་ནག་རྒྱལ་པོས་ཇ་རྟ་དར་ཟབ་བཀལ༔ གྱད་ཀྱི་མི་བརྒྱ་རྟ་བརྒྱ་རིན་ལ་བྱིན༔ བྷངྒ་ལ་ཡི་རྒྱལ་པོས་གླང་པོ་ཆེ༔ ནོར་གྱི་རིགས་བྱེད་བཀལ་བ་སུམ་བརྒྱ་བྱིན༔ བཻདྡྷའི་རྒྱལ་པོས་སེང་གེ་དཀར་མོ་ཞིག༔ ཡིད་བཞིན་ནོར་བུས་བརྒྱན་ནས་རིན་ལ་བྱིན༔ ཨུ་རྒྱན་རྒྱལ་པོས་རཏྣ་མང་དུ་བསྐྱལ༔ ཁ་ཆེའི་རྒྱལ་པོས་སྨན་དོས་མང་དུ་བསྐྱལ༔ ལི་ཡི་རྒྱལ་པོས་དོང་རྩེ་མང་དུ་བསྐྱལ༔ སྟག་གཟིག་རྒྱལ་པོས་ཤ་མར་མང་དུ་བསྐྱལ༔ གེ་སར་རྒྱལ་པོས་གོ་མཚོན་མང་པོ་བསྐྱལ༔ ཞང་ཞུང་རྒྱལ་པོས་རྐང་འགྲོས་མང་དུ་བསྐྱལ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གདུལ་བྱའི་ཞིང་ཁམས་གཟིགས་པའི་ལེའུ་སྟེ་སོ་བདུན་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༨ ལྷ་ལྕམ་མནྡཱ་ར་བས་བྲམ་ཟེའི་སྐུ་ཤ་རྙེད་པ།

 

དེ་ནས་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན༔ ཐུགས་ནི་ཤིན་ཏུ་མ་བདེ་གཉིད་ཡར་ཏེ༔ བུ་མོ་འདི་ཡིས་དགྲ་མང་ཚོལ་བར་འདུག༔ རྒྱལ་པོ་གཅིག་ལ་བྱིན་ན་གཞན་མི་དགའ༔ ཡང་ན་བུ་མོ་འདི་འདྲ་བཅུ་ཡོད་ན༔ རེ་རེ་བྱིན་པས་དེ་ཡིས་ཁྱབ་མོད་སྙམ༔ ཡང་ན་འདི་ཡང་མེད་ན་དེས་ཆོག་པས༔ ད་ནི་ཇི་ལྟར་བྱ་སྙམ་ནང་བློན་བཅུར༔ བཀའ་བགྲོས་ཞིབ་ཏུ་བྱས་པའི་གྲོས་འཆམས་ལ༔ བུ་མོ་རང་ལ་དྲིས་ནས་གང་མོས་གཏོང་༔ གྲོས་ཐག་ཆོད་ནས་ལྷ་ལྕམ་མདུན་དུ་བོས༔ རྒྱལ་པོས་ཁྱོད་རང་གར་འགྲོ་འདོམས་ཤིག་གསུངས༔ གང་ལ་དགའ་བ་དེ་ལ་སྟེར་བ་ཡིན༔ ལྷ་ལྕམ་དེ་མ་ཐག་ཏུ་མཆི་མས་བརྣངས༔ མང་དུ་ངུ་ཞིང་གང་ལའང་མི་འགྲོ་གསུངས༔ ཡབ་ཀྱིས་མི་འགྲོ་བྱས་པས་ག་ལ་ཕན༔ འདོད་མིས་སྒོ་ཕྱི་ཐམས་ཅད་འགགས་འདུག་པ༔ ཞག་གསུམ་བར་དུ་ཁྱོད་རང་བསམ་མནོ་ཐོང་༔ དེ་ནས་ང་ལ་ལན་དེ་ཁྱེར་ཤོག་གསུངས༔ ལྷ་ལྕམ་འགོལ་བའི་ཕོ་བྲང་རྩེ་མོར་ཕྱིན༔ གཡོག་མོ་གསུམ་དང་ལྷན་ཅིག་འདུག་པར་བྱས༔ ཉིན་དང་མཚན་དུ་གཞིགས་ཤིང་བསམ་པ་ཡིས༔ རྟེན་ཉམས་ངན་སོང་གསུམ་དུ་མ་སྐྱེས་ཤིང་༔ རྟེན་མ་ཉམས་ཀྱང་སྐྱེ་བ་བུད་མེད་ལུས༔ ཕྱེད་མི་ཡིན་ཀྱང་བྱང་ཆུབ་བསྒྲུབ་ཏུ་ཡོད༔ གླིང་ཉམས་གླིང་ཆེན་གླིང་ཆུང་མ་སྐྱེས་ཤིང་༔ གླིང་ནི་མ་ཉམས་ཛམྦུའི་གླིང་དུ་སྐྱེས༔ གནས་ཉམས་མོན་དང་ཀླ་ཀློར་མ་སྐྱེས་ཤིང་༔ གནས་ནི་མ་ཉམས་ཟ་ཧོར་ཡུལ་དུ་སྐྱེས༔ དབང་པོ་ཉམས་པ་སྐྱོན་ཅན་མ་སྐྱེས་ཤིང་༔ དབང་པོ་མ་ཉམས་སྐྱོན་མེད་བཀྲ་བར་སྐྱེས༔ སེམས་ཉམས་གདོན་དབང་སོང་དུ་མ་སྐྱེས་ཤིང་༔ ཤེས་པ་མ་ཉམས་རང་དབང་ཐོབ་པར་སྐྱེས༔ ལས་ཉམས་སྡིག་སྤྱོད་ལས་སུ་མ་སྐྱེས་ཤིང་༔ ལས་མ་ཉམས་པ་ཆོས་ལ་མོས་པར་སྐྱེས༔ རིགས་ཉམས་རིགས་ངན་བུ་མོར་མ་སྐྱེས་ཤིང་༔ རིགས་མ་ཉམས་པ་རྒྱལ་པོའི་བུ་མོར་སྐྱེས༔ ད་ལྟ་ང་ཉིད་བུད་མེད་ལུས་གྱུར་ཀྱང་༔ རིགས་བཟང་འབྲས་ལེགས་ལོངས་སྤྱོད་ཆེ་བ་དང་༔ རྒྱལ་པོ་རྣམས་ཀྱིས་ཧབ་ཤ་བྱེད་པ་ཀུན༔ ཚེ་རབས་སྔ་མ་དམ་ཆོས་བྱས་ལས་བྱུང་༔ ད་རེས་འདི་ལ་ཆོས་ཤིག་མ་བྱས་ན༔ ཕྱི་མ་ཅི་འདྲའི་ལུས་ལེན་མི་ཤེས་ཤིང་༔ ཆོས་དང་ཕྲད་པའང་ཤིན་ཏུ་དཀའ་འོ་སྙམ༔ ལས་མཐའ་ལོག་པར་འཇུག་པའི་བྱ་བ་སྤངས༔ ལས་མཐའ་མ་ལོག་དམ་ཆོས་མཐར་ཕྱིན་བྱ༔ མ་བྱུང་ལྷ་ལྕམ་འདུན་མ་ཉེས་སོ་སྙམ༔ སྡུག་བསྔལ་ཕུན་སུམ་ཚོགས་པའི་དབུས་ཉིད་དུ༔ སྡིག་པ་སྒོས་ཁུར་བྱས་ནས་སྡོད་དགོས་ཏེ༔ བཞག་པར་འདོད་ཀྱང་དབང་མེད་འདུན་མ་ཐལ༔ བདག་པོ་ཇི་ལྟར་ཡོན་ཏན་ལྡན་གྱུར་ཀྱང་༔ ཚེ་གཅིག་སྡུག་རོགས་བ་ལང་གསེར་རྒྱན་ཅན༔ ང་ནི་ཇི་ལྟར་ཡོན་ཏན་ལྡན་གྱུར་ཀྱང་༔ འགག་ཀྱིའི་ཁྱི་མོ་ཚང་མ་རྒྱན་བཟང་མ༔ ཁ་དང་ལག་པ་སྐད་ཅིག་དལ་དུ་མེད༔ དོན་མེད་འཁྲུལ་པའི་ལས་ལ་ཡེངས་ཤིང་འཁྱོག༔ རང་དབང་ཡོད་དུས་ཆོས་ཤིག་བྱ་དགོས་སྙམ༔ ལྷ་ལྕམ་ཡབ་ཀྱི་དྲུང་དུ་ཕྱིན་ནས་སུ༔ འདི་ཕྱི་གཉིས་སྡུག་ཁྱིམ་ཐབ་ང་མི་བྱེད༔ བྱེད་དབང་བྱུང་ན་དམ་པའི་ཆོས་ཤིག་བྱེད༔ བྱེད་དབང་མ་བྱུང་ལུས་འདི་སྤངས་ནས་སུ༔ ཆོས་བྱར་ཡོད་པའི་ལུས་ཤིག་སྨོན་ལམ་འདེབས༔ དེ་སྐད་གསུངས་པས་རྒྱལ་པོ་མ་དགྱེས་ནས༔ ལྷ་ལྕམ་གཡོག་མོ་ལྔ་བརྒྱའི་དཀྱིལ་དུ་བཅུག༔ ཕོབྲང་ནང་ནས་ཕྱི་རུ་མ་བཏང་བྱས༔ གལ་ཏེ་འདི་ཉིད་ལྕེབས་སམ་བྲོས་པ་ན༔ གཡོག་མོ་ལྔ་བརྒྱ་གསོན་པོར་ཁྱིས་ཟར་འཇུག༔ ཅེས་པ་གཡོག་མོ་རྣམས་ལ་ངག་བཅུག་གོ༔ རྒྱལ་པོའི་ཡུལ་ལུགས་བཙུན་མོ་རེ་རེ་ཡི༔ ཕོ་བྲང་ཞག་རེ་མལ་རེ་སྡོད་པ་ལ༔ བཞེས་པ་འདྲེན་པ་གཟོབ་པའི་རེ་མོས་བྱེད༔ བཙུན་མོ་རྒན་པ་ཧའུ་ཀིའི་རེས་ལ༔ ཕྱོགས་ཀྱི་གཉེ་བོ་མངས་ནས་རྒྱ་རི་ཟད༔ བཞེས་པ་འདྲེན་པའི་སྤགས་ནི་མེད་པར་གྱུར༔ རྒྱ་རི་ཉོ་བར་གཞན་གཏོང་བློ་མ་ཁེལ༔ ལྷ་ལྕམ་ཚོང་དུས་རྒྱ་རི་ཉོ་རུ་བཏང་༔ ཆར་པ་ཆེས་ནས་ཚོང་དུས་མ་འཛོམས་པར༔ ལོག་ནས་འོངས་པའི་ལམ་ཀ་ཞིག་ཏུ་ནི༔ ཁྱེའུ་ལོ་བརྒྱད་པ་ཞིག་ཤི་ནས་འདུག༔ ཆར་པས་དག་ནས་སྐྱ་སྒང་འདུག་པ་དེ༔ ལྷ་ལྕམ་ཉྭ་བཞི་ཐམས་ཅད་ལེགས་པར་བྲེགས༔ སྣོད་དུ་བཅུག་ནས་ཕོ་བྲང་ནང་དུ་འོངས༔ བཙུན་མོའི་ངག་ནས་རྒྱ་རི་རྙེད་དམ་ཟེར༔ ལྷ་ལྕམ་རྙེད་སྨྲས་ཁྱོད་ཀྱིས་ཚོས་ཤིག་ཟེར༔ ལྷལྕམ་བཙོས་ཤིང་ཁུ་བ་ཡང་ཡང་ཕོ༔ སྤོད་ཀྱི་རིགས་བྱེད་མང་པོ་བཏབ་ནས་སུ༔ ཨ་མ་ཤ་ཚོས་བཞེས་པ་དྲོངས་ཤིག་གསོལ༔ རྒྱལ་པོར་བཙུན་མོས་བཞེས་པ་དྲངས་པ་ཡིས༔ བཞེས་པ་འཇུ་བར་གྱུར་པའི་དུས་སྐབས་ན༔ རྒྱལ་པོའི་ལུས་ལ་བདེ་བ་མེ་རུ་འབར༔ སྟན་གྱི་ཁ་ནས་འདོམ་གང་འཕགས་ནས་སུ༔ ནམ་མཁའི་དབྱིངས་ལ་བྱ་བཞིན་འཕུར་ལ་ཁད༔ དེ་ལྟར་བྱུང་བས་སྐྱེ་བདུན་ཤ་རུ་རིག༔ རྒྱལ་པོ་ལྐུགས་པས་མི་ལ་འབོད་པ་བཞིན༔ ང་རོའི་སྒྲ་ཡིས་ཧ་འུ་ཀི་ཞེས་བོས༔ རྒྱལ་པོའི་མདུན་དུ་བཙུན་མོ་ཤོག་ཟེར་ཕྱིན༔ ལག་པ་གཡོན་པས་བཙུན་མོའི་མཐོང་རྩ་བཟུང་༔ གཡས་པས་གྲི་བཟུང་རྩེ་ཆུང་བ་ལ་བཙུགས༔ མ་མགལ་ཁར་བརྫངས་སྣ་གོང་བཞིན་བསྙེར་ནས༔ ཁྱོད་ཀྱིས་ད་ནང་ང་ལ་དྲངས་པ་ཡི༔ ཤ་དེ་གང་བྱུང་འཆད་དམ་མི་འཆད་ཟེར༔ མི་འཆད་གྱུར་ན་ཁྱོད་ཉིད་གསོད་དོ་ཟེར༔ བཙུན་མོ་བྲེད་ཅིང་སྔངས་ནས་མ་བཟོད་དེ༔ ང་ལ་རྒྱུས་མེད་མནྡཱ་ར་བར་དྲིས༔ འབྲས་བསྐུར་ཚོང་དུས་ཉོ་རུ་བཏང་བ་ཡིན༔ དེ་སྐད་སྨྲས་པས་རྒྱལ་པོས་ཕྱག་བཏང་ནས༔ འོ་ན་མནྡཱ་ར་བ་ཁྲིད་ཤོག་གསུངས༔ བཙུན་མོ་ལྷ་ལྕམ་ཁྲིད་ནས་འོངས་པ་ཡིས༔ རྒྱལ་པོས་ཕྱག་གཡོན་ལྷ་ལྕམ་མཐོང་རྩ་བཟུང་༔ གཡས་པས་གྲི་བཟུང་རྩེའུ་ཆུང་ལ་བཙུགས༔ བདག་ལ་དྲངས་པའི་ཤ་དེ་གང་ནས་ཉོས༔ འཆད་དམ་མི་འཆད་མི་འཆད་གསོད་དོ་ཟེར༔ ལྷ་ལྕམ་བྲེད་སྔངས་བརྫུན་སྨྲ་མ་ཤེས་པར༔ ང་ལ་ཨ་མས་མཱཾ་ས་ཉོར་སོང་ཟེར༔ ཆར་པ་ཆེས་པས་ཚོང་དུས་མི་འདུག་ནས༔ ལོག་ནས་འོངས་པའི་ལམ་ཀ་ཞིག་ན་ནི༔ ཁྱེའུའི་རོ་ཞིག་ཆར་པས་དག་ནས་འདུག༔ རས་སྒྱེའི་འབྲས་ཕོ་ཉྭ་ཤ་བྲེགས་ནས་བཅུག༔ ཚོས་པར་བཙོས་ནས་ཆུ་ཕོ་སྤོད་བཏབ་དྲངས༔ ཤ་དུག་བྱུང་ངམ་ཅི་བྱུང་གསོལ་བ་དང་༔ འོ་ན་རོ་དེ་སྒོངས་པོ་ཁྱེར་ཤོག་གསུངས༔ ལྷ་ལྕམ་རོ་དེ་ཡོད་དམ་མེད་ན་སྙམ༔ བྱ་དང་གཅན་གཟན་ཟོས་སམ་མ་ཟོས་སམ༔ མགྱོགས་པར་མྱུར་དུ་ལུས་བཀོལ་ཕྱིན་པ་དང་༔ རོ་དེ་འདུག་པས་ལྷ་ལྕམ་ཁུར་ནས་འོངས༔ ཡབ་ཀྱི་དྲུང་དུ་བསྐྱལ་བས་ཡབ་ཉིད་མཉེས༔ རྐང་ལག་མགོ་ལུས་ཤ་ལྤགས་མ་ལུས་ཀུན༔ རྡོ་ཡིས་བཏགས་ནས་རིལ་བུ་དཔག་མེད་བྱས༔ རིན་ཅེན་སྣ་བདུན་སྒྲོམ་གྱི་ནང་དུ་བཅུག༔ ཁ་ལ་རིན་ཆེན་སྣ་བདུན་རྒྱས་བཏབ་ནས༔ དུར་ཁྲོད་དགའ་བའི་ཚལ་དུ་གཏེར་དུ་སྦས༔ མ་མོ་མཁའ་འགྲོ་རྣམས་ལ་གཉེར་བྱང་གཏད༔ མཁའ་འགྲོ་བདུད་འདུལ་མ་ལ་བྱ་ར་བཅོལ༔ དུས་མཚན་ཀོ་ཤ་དེ་ཡི་བཙས་སུ་བཞག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལྷ་ལྕམ་མནྡཱ་ར་བས་བྲམ་ཟེའི་སྐུ་ཤ་རྙེད་པའི་ལེའུ་སྟེ་སོ་བརྒྱད་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༣༩ ལྷ་ལྕམ་མནྡཱ་ར་བས་ཁྱིམ་སྤངས་ནས་ཆོས་མཛད་པ།

དེ་ནས་ལྷ་ལྕམ་མནྡཱ་ར་བ་ཡིས༔ ཕོ་བྲང་ནང་ནས་གསང་སྒོ་ཞིག་ལ་འཐོན༔ ཤར་ཕྱོགས་རྒྱང་གྲགས་གཅིག་སར་སླེབས་པ་དང་༔ གོས་ཕུད་ལུས་རྒྱན་ཐམས་ཅད་བཀྲོལ་ནས་ནི༔ སེམས་ཤོང་མ་ཁྱོད་འདི་ཁྱེར་ཕར་ལོག་གསུངས༔ བདག་གིས་ཁྱེད་བཞག་ལོག་པ་ག་ནས་ཕོད༔ ཅི་མཛད་བདག་ལ་སྨྲོས་ལ་ནང་དུ་གཤེགས༔ ནི་གུ་ས་ལས་བཞེངས་ཏེ་ཐལ་མོ་སྦྱར༔ ཕྱོགས་བཞི་མཚམས་བརྒྱད་ལྷ་ལ་ཕྱག་མང་བཙལ༔ སངས་རྒྱས་ཆོས་ལས་ཤེས་མི་ཆགས་སོ་གསུངས༔ ལུས་ཀྱི་རྒྱན་ཆ་རིན་ཅེན་མང་པོ་ཀུན༔ རྡོ་ཡིས་བརྡུངས་ནས་མདུན་གྱི་ནམ་མཁར་གཏོར༔ བདག་གི་བསམ་པ་ཆོས་བཞིན་བསྒྲུབ་ཏུ་གསོལ༔ བག་མའི་བར་དུ་གཅོད་པ་མ་གཏང་ཞིག༔ དེ་སྐད་བརྗོད་ནས་དར་ཟབ་ན་བཟའ་ཀུན༔ དུམ་བུར་གཏུབས་ཏེ་ཕྱོགས་བཞི་མཚམས་བརྒྱད་གཏོར༔ འདི་འདྲ་གྱོན་པའི་ལུས་སུ་མ་གྱུར་ཅིག༔ འཇིག་རྟེན་ཆོས་བརྒྱད་ཀུན་དང་བྲལ་བར་ཤོག༔ རང་གི་སྐྲ་ལོ་གཡས་འབྱིད་གཡོན་འབྱིད་བྱས༔ རྫ་མ་ཟངས་བཞིན་སྐྲ་ནི་ཅི་ཡང་མེད༔ གདོང་ལ་སྤར་ཤད་བྱས་ནས་ཉམས་སུ་བཅུག༔ སེམས་ཤོང་མ་ཡིས་ངུ་འབོད་དྲག་ཏུ་བཏོན༔ མི་ཡི་རྒྱལ་མོ་ཡུལ་སྲིད་འཛིན་པ་ཐོན༔ ཇི་ལྟ་བུ་བྱེད་འདི་འདྲའི་ལས་སྤྱོད་པ༔ བརྩེ་བ་ཀུན་གྱིས་གཟུང་བར་མཛོད་ཅིག་ན༔ འཛིན་འཆང་གྲོགས་འབོད་སྨྲེ་སྔགས་སྐད་ཆེན་བཏོན༔ ཡབ་ཡུམ་གཉིས་ལ་རུང་ངམ་ལྷ་ལྕམ་སོམས༔ ཞེས་སྨྲས་ལྷ་ལྕམ་སེམས་ཤོང་མར་སྨྲས་པ༔ ཕོ་སེམས་འགུལ་བའི་ལུས་འདི་མེད་ཀྱང་རུང་༔ ཆོས་ལ་བར་ཆད་མེད་པ་འགྲུབ་པར་ཤོག༔ ཅེས་སྨྲས་སློག་ཧྲུལ་དོར་བ་གོས་སུ་གྱོན༔ ཁྱིམ་གྱི་འཁྲི་བཅད་མི་གཙང་རྫས་བཞིན་དོར༔ ལུས་ངག་ཡིད་བསྡམས་སྨྲ་བ་བཅད་ནས་སུ༔ ཕོ་ཚོས་ཚལ་དུ་མཉམ་གཞག་སེམས་དབེན་བཅུག༔ སྐོམ་བྱུང་ཆུ་འཐུངས་ལྟོགས་ན་ས་ཟོས་སྡོད༔ དེ་སྐད་གསུངས་ནས་ལོག་ཏུ་མ་འདོད་དེ༔ སེམས་ཤོང་རབ་ཏུ་ངུ་ཞིང་ཁྱིམ་དུ་སོང་༔ ཕ་མ་གཉིས་ལ་སྐྱོ་ཤས་ཚིགས་སུ་བཅད༔ ཀྱེ་མ༔ ལྷ་ལྕམ་སྐུ་མདོག་མ་ཧེའི་མདོག་འདྲ་སྟེ༔ བཟང་པོའི་མཚན་གྱིས་སྐུ་ལུས་རབ་བརྒྱན་པ༔ དཔེ་བྱད་སྣ་ཚོགས་ལྡན་པའི་ཁྱུ་མཆོག་མ༔ བཻ་ཌཱུརྱ་ཡི་མདོག་ལྟར་རྣམ་པར་མཛེས༔ གསུང་དབྱངས་ངང་པའི་སྐད་ལྟར་དལ་ཞིང་སྙན༔ ཞེ་སྡང་རྩུབ་པའི་ཚིག་མེད་འཛུམ་དང་ལྡན༔ ཁོང་མི་ཁྲོ་ཞིང་སྲོག་ཆགས་སྙིང་རྗེས་སྐྱོང་༔ ཁོལ་པོ་ཁོལ་མོ་སུ་འཁོར་མ་ལྟར་བྱམས༔ ཨུ་དུམྺཱ་རའི་མེ་ཏོག་དེ་འདྲ་བ༔ ཕྱོགས་ཀྱི་རྒྱལ་པོས་ཐོབ་ཤ་བྱས་པ་ཡིས༔ ཕོ་བྲང་ནང་དུ་མི་བཞུགས་ཆོས་ལ་བྲོས༔ ལྷ་ལྕམ་དེ་ཡི་རྣམ་ཐར་དེ་འདྲའོ༔ ང་ཡིས་ཇི་ལྟར་བྱས་ཀྱང་གྲོས་མ་ཐེབས༔ ཞེས་སྨྲས་མཆི་མ་མང་དུ་གཟགས་པར་གྱུར༔ དེ་ནས་རྒྱལ་པོ་ཕོ་བྲང་ནང་ནས་ཐོན༔ རྒྱལ་པོ་བཙུན་མོ་ལྷ་ལྕམ་འཚོལ་ཞིང་འདྲི༔ སེམས་ཤོང་མ་ནི་དབུགས་བརྣངས་མཆི་མ་ཕྱིས༔ རྗེ་གཅིག་མི་དབང་རྒྱལ་པོ་གསན་མཛོད་དང་༔ བུ་མོ་ཀུན་གྱི་ཁྱུ་མཆོག་ལྷ་མོ་དེ༔ ཕོ་བྲང་ནང་དུ་མ་འཁྱོམ་ཕྱི་རོལ་གཤེགས༔ ཕོ་ཚོས་ཚལ་དུ་རང་གི་ལུས་སྨ་ཕབ༔ རྒྱན་རྣམས་ངར་བྱིན་སེམས་ཤོང་ལོག་ཅིག་གསུངས༔ ང་ཡིས་བརྒྱུགས་དང་བྱས་ཀྱང་འོང་མཁན་མེད༔ ལྷ་གཅིག་དམ་པ་མནྡཱ་ར་བ་དེ༔ ལུས་ལ་གོས་མེད་དམན་པའི་ཆས་སུ་ཞུགས༔ སྐོམ་དུ་ཆུ་འཐུང་ཟས་སུ་ས་ཟ་ཞིང་༔ བསྒུལ་བསྐྱོད་མི་བྱེད་ཕྱེད་སྐྱིལ་ས་ལ་འབྱར༔ ཞུས་ཀྱང་ལན་མེད་བེམ་པོའི་མདུན་ཕྱིན་འདྲ༔ དེ་སྐད་གསོལ་བས་རྒྱལ་པོ་གཏུམ་ཞིང་ཁྲོས༔ ཆོས་མགོ་མི་ཐོན་དཔེ་ནི་མང་དུ་བགྲངས༔ བུ་མོ་འདོད་ལ་ཁ་ཟས་ནོར་ཚིམ་ཕྱིན༔ རྒྱལ་པོ་རྣམས་ལ་གོ་བརྡའི་ཤོག་འཕྲིན་བསྐུར༔ གཉེ་པོ་རྣམས་ཀྱིས་ཆོས་བྱེད་བྱར་ཡོད་པ༔ ཁྱིམ་ཐབ་བྱར་དབང་མེད་པའི་གཙིགས་ཀ་བསྡམས༔ རང་རང་ཡུལ་ལ་ནོར་ཁྱེར་ལོག་པར་གྱུར༔ དེ་ནས་རྒྱལ་པོ་གཙུག་ལག་འཛིན་གྱིས་ནི༔ རྒྱལ་པོ་གོ་མ་དེ་བྱི་བྱ་བའི་སྲས༔ མཁན་པོ་ཞི་བ་འཚོ་ཞེས་བྱ་བ་ལ༔ ལྷ་ལྕམ་སྡོམ་པ་ལེན་བཅུག་བཀུར་སྟི་བྱས༔ བུ་མོ་ཆོས་མགོ་ཐོན་པར་བྱ་བའི་ཕྱིར༔ ཁོལ་མོལྔ་བརྒྱ་པོ་ཡང་ཆོས་སྒོར་བཅུག༔ ལྷ་ལྕམ་དཔོན་གཡོག་ཕོ་བྲང་ལོགས་ཤིག་བཞག༔ རྒྱལ་བློན་དམངས་དང་བཅས་པས་བཀུར་སྟི་བྱེད༔ སྔ་དྲོའི་དུས་སུ་སེམས་ཞི་བསམ་གཏན་བསྒོམས༔ ཕྱི་དྲོའི་དུས་སུ་ལྷོ་ཕྱོགས་སྔོ་ཞིང་འཇམ༔ མཐིང་གར་འདུག་པ་སྤང་གི་ངོས་ལོགས་ལ༔ མེ་ཏོག་དྲི་ཞིམ་སྣ་ཚོགས་རབ་བརྒྱན་པའི༔ ཕྱོགས་ལྗོངས་རྒྱུ་ཞིང་ཕྱི་ལ་སྐུ་འཆག་འགྲོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལྷ་ལྕམ་མནྡཱ་ར་བས་ཁྱིམ་ཐབ་སྤངས་ནས་ཆོས་མཛད་པའི་ལེའུ་སྟེ་སོ་དགུ་པའོ༔

 

པདྨ་བཀའ་ཐང་ལེའུ་ ༤༠ ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པ།

 

དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ མནྡཱ་ར་བ་དཔོན་གཡོག་གདུལ་བྱར་གཟིགས༔ ཉི་མ་སྤྲིན་ཆར་འདྲེས་པའི་འཇའ་འགྱུས་བཞིན༔ ཨུ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་ནས༔ ཟ་ཧོར་ཡུལ་དུ་ནམ་མཁའི་དབྱིངས་ལ་བྱོན༔ སྤྲེའུ་ལོ་ཕག་གི་ཟླ་བའི་ཚེས་བཅུའི་ཉིན༔ ལྷ་ལྕམ་དཔོན་གཡོག་སྐྱོ་བསང་བྱེད་པའི་གནས༔ སྐྱེད་མོས་ཚལ་གྱི་བར་སྣང་སྐྱིལ་ཀྲུང་བཅས༔ འཇའ་འོད་ཟེར་ཁྱིམ་གཟི་མདངས་འོད་དུ་འབར༔ ཞི་བའི་གཟུགས་མཐོང་ལོ་བརྒྱད་རྣམ་པ་ཅན༔ ཤིན་ཏུ་འཛུམ་ཞིང་བརྡ་ཆོས་མང་དུ་མཛད༔ ལྷ་ལྕམ་སྐུ་དེ་མཐོང་བ་ཙམ་གྱིས་ནི༔ དད་པའི་ཡུས་ཀྱིས་དྲན་མེད་ས་ལ་འགྱེལ༔ པདྨའི་ཐུགས་རྗེ་ལྷ་ལྕམ་ཉིད་ལ་ཤར༔ དགུག་པའི་ཕོ་ཉས་སྒོ་གསུམ་དབང་དུ་བསྡུས༔ རབ་ཏུ་དགའ་བས་ལྷ་ལྕམ་དྲན་པ་རྙེད༔ ཁོལ་མོ་ལ་ལ་གདན་ཁྲི་བཤམ་དུ་བཅུག༔ ཁོལ་མོ་ལ་ལ་བྱ་ར་བ་ལ་བསྐོས༔ ཁོལ་མོ་ལ་ལ་སྲང་ཀ་ཉུལ་དུ་བཅུག༔ རྒྱལ་བའི་སྲས་དེ་ས་ལ་ཕེབས་པར་གྱུར༔ བདེ་བར་གྱུར་ཅིང་ཚིམ་པའི་མནྡཱ་རས༔ ཕོ་བྲང་ནང་དུ་གཤེགས་པར་ཚིགས་སུ་བཅད༔ ཨེ་མ་ཧོ༔ རྒྱལ་བ་སངས་རྒྱས་ཐུགས་སྲས་གཙུག་གི་ནོར༔ རང་དོན་རྫོགས་སངས་རྒྱས་ནས་གཞན་དོན་དུ༔ སྙིང་རྗེའི་ལྕགས་ཀྱུས་འགྲོ་བ་ཡོངས་ལ་འཛིན༔ བྱམས་པའི་གསོ་དཔྱད་སེམས་ཅན་ཡོངས་ལ་མཛད༔ དགའ་བའི་གཟི་མདངས་ཀྱིས་ནི་བདག་ལ་བསྟན༔ བཏང་སྙོམས་གྲུ་ལ་དགྲ་གཉེན་མེད་པར་སྒྲོལ༔ དམུས་ལོང་སེམས་ཅན་ཀུན་གྱི་སྐྱབས་གཅིག་པུ༔ ཕོ་བྲང་ནང་དུ་ཆོས་གསུང་བཞུགས་པར་ཞུ༔ དེ་ནས་ཕོ་བྲང་ནང་དུ་སྤྱན་དྲངས་ཏེ༔ མཛེས་མཐོ་རཏྣའི་ཁྲི་བཤམས་བཞུགས་སུ་གསོལ༔ སྒོ་བ་བཙུགས་ནས་ནང་དུ་མི་མི་གཏོང་༔ འདོད་ཡོན་བཟའ་བཏུང་མང་པོའི་ཚོགས་འཁོར་བཤམས༔ གསེར་དངུལ་མུ་ཏིག་རིན་ཅེན་རིགས་བྱེད་དང་༔ དར་ཟབ་རས་དང་ཐགས་སུ་བཏགས་པའི་རིགས༔ སྐུ་ལ་མཛེས་པ་ཞལ་དུ་བདའ་བ་ཕུལ༔ ལྷ་ལྕམ་དམའ་བའི་ས་ལ་འདུག་ནས་སུ༔ ཞེ་སར་བཅས་པའི་ཡིད་འཇུག་རྣམ་འགྱུར་བསྟན༔ གུས་པའི་ཕྱག་བཙལ་སྙན་པའི་ངག་གིས་ཞུས༔ དུས་གསུམ་སངས་རྒྱས་ཞལ་སྐྱིན་མཆོག་དངོས་ཀྱི༔ འཁྲུངས་ཡུལ་གང་ལགས་མཚན་ནི་ཇི་ལྟ་བུ༔ རིགས་ནི་གང་ལགས་ཡབ་ཡུམ་ཇི་ལྟ་བུ༔ བཀའ་མཆིད་དམ་པ་བདུད་རྩི་གསུང་དུ་གསོལ༔ རྒྱལ་བས་དགེ་སློང་མ་ལ་བཀའ་སྩལ་པ༔ བསྐྱེད་པའི་ཡབ་མེད་ཆོས་དབྱིངས་སྟོང་པ་ཉིད༔ བལྟམས་པའི་ཡུམ་མེད་ཤེས་རབ་སྟོང་པའི་ངང་༔ མི་ལ་མཆོག་སྩོལ་སྲིད་བཅིངས་གྲོལ་བའི་རིགས༔ ང་ནི་བདེ་བའི་དངོས་གྲུབ་ཅེས་བྱའོ༔ སངས་རྒྱས་འདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོན༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་བས་རྨད་པོ་ཆེ༔ བསྐྱེད་པའི་ཡབ་བརྒྱད་བལྟམས་པའི་ཡུམ་བརྒྱད་དང་༔ བྱོན་པའི་ཡུལ་བརྒྱད་བཞུགས་པའི་གནས་བརྒྱད་དང་༔ དེ་བཞིན་སྒྲུབ་པ་མཛད་པའི་དུར་ཁྲོད་བརྒྱད༔ གུ་རུ་མཚན་བརྒྱད་རྣམ་ཤེས་ཚོགས་བརྒྱད་དག༔ བླ་མ་རྡོ་རྗེ་སློབ་དཔོན་ཆས་བརྒྱད་དང་༔ སྒྱུ་འཕྲུལ་སྡེ་བརྒྱད་དཔལ་གྱི་ཆས་བརྒྱད་དང་༔ སྒྲུབ་པ་བཀའ་བརྒྱད་དུར་ཁྲོད་ཆས་བརྒྱད་དང་༔ སྦྱོར་བ་སྒྲོལ་བ་ཚར་ཕྱིན་གྲུབ་ཆེན་བརྒྱད༔ བསྟེན་པའི་རུ་བརྒྱད་མཛད་པའི་འཕྲིན་ལས་བརྒྱད༔ འདས་པའི་མཚན་བརྒྱད་མ་འོངས་མཚན་བརྒྱད་དེ༔ མ་ངེས་མཚན་བརྒྱད་ད་ལྟའི་མཚན་བརྒྱད་ལས༔ ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རབ་རྫོགས་པ༔ སྲས་ཀྱི་མཆོག་གྱུར་སྤྲུལ་པ་བསམ་མི་ཁྱབ༔ འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བཙུགས༔ ཞེས་གསུངས་ལྷ་ལྕམ་རབ་ཏུ་དགྱེས་པར་གྱུར༔ ཡོ་ག་རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར༔ ཆོས་ཀྱི་ཆར་ཕབ་བདེ་ཞིང་སྐྱིད་པ་ལ༔ འཇིག་རྟེན་ཁྱིམ་པོ་ཆེ་ཡི་ནང་ཞིག་ན༔ ལས་མ་དག་པའི་བ་ལང་རྫི་བོ་ཞིག༔ བ་ལང་ཚོལ་ཕྱིན་མ་རྙེད་ལོག་པ་དང་༔ རྒྱལ་བ་དང་པོ་ས་ལ་ཕེབས་པ་མཐོང་༔ བར་དུ་ལྷ་ལྕམ་ཕོ་བྲང་སྤྱན་དྲངས་མཐོང་༔ ཐ་མ་ཉན་དུ་བྱས་པས་ཕོ་སྐད་ཐོས༔ དེ་དུས་ཟ་ཧོར་རྒྱལ་ཁམས་ཐམས་ཅད་ནི༔ ལྷ་ལྕམ་མནྡཱ་ར་བར་མངོན་པར་བསྟོད༔ ཕོ་མོ་ཐམས་ཅད་ཡིད་སྨོན་བྱེད་པ་ལ༔ རྫི་བོས་ཁྱིམ་པོ་ཆེ་ཡི་གོ་རུ་གླེངས༔ ཆོས་དང་ཅིའི་ཆོས་དགེ་སྦྱོང་འཁྱམ་པོ་བསྡེབས༔ ཆོས་མ་ཡིན་པའི་སྤྱོད་པ་བྱེད་དོ་ཟེར༔ ནང་པར་བྱིས་པས་ཉི་རའི་ཁྲོད་དུ་གླེངས༔ གཅིག་གླེངས་གཉིས་གླེངས་ཡུལ་གྱི་གཙོ་བོས་གླེངས༔ ཕྱི་བློན་ནང་བློན་བཙུན་མོས་རིམ་པར་གླེངས༔ བཙུན་མོ་གཞོན་པས་རྒྱལ་པོའི་སྙན་དུ་སྨྲས༔ རྒྱལ་པོས་འདི་ནི་ཅི་ཟེར་སྨྱོའམ་གསུངས༔ བུད་མེད་ཁ་ནི་མི་དགེའི་བང་མཛོད་ཡིན༔ ཤབ་ཤུབ་མང་པོ་བུད་མེད་འདྲེ་དང་མཚུངས་༔ དང་པོ་གཏམ་དེ་སུས་ཟེར་ཁྲིད་ཤོག་གསུངས༔ བཙུན་མོས་ནང་བློན་རྒྱལ་པོའི་དྲུང་དུ་ཁྲིད༔ ནང་བློན་ཕྱི་བློན་རིམ་པར་གཙོ་བོ་དང་༔ གཙོ་བོ་རྣམས་ཀྱིས་དམངས་རྣམས་བསགས་ནས་སུ༔ ལྷལྕམ་མེ་ཏོག་མནྡཱ་ར་བ་ལ༔ ཟླ་བོ་དགེ་སྦྱོང་ཞིག་འདུག་ཟེར་བ་དེ༔ ཕོ་ཡིས་མཐོང་ན་བློན་པོའི་དྲག་ཤོས་འཆོལ༔ མོ་ཡིས་མཐོང་ན་བཙུན་མོའི་དྲག་ཤོས་འཆོལ༔ མིག་མཐོང་ལག་ཟིན་སུ་ཡོད་སྨྲོས་ཤིག་ཟེར༔ སྐད་པོ་ཆེ་ཡི་སྐད་ཀྱིས་ང་རོ་བསྒྲགས༔ ཉི་མ་དུ་ཤར་བྱས་ཀྱང་མཐོང་མ་བྱུང་༔ གྲགས་པ་ངན་པས་ས་སྟེང་ཁྱབ་པར་གྱུར༔ དེ་དུས་བློན་པོ་རྣམས་ཀྱིས་གཙོ་བོ་བཟུང་༔ རྒྱལ་པོའི་མདུན་དུ་དེ་དག་གཏུགས་པར་གྱུར༔ རྒྱལ་པོའི་ཞལ་ནས་དྲན་ཚད་སྨྲ་རྒྱུ་མིན༔ གཏམ་འདི་ཁམ་ཆེས་བུ་མོ་འདོད་མཁན་མང་༔ རྒྱལ་པོ་རྣམས་དང་ལབ་དགོས་སོ་མི་བསོད༔ དམ་པོར་ཆིངས་ལ་ཁྲི་མུན་ནང་ཆུག་གསུངས༔ རྒྱལ་པོས་ལྷ་ལྕམ་ཡོད་པའི་ཕོ་བྲང་ཕྱིན༔ ནང་ཀུན་ལེགས་པར་ཉུལ་བས་མ་མཐོང་སྟེ༔ དེ་ན་རྒྱལ་པོས་ཕོ་བྲང་ཕྱི་རུ་བྱོན༔ བློན་རྣམས་དུས་གཅིག་ཁྲིམས་རྔ་རྡུངས་ཤིག་གསུངས༔ ཟ་ཧོར་མི་ནི་ཆེ་ཆུང་མེད་པར་བསྡུས༔ ནོར་གྱི་བང་མཛོད་གཅིག་བཏིབ་ཁྲོམ་དཀྱིལ་སྤུངས༔ སྐད་པོ་ཆེ་ཡི་སྐད་གྱི་ང་རོ་བསྒྲགས༔ ལྷ་ལྕམ་ཁྱིམ་སྤངས་ལྷ་ཆོས་བྱས་པ་ལ༔ གྲོགས་པོ་དགེ་སྦྱོང་འདུག་ཟེར་སུ་ཡིས་མཐོང་༔ ངས་མཐོང་སྨྲོས་ཤིག་སྤུངས་པའི་ནོར་འདི་སྟེར༔ ཉི་མ་དུ་ཤར་བྱས་ཀྱང་མ་བྱུང་སྟེ༔ མཐའ་ཡི་རྒྱལ་པོ་རྣམས་ཀྱི་གཏམ་རྩོད་པ༔ རྒྱ་གར་རྒྱལ་པོའི་བྲམ་ཟེ་མི་བདུན་བྱུང་༔ རྒྱ་ནག་རྒྱལ་པོའི་གཙུག་ལག་མི་ལྔ་བྱུང་༔ བྷངྒའི་རྒྱལ་པོའི་ཙར་མི་བཅུ་བྱུང་༔ བཻདྡྷའི་རྒྱལ་པོའི་བློན་པོ་མི་གསུམ་བྱུང་༔ ཨུ་རྒྱན་རྒྱལ་པོའི་གར་མཁན་མི་བརྒྱད་བྱུང་༔ ཁ་ཆེའི་རྒྱལ་པོའི་ཚོང་བ་བརྡལ་ཅིག་བྱུང་༔ ལི་ཡི་རྒྱལ་པོའི་མུ་ཏོ་ཁྱུ་ཞིག་བྱུང་༔ སྟག་གཟིགས་རྒྱལ་པོའི་རོལ་མཁན་གྲ་ཞིག་བྱུང་༔ གེ་སར་རྒྱལ་པོའི་རྣལ་འབྱོར་མི་གསུམ་བྱུང་༔ ཞང་ཞུང་རྒྱལ་པོའི་བོན་པོ་མི་གཉིས་བྱུང་༔ རྒན་དང་གཞོན་དང་བྱིས་པ་ཡན་ཆད་ལ༔ ཐམས་ཅད་ལྷ་ལྕམ་མནྡཱ་ར་བ་འདྲི༔ དེ་ནས་གཙོ་བོ་ཞིག་གི་ཆུང་མ་ཡིས༔ བ་ལང་རྫི་བོ་དེ་ཡི་མགོ་བསྐོར་ནས༔ ཁྱོད་ཀྱི་བ་ལང་འཚོ་བའི་ཚབ་མ་གཏོང་༔ ཚོགས་པའི་གསེབ་ཏུ་ཁྱོད་ཀྱིས་མཐོང་ཟེར་དགོས༔

གཙོ་བོའི་ཆུང་མ་ཐམས་ཅད་ལྷན་ཅིག་འདུས༔ རྫི་བོ་དེ་ལ་ཀ་ཅས་ཚིམ་པར་བྱས༔ བ་ལང་རྫི་བོས་དམར་ནག་ཁྲོམ་དཀྱིལ་ཕྱིན༔ སྐད་པོ་ཆེ་ཡི་སྐད་བཏོན་ཕྱི་མ་ལ༔ ཚོགས་པའི་དཀྱིལ་ནས་མི་ཞིག་ལངས་བྱུང་སྟེ༔ དེ་ཡང་མཚན་མི་སྡུག་པ་དགུ་ཡིས་བརྒྱན༔ མགོ་ཆེ་རྐུབ་འབུར་ཤ་རྩུབ་ལྦ་རི་འདྲ༔ ཁ་ཆེ་སྣ་ཉག་མིག་ཕུགས་ཤིན་ཏུ་རིང་༔ མདོག་ནག་མདུན་གྱི་ཡ་སོ་གཅིག་དོན་པ༔ དེས་ནི་ངས་མཐོང་ནང་དུ་ལྟོས་དང་ཟེར༔ མི་དེ་ཟས་ནོར་མདུན་དུ་བཟུང་ནས་སུ༔ རྒྱལ་པོས་བློན་པོ་སོང་ལ་ལྟོས་ཤོག་གསུངས༔ བཙུན་མོ་ངས་ལྟའི་ཟེར་ནས་སྔོན་ལ་སོང་༔ གཡོག་མོས་སྒོ་བསྡམས་ནང་དུ་མ་བཏང་ནས༔ བཙུན་མོ་བདེན་ངེས་བསམས་ནས་བརྒྱལ་བར་གྱུར༔ བློན་པོས་རྒྱལ་པོའི་སྙན་དུ་དེ་སྐད་སྨྲས༔ རྒྱལ་པོའི་ཞལ་ནས་བཙུན་མོར་ཆུ་རྒྱོབ་ལ༔ ཕོ་བྲང་ནང་སྐྱོལ་སྒོ་དེ་སྟྭ་རེས་གསེས༔ དགེ་སྦྱོང་ཟུང་ལ་འདི་རུ་ཁྲིད་ཤོག་གསུངས༔ དེ་ནས་བློན་པོས་སྒོ་གསེས་ནང་དུ་ཕྱིན༔ ཆོས་སྟན་མཐོ་བར་རཏྣའི་ཁྲི་ཐོག་ན༔ སྐུ་ཟིལ་མེ་ལོང་ཉི་མ་ཕོག་པ་ལྟར༔ ལྟ་བས་མི་བཟོད་གཟི་མདངས་འོད་དུ་འབར༔ ཚངས་པའི་གསུང་ནི་ཆོས་སུ་ལྷང་ལྷང་སྒྲོགས༔ ལྷ་ལྕམ་དཔོན་གཡོག་ཐལ་སྦྱར་མཆི་མ་ཕྱུང་༔ བློན་པོ་རྣམས་ཀྱིས་འཇུ་བར་མ་ཕོད་ནས༔ སླར་ཡང་རྒྱལ་པོའི་སྙན་དུ་ཞུས་པ་ཡིས༔ མཐའ་མི་དགེ་སྦྱོང་དེ་ནི་ཡ་མཚན་ཏེ༔ རྣམ་ཐོས་བུའམ་ཚངས་པའི་བུ་ཞིག་ཡིན༔ ལྷ་ལྕམ་བླ་མ་ཡིན་འདྲ་འཇུ་མ་སྤོབས༔ དེ་སྐད་གསོལ་བས་རྒྱལ་པོ་སྤར་གྱིས་འཕར༔ མཐའ་མིས་ང་ཡི་བུ་མོའི་སྨ་འབེབས་པ༔ རིགས་ཉམས་དགེ་སྦྱོང་དེ་ནི་ལེགས་པར་ཆིངས༔ ཏ་ལ་ཏིལ་མར་ཁྲལ་བསྡུས་གསོན་སྲེགས་གྱིས༔ ལྷ་ལྕམ་ཁྱིམ་ལ་བཏང་དུས་མི་འགྲོ་བར༔ ད་ནི་མཐའ་མི་འཁྱམ་པོ་ཞིག་དང་བསྡེབས༔ ས་ལ་དོང་བྲུས་ཚེར་མའི་སྟན་གོས་པར༔ མི་ལོ་ཉི་ཤུ་རྩ་ལྔའི་བར་དུ་ཞོག༔ ཐོག་ཕུབ་ནམ་མཁའ་སྔོ་ཙམ་མི་མཐོང་གྱིས༔ གཡོག་གཉིས་ཉི་མའི་མདངས་མི་མཐོང་བར་ཆུག༔ ཁོལ་མོ་ལྔ་བརྒྱ་ཐེམ་པའི་ཕྱིར་མ་བཏང་༔ སྐྱེས་པའི་སྐད་མི་ཐོས་པའི་ཕུགས་སུ་ཆུག༔ དེ་སྐད་གསུངས་ནས་རྒྱལ་པོ་ཕོ་བྲང་གཤེགས༔ གཙོ་བོ་ཁྲི་མུན་ནང་ནས་ཕྱི་ལ་ཐོན༔ ཤིག་སྲོ་གྲ་རྒྱས་ཤ་ལྤགས་རུས་མིག་ཐིམ༔ ཆུང་མ་རྣམས་དང་ལྷན་ཅིག་འདུས་པར་གྱུར༔ ཟས་ཆང་སྣ་ལེན་དགའ་བའི་སེམས་གཏིང་སྟོན༔ དེ་ནས་གཙོ་བོས་ཕྱོགས་ཀྱི་དམག་དཔོན་ལ༔ ཕོ་ཉ་བཏང་ནས་དགེ་སྦྱོང་སྟེང་དུ་ཕབ༔ ཕྱི་ནང་བློན་པོ་གཙོ་བོར་བཅས་པ་ཡིས༔ ལ་ལས་དོང་བྲུས་ལ་ལས་ཚེར་མ་བཅད༔ ལྷ་ལྕམ་ཡོད་པའི་ཕྲོ་བྲང་ཕྱིན་པར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ་སྟེ་བཞི་བཅུ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༡ ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པའི་ལེའུ།

 

དེ་ནས་གཙོ་བོ་རྣམས་ཀྱིས་ཁྲིམས་བསྲངས་པ༔ དགེ་སྦྱོང་ཁྱོད་ཀྱིས་ལྷ་ལྕམ་ལུས་བསླད་པས༔ ཉེས་མེད་གཙོ་བོ་རྒྱལ་པོའི་ཆད་པས་མནར༔ ལྷ་ལྕམ་ཁྱིམ་དུ་མ་ཕྱིན་བྱ་བ་འདིས༔ རྒྱལ་རིགས་ཉམས་བཅུག་ཉེས་མེད་ཁྲིམས་ལ་གཏུགས༔ དེ་སྐད་སྨྲས་པས་ལྷ་ལྕམ་ཞལ་ན་རེ༔ རྒྱལ་པོའི་སྲས་འདི་ང་ཡི་བླ་མ་ཡིན༔ ལྷ་ལྕམ་འཇིག་རྟེན་སྐྱོན་གྱིས་གོས་པ་མེད༔ སྨྲས་ཀྱང་མ་ཕན་སློབ་དཔོན་སྟེང་དུ་ཤོར༔ ལ་ལས་གོས་ཕུད་ལ་ལས་ཕྱག་ཞབས་བཟུང་༔ ལྷ་ལྕམ་ཁོ་མོའི་སྙིང་འདི་གས་ལ་ཐུག༔ ལུས་འདི་མི་བཟད་རབ་ཏུ་གཟིར་གྱུར་ཏེ༔ མྱ་ངན་ཉམ་ཐགས་མཆི་མས་མིག་གཉིས་གཟིར༔ ཕན་གྲོགས་ནུས་པ་ཅུང་ཟད་ཙམ་ཡང་མེད༔ སློབ་དཔོན་ཕྱག་གཉིས་རྒྱབ་ཏུ་དམ་པར་བཅིངས༔ མགུལ་ལ་གསོ་མ་ར་ཙའི་ཐག་པ་བཏགས༔ ཀྱེ་མ་ཀྱི་ཧུད་མི་ཡིས་ཕོད་པ་ན༔ སྔོན་ཁྲིད་བརྡེག་འཕུལ་རྟ་པའི་འཕྲང་ལ་བཅུག༔ ལུང་པའི་སུམ་མདོ་ཐང་སྟོང་ཞིག་ཏུ་བཞག༔ ཤིང་གི་ནང་ནས་རབ་ཏུ་ཚ་བའི་ཤིང་༔ ཏ་ལའི་ལོ་མ་དེའུ་ཙམ་ཞིག་བརྩིགས༔ དེ་ལ་ཏིལ་གྱི་མར་ཁུས་ངར་བཏགས་ནས༔ ཙནྡན་ཁུར་རེ་ཏིལ་མར་བྲེ་རེ་བསྡུས༔ དེ་ཉིད་རྒྱལ་བའི་སྐུ་ལ་དམ་དུ་བཅིངས༔ དེ་ཡི་དཀྱིལ་བཅུག་ཕྱོགས་བཞིར་མེ་བཏང་ནས༔ གཡབ་མོ་བརྡུལ་བས་ལུང་པར་དུད་སྤྲིན་འཚུབས༔ བློན་པོ་རྣམས་ནི་གནས་ལ་ལོག་པ་དང་༔ དེ་དུས་སྒྲ་དང་ས་གཡོས་ཆེན་པོ་བྱུང་༔ ནམ་མཁའི་ལྷ་རྣམས་སེམས་ཀྱིས་མ་བཟོད་དེ༔ ཆོང་བརྒྱངས་བཏོན་པས་འདོད་ལྷ་ཀུན་གྱིས་ཐོས༔ རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་ནས༔ འཐབ་བྲལ་མན་ཆོད་ཐོས་ནས་ར་མདར་འོངས༔ འོག་མིན་གནས་དང་བཀོད་པ་ལྷུན་གྲུབ་ནས༔ བདེ་བར་གཤེགས་པ་སྐར་ཚོགས་བཞིན་དུ་འཁྲིགས༔ མཁའ་འགྲོ་མ་རྣམས་ཀུ་ཅོ་ཅལ་ཅོལ་སྨྲེང་༔ ལ་ལས་ཆུ་སྐྱེལ་ལ་ལས་ཆུ་བརྒྱབ་ཅིང་༔ ལ་ལས་ཤིང་སྡུད་ལ་ལས་བཅིངས་པ་འགྲོལ༔ ལ་ལས་ཆར་འབེབས་ལ་ལས་རྫིང་བུ་བསྐྱིལ༔ ཞག་བདུན་བར་དུ་དུད་པ་མ་ཆད་པས༔ སྔར་བསྲེགས་ཞག་གསུམ་དུད་པ་ཆད་པ་ལ༔ ད་རེས་ཞག་བདུན་དུད་པ་མ་ཆད་སྙམ༔ རྟ་དང་གླང་པོ་འགྲོ་བའི་ཆས་གྱིས་གསུངས༔ རྒྱལ་པོས་ཡིད་མ་ཆེས་པར་ལྟ་རུ་ཕྱིན༔ ས་ཕྱོགས་དེ་ཉིད་ཆུ་ཡི་རྒྱ་མཚོར་གྱུར༔ རྒྱ་མཚོའི་མཐའ་མ་མེ་འོབས་ཆེན་པོས་བསྐོར༔ མེ་ལྕེ་ཐམས་ཅད་ཕྱི་ལ་འབར་བར་བྱས༔ རྒྱ་མཚོའི་དཀྱིལ་ན་པདྨའི་སྡོང་པོ་སྐྱེས༔ པད་སྡོང་སྟེང་ན་ཁྱེའུ་ལོ་བརྒྱད་པ༔ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲ༔

སྐུ་ནི་གྲང་གྲང་བསིལ་བསིལ་ལྟར་དུ་འདུག༔ ཐོ་ཕྱི་ཐམས་ཅད་འཇའ་དང་འོད་ཀྱིས་བསྐོར༔ ལྷ་ལྕམ་འདྲ་བའི་བུ་མོ་བརྒྱ་ཡིས་བསྟོད༔ མདངས་ནི་ཡལ་ཡལ་བྱིན་ནི་ཐིབས་ཐིབ་འདུག༔ ཡིད་མ་ཆེས་པར་ཕྱོགས་བཞིར་ཕྱིན་ནས་བལྟས༔ གང་ནས་བལྟས་ཀྱང་དེ་ལྟར་འདུག་པ་དང་༔ རྒྱལ་པོ་མིག་ནི་འཁྲུལ་པ་ཡིན་ནམ་སྙམ༔ མིག་ནི་ཕྱིས་ཤིང་ཡང་ཡང་བལྟས་པ་ཡིས༔ ཁྱེའུའི་ཞལ་ནས་རྒྱལ་པོར་འདི་སྐད་གསུངས༔ དུས་གསུམ་སངས་རྒྱས་ངོ་བོ་བླ་མ་ལ༔ གསོན་སྲེག་བྱེད་པའི་སྡིག་རྒྱལ་བྱོན་ལགས་སམ༔ འཇིག་རྟེན་སླུ་བྱེད་ཆོས་ལ་རབ་ཆགས་ནས༔ དོན་མེད་ཁྲིམས་འཇུག་སྡིག་རྒྱལ་བྱོན་ལགས་སམ༔ མ་རིག་རྩ་བ་ཉོན་མོངས་དུག་ལྔ་ལ༔ འཕྲལ་ཕུགས་གནས་པའི་སྡིག་རྒྱལ་བྱོན་ལགས་སམ༔ འདུན་མའི་རྩ་བ་སེམས་ཅན་མགུ་བྱེད་ལ༔ མི་དགེས་རྒྱགས་པའི་རྒྱལ་བློན་བྱོན་ལགས་སམ༔ དེ་སྐད་གསུངས་པས་རྒྱལ་པོ་ས་ལ་འགྱེལ༔ ཕ་ངས་འདི་འདྲ་བྱེད་པ་དྲན་པ་ཟེར༔ ལག་གཉིས་བྲང་ལ་དྲག་ཏུ་བསྣུན་བྱེད་ཅིང་༔ བྱེ་ཚན་ཐང་ལ་བཏོན་པའི་ཉ་བཞིན་དུ༔ མགོ་ལུས་ས་ལ་རྡེབ་ཅིང་འགྲེ་ལྡོག་བྱེད༔ ང་འདྲ་ཡོད་པ་ཟེར་ཞིང་ཆོ་ངེ་འདེབས༔ བློན་པོས་རྒྱལ་འཛིན་ཁྱེའུ་ལྟ་ཞིང་དུ༔ མི་རྣམས་གཅིག་སླེབས་གཉིས་སླེབས་ས་དེར་འོངས༔ མཐའ་མི་དགེ་སྦྱོང་མ་ཤི་འདུག་པར་གྲགས༔ བྱ་བའི་འཕྲོ་བསྐྱུར་ཕོ་མོ་ཐམས་ཅད་རྒྱུག༔ ཟ་ཧོར་ཡུལ་ན་འདུག་ཚད་ཐམས་ཅད་ཚོགས༔ རྒས་པ་འཁོགས་པ་ཁུར་དང་འཁར་བ་བཙུགས༔ དེ་ནས་དཔག་ཚད་བརྒྱ་སྟོང་མང་པོའི་ཡུལ༔ ས་གཞི་མི་མངོན་དམར་ནག་ཁྲོམ་དུ་འཁྲིགས༔ དེ་ནས་རྒྱལ་པོ་འགྱེལ་ནས་བུབ་ཅིང་ངུས༔ ལུས་པོ་སར་རྡེབ་ཕྱག་ནི་གྲངས་མེད་བཙལ༔ མི་འཚམ་ལས་བྱས་འགྱོད་པ་རྟས་མི་སླེབ༔ རབ་ཏུ་ཚ་བའི་མེ་ཡིས་མ་ཚུགས་པར༔ མེ་འོབས་དཀྱིལ་ན་ཏིལ་མར་རྒྱ་མཚོར་འཁྱིལ༔ རྒྱ་མཚོའི་དཀྱིལ་ན་པདྨའི་སྡོང་པོ་སྐྱེས༔ པད་སྡོང་དཀྱིལ་ན་དུས་གསུམ་སངས་རྒྱས་བཞུགས༔ སྐྱོན་གྱིས་མ་གོས་འགྱུར་བ་མི་མངའ་བ༔ བདེ་བ་པདྨའི་འབྱུང་གནས་ཁྱོད་ལ་བསྟོད༔ བདག་གི་བློ་ངན་སྐུ་ལ་བརྙས་བགྱིས་པ༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས་པར་བགྱི༔ རྒྱལ་པོའི་རྒྱལ་སྲིད་འབུལ་བས་བཞེས་སུ་གསོལ༔ རྒྱལ་པོའི་དབང་པོ་གཙུག་ལག་འཛིན་པ་ནི༔ ཁྱོད་ཀྱི་རྗེས་སུ་འཇུག་པའི་རྒྱལ་པོར་གྱུར༔ སེམས་ཅན་མ་རིག་ཁམ་ཆེན་དགོངས་མཛོད་ལ༔ རྗེ་ཉིད་ཕོ་བྲང་ནང་དུ་བཞུགས་པར་ཞུ༔ དེ་ནས་ཆོས་བཟང་ལྷ་ཡི་འདུན་ས་ནས༔ ལྷ་དབང་བརྒྱ་བྱིན་འཁོར་དང་བཅས་འོངས་ནས༔ པི་ཝང་སྒྲ་ལ་བཅུག་ནས་བསྟོད་པར་བྱེད༔ པདྨ་སྲིད་ཐུབ་འཛིན་ནི་འཁོར་བཅས་པས༔ རྔ་སྒྲའི་སྐད་ལ་བཅུག་ནས་བསྟོད་པར་བྱེད༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱུང་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་སྒྱུར་པདྨ་རྒྱལ་བའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་འགྲུབ་བུདྡྷ་ཐོད་ཕྲེང་རྩལ༔ འཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿམ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སམྦྷའི་སྐུ་ལ་བསྟོད༔ རྨོངས་པའི་མུན་པ་སེལ་མཛད་པའི༔ ཉི་མ་འོད་ཟེར་སྐུ་ལ་བསྟོད༔ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོགས་སྐུ་ལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོད༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་རྒྱལ་པོའི་སྐུ་ལ་བསྟོད༔ བདུད་དང་ལོག་འདྲེན་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད༔ བདེ་བ་ཐམས་ཅད་སྐུ་ལ་རྫོགས༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་བསྟོད༔ ཅེས་བསྟོད་དེ་ནས་གུ་རུའི་ཞལ་ནས་སུ༔ རྒྱལ་པོ་གཙུག་ལག་འཛིན་པ་ཉོན་ཅིག་གསུངས༔ ང་ཡི་བཀོད་པ་ནམ་མཁའི་རང་བཞིན་ལ༔ དགའ་དང་མི་དགའི་ཟུག་རྔུ་ག་ལ་མཆི༔ ཟག་མེད་སྐུ་ལ་འབྱུང་བ་མེས་མི་ཚུགས༔ མི་དགའི་འདུ་ཤེས་ཅུང་ཟད་ཙམ་ཡང་མེད༔ སེམས་ཅན་ཡིན་པས་ནོར་འཁྲུལ་འོང་བར་མཆི༔ རྒྱལ་པོ་ཡོན་ཏན་ཀུན་ལྡན་རི་རབ་འདྲ༔ སངས་རྒྱས་ལམ་ལ་སྐྱེ་རྒུ་འཛུད་པའི་ཕྱིར༔ རྒྱལ་པོའི་ཞལ་མཆིད་མི་བསྐྱུང་བདག་མཆིའོ༔ དེ་སྐད་གསུངས་པས་རྒྱལ་པོས་ཕྱག་མང་བཙལ༔ བློན་པོ་རྣམས་ལ་མགྱོགས་པར་ཕོ་བྲང་སོང་༔ ཟ་འོག་བེར་མཛོད་གསར་པའི་སྒོ་ཕྱེས་ལ༔ ང་ཡི་ཞྭ་གོས་ཐམས་ཅད་ཁྱེར་ལ་ཤོག༔ ཤིང་རྟ་གདུགས་དང་རྒྱལ་མཚན་ལོང་ཤོག་གསུངས༔ དེ་ནས་བློན་པོས་མྱུར་ཕྱིན་ལོན་པ་དང་༔ ཤིང་རྟའི་སྟེང་དུ་དར་ཟབ་འབོལ་བརྩེགས་བཏིང་༔ ཤིང་རྟའི་ཟུར་བཞིར་གཡེར་ཤིང་དར་བཞི་ཕྱར༔ སྐུ་ལ་རྒྱལ་པོའི་ཟབ་བེར་སྔོ་བཀྲ་གསོལ༔ དེ་ནས་ལེ་བརྒན་དམར་དང་ཟ་འོག་དང་༔ དེ་ནས་བེར་ཆེན་སྣ་ལྔ་ལྔ་བརྩེགས་གསོལ༔ དབུ་ལ་རྒྱལ་པོའི་དབུ་ཞྭ་པད་འདབ་ཅན༔ ནོར་བུ་ཁ་དོག་མི་གཅིག་ལྔ་བརྩེགས་ལ༔ གསེར་གྱི་རྡོ་རྗེ་རྩེ་དགུ་བཙུགས་པ་ཡི༔ རྩེ་མོར་རྒོད་ཀྱི་རྩེ་རྒྱས་མཛེས་པ་དང་༔ དར་སྣ་མང་པོའི་ཅོད་པན་བཏགས་པས་བརྒྱན༔ རིན་ཅེན་གསེར་གྱི་ཉི་ཟླ་གསལ་བའི་ཞྭ༔ དབུ་ཞྭ་ཁྱད་འཕགས་ཡིད་བཞིན་ནོར་བུ་གྱོན༔ འཛམ་གླིང་བྱེ་ཕྲག་ས་ཡ་གདུལ་ཞིང་ན༔ པད་འབྱུང་བྱེ་ཕྲག་ས་ཡ་ཆོ་འཕྲུལ་སྟོན༔ ཤིང་རྟའི་སྟེང་དུ་སྤྱན་དྲངས་བཞུགས་པར་གྱུར༔ ཤིང་རྟའི་ཐག་པ་སུས་ཀྱང་འདྲུད་དབང་མེད༔ རྒྱལ་པོ་ཉིད་ཀྱིས་ལུས་ཀྱི་གོས་ཕུད་ནས༔ ཤིང་རྟའི་ཐག་པ་མགུལ་ལ་དཀྲིས་ནས་འདྲུད༔ གྱད་བརྒྱས་འདུས་པའི་ཁྲོམ་རྣམས་སྔོན་ལ་བཤགས༔ ལ་ལ་ཕྱག་འཚལ་ལ་ལ་གསོལ་བ་འདེབས༔ ལ་ལ་ངུ་བཤུམ་ལ་ལ་སེམས་ཉམས་བརྒྱལ༔ ལ་ལ་སྔོན་ཕྱིན་པད་འབྱུང་ཞལ་ལ་ལྟ༔ དེ་ནས་ཕོ་བྲང་ནང་དུ་སྤྱན་དྲངས་ནས༔ རིན་ཅེན་སྣ་བདུན་ཕོ་བྲང་ནང་དུ་ནི༔ རིན་ཅེན་བརྒྱན་པའི་ཁྲི་ལ་བཞུགས་སུ་གསོལ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པའི་ལེའུ་སྟེ་ཞེ་གཅིག་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༢ ཟ་ཧོར་ཡུལ་དུ་མཐའ་དམག་བཟློག་པ།

 

དེ་ནས་རྒྱལ་པོའི་ཞལ་ནས་བློན་པོ་ལ༔ ལྷ་ལྕམ་མནྡཱ་ར་བ་ཁྲིད་ཤོག་གསུངས༔ བློན་པོས་མྱུར་ཕྱིན་དོང་གི་ཁ་བཤུས་ནས༔ ཚེར་མ་ཐམས་ཅད་གཡས་གཡོན་དོར་ནས་སུ༔ ཡབ་ཀྱི་ཞལ་ནས་ཕོ་བྲང་བྱོན་གྱིས་གསུངས༔ ལྷ་ལྕམ་ད་གཤེགས་ཕོ་བྲང་ནང་དུ་གཤེགས༔ ལན་མང་སྨྲས་ཀྱང་མ་ཐོས་བཞིན་དུ་མཛད༔ བློན་པོས་ནང་ཕྱིན་རྒྱལ་པོའི་སྙན་དུ་གསོལ༔ ལྷ་ལྕམ་ཁྲོས་ནས་ལན་མི་སྟེར་བར་འདུག༔ རྒྱལ་པོ་དེ་མ་ཐག་ཏུ་སྤྱན་ཆབ་ཤོར༔ བུ་མོ་བདེན་གྱིས་ཨ་མ་སོང་ཤོག་གསུངས༔ བཙུན་མོས་གོས་ཁྱེར་ལྷ་ལྕམ་མདུན་དུ་ཕྱིན༔ ལྷ་ལྕམ་ཚེར་མ་ཐམས་ཅད་ཤ་ལྤགས་དིམ༔ ལྟ་མི་བཟོད་པ་སྙིང་རྗེའི་གནས་སུ་འདུག༔ བུ་མོ་གོས་གྱོན་ཕོ་བྲང་ནང་དུ་འདོང་༔ དེ་སྐད་སྨྲས་པས་ལྷ་ལྕམ་ཞལ་ན་རེ༔ ཨ་མ་བུ་མོ་ཡབ་ཀྱི་བཀའ་མི་གཅོག༔ མི་ལོ་ཉི་ཤུ་རྩ་ལྔ་མ་སོང་བར༔ སྡུག་ཀྱང་འདུག་ས་འདི་གར་སྡོད་དོ་ཟེར༔ བཙུན་མོས་ལག་ནས་འཐེན་ཀྱང་འགྲོར་མ་བཏུབ༔ བུ་མོས་ཕོད་པ་ཟེར་ཞིང་ཁ་སྙིང་གཏུགས༔ བཙུན་མོ་གཡོག་མོས་མང་དུ་བཤུམས་པ་ཡིས༔ བུད་མེད་གཅིག་བྱུང་གཉིས་བྱུང་མང་པོ་འདུས༔ དེ་ནས་ཟ་ཧོར་མོ་ལུས་ཐོབ་ཚད་ཚོགས༔ ཐམས་ཅད་ངུ་ཞིང་ལུང་པ་འབའ་དིར་སོང་༔ རྒྱལ་པོའི་ཐུགས་ལ་བུ་མོ་ཤིའམ་སྙམ༔ རྒྱལ་པོ་ཉིད་ཀྱིས་ལྷ་ལྕམ་མདུན་དུ་ཕྱིན༔ བུ་མོའི་ཆོས་གེགས་བྱས་པ་ང་ཡིན་མོད༔ འགྱོད་པ་ཅན་གྱི་ཕ་ལ་བུ་མོས་སོམས༔ ང་ཡིས་མཐོ་མཐོ་བྱས་པས་དམའ་དམའ་བྱུང་༔ དོན་མ་ཤེས་པས་སྙིང་ང་གཅོང་གིས་ཟིན༔ ཞེས་གསུངས་ཁ་དང་སྙིང་གཏུགས་ངུད་མོ་འབྱིན༔ དེ་ནས་ལྷ་ལྕམ་ཕོ་བྲང་ནང་དུ་ཕྱིན༔ སློབ་དཔོན་ཞལ་མཐོང་སྐྱབས་སུ་སྙིང་ནས་མཆི༔ ལྷ་ལྕམ་དམའ་བའི་ས་ལ་པུས་བཙུགས་ནས༔ ཞེ་སར་བཅས་པའི་སྙན་ངག་ཚིག་བསྟོད་པ༔ ཨེ་མ་ཧོ༔ དགེ་མེད་གླིང་དུ་སངས་རྒྱས་སྤྲུལ་པ་བྱོན༔ མི་འཇིགས་སྟོབས་ལྡན་རེ་དོགས་མེད་པར་འཕྱོ༔ ཕྱག་ཞབས་རྫུ་འཕྲུལ་ཉམ་ང་མེད་པའི་སྐུ༔ རྫུ་འཕྲུལ་ཅིར་ཡང་གསལ་བ་བཀྲ་ཤིས་ཤིང་༔ པད་སྡོང་ལས་འཁྲུངས་དཀར་ལ་དམར་མདངས་ཅན༔ བཟང་པོའི་མཚན་གྱིས་སྐུ་ལ་བརྒྱན་པ་ནི༔ ལེགས་པའི་དཔེ་བྱད་མཚན་བཟང་སུམ་ཅུ་གཉིས༔ དུས་གསུམ་སངས་རྒྱས་པད་འབྱུང་སྐུ་ལ་རྫོགས༔ པད་འབྱུང་སྐུ་ཡིས་ཐ་དད་མོས་པ་འདུལ༔ མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས་པའི་སྐུ༔ རི་རབ་ལྟ་བུར་སྐུ་ནི་ལྷུན་བརྗིད་མཐོ༔ རི་རྒྱལ་བུམ་པ་ལྟ་བུར་དབུ་ནི་ཟླུམ༔ བུང་བ་ཨུཏྤལ་ལྟ་བུར་དབུ་སྐྲ་མཛེས༔ ཟླ་བ་རྒྱས་པ་ལྟ་བུ་དཔྲལ་དབྱེས་ཆེ༔ སྐར་ཆེན་ཤར་འདྲ་སྤྱན་གཉིས་གནག་ཅིང་རིང་༔ འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲ༔ ཁྱུང་གཤོག་བརྒྱངས་པ་ལྟ་བུར་རྫི་མ་ལེགས༔ སྙན་ནི་པདྨ་ཁ་ཕྱེ་ལྟ་བུ་སྟེ༔ ཤངས་རྒྱུད་ལེགས་ཤིང་ལྟ་ན་སྡུག་པའི་ཤངས༔ རབ་མཛེས་མཆུ་སྒྲོས་པདྨའི་ཟེ་བ་འདྲ༔ ལྗགས་རིང་སྲབ་གཉེན་པདྨའི་མདོག་ལྟར་དམར༔ ཚེམས་དཀར་ཐགས་བཟང་དུང་མདོག་གངས་རི་འདྲ༔ ཚེམས་ཕྲེང་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེས༔ ཞི་བའི་ཞལ་མཐོང་ཨོས་ཀོ་ལྷང་ངེ་བ༔ ཀ་ལ་པིངྐ་ལྟ་བུ་ཚངས་པའི་དབྱངས༔ ཞལ་ཚོམས་དོམ་ནག་དཀྱུས་འདྲ་ལྟ་བུར་རིང་༔ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲ༔ མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགས༔ འདི་ཡི་སྐུ་སྟོད་སེང་གེ་འགྱིང་པ་འདྲ༔ དཔུང་པའི་མགོ་ཟླུམ་ཕྲག་པ་ཡན་ལག་རྒྱས༔ ཕྱག་ཞབས་སོར་མོ་དྲ་བས་འབྲེལ་བ་དང་༔ སེན་མོའི་མདོག་ནི་ཟངས་དམར་ཤེལ་འོད་འདྲ༔ པདྨའི་སྦུ་གུ་ལྟ་བུར་ལྟེ་བ་མཛེས༔ བྱིན་པ་ཨེ་ན་ཡ་འདྲ་ཞབས་པད་འབུར༔ མཁའ་ལ་འཇའ་འཁྱུས་ལྟ་བུར་འཕུར་རྩལ་འགྲོ༔ སྦ་བ་སྦུབས་སུ་རྟ་གླང་ལྟ་བུར་ནུབ༔ གཞོན་ནུ་བཙས་འདྲ་སྐུ་ལུས་ཡན་ལག་རྒྱས༔ འཛུམ་ཤིང་ཤིན་ཏུ་མཛེས་པའི་དྲི་མེད་ཞལ༔ གཟུགས་བལྟས་མི་ངོམས་སྐྱེ་བོས་མཐོང་ན་དགའ༔ འོད་ཟེར་དུ་མ་འབར་བས་འོད་ཁྱིམ་འདྲ༔ རོ་མཆོག་འཇམ་ཞིང་དམ་པ་མཆོག་རབ་འཕགས༔ མི་ཤིགས་རྡོ་རྗེ་ལྟ་བུར་ཟག་པ་མེད༔ འདྲ་བ་འདི་དག་པད་འབྱུང་མཚན་བཟང་པོ༔ སུམ་ཅུ་རྩ་གཉིས་རྒྱལ་སྲས་སྐུ་ལ་བསྟོད༔ ཅེས་པས་གུས་བསྟོད་ཕྱག་ཀྱང་མང་དུ་འཚལ༔ དགྱེས་པའི་ཞལ་བསྟན་བདག་ལ་འདི་སྐད་གསུངས༔ ཆ་མཐུན་རྟགས་ཙམ་ཕྱི་ཡི་སྡུག་བསྔལ་བཞི༔ ཁ་ཅིག་ད་ལྟའི་དགྲ་ལ་ངོས་འཛིན་ཏེ༔ དེ་མིན་དགྲ་སྡང་ངན་སོང་གསུམ་ལ་ཟེར༔ ད་ལྟའི་དགྲ་འདི་གཉེན་འགྲོར་ཚགས་མེད་གསུངས༔ གཉེན་བྱམས་ད་ལྟའི་གཉེན་ལ་ངོས་འཛིན་ཏེ༔ གཉེན་བྱམས་བྱ་བ་མཚན་ལྡན་བླ་མ་ཡིན༔ ཕན་པའི་ལམ་སྟོན་གནོད་པའི་ལམ་ལས་ཟློག༔ ད་ལྟའི་གཉེན་བྱམས་ཤ་ཚ་བཞིན་དུ་བྱས༔ ཆོས་བཤོལ་གང་མིན་འདུག་པ་ཐམས་ཅད་སློབ༔ དཔེ་ངན་མང་པོ་བགྲང་ཞིང་འཁོར་བར་བསྐྱུར༔ མེད་པ་བཙལ་གྱིས་མི་རྙེད་སྡུག་བསྔལ་རྒྱུ༔ ནོར་དང་ལོངས་སྤྱོད་འདི་ལ་མི་ཟེར་ཏེ༔ ད་རྟའི་ནོར་དང་ལོངས་སྤྱོད་བཙལ་ཀྱང་རྙེད༔ བཙལ་བས་མི་རྙེད་འཕགས་པའི་ནོར་བདུན་ཡིན༔ ཡོད་པ་བསྐྱངས་ཀྱིས་མི་ལང་སྡུག་བསྔལ་ཏེ༔ ད་ལྟའི་འཁོར་འདབ་ནོར་ལ་ཟེར་བ་མིན༔ སངས་རྒྱས་རང་ལ་ཡོད་པ་ཡན་པར་ཤོར༔ ངོ་མ་འཕྲོད་པས་བསྐྱངས་ཀྱང་མ་འཁྱོངས་ཡིན༔ རྐྱེན་ངན་དངོས་གྲུབ་ཤེས་པས་དང་དུ་ལོང་༔ བར་ཆད་ཡོན་ཏན་ཤེས་པས་ནང་དུ་བསུབས༔ དེ་སྐད་གསུངས་པས་ལྷ་ལྕམ་དགྱེས་པར་གྱུར༔ དེ་ནས་རྒྱལ་སྲིད་ལྷ་ལྕམ་བཅས་པ་དང་༔ ནོར་གྱི་བང་མཛོད་དཔག་ཏུ་མེད་པ་ཡི༔ ཡིད་བཞིན་ནོར་བུ་སྐྱེ་བདུན་རིལ་བུ་རྣམས༔ ཆགས་ཞེན་མེད་པར་སྤྲུལ་སྐུའི་དྲུང་ཕུལ་ནས༔ ཆོས་ཀྱི་འཁོར་ལོ་བསྐོར་ནས་ཞུ་བར་ཕུལ༔ རྒྱལ་པོ་མ་འདས་བར་དུ་བཞུགས་པར་ཞུས༔ ཟ་ཧོར་མ་སྨིན་བར་དུ་བསྡད་ཀྱིས་གསུངས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་བཀའ་ཕྱེས༔ སངས་རྒྱས་བསྟན་པ་མཐའ་དབུས་མེད་པར་བརྡལ༔ ཕྱོགས་བཅུ་ཀུན་ཏུ་པད་འབྱུང་སྙན་པས་ཁྱབ༔ མུན་སངས་ཤེས་པ་བུན་ཅིང་རིག་པ་བདེ༔ ཁས་བརྒྱ་ཆོས་བྱེད་སྡིག་མེད་དགེ་བ་འཕེལ༔

རྒྱལ་སྲས་པདྨ་འབྱུང་གནས་གདུལ་ཞིང་གྱུར༔ སེམས་ཅན་མ་སྨིན་པ་ནི་གཅིག་ཀྱང་མེད༔ དེ་ནས་གཏམ་ཚོལ་རང་རང་ཡུལ་ལ་བགྲོད༔ ཐོས་མཐོང་བཀང་སར་རང་རང་རྒྱལ་པོས་སྨྲས༔ ཐམས་ཅད་མི་བདེན་སྒྱུ་མ་ཡིན་མཆིས་ཟེར༔ མཐའ་ཡི་རྒྱལ་པོས་དམག་བསྡུས་བརྒྱག་པར་བརྩམས༔ རྒྱ་གར་རྒྱལ་པོ་གྲགས་འཛིན་ཞེས་པའི་བུ༔ མ་ཧཱ་པཱ་ལས་དམག་ཁྱེར་འོངས་པ་ལ༔ ཟ་ཧོར་མི་རྣམས་ས་བསྲེག་རྡོ་རྔོད་བྱེད༔ ལ་ལ་ཡར་སྐྱེལ་ལ་ལ་མར་སྐྱེལ་ཞིང་༔ ལ་ལ་འཐབ་ཟེར་གོ་གསར་བྱེད་པ་ལ༔ རྒྱལ་སྲས་དམ་པ་པདྨ་འབྱུང་གནས་ཀྱིས༔ སྐད་ཅིག་ལྷ་མ་ཡིན་གྱི་གནས་སུ་བྱོན༔ པདྨ་རྣམ་པར་རྒྱལ་བའི་མདའ་གཞུ་གཡར༔ མདའ་གཞུ་གླང་པོ་ཆེ་ལ་བཀལ་ནས་སུ༔ གྱད་གཉིས་སྔོན་མཇུག་བསྐུལ་ནས་དམག་གསེབ་བཏང་༔ གཞུ་འདིར་མདའ་འདི་འཕེན་པའི་དམག་སྟོང་ཡོད༔ འཐབ་ཡ་བྱེད་པའི་ལག་ཆ་ས་རེ་གྱིས༔ ཞེས་པའི་ཤོག་འཕྲིན་མ་ཧཱ་པཱ་ལར་སྤྲད༔ གཞུ་དེ་དམག་གིས་འཐེན་པས་ཁ་མ་ཕྱེད༔ འདི་ནི་ཁེངས་པ་མི་སྲིད་བརྫུན་ཡིན་པས༔ ངེས་པར་བདེན་ན་ཕོབ་ལ་ཁྱེར་ཤོག་ཟེར༔ གླང་པོར་གཞུ་བཀལ་ཟ་ཧོར་ཡུལ་དུ་འོངས༔ གཞུ་འདི་ཕོབ་ལས་བསྐུར་ཟེར་སྨྲས་པ་དང་༔ རྒྱལ་བས་སྟོབས་ལྡན་གཞུ་དེ་ཐབས་ཀྱིས་ཕབ༔ དགྱེ་ལང་དགུ་ལང་བྱས་ནས་བསྐུར་བཏང་བས༔ གྱད་དམག་ཐམས་ཅད་ཧ་ལས་གྱུར་པ་དང་༔ ཐུབ་པ་མི་སྲིད་ཟེར་ནས་དམག་རྣམས་ཟགས༔ རྒྱལ་པོ་གཞན་གྱི་དམག་རྣམས་ཀུན་ལ་ཡང་༔ དཔའ་བོ་ཡོད་ན་གཞུ་འདི་བདུངས་ཤིག་སྨྲས༔ གཞུ་བདུངས་སྤོབས་པ་གཅིག་ཀྱང་མ་བྱུང་ནས༔ གཞུ་འདི་འགེངས་པའི་མི་དེ་ཁྲིད་ཤོག་ཟེར༔ རྒྱལ་བས་ཁྱབ་འཇུག་རཱ་ཧུ་ལ་བཏང་སྟེ༔ དཔག་ཚད་བཅུ་རུ་རྭ་ཞིག་འབེན་ལ་བཙུགས༔ བྱང་ཆུབ་སེམས་དཔས་མདའ་བརྒྱབ་ཧ་ལས་གྱེས༔ མགོ་དགུ་བྱ་རོག་མགོ་དང་བཅུ་ཡོད་པ༔ ལུས་པོ་ཐམས་ཅད་མིག་གིས་གང་བ་ཡི༔ དམག་མི་འདུག་ཅེས་ཡོངས་སུ་གྲགས་པར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཟ་ཧོར་ཡུལ་དུ་མཐའ་དམག་བཟློག་པའི་ལེའུ་སྟེ་ཞེ་གཉིས་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༣ ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པ།

 

དེ་ནས་རྒྱལ་པོ་གཙུག་ལག་འཛིན་གྱིས་ནི༔ ཕོ་བྲང་གླིང་བརྒྱད་གླིང་ཕྲན་བརྒྱ་རྩ་བརྒྱད༔ གདུགས་ཐོགས་ཕོ་བྲང་རྩེ་མོར་སྤྱན་དྲངས་ནས༔ འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་གྱུར༔ རྒྱལ་པོ་གཙུག་ལག་འཛིན་གྱིས་ཕྱག་ཕུལ་ནས༔ མ་རིག་མུན་པ་སེལ་བའི་ཉི་མ་རྗེ༔ གསང་སྔགས་ཟབ་ཅིང་རྒྱ་ཆེ་དོན་འགྲེལ་པ༔ ཐོས་བསམ་དཀའ་ཐུབ་ལ་ནི་མི་ལྟོས་པར༔ མྱུར་དུ་ཚེ་གཅིག་ལུས་གཅིག་འཚང་རྒྱ་བའི༔ རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པ༔ སྒོམ་ཁོག་གནད་ཀྱི་གདམས་པ་དང་བཅས་པ༔ འཕྲིན་ལས་ཕྱག་བཞེས་ལག་ལེན་དང་བཅས་པ༔ ལས་ཀྱི་ཁ་ཚར་སྒོས་དོན་དང་བཅས་པ༔ གསང་སྔགས་སྤྱི་གནད་སྐོར་འགོ་དང་བཅས་པ༔ ཡིད་ཆེས་བརྒྱུད་པའི་ལོ་རྒྱུས་དང་བཅས་པ༔ རང་གཞན་ཀུན་གྱི་དོན་རྣམས་མྱུར་འགྲུབ་པ༔ ལྷ་ཚོགས་རིགས་སུ་གྱུར་པ་ཀུན་ཚང་བ༔ ཐེག་པ་གོང་འོག་གང་དང་མི་འགལ་བ༔ ཆ་ཚང་གཅིག་ཏུ་འགྲིལ་བའི་ཆོས་ཤིག་ཞུ༔ ཞེས་གསོལ་རིན་ཅེན་རྣམས་ཀྱིས་མཉེས་པར་བྱས༔ ཨུ་རྒྱན་ཆེན་པོ་པདྨའི་ཞལ་ནས་ནི༔ རྒྱལ་པོ་འཇིག་རྟེན་གཡེང་བ་ཆེ་བས་སུ༔ ཟབ་ཆོས་ཉམས་སུ་ལེན་པ་ཤིན་ཏུ་དཀའ༔ ཐེག་པ་ཆེན་པོ་གསང་སྔགས་ཆོས་འདི་རྣམས༔ དབང་མ་བསྐུར་བར་བཤད་སྒྲུབ་བྱར་མི་རུང་༔ དཔེར་ན་རྫ་སོ་མ་བཏང་ཆུ་བླུགས་འཇིག༔ དབང་བསྐུར་ཐོབ་ནས་ཆོས་ཀྱི་སྣོད་རུང་ཡིན་༔ དེ་ནས་རྒྱལ་པོ་ཉིད་ཀྱིས་གཙོ་བྱས་པའི༔ རྗེ་འབངས་ཉི་ཤུ་རྩ་གཅིག་དགའ་བའི་ཚལ༔ མཁའ་འགྲོ་འཁྲིགས་པའི་ཡང་དབེན་གནས་མཆོག་ཏུ༔ དབང་རྣམས་ཐམས་ཅད་ཡོངས་སུ་རྫོགས་པར་བསྐུར༔ རྒྱལ་པོས་འཁོར་བ་མ་སྟོངས་བར་དུ་ནི༔ སེམས་ཅན་གང་ལ་གང་འདུལ་དེ་འདུལ་དུ༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡི༔ རྗེ་ཡི་འཕྲིན་ལས་པ་རུ་སྨོན་ལམ་བཏབ༔ འབངས་ནི་ཉི་ཤུས་འཁོར་དུ་སྨོན་ལམ་བཏབ༔ དེ་ཚེ་མཁའ་ལས་སྒྲ་བྱུང་མེ་ཏོག་བབ༔

དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ བཀའ་སྐྱོང་དམ་པའི་རྒྱུད་ལྔ་ལོ་གཅིག་གསུངས༔ ཆོས་ཚན་བརྒྱ་དང་སུམ་ཅུ་སོ་བརྒྱད་གདམས༔ རྫོགས་ཆེན་བཀའ་འདུས་སྙིང་ཐིག་རྒྱུད་ཀྱི་སྐོར༔ བཞི་ཚན་ལྔ་དང་རྒྱུད་ནི་ཉི་ཤུ་སྟེ༔ མན་ངག་བརྒྱ་དང་བཞི་བཅུ་རྩ་གཉིས་གདམས༔ མདོ་སྔགས་གཉིས་ཀྱིས་ཟ་ཧོར་ཆོས་ལ་བཀོད༔ ཟུར་ཙམ་ཡིན་གྱིས་ཡི་གེར་བཀོད་དུ་མངས༔ དེ་ནས་རེ་ཞིག་དུས་ན་ལུང་བསྟན་གླིང་༔ ལྷ་ལྕམ་མནྡཱ་ར་བས་ཚོགས་འཁོར་བཤམས༔ གུས་ཕྱག་དགུ་སྤྲུགས་བཙལ་ནས་ཞུས་པ་ནི༔ མདོ་སྔགས་ཁྱད་པར་གང་གིས་འབྱེད་པ་ལགས༔ རྒྱུ་དང་འབྲས་བུ་གཉིས་ཀྱིས་ཕྱེ་བ་ཡིན༔ དྲང་དོན་ངེས་དོན་གང་གིས་འབྱེད་པ་ལགས༔ ཐེག་པ་ཆེ་ཆུང་གཉིས་ཀྱིས་ཕྱེ་བ་ཡིན༔ ཀུན་རྫོབ་དོན་དམ་ཁྱད་པར་གང་འབྱེད་ལགས༔ འཇིག་དང་མི་འཇིག་གཉིས་ཀྱིས་ཕྱེ་བ་ཡིན༔ ཐབས་ཤེས་ཁྱད་པར་གང་གིས་འབྱེད་པ་ལགས༔ ཡོད་དང་མེད་པ་གཉིས་ཀྱིས་ཕྱེ་བ་ཡིན༔ འཁོར་འདས་ཁྱད་པར་གང་གིས་འབྱེད་པ་ལགས༔ རིག་དང་མ་རིག་གཉིས་ཀྱིས་ཕྱེའོ་གསུངས༔ བདག་གི་སྔ་ཕྱིའི་སྐྱེ་བ་དུ་ཙམ་ལགས༔ བདེ་སྐྱེད་མ་ལན་མི་འཚལ་ཕར་ཞོག་གསུངས༔ ངའི་ཡབ་རྒྱལ་པོ་གཙུག་ལག་འཛིན་པ་འདི༔ སྐྱེ་བ་སྔ་མ་ཅི་འདྲ་ཡིན་ཞུས་པས༔ བདེ་སྐྱེད་མ་ཡི་ཡབ་ནི་འདི་ལྟ་སྟེ༔ སུ་ལ་བྷེ་ཡུལ་གྲོང་ཁྱེར་ཀ་ལིངྐའི༔ བྲམ་ཟེའི་རྒྱལ་པོ་ཞིག་གི་བུ་རུ་སྐྱེས༔ ཝཱ་རཱ་ཎ་སཱིར་ཐུབ་པར་རབ་ཏུ་བྱུང་༔ ཀྲ་མ་ཤཱི་ལར་མུ་སྟེགས་འཇིགས་པ་ཡོད༔ སྒོ་བཞི་ཟླ་བ་རེ་མོས་བྱས་ཀྱིན་བསྲུང་༔ མུ་སྟེགས་རྐོན་པ་བཙུགས་པས་འཆོར་ལ་ཉེ༔ རབ་རྩལ་སྒོར་ཆས་གྲི་མདུང་སྦྱོར་བ་ཡིས༔ མཚན་མོ་མུ་སྟེགས་དམག་རྣམས་དག་པར་བྱས༔ ཟངས་གླིང་ཡུལ་ན་དྭ་ཕྲུག་ཡུགས་སའི་ཁྱུ༔ གཙུག་ལག་ཁང་ནི་བསྲུངས་པའི་དགེ་བ་དང་༔ མུ་སྟེགས་དམག་རྣམས་བསད་པའི་སྡིག་པ་ནི༔ གཉིས་ཀ་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ འགྲོ་བ་དྲུག་ཀའི་སྐྱེ་བ་འགའ་རེ་བླངས༔ སྐྱེ་བ་འདི་གོང་རྒྱ་གར་གའུ་ཤོད༔ རྒྱལ་པོ་ཨར་ཏའི་བཙུན་མོ་ཤི་བའི་ལྟོར༔ བདག་གིས་རོ་བཤས་བུ་མོ་མ་ཤི་བྱུང་༔ དེ་ཉིད་ཚེ་འཕོས་ཁྱོད་ཀྱི་ཡབ་ཏུ་སྐྱེས༔ སུ་ལའང་མ་འཆད་དམ་ཚིག་ས་མ་ཡ༔ ལྷ་ལྕམ་ཡབ་ལ་སྙིང་རྗེ་སྐྱེས་ཏེ་ངུས༔ སྐྱེ་བ་ཕྱི་མ་ག་རུ་སྐྱེ་ན་ཞུས༔ སྐྱེ་བར་གྱུར་ཚོད་ཙམ་པ་འགའ་ཞིག་ལེན༔ མཐར་ནི་སྤྲེའུའི་རྒྱལ་ཁམས་བོད་ཀྱི་ཡུལ༔ ཨ་ཀར་མ་ཏི་ཤཱི་ལ་བྱ་བར་སྐྱེ༔ དེ་ནས་སྲིན་ཡུལ་རིག་བྱེད་རྩལ་བུར་སྐྱེ༔ དེ་ནས་ཀོ་ཏ་ལ་ཡི་རྒྱལ་པོའི་སྲས༔ ལྷ་ལྕམ་མནྡྷེ་བཟང་མོ་བྱ་བར་སྐྱེ༔ དེ་ནས་ལྷ་མ་ཡིན་གྱི་ཡུལ་དུ་ནི༔ པདྨ་རྣམ་པར་རྒྱལ་བར་ཆོས་ཉན་ནས༔ བལ་ཡུལ་ཞེས་བྱར་བན་སྒོམ་གཉིས་ཀྱི་བུ༔ དེ་བ་ཨ་ཀར་ཙནྡྲ་ཞེས་བྱར་སྐྱེ༔ དེ་ནས་རི་བོ་ཏ་ལར་འཕགས་པའི་དྲུང་༔ སྤྱན་རས་གཟིགས་ལ་ཆོས་ཉན་མཁའ་སྤྱོད་མྱུལ༔ མཐའ་འཁོབ་ཡུལ་དུ་མུ་ཏིག་ཅེས་བྱའི་སྲས༔ རྒྱལ་སྲས་ལྷ་རྗེ་ཞེས་བྱར་སྐྱེ་བ་ལེན༔ དེ་ནས་སྐྱེ་བ་ཉི་ཤུ་ཟ་ཧོར་སྐྱེ༔ རེ་འགའ་དུད་འགྲོ་རེ་འགའ་རྒྱལ་པོ་དང་༔ རེ་འགའ་པཎ་ཆེན་རེ་འགའ་དམངས་ཕལ་པ༔ སུ་ལའང་མ་འཆད་དམ་ཚིག་ས་མ་ཡ༔ ལྷ་ལྕམ་འཁོར་བའི་གཏིང་རྡོར་འདུག་ཟེར་ངུས༔ སྐྱེ་བ་ཆོད་དུས་ཙ་ན་འོང་ཞེས་ཞུས༔ འགྲོ་དྲུག་འཁོར་བའི་སེམས་ཅན་མ་ལུས་པ༔ རྒྱལ་ཉིད་ཀུན་གྱིས་ཐོབ་ཕྱིར་སྐྱེ་བ་ལེན༔ སེམས་ཅན་ཐམས་ཅད་ཟད་པར་གྱུར་པ་དང་༔ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོད༔ བྱེ་མ་བཙིར་བས་མར་ཁུ་ནམ་བྱུང་ན༔ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོད༔ ཆུ་ལ་མེ་ཤིང་ནམ་ནི་བཏུབ་ཙ་ན༔ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོད༔ ཅི་ཕྱིར་འཁོར་བའི་སེམས་ཅན་འདྲེན་པའི་ཕྱིར༔ ཡབ་ནི་ལན་མང་སྐྱེ་བ་ལེན་པ་ལ༔ ཆོས་ལྟར་བཅོས་པའི་བརྫུན་མ་མ་བཏང་གསུངས༔ མུན་ཕྲག་སེམས་ཅན་སྒྲོན་མ་བྱེད་པའི་ཕྱིར༔ རྒྱལ་པོ་ཐམས་ཅད་མཁྱེན་པས་འདུལ་བ་ལ༔ ཆོས་ལ་ཕྱོགས་རིས་བར་ཆད་མ་བཏང་གསུངས༔ སྐྱབས་མགོན་མེད་པའི་ས་མཁན་བྱེད་པའི་ཕྱིར༔ རྒྱལ་པོ་འཁོར་བ་དང་དུ་ལེན་པ་ལ༔ སངས་རྒྱས་ཆོས་ཀྱིས་མགོ་བསྐོར་མ་བཏང་གསུངས༔ ཡབ་འདི་འཁོར་བའི་གཏིང་རྡོ་བྱེད་དམ་ཞུས༔ འཁོར་བ་སྤངས་པའི་སངས་རྒྱས་ག་ལ་ཡོད༔ བདེ་སྐྱེད་མ་ཁྱོད་འཁོར་བར་སྐྱོན་མ་བལྟ༔ མྱ་ངན་འདས་ལ་ཡོན་ཏན་མ་འཛིན་གསུངས༔ ཟ་ཧོར་ཡུལ་དུ་ལོ་ནི་ཉིས་བརྒྱ་བཞུགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ་སྟེ་ཞེ་གསུམ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༤༤ ཚེ་ཡི་རིག་འཛིན་གྲུབ་པ།

 

དེ་ནས་ཟ་ཧོར་རྒྱལ་པོ་ཚེའི་དུས་བྱས༔ སྲས་ནི་ཀུན་སྐྱོང་ཞེས་བྱར་རྒྱལ་སྲིད་གཏད༔ ཨུ་རྒྱན་ཡབ་ཡུམ་ཕོ་བྲང་རྩེ་མོ་ནས༔ ད་ནི་ཚེ་ཡི་རིག་འཛིན་ཞིག་བསྒྲུབས་ལ༔ རྒྱ་གར་ཡུལ་དང་ཨུ་རྒྱན་མུ་སྟེགས་ཡུལ༔ ཡུལ་རིགས་དུ་མའི་མི་རྣམས་ཆོས་ལ་གཟུད༔ སྙམ་ཞིང་ཐུགས་དགོངས་གཏད་པའི་དེ་མ་ཐག༔ ནམ་མཁའི་མཐོངས་ནས་ལྷ་མོ་བཞི་བྱུང་ནས༔ གསེར་གྱི་རྡོ་རྗེ་རྒྱ་གྲམ་གདན་དུ་བཏིངས༔ དེ་ཡི་སྟེང་དུ་ཡབ་ཡུམ་བཞུགས་སུ་གསོལ༔ ཙཱ་རྩི་མཐིང་ནག་ཆིབས་སུ་དྲི་ཟ་ཞོན༔ ལག་པ་གཉིས་ཀྱིས་ཤར་གྱི་རྡོ་རྗེ་བཏེག༔ འཛིན་བྱེད་སེར་མོ་ཆིབས་སུ་གྲུལ་བུམ་ཞོན༔ ལག་པ་གཉིས་ཀྱིས་ལྷོ་ཡི་རྡོ་རྗེ་བཏེག༔ དུས་ལྕེ་དམར་མོ་ཆིབས་སུ་ཀླུ་དབང་ཞོན༔ ལག་པ་གཉིས་ཀྱིས་ནུབ་ཀྱི་རྡོ་རྗེ་བཏེག༔ ཚངས་མ་ལྗང་གུ་ཆིབས་སུ་གནོད་སྦྱིན་ཞོན༔ ལག་པ་གཉིས་ཀྱིས་བྱང་གི་རྡོ་རྗེ་བཏེག༔ མདུན་གྱི་ནམ་མཁའ་ཉིད་ལ་གཤེགས་པར་གྱུར༔ རི་བོ་དེ་ཤན་ཡ་ག་ཞེས་བྱ་བ༔ རི་རྩེར་གཡུ་ཡི་ན་བུན་འཐུལ་བ་ལ༔ རྨང་ན་རྒྱ་མཚོ་གཏིང་ཟབ་འཁྱིལ་བ་ཡི༔ མདུན་དུ་མེ་ཏོག་སྣ་ཚོགས་གླིང་ཆགས་པ༔ བྱ་སྐད་སྙན་པ་སྣ་ཚོགས་སྒྲོག་པའི་ས༔ གནམ་སྒོ་ཟླ་གམ་ཁ་ནི་ཤར་དུ་ལྟ༔

དུས་བཟང་ལ་ནི་མཁའ་འགྲོ་དངོས་སུ་འབྱོན༔ ཉམས་དགའ་དང་སྤྲོ་སྐྱོ་བ་མེད་པའི་གནས༔ ཏིང་འཛིན་རྒྱུད་ལ་རང་ཤུགས་སྐྱེ་བའི་ས༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོར་བྱོན༔ བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བ༔ རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས༔ དགུན་ཡང་མེ་ཏོག་ཆར་དུ་འབབ་པ་ལ༔ བཀྲ་ཤིས་བྱིན་བས་ཆེ་བའི་གནས་མཆོག་དེར༔ ཚེ་དཔག་མེད་པའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ཚེ་ཡི་རིག་འཛིན་ཟླ་བ་གསུམ་དུ་བསྒྲུབས༔ ཚེ་དཔག་མེད་པ་མདུན་གྱི་ནམ་མཁར་བྱོན༔ ཡབ་ཡུམ་གཉིས་ཀྱི་སྤྱི་བོར་བུམ་པ་བཞག༔ བསྐལ་པ་ཆགས་ནས་འཇིག་རྟེན་མ་སྟོངས་པར༔ རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་དབང་བསྐུར༔ ཏིང་འཛིན་བསྒོམས་པས་འཁོར་འདས་རུ་ཤན་ཕྱེད༔ ཚེ་ཡི་རིག་འཛིན་འཇའ་ལུས་ཐོབ་པར་གྱུར༔ སེམས་རྟགས་ལུས་ཤར་བགྲེས་རྒུད་མི་མངའ་བ༔ ཟག་པ་མེད་པ་འཇའ་འོད་ཟེར་རང་བཞིན༔ འཁོར་བ་མ་སྟོངས་བཞུགས་པའི་ཚེ་ཐོབ་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཚེ་ཡི་རིག་འཛིན་གྲུབ་པའི་ལེའུ་སྟེ་ཞེ་བཞི་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༥ རྒྱལ་པོ་ཨ་ཤྭ་ཀ་ཆོས་ལ་བཙུད་པ།

 

དེ་ནས་ཟ་ཧོར་རྒྱ་གར་གཉིས་ཀྱི་མཚམས༔ ཀོ་ཏ་ལ་ཞེས་བྱ་བའི་ཡུལ་དུ་བྱོན༔ གཡའ་རི་གོང་གི་བྲག་ཕུག་གོང་མར་བཞུགས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དལ་ཞལ་ཕྱེས༔ མི་ལོ་བཅུ་གཉིས་བར་དུ་བསྒྲུབ་པ་མཛད༔ རྒྱལ་པོ་ནུ་ཤ་རཱུ་པས་ཞབས་ནས་བཏེག༔ དེ་ནས་རིང་པོར་མ་ལོན་དུས་གཅིག་ན༔ དུར་ཁྲོད་ཆེན་པོ་ཧཱ་ཧཱ་སྒྲོག་པ་ན༔ གཅན་གཟན་མང་པོ་དཔག་ཏུ་མེད་པ་ཚོགས༔ དུར་ཁྲོད་རོ་མེད་ཉིན་མཚན་ཁ་སྦྱར་དུ༔ ལྟོགས་ནས་ངུ་བའི་གཅན་གཟན་སྙིང་རྗེ་སྐྱེས༔ དུར་ཁྲོད་ཕྱིན་ནས་སྐུ་ལུས་སྦྱིན་པར་བཏང་༔ གཅན་གཟན་ཟ་རྒྱུ་མ་རྙེད་རྒྱབ་བསྟན་དུ༔ ཞག་བདུན་ཁོངས་སུ་གཅན་གཟན་ཚེ་དུས་བྱེད༔ དེ་ནས་མནར་མེད་དམྱལ་ཁམས་འགྲོ་བར་གཟིགས༔ རྒྱལ་པོ་གཙུག་ལག་འཛིན་དེ་གར་སྐྱེས་བལྟས༔ ནུ་ཤའི་བུ་མོ་མནྡྷེ་བཟང་མོར་སྐྱེས༔ དེའི་ཤ་ལྟོར་སོང་མཐོ་རིས་སྤོར་བར་མཁྱེན༔ སྙིང་རྗེའི་སེམས་དང་ལྡན་པའི་མཁའ་འགྲོ་མ༔ སྙིང་རྗེ་སྐྱེ་ཕྱིར་ནེའུ་ལེའི་ཚང་དུ་སྤྲུལ༔ དེ་ཡང་ཤིན་ཏུ་ཉེན་ཅིང་ཉོན་མོངས་པ༔ གནོད་པ་མང་ཞིང་ལྟར་མི་བཟོད་པར་སྤྲུལ༔ མནྡྷེ་བཟང་མོས་ཀུ་ཤ་འཐུ་རུ་ཕྱིན༔ ཚང་ལ་ཏཱ་ལའི་ལོ་མ་བཅད་ནས་བཀབ༔ རླུང་གིས་བཏེག་པས་མཐའ་མ་རྡོ་ཡིས་མནན༔ ནེའུ་ལེ་ཕོ་བྱུང་རྡེག་སེམས་མེད་པར་ཕོག༔ རྐྱེན་དེས་བསྐུལ་ནས་བུ་མོས་ཆོས་བྱེད་བརྩམས༔ ཟང་ཟིང་བཀལ་ནས་གཡའ་རི་གོང་དུ་ཕྱིན༔ རྒྱལ་བས་དབང་བསྐུར་བྱིན་གྱིས་བརླབས་ནས་ནི༔ ཁྱོད་ཀྱི་ལུས་འདི་དུར་ཁྲོད་ཕ་གིར་བྱིན༔ གཅན་གཟན་འདི་དག་མི་ལུས་ཐོབ་ནས་ཀྱང་༔ ཁྱོད་ཀྱིས་འདུལ་བའི་གདུལ་བྱའི་ཞིང་དུ་འགྱུར༔ ཁྱོད་ནི་སྐྱེ་བ་འགའ་ཞིག་བརྒྱུད་པ་ན༔ ཁ་བ་ཅན་དུ་གནམ་རི་ཞེས་བྱའི་བརྒྱུད༔ སྲོང་བཙན་སྒམ་པོ་ཞེས་བྱའི་རྒྱལ་པོར་སྐྱེ༔ ཐུགས་རྗེ་ཆེན་པོ་སྤྱན་འདྲེན་ཕོ་ཉ་བ༔ མཐའ་འཁོབ་ཡུལ་ནས་རྒྱ་གར་ཡུལ་དུ་འགྲིམ༔ དེ་དུས་གཅན་གཟན་འདི་དག་མི་ལུས་ཐོབ༔ གཅན་གཟན་མང་ཞིག་རྒྱ་གར་ཡུལ་དུ་སྐྱེ༔ ལ་ལ་སིངྒ་ལ་ཡི་ཡུལ་དུ་སྐྱེ༔ ད་ལྟ་འབྲེལ་ཐོགས་ཁྱོད་ལ་འདུན་དུ་འོང་༔ འདི་དག་རྣམས་ཀྱིས་ལྷ་ཁང་ཉིས་བརྒྱ་བཞེངས༔ དཀོན་ཅོག་གསུམ་བཞུགས་དེ་ལ་མཆོད་པ་བྱེད༔ སྤྲེའུའི་ཚ་རྣམས་ལྷ་ཕྱག་འཚལ་བའི་རྟེན༔ ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡང་འབྱོན༔ དམ་རྫས་ངོ་མཚར་ཅན་ནི་བརྒྱ་དང་བཅས༔ ལྷ་ཡི་བུ་མོ་བཅུ་དྲུག་མཆོད་གཡོག་བྱེད༔ ཅེས་གསུངས་དེ་ནས་བུ་མོས་ལུས་རྒྱན་ཕུལ༔ དུར་ཁྲོད་ཕྱིན་པས་གཅན་གཟན་ཟོས་པར་གྱུར༔ ཞག་ཏུ་སོང་ནས་རྒྱལ་པོ་འཁོར་བཅས་བྱུང་༔ སྙིང་ནི་མི་དགའ་བུ་མོར་རྨི་ལམ་ངན་༔ མནྡྷེ་བཟང་མོ་གང་དུ་སོང་ཟེར་འདྲི༔ ཕྱོགས་རྣམས་ཀུན་ཏུ་ཡོངས་སུ་ཚོལ་བར་གྱུར༔ དུར་ཁྲོད་སོང་བས་ཁྲག་གིས་འཁྲས་པ་དང་༔ རས་གོས་ཕ་ཚད་སྐྲ་ལོ་ཕན་ཚུན་འཐོར༔ རྐང་གི་ཁྲལ་ཁྲོལ་ཐོད་པ་བུམ་རིལ་མཐོང་༔ དུར་ཁྲོད་འདི་རུ་སུ་བསྐྱལ་སུ་ཤི་སྙམ༔ མནྡྷེ་བཟང་མོ་མིན་ན་རུང་སྟེ་ཟེར༔ མྱ་ངན་ངུ་བཤུམ་རྒྱལ་བ་ཉིད་ལ་འདྲི༔ ཁྱོད་ཀྱི་བུ་མོ་གཅན་གཟན་ཟོས་སོ་གསུངས༔ དེ་མ་ཐག་ཏུ་སེམས་ཉམས་བརྒྱལ་བར་གྱུར༔ སློབ་དཔོན་ཆུ་བརྒྱབ་བརྒྱལ་བ་སངས་པ་དང་༔ རྒྱལ་བས་མནྡྷེ་བཟང་མོའི་སྐྱེ་རྒྱུད་གསུངས༔ དེ་ནས་རྒྱལ་པོ་འཁོར་བཅས་ཆོས་ལ་ཚུད༔ ཡུལ་དེར་ཐེག་པ་ཆེན་པོ་སྤྱི་ཏི་དར༔ དེ་ནས་རྒྱ་གར་ཡུལ་དུ་འབྱོན་དགོངས་ནས༔ གྲོང་ཁྱེར་མེ་ཏོག་རྒྱས་པ་ཞེས་བྱ་ན༔ རྒྱལ་པོ་ཨ་ཤྭ་ཀ་ཞེས་བདུད་དབང་སྒྱུར༔ བསྟན་པའི་དབྱེན་བྱས་དགེ་འདུན་ཐམས་ཅད་འཁྲུགས༔ ཉན་ཐོས་སྡེ་པ་གཉིས་སུ་ཆད་པར་གྱུར༔ གཞོན་ནུ་མང་ཞིག་ཆད་པས་ཕལ་ཆེན་སྡེ༔ རྒན་པ་ཉུང་ཞིག་ཆད་པས་གནས་བརྟན་སྡེ༔ མི་ལོ་ཉིས་བརྒྱ་ལྷག་ཙམ་སོང་བར་གྱུར༔ རྒྱལ་པོ་དེ་ཡིས་རྔ་སྒྲ་ཅན་རྣམས་བཅོམ༔ གྲོང་ཁྱེར་ཤིང་ཐག་ཅན་རྣམས་འཇོམས་པ་ལ༔ ཨ་ཤྭ་ཀ་ནི་ཁང་པ་ཞིག་ཏུ་འདུག༔ རྒྱལ་པོ་དེ་ཉིད་གདུལ་བྱའི་ཞིང་དུ་གཟིགས༔ པད་འབྱུང་དགེ་སློང་ཞིག་ཏུ་སྤྲུལ་ནས་ནི༔

རྒྱལ་པོའི་ནང་དུ་བསོད་སྙོམས་སློང་དུ་ཕྱིན༔ ང་ལ་བརྙས་པ་བྱེད་འདི་ཟུང་ཤིག་ཟེར༔ ཟངས་མོ་ཆེ་ནང་ཏིལ་གྱི་མར་ཁུ་བླུགས༔ འོག་ནས་རབ་ཏུ་ཚ་བའི་ཤིང་མེ་བུས༔ དགེ་སློང་ཆས་ཕྱུང་ཟངས་ཀྱི་ནང་དུ་བཅུག༔ ནང་བར་བལྟས་པས་ཟངས་ནང་པདྨ་སྐྱེས༔ འདོམ་དོ་འཕགས་ནས་པདྨའི་ཟེའུ་འབྲུའི་དབུས༔ དགེ་སློང་ཅི་ཡང་མ་ཉེས་བཞུགས་པར་གྱུར༔ རྒྱལ་པོ་ཨ་ཤྭ་གནོང་འགྱོད་དྲག་པོ་སྐྱེས༔ སྦྱིན་གནས་འདི་ལྟ་བུ་ལ་མི་འཚམ་བྱས༔ ང་ཡིས་སྡིག་པ་མཚམས་མེད་མང་པོ་བསགས༔ སྡིག་པ་ཇི་ལྟར་བྱས་ན་འདག་ཅེས་ཞུས༔ དེ་ནི་དགེ་སློང་དབང་པོའི་སྡེ་ལ་དྲིས༔ སྤྲུལ་པའི་དགེ་སློང་རྒྱལ་པོས་ཁྲིད་ནས་ཕྱིན༔ དགེ་སློང་དབང་པོའི་སྡེ་ཡིས་ཞལ་ནས་ནི༔ ཛམྦུའི་གླིང་གི་ས་གནས་བྱེ་བ་རུ༔ ནུབ་གཅིག་མཆོད་རྟེན་བྱེ་བ་བཞེངས་པ་དང་༔ སྐྱབས་མགོན་མེད་ལ་ཟས་ནོར་བྱིན་ན་འདག༔ དེ་སྐད་གསུངས་པས་རྒྱལ་པོའི་བསམ་པ་ལ༔ མགོན་མེད་ཟས་སྦྱིན་གཏོང་དང་སླ་སྟེ་ན༔ ནུབ་གཅིག་མཆོད་རྟེན་བྱེ་བས་གཅིག་མི་འགྲུབ༔ སྡིག་པ་མི་འདག་ཟེར་བ་ཡིན་ཅེས་སྨྲས༔ དེ་ནས་དགེ་སློང་ཆེན་པོ་དབང་པོའི་སྡེས༔ ཁྱོད་ནི་སངས་རྒྱས་ལུང་བསྟན་རྒྱལ་པོ་ཡིན༔ བྱང་ཆུབ་ཤིང་དྲུང་སོང་ལ་སྨོན་ལམ་ཐོབ༔ རྒྱལ་པོ་ཨཤྭས་བྱང་ཆུབ་ཤིང་དྲུང་ཕྱིན༔ སངས་རྒྱས་ལུང་བསྟན་རྒྱལ་པོ་ང་ཡིན་ན༔ ནུབ་གཅིག་འཛམ་གླིང་ས་གནས་བྱེ་བ་རུ༔ ལྷ་འདྲེས་མཆོད་རྟེན་བྱེ་བ་བཞེངས་པར་ཤོག༔ དེ་མ་ཐག་ཏུ་མཆོད་རྟེན་བྱེ་བ་གྲུབ༔ དབུལ་པོ་ཐམས་ཅད་ཟས་ནོར་གོས་ཀྱིས་བསྐྱངས༔ ཡངས་པ་ཅན་དུ་བསྟན་པའི་སོ་ནམ་བྱས༔ མྱ་ངན་མེད་པར་མགོན་མེད་ཟས་སྦྱིན་གྲགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོ་ཨ་ཤྭ་ཀ་ཆོས་ལ་བཙུད་པའི་ལེའུ་སྟེ་ཞེ་ལྔ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༦ བཻདྡྷའི་ཡུལ་དང་སིངྒ་ལའི་ཡུལ་ཆོས་ལ་བཀོད་པ།

 

དེ་ནས་ལྷོ་ཕྱོགས་བཻདྡྷའི་ཡུལ་དུ་བྱོན༔ དྲ་བ་གཙུག་དགུའི་དུར་ཁྲོད་བཞུགས་པ་ལས༔ རྒྱལ་པོ་སྟོབས་ཞེས་བྲམ་ཟེ་སྨན་པས་བཏེག༔ གསོ་བྱེད་སྤོར་ཐོང་མཁས་པའི་རྒྱལ་པོ་དེ༔ ཁབ་ཏུ་ཆེན་ཆུན་གཉིས་བཞེས་ཡོད་པ་ལ༔ ཆེན་མའི་སྲས་ལ་ཡབ་ཀྱིས་ཐུགས་ལ་བཏགས༔ གསོ་བའི་རིག་གནས་ཐམས་ཅད་རྫོགས་པར་བསླབས༔ ཡུན་རིང་སྦྱང་བཅུག་མཁས་པའི་མངའ་བདག་གཏད༔ ཆུན་མའི་སྲས་ལ་དུས་གཅིག་གནང་ནས་སུ༔ ཁྱེད་གཉིས་ཤེས་པའི་ཡོན་ཏན་བསྡུར་དགོས་ཟེར༔ ཆུན་མ་ཤིན་ཏུ་སྡུག་བསྔལ་གདུངས་པར་གྱུར༔ ངའི་བུས་རྒྱལ་ས་མི་ཐོབ་སྙམ་ནས་སུ༔ སྲས་ཀྱིས་དྲ་བ་གཙུག་དགུའི་དུར་ཁྲོད་ཕྱིན༔ དགེ་སློང་ཆེན་པོ་དབང་པོའི་སྡེ་ཉིད་ལ༔ རིག་པའི་གནས་ལྔ་ཉིན་མཚན་ཁ་སྦྱར་བསླབས༔ དབུ་མཚན་མཐོང་བས་དབུ་ཞབས་དོན་ཁོང་ཆུད༔ ཡུམ་གྱིས་ཤེས་སམ་དྲིས་པས་ཕུལ་ཕྱིན་གསུངས༔ མ་དེ་ཤིན་ཏུ་དགའ་ནས་བུར་ཕྱག་འཚལ༔ དེ་ནས་ཡོན་ཏན་བསྡུར་བའི་དུས་ལ་བབ༔ ཁྲི་གཉིས་བརྩིགས་ནས་སྲས་གཉིས་བཞུགས་སུ་བཅུག༔ གང་མཁས་པ་ལ་རྒྱལ་ས་གཏོད་པ་ལ༔ ཆེན་མའི་སྲས་ཀྱིས་གསོ་རིག་སྔོན་ལ་གསུངས༔ བམ་པོ་སུམ་བརྒྱ་མཁྱེན་པས་ཡ་མཚན་སྐྱེས༔ དམངས་རྣམས་ཆུན་མའི་སྲས་ལ་སྨྲ་མི་དགོས༔ མ་བསླབས་ཤེས་པ་དཀའ་ཟེར་ཆས་ཆོད་བྱེད༔ དེར་ཡང་ཡུམ་ནི་ཐུགས་མ་བདེ་བར་ངུས༔ ཆེན་མས་སྲས་ལ་བསྐོར་བ་མང་དུ་བྱས༔ ཕྱག་བཙལ་ངའི་བུས་མངའ་ཐང་ཐོབ་བོ་ཟེར༔ ད་ནས་ཆུན་མའིསྲས་ཀྱིས་གསོ་རིག་གསུངས༔ ལྷ་དང་ཀླུ་དང་དྲི་ཟར་བཅས་པ་འདུས༔ ཡབ་ཀྱིས་གནང་བའི་བམ་པོ་སུམ་བརྒྱའི་སྟེང་༔ གསོ་རིག་བསྟན་བཅོས་སྔར་མ་གྲགས་པ་གསུངས༔ ལྷ་ཀླུས་ཕྱག་བཙལ་བསྐོར་བ་བྱས་ནས་དེངས༔ དམངས་རྣམས་མ་བསླབས་ཤེས་པ་ཨ་ལ་ཟེར༔ ཡབ་ཀྱིས་ཕྱག་བཙལ་ཞབས་ནི་སྤྱི་བོར་བླངས༔ མངའ་ཐང་སྲས་གཉིས་བགོ་བཤའ་བཏང་བ་ལ༔ མངའ་ཐང་མི་འདོད་རབ་ཏུ་བྱུང་གསོལ་ཞེས༔ ཐེངས་གསུམ་ཞུས་ཀྱང་མ་གནང་དེ་ནས་གནང་༔ དགེ་སློང་དབང་པོའི་སྡེ་ལ་རབ་ཏུ་བྱུང་༔ བསྙེན་རྫོགས་མཛད་ནས་དམ་པའི་ཆོས་ལ་སྦྱངས༔ ཆོས་མིང་སིདྡྷི་ཕ་ལ་ཞེས་སུ་གྲགས༔ དེ་ནས་འགྲོ་བ་རྣམས་ལ་ཕན་པའི་ཕྱིར༔ སྒྲ་དང་ཚད་མའི་བསྟན་བཅོས་མང་པོ་མཛད༔ གསང་སྔགས་གྲུབ་བརྙེས་སྒྲུབ་ཐབས་མང་པོ་མཛད༔ དེ་དུས་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་༔ མུ་སྟེགས་ཉི་མ་སིདྡྷིས་མིག་བལྟས་བསྲེགས༔ མངོན་པའི་བཀའ་རྣམས་ཕལ་ཆེར་ཚིག་པར་གྱུར༔ དེ་ཡི་མེ་གྲིབ་ཀླུ་ཡི་རྒྱལ་པོར་ཕོག༔ ཀླུ་ཡི་རྒྱལ་པོ་བཏང་གཟུང་ནད་ཀྱིས་བཏབ༔ ཤིན་ཏུ་ཉམ་ཐག་ཅི་བྱས་ཕན་མེད་ནས༔ ཀླུ་འཁོར་གདུངས་པའི་སྨྲེ་སྔགས་མང་པོ་བཏོན༔ ཀླུ་ཡི་རྒྱལ་པོ་དགའ་བོའི་ཞལ་ན་རེ༔ ཛམྦུའི་གླིང་གི་འཚོ་བྱེད་སྤྱན་འདྲོངས་ན༔ ན་ཚ་འདི་ལས་ཐར་པ་ཅང་སྲིད་དམ༔ དེ་མིན་ཅི་བྱས་ཕན་མེད་ཚེའི་དུས་བྱེད༔ ཅེས་ཐོས་ཀླུ་རིགས་ནང་ནས་ཆོས་དད་པ༔ གཉིས་ཀྱིས་སྤྱན་འདྲེན་འགྲོ་བར་ཁས་བླངས་ནས༔ དེ་གཉིས་ལ་ནི་རིན་ཅེན་མང་དུ་བསྐུར༔

དགེ་སློང་ཆེན་པོ་དེ་ལ་མཆོད་ཅིག་བསྒོས༔ དེ་ནས་ནོར་རྒྱས་དང་ནི་དུང་སྐྱོང་གིས༔ རྫུ་འཕྲུལ་ཛམྦུའི་གླིང་དུ་སྐད་ཅིག་ཕྱིན༔ དགེ་སློང་ཆེན་པོ་སིདྡྷི་ཕ་ལ་ལ༔ མགོ་བོས་ཕྱག་བཙལ་ཐལ་མོ་སྦྱར་ནས་སུ༔ གྲོས་མཐུན་ཚིག་མཐུན་སྐད་མཐུན་རཏྣ་ཕུལ༔ དགེ་སློང་ཆེན་པོ་གཟིགས་སྟངས་གསུམ་ལ་གཟིགས༔ གཟིགས་སྟངས་དང་པོ་ཀླུ་བསྙུང་ལས་ཐར་པ༔ གཟིགས་སྟངས་གཉིས་པ་གཏི་མུག་ནད་བསལ་བ༔ གཟིགས་སྟངས་གསུམ་པ་རྒྱས་པ་འབུམ་ལ་གཟིགས༔ ཀླུ་ཡི་ཡུལ་དུ་སྐད་ཅིག་ཕྱིན་པར་གྱུར༔ ཀླུ་རྣམས་མཚེའུ་ཚལ་དུ་དགེ་སློང་འདུས༔ ཀླུ་ཡི་རྒྱལ་པོ་ཀླུ་སྨན་སྣ་ཚོགས་གསོས༔ རྒྱལ་པོ་ནད་ལས་གྲོལ་བའི་དྲིན་ལན་དུ༔ རིན་པོ་ཆེ་དང་ཕ་རོལ་ཕྱིན་ཡུམ་ཕུལ༔ ཨཱ་ཙཪྻ་མཆོག་ནཱ་གཱ་རྫུ་ནར་གྲགས༔ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ སིངྒ་ལ་ཡི་རྒྱལ་ཁམས་གདུལ་བྱར་གཟིགས༔ ཀི་ཛ་ར་ཡི་དུར་ཁྲོད་བཞུགས་ནས་སུ༔ རྒྱལ་པོ་ཤྲཱི་ཀུ་མཱས་ཞབས་ནས་བཏེག༔ འདི་དུས་ཀྲ་མ་ཤཱི་མའི་གཙུག་ལག་ཁང་༔ མུ་སྟེགས་དམག་དྲངས་གཙུག་ལག་ཁང་འགའ་བསྲེགས༔ རེ་ཞིག་དུས་ན་རྒྱལ་པོའི་ལྡུམ་རའི་ནང་༔ མཚོ་དཀྱིལ་མེ་ཏོག་པདྨའི་སྡོང་པོ་ལས༔ མེ་ཏོག་མང་པོ་ཉིན་པར་ཁ་འབྱེད་ཅིང་༔ མཚན་མོ་ཁ་ནི་ཟུམ་ནས་སྡོད་པ་ལ༔ པདྨ་གཅིག་ནི་ཉིན་ཡང་ཁ་མ་བྱེ༔ ལྡུམ་ར་བས་ནི་རྒྱལ་པོར་དེ་ལྟར་བསྙད༔ རྒྱལ་པོའི་ཞལ་ནས་གཉེར་ཀ་གྱིས་ཤིག་གསུངས༔ དེ་ནས་རྒྱལ་པོའི་བཙུན་མོ་འཁོར་བཅས་ཀྱིས༔ གཟིགས་སུ་བྱོན་པས་པདྨ་ཁ་བྱེའི་དབུས༔ ཁྱེའུ་ལོ་བརྒྱད་ཟིལ་པ་ཕྲོམ་མེ་འདུག༔ རྒྱལ་པོས་མཁན་པོ་སུ་མི་ཏྲ་ལ་དྲིས༔ མཁན་པོའི་ཞལ་ནས་རྒྱལ་པོ་གསོན་ཅིག་གསུངས༔ དེ་ནི་ཤཱཀྱ་མི་ཏྲའི་སྐྱེ་བ་སྟེ༔ རྒྱ་གར་ཤར་ཕྱོགས་བྲམ་ཟེ་སཔྟ་ལའི༔ བུ་ནི་ཤཱཀྱ་བཤེས་གཉེན་ཚེ་འཕོས་པ༔ དབང་ཕྱུག་ཆེན་པོའི་གྲུབ་ཐོབ་ནང་པའི་དགྲ༔ མ་ཏི་ཙི་ཏྲ་འདུལ་བའི་གཉེན་པོ་ཡིན༔ ཕོ་བྲང་སྤྱན་དྲོངས་བཀུར་སྟི་གྱིས་ཤིག་གསུངས༔ དབང་བསྐུར་ཆོས་བཤད་ཨཱརྱ་དེ་བར་བཏགས༔ ཚངས་སྤྱོད་རབ་ཏུ་བྱུང་བར་ཞུ་ཕུལ་བས༔ སློབ་དཔོན་ཀླུ་གྲུབ་རབ་ཏུ་བྱུང་ལུང་བསྟན༔ མི་ལོ་ཉིས་བརྒྱ་བཞུགས་ནས་ཆོས་ལ་བཀོད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བཻདྡྷའི་ཡུལ་དང་སིངྒ་ལའི་ཡུལ་ཆོས་ལ་བཀོད་པའི་ལེའུ་སྟེ་ཞེ་དྲུག་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༧ བྷངྒ་ལའི་རྒྱལ་ས་ཕྲོགས་པ།

 

དེ་ནས་ཤར་ཕྱོགས་བྷངྒ་ལ་རུ་བྱོན༔ རཱ་ཛཱ་ཆེན་པོ་ནོར་བུ་འོད་ལྡན་ཞེས༔ མུ་སྟེགས་རྒྱལ་པོ་གསུང་རབ་མི་དད་པ༔ དང་པོར་མངོན་པར་མི་དགའ་གནོད་པར་བྱེད༔ ཕོ་བྲང་མཁར་གྱི་སྒོ་ནི་བརྒྱད་ཡོད་པ༔ ཕྱི་སྒོའི་ནང་ན་དབང་པོའི་ཡུལ་སྟོན་གྱི༔ བུ་མོ་ལྔ་ནི་ཤིན་ཏུ་མཛེས་པ་ལ༔ ཡིད་དུ་འོང་བའི་ཆ་ལུགས་དུ་མ་སྟོན༔ འདོད་ཡོན་ལྔ་ནི་ལག་ཏུ་བླངས་ནས་སྟེར༔ བར་སྒོ་ཞིག་ན་མ་འོངས་ལུང་སྟོན་པའི༔ སྒོ་འགྲམ་འདས་འོངས་གླེང་སློང་བུ་མོ་གཉིས༔ ངག་ནི་ཚངས་པའི་དབྱངས་ལྟར་སྙན་པ་ལ༔ གཏམ་ཡང་ཚངས་པ་ཆེན་པོ་ལྟ་བུར་མཁས༔ ནང་སྒོའི་ཕྱི་འགྲམ་རཀྴ་སྟོབས་པོ་ཆེའི༔ བུ་ལྔ་འཇིགས་པའི་མཚོན་ཆ་སྣ་ཚོགས་ཐོགས༔ སྒོ་ཡི་ནང་འགྲམ་སྒོ་སྲུང་སྡིག་ལྟོ་ཅན༔ ཕྱི་ལ་རེ་མིག་སྟོང་ཕྲག་བརྒྱད་ཅུ་བརྒྱད༔ ཕོ་བྲང་དེ་ལ་འོབས་ཀྱི་འཁོར་ས་དྲུག༔ མཁར་དེའི་བར་ཁང་ཉི་ཟླ་ཁ་སྦྱར་གྱི༔ ནང་ནི་རིན་ཅེན་སྣ་ལྔའི་འོད་ཀྱིས་ཁེངས༔ དེ་ལ་རིན་ཅེན་ཤེལ་གྱི་སྐས་བཙུགས་པ༔ རཏྣ་འཕྲུལ་གྱི་མེ་ལོང་ལས་བྱས་མཐོང་༔ དེ་ནང་རཱ་ཛ་ནོར་བུ་འོད་ལྡན་སྡོད༔ གནས་པ་ནང་གནས་གཟིགས་པ་ཕྱི་རུ་གཟིགས༔ དེ་ཡི་སྤྱི་གཙུག་ཡིད་བཞིན་ནོར་བུ་ནི༔ རིན་པོ་ཆེ་ནི་བསམ་འཕེལ་བྱ་བ་ཡོད༔ འཁོར་ནི་མུ་སྟེགས་གྲངས་མེད་བསྐོར་བའི་དབུས༔ རྒྱལ་པོ་དེ་ནི་ཤིན་ཏུ་དབང་ཆེ་བས༔ ནོར་བུ་རིན་ཅེན་ཡོད་བཞིན་གཞན་གྱི་འཕྲོག༔ སེམས་ཅན་དབུལ་ཕོངས་དུབ་ཅིང་སྡུག་བསྔལ་འཇུག༔ དེ་ནི་པད་འབྱུང་གདུལ་བྱའི་ཞིང་དུ་གཟིགས༔ གྲོང་ཁྱེར་སྲོང་གར་མནྡཱ་ར་བ་བཞག༔

བྱི་ལའི་གདོང་པ་ཅན་དུ་སྤྲུལ་ཅིག་གསུངས་༔ གདོང་ཅན་སྐྱེས་བུ་གསུམ་གྱིས་དམག་དཔོན་བྱས༔ མཚོན་གྱིས་མི་ཕེད་སྲ་བའི་གོ་ཆ་གྱོན༔ རྩེ་གསུམ་ལྡན་པའི་མཚོན་ཆ་མང་དུ་ཐོགས༔ བརྒྱད་ཁྲི་བཞི་སྟོང་འཁོར་བཅས་དམག་དྲངས་འཐབས༔ རྒྱལ་པོའི་འཁོར་ས་དྲུག་བཅོམ་དམག་རྣམས་བསད༔ འདོད་ཡོན་བུ་མོ་ལྔ་ཕྲོགས་སྒོ་སྲུངས་བཀུམས༔ གནམ་སྒོ་འབྱུང་འཇུག་མེད་པའི་ནང་དུ་ཕྱིན༔ ཁྲོ་བཅུའི་རྒྱལ་པོ་བཀོད་པ་ལྷུན་གྲུབ་ཁྲིད༔ པདྨ་ཀུན་ཏུ་འཆང་གི་སྐུ་རུ་བཞེངས༔ རྒྱལ་པོ་འོག་མིན་གནས་སུ་བསྒྲལ་བར་གྱུར༔ རྒྱལ་པོའི་ཤུལ་བཟུང་ཆོས་ཀྱིས་རྒྱལ་སྲིད་བསྐྱངས༔ འདི་དུས་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་༔ སྟག་གཟིག་རྒྱལ་པོ་ཧུ་ལུ་ཀས་དམག་གཡབས༔ གཙུག་ལག་ཁང་ནི་བཅུ་གཉིས་མེ་ལ་བསྲེགས༔ མངོན་པའི་བཀའ་ནུབ་གཙུག་ལག་ཁང་ནི་མེད༔ དགེ་སློང་གསལ་བའི་ཚུལ་ཁྲིམས་ལུས་བསྐྱེད་ནས༔ བྱམས་པའི་ཆོས་ལྔ་པྲ་ཀར་ཎ་སྡེ་བརྒྱད༔ ཐོགས་མེད་དབྱིག་གཉེན་བསྟན་བཅོས་ཕྱིས་བརྩམས་དར༔ པད་འབྱུང་བསྟན་པ་བྷངྒ་ལ་ན་རྒྱས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བྷངྒ་ལའི་རྒྱལ་ས་ཕྲོགས་པའི་ལེའུ་སྟེ་ཞེ་བདུན་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༨ ཨུ་རྒྱན་ཡུལ་ཁམས་འདུལ་བར་དགོངས་པ།

 

 

དེ་ནས་གདུལ་བྱར་གྱུར་པ་གང་འདུག་གཟིགས༔ ཨིནྡྲ་བོ་དྷིས་ཕོ་ཉ་བཏང་དང་ཕྲད༔ གྲོགས་པོ་གསེར་འོད་གཞོན་ནུ་ཞེས་བྱ་བ༔ མནྡཱ་ར་བ་མཐོང་བས་ལོག་ལྟ་སྐྱེས༔ ཀྱེ་མ་དུས་ངན་ཆོས་པ་འདི་འདྲ་བ༔ སོ་སོའི་སྐྱེ་བོ་ཡིན་ཡང་ངོ་མི་མཚར༔ གཏམ་ནི་མང་དུ་སྨྲས་ཀྱང་ལྷག་མ་ལྔས༔ མགོ་ནག་མི་ལ་འདུན་མ་ཅི་ཡང་ཡོད༔ འོད་འཆང་མ་ནི་བར་མ་དོ་རུ་འཁྱམས༔ གླགས་ལྟ་ཐ་མ་མཆིས་པར་བགྱིད་ལགས་སོ༔ དེ་སྐད་སྨྲས་ནས་ཨུ་རྒྱན་ཡུལ་དུ་དེངས༔ དེ་ནས་ཨུ་རྒྱན་ཐབས་ཀྱིས་འདུལ་བར་དགོངས༔ འབྲས་ལྡན་ཀརྐ་ཏ་ཡི་ཚོང་དུས་སུ༔ བྲམ་ཟེ་ཕོ་མོའི་ཁྱེའུ་ཞིག་ཏུ་སྤྲུལ༔ སྐྱེ་བདུན་ཤ་ཞིག་བཙལ་ནས་དོན་བྱ་བསམས༔ ཁཪྶ་པ་ཎིའི་གཙུག་ལག་ཁང་འཁོར་ན༔ བྲམ་ཟེ་སྐྱེ་བདུན་དུང་གི་རྣ་ཅ་ཅན༔ དེ་ལ་ལུས་འདོད་ཕྱག་དང་བསྐོར་བ་བྱས༔ ང་ལ་བསྐོར་བ་བྱས་ནས་ཅི་བྱེད་ཟེར༔ སེམས་ཅན་དོན་བྱེད་སྐྱེ་བདུན་ཤ་དགོས་པས༔ ཁྱོད་ཀྱི་བློས་ཐོངས་ད་ལྟ་ལུས་འདི་ཞུ༔ མི་ཐོངས་ནམ་ཤི་ཙ་ན་ཞུ་བྱས་པས༔ བྲམ་ཟེ་དུང་རྣས་ཅུང་ཞིག་བསམས་ནས་སུ༔ འཇིག་རྟེན་འདི་ན་གཅེས་པ་རང་སྲོག་ཡིན༔ ང་འཆིའི་དུས་ན་སྐད་ཅིག་བཏང་གི་ཟེར༔ དེ་ནས་ལོ་ལྔ་སོང་ནས་སྐད་བྱུང་སྟེ༔ ཌོམྦྷི་པ་དང་སྐད་ནི་ཕྲད་ཙམ་བྱུང་༔ དེ་ནས་རོ་དྲངས་ཅེ་སྤྱང་མང་པོ་བྱུང་༔ ཌོམྦྷིས་རེངས་པའི་ལྟ་སྟངས་བྱས་ནས་ནི༔ སྟག་ལ་ཞོན་ནས་རོ་དེ་པང་དུ་ཁྱེར༔ ཞེ་སྡང་གདུག་པའི་སྦྲུལ་གྱིས་གོང་རྨེད་བྱས༔ རུས་པའི་རྒྱན་གྱོན་ཁ་ཊྭཱཾ་རྩེ་གསུམ་ཐོགས༔ གྲོང་ཁྱེར་འབྲས་ལྡན་དངོས་གྲུབ་སུ་འདོད་བྱས༔ བཅོས་མའི་རྣལ་འབྱོར་ཐོ་ཅོ་ལས་མེད་པར༔ སྟག་ལ་སྦྲང་རྒོད་བླུད་ནས་ཞོན་པ་ཡིན༔ དུག་སྦྲུལ་གླ་རྩིབྱིན་པའི་རྟགས་ཡིན་ཟེར༔ དེ་མིན་ཁྱོད་ཀྱིས་འདི་འདྲ་མི་ཐུབ་གླེང་༔ དེ་ནས་ཆང་འཚོང་བི་ན་ས་ཞེས་ལ༔ ཆར་ཉོར་ཕྱིན་ཏེ་ཆང་ནི་ཙམ་ཉོ་ཟེར༔ ཁྱོད་ལ་ཆང་ནི་ཙམ་ཡོད་ཉོ་བྱས་པས༔ ང་ལ་ཆང་ཁལ་ལྔ་བརྒྱ་ཙམ་ཡོད་ལོ༔

ཆང་ཚོངས་བྱས་པས་ཆང་རིན་ཇི་ཙམ་ཟེར༔ ཆང་རིན་ཉི་མ་འདི་ནུབ་ཙ་ན་སྟེར༔ དེ་སྐད་སྨྲས་པས་ཆང་མས་ཆང་བཙོངས་སོ༔ དུས་ལ་མ་འཇལ་རྒྱལ་ཁྲིམས་ཆད་པ་ཡོད༔ ཆང་རིན་མེད་ནས་ཉི་མ་སྟོད་ལ་མནན༔ རྩྭ་དང་ཤིང་དང་ཆུ་མིག་ཐམས་ཅད་བསྐམས༔ སེམས་ཅན་ཕྲ་མོ་ཐམས་ཅད་ཚིག་པ་ལ༔ རཱ་ཛ་ཟངས་ཀྱི་དྲེག་པ་བྱ་བ་དེས༔ ཡུལ་མི་ཐམས་ཅད་བསགས་ནས་གྲོས་བྱས་པས༔ བི་ནས་ངའི་གན་རྣལ་འབྱོར་ཡོད་དོ་ཟེར༔ ཡུལ་མི་ཐམས་ཅད་ཁ་འཆམས་ཚིག་གཅིག་ཏུ༔ རྣལ་འབྱོར་བྱ་བ་ཐབས་མང་དེས་ལན་ཟེར༔ དེ་ནས་རཱ་ཛས་སློབ་དཔོན་དྲུང་དུ་ཕྱིན༔ རྣལ་འབྱོར་བྱ་བ་སེམས་ཅན་དོན་བྱེད་ཡིན༔ འདི་འདྲའི་གནོད་འཚེ་མ་བྱེད་བྱས་པ་ཡིས༔ ཆང་རིན་མེད་ཟེར་རཱ་ཛས་ཁས་ལེན་བྱས༔ ཉི་མ་བཏང་བས་ཞག་བདུན་ཐོ་རངས་སོང་༔ དེ་ནས་ཀུ་རུ་ཀེུའི་བྲག་ཕུག་བཞུགས༔ ཆང་ཚོང་བི་ན་ས་ནི་དད་པ་སྐྱེས༔ གླང་པོ་ཆེ་ལ་ཆང་བཀལ་བྲག་ཕུག་བྱུང་༔ ཌོམྦྷི་ཧེ་རུས་གདམས་ངག་རྫོགས་པར་བྱིན༔ རླུང་སེམས་འབྱོངས་པས་ཆུར་མི་འབྱིང་བ་དང་༔ ནམ་མཁའ་དག་ལ་བྱ་བཞིན་ཐོགས་པ་མེད༔ དེ་ནས་རེ་ཞིག་དུས་ན་རྒྱལ་པོ་ནི༔ ཨིནྡྲ་བོ་དྷིས་དུར་ཁྲོད་ས་འཆག་ཕྱིན༔ དུག་སྦྲུལ་ཟིན་ནས་ཤིན་ཏུ་ན་བར་གྱུར༔ བྲམ་ཟེ་སྔགས་མཁན་སྨན་པ་རྣམས་ལ་བསྟན༔ ཐམས་ཅད་རྒྱ་མཚོའི་གཏིང་གི་ཆུ་ཕན་ཟེར༔ ཆུ་ལེན་པ་ལ་རྐང་མགྱོགས་བཏང་བར་གྱུར༔ ཆུ་ལོན་ཁྱེར་ནས་འོངས་པའི་ལམ་ཀ་རུ༔ རྒྱལ་པོ་ལ་གནོད་ཀླུ་ཡིས་ཁྱེའུར་སྤྲུལ༔ ངུ་ཡིན་བྱུང་བས་ཅི་ཉེས་བྱས་པ་ལ༔ ཨིནྡྲ་བོ་དྷི་གྲོངས་ཞེས་ཟེར་བ་དང་༔ ལམ་དུ་ཆུ་ཕོ་ངུ་ཡིན་ཕྱིན་པ་ཡིས༔ མ་གྲོངས་འདུག་ནས་ཆུ་ཁྱོངས་ག་རེ་ཟེར༔ རཱ་ཛ་གྲོངས་ཟེར་ཕོ་ནས་མེད་བྱས་པས༔ འོ་ན་ང་འཆི་གདམས་པ་ཡོད་པ་ཡི༔ རྣལ་འབྱོར་པ་འདྲ་ཚོལ་ཟེར་རྒྱལ་པོས་ངུས༔ བཙུན་མོ་ལྔ་བརྒྱའི་ཆུང་དག་ཆོས་ལ་མོས༔ པདྨ་རྒྱལ་པོ་སྤྱན་དྲངས་འཐད་ཅེས་ཟེར༔ བི་ན་ས་ལ་གདམས་པ་ཡོད་ཟེར་བོས༔ བི་ནས་ཆང་ཁྱེར་ཡོངས་ནས་རྒྱལ་པོ་ལ༔ རིགས་ཀྱི་རྟོག་པ་སྤོངས་ལ་ཆང་འདི་གསོལ༔ རྒྱལ་པོས་འཐུངས་པས་ན་ཚ་ཞི་བར་གྱུར༔ རྒྱ་མཚོའི་གཏིང་གི་ཆུ་ཡང་ངས་བླང་ཟེར༔ རཱ་ཛ་འདི་ནི་ཙུག་བྱེད་ལྟོས་ཤིག་བསྒོས༔ ཕྱི་ན་ཕར་ལ་རྐང་མགྱོགས་བཏང་བར་གྱུར༔ ཆུ་ཐོག་ཕར་ལ་ཡེ་རེ་རེ་སོང་ནས༔ ཆུ་ཡི་དཀྱིལ་དུ་རྡོག་གིས་སོང་ནས་སུ༔ རྒྱ་མཚོའི་གཏིང་གི་ཆུ་བླངས་ཁྱེར་བྱུང་བས༔ རྐང་མགྱོགས་དབུགས་ནི་ཧལ་ཧལ་བརྒྱུགས་བྱུང་ནས༔ རྒྱལ་པོས་དེ་ཙམ་རྒྱུག་པ་ཅི་བྱུང་གསུངས༔ བི་ན་ས་ཡིས་ཆུ་ཁྱེར་བྱུང་ཞེས་ཟེར༔ དེ་ནས་བི་ནས་ཆུ་དྲངས་སོས་པར་གྱུར༔ ང་འགྲོ་བྱས་པས་མཆོད་གནས་གྱིས་ཟེར་བཟུང་༔ འབངས་རྣམས་ཨིནྡྲ་བོ་དྷི་ཅོལ་རེ་ཆུང་༔ རིགས་ངན་བུད་མེད་མཆོད་གནས་འཆོལ་བ་ཟེར༔ བཙུན་མོ་རྣམས་ཀྱང་སྣང་བ་ངན་པ་འཛིན༔ བི་ནས་ང་ལ་ཡིད་མི་ཆེས་པར་འདུག༔ མི་ཡང་གླེང་འདུག་ང་འགྲོ་བྱས་པ་ལ༔ རྒྱལ་པོས་ཁྱོད་འགྲོ་ང་ཡང་ཤི་ནས་སྡོད༔ ཁྱོད་ཀྱི་རྐེ་འབྲེག་ཟེར་ནས་མ་བཏང་ངོ་༔ ང་ཡིས་མི་ཐུལ་བུ་ཞིག་སྤྲུལ་དགོས་སྙམ༔ བུ་དེ་རྒྱལ་པོ་ཨིནྡྲ་བོ་དྷིར་གཏད༔ མ་ནི་གར་སོང་ཆ་མེད་སྤྱོད་པར་སོང་༔ བུ་ནི་དུས་ཕྱིས་ལ་བ་པ་ཞེས་གྲགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཨུ་རྒྱན་ཡུལ་ཁམས་འདུལ་བར་དགོངས་པའི་ལེའུ་སྟེ་ཞེ་བརྒྱད་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༤༩ ཨུ་རྒྱན་རྒྱལ་ཁམས་ཆོས་ལ་བཙུད་པ།

 

དེ་ནས་ཨུ་རྒྱན་ཡུལ་ཁམས་གདུལ་བྱར་གཟིགས༔ མཁའ་འགྲོ་མ་བཞིས་འདོ་ལེའི་སྟེང་ལ་བཏེག༔ ཨུ་རྒྱན་ཡུལ་དུ་ཡབ་ཡུམ་བསོད་སྙོམས་མཛད༔ སྔར་གྱི་བུ་བསད་རྒྱལ་བློན་རྣམས་ཀྱིས་ཤེས༔ ཁམས་ཀྱི་རྒྱལ་པོའི་བུ་བསད་དྲན་པ་བསྐུལ༔ བཙུན་མོ་མཆོག་གྱུར་འོད་འཆང་མ་འདྲ་དོར༔ ཨུ་པ་ཏ་ཡི་བུ་སྨད་གཉིས་ཀ་བཀུམས༔ སྤྲང་མོ་ཞིག་དང་བསྡེབས་ནས་ཡུལ་དུ་བྱུང་༔ ད་ཡང་ཡུལ་འདིར་གནོད་པ་ཅི་བྱེད་ན༔ བདེ་བར་མི་འཚལ་ཉེས་པའི་སླད་དུ་སྟེ༔ བློན་པོ་ཐམས་ཅད་ཡོངས་སུ་འདུས་པར་གྱུར༔ རྒྱལ་པོ་ཉིད་ལ་ཚངས་པར་སྨྲ་རྒྱུ་མེད༔ ཙནྡན་ཁུར་རེ་ཏིལ་མར་བྲེ་རེ་བསྡུས༔ ཡབ་ཡུམ་ལྷན་སྦྱར་བཅིངས་ནས་བསྲེགས་པར་གྱུར༔ སྔོན་ཆད་བསྲེགས་པ་ཞག་བདུན་དུ་བ་འཆད༔ ཉེར་གཅིག་བར་དུ་དུ་བ་མ་ཆད་ནས༔ རྒྱལ་པོས་ལྟོས་ཤིག་བསྐུལ་བས་བལྟ་མ་ནུས༔ སྔར་གྱི་ཡབ་ཉིད་ཐུགས་མ་ཆེས་ནས་དྲིས༔ བཙུན་མོ་འོད་འཆང་མ་ནི་མིག་སེར་གྱིས༔ ང་ཡིས་གྲོགས་གོ་མ་ཆོད་མི་ཅིག་ཡིན༔ རྒྱལ་པོའི་སྙན་དུ་རྟིང་ལ་བརྗོད་བྱ་ཟེར༔ སྤྲུལ་པའི་སྐུ་ཞིག་ཡིན་ན་མི་འཚིག་སྙམ༔ འཁོར་དང་བཅས་པས་ལྟ་རུ་ཡོངས་ཙ་ན༔ ཏིལ་མར་ཞིང་དོར་གཅིག་ཙམ་མཚོ་འཁྱིལ་དབུས༔ སོལ་བའི་གུར་ཆེན་སྟེང་ན་པད་སྡོང་སྐྱེས༔ པདྨའི་སྟེང་ན་ཡབ་ཡུམ་སྙོམ་འཇུག་གར༔ སྐུ་མཆོག་རབ་གསལ་དྲི་བཟང་བསིལ་ངད་ལྡན༔ སྔར་གྱི་འགྲོ་རྣམས་ཐུགས་རྗེས་བསྒྲལ་བའི་ཕྱིར༔ ཐོད་པའི་ཕྲེང་བ་སྐུ་ལ་གསོལ་ནས་བཞུགས༔ རྒྱལ་པོ་ལ་སོགས་ཐམས་ཅད་ངོ་མཚར་སྐྱེས༔ ཨུ་རྒྱན་རྒྱལ་ཁམས་ཆེ་ཆུང་མེད་པར་འདུས༔ ས་ཡི་ལྷ་མོ་བརྟན་མ་འཁོར་བཅས་ཀྱིས༔ ཏམྦུ་ར་ཡི་རྒྱུད་བསྒྲེངས་བསྟོད་པས་བསྙེན༔ ཧཱུྃ༔ རྒྱ་མཚོར་སྐུ་འཁྲུངས་ཨུ་རྒྱན་ཡུལ་དུ་བྱོན༔ རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་བསྟན༔ འཁོར་བར་མ་ཆགས་ཐབས་ཀྱི་རོལ་རྩེད་མཛད༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་དུ་བཞུགས༔

བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ༔ འདུལ་ཁྲིམས་ལྡན་པས་དགེ་སློང་ཆ་ལུགས་འཛིན༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཟ་ཧོར་ཡུལ་བྱོན་མ་ག་དྷ་རུ་བཞུགས༔ བསིལ་བའི་ཚལ་དུ་བམ་རོའི་སྒྲུབ་པ་མཛད༔ སྡེ་སྣོད་བཅུ་གཉིས་ཐུགས་ཀྱི་ཀློང་ན་གསལ༔ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས༔ སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ༔ གསང་སྔགས་ཕྱི་ནང་ཐུགས་ཀྱི་དཀྱིལ་ན་གསལ༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ ཡངས་པ་ཅན་བྱོན་སོ་ས་གླིང་དུ་བཞུགས༔ ལྟ་བ་མི་ཚོལ་ཞི་གནས་སྒོམ་མི་བྱེད༔ ཐ་དད་ཕྱོགས་འཛིན་མ་གོས་ནམ་མཁར་གདལ༔ པདྨ་ཐོད་ཕྲེང་སྐུ་ལ་ཕྱག་འཚལ་བསྟོད༔ ཁ་ཆེའི་ཡུལ་བྱོན་སིངྒ་ལ་རུ་བཞུགས༔ ཐོས་བསམ་ལྡན་པས་འགྲོ་བ་མ་ལུས་འདུལ༔ བྱམས་པ་ཆེན་པོས་ཕ་མ་ལྟ་བུར་མཛད༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ལི་ཡི་ཡུལ་བྱོན་ལྕང་ར་སྨུག་པོར་བཞུགས༔ ཤེལ་གོང་བྲག་ལ་མངོན་ཤེས་མཁའ་ལྟར་ཁྱབ༔ གཞན་དོན་འཕྲིན་ལས་འབྲས་བུ་ལོ་འདབ་རྒྱས༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ བལ་པོའི་ཡུལ་བྱོན་ཡང་ལེ་ཤོད་དུ་བཞུགས༔ གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ བོད་ཡུལ་དབུས་འབྱོན་སྟག་ཚང་སེང་ཕུག་བཞུགས༔ སྣང་བ་མཐའ་ཡས་སྤྲུལ་པ་མི་ཡི་མགོན༔ མཁའ་འགྲོ་སྡེ་བཞི་མ་ཚོགས་རོལ་ཏུ་ཁྲིད༔ བདེ་བའི་དངོས་གྲུབ་སྐུ་ལ་ཕྱག་འཚལ་བསྟོད༔ སྲིན་པོའི་ཡུལ་འབྱོན་རྔ་ཡབ་གླིང་དུ་བཞུགས༔ ཟངས་མདོག་དཔལ་རིར་གདོང་དམར་སྲིན་པོ་འདུལ༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་འགོད༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་གཡས་ཕྱོགས་ལན་གསུམ་བསྐོར་བྱས་ནས༔ མདུན་ནས་ཕྱག་བྱས་ས་ལ་ཐིམ་པར་གྱུར༔ དེ་ནས་རྒྱལ་པོས་ཕོ་བྲང་གདན་འདྲེན་ཞུས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཤད་སྒྲུབ་བཙུགས༔ མི་ལོ་ཉིས་བརྒྱར་བཞུགས་ནས་ཆོས་གསུངས་ཏེ༔ ཨུ་རྒྱན་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད༔ ཨིནྡྲ་བོ་དྷི་བཙུན་མོ་འཁོར་བཅས་རྣམས༔ ཚོམ་བུ་ལྔ་བརྒྱ་དང་བཅས་ལྷག་མེད་དུ༔ ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ཐོབ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཨུ་རྒྱན་རྒྱལ་ཁམས་ཆོས་ལ་བཙུད་པའི་ལེའུ་སྟེ་ཞེ་དགུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༥༠ རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཙུད་པ།

 

དེ་ནས་ལྷ་ལྕམ་མནྡཱ་ར་བ་ཡིས༔ ཨུ་རྒྱན་ཧེ་རུ་ཀ་ཡི་མཆོད་ཁང་བཞེངས༔ འདོད་དགུར་སྒྱུར་བའི་གཟུགས་ཅན་མཁའ་འགྲོ་མ༔ རེས་འགའ་མཁའ་འགྲོ་རེས་འགའ་ཅེ་སྤྱང་སྟེ༔ རེས་འགའ་སྟག་མོ་རེས་འགའ་འཇའ་ཚོན་ལྟར༔ མཁའ་འགྲོ་རྣམས་ཀྱི་ཚོགས་དཔོན་མཛད་པར་གྱུར༔ དུས་ཕྱིས་སངས་རྒྱས་བསྟན་པ་མ་སྟོངས་པར༔ སྐབས་དང་སྐབས་སུ་ལྷ་ལྕམ་སྤྲུལ་པ་འབྱུང་༔ དེ་ནས་ཨུརྒྱན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ་དུ་བྱོན༔ གྲོང་ཁྱེར་བལ་འབངས་འགྱུར་ཞེས་བྱ་བ་ན༔ འཐག་མཁན་བཟའ་མི་གཉིས་ལ་བུ་མོ་ཡོད༔ མ་དེ་ཤི་ནས་ཕ་ཡི་བསམ་པ་ལ༔ བུ་མོ་ནམས་ཀྱང་མི་སོས་འཆི་སྙམ་སྟེ༔ མ་ཡི་རོ་དང་ལྷན་ཅིག་དུར་ཁྲོད་བསྐྱལ༔ ལྷ་ལྕམ་མནྡཱ་ར་བས་སྟག་མོར་སྤྲུལ༔ མ་ཡི་རོ་ལ་རོལ་ཏུ་ཡོངས་ཙ་ན༔ བུ་མོ་མ་ཡི་ནུ་མ་འཇིབ་ཀྱིན་འདུག༔ སྟག་མོས་སྙིང་རྗེ་སྐྱེས་ནས་པང་དུ་བླངས༔ བུ་མོར་མ་ཡི་འཛིན་རྟོག་མ་བྱུང་བར༔ མ་རོ་གྲང་ཞིང་སྟག་མོ་དྲོ་བ་ཡིས༔ ནུ་མ་འདྲད་པས་ཞག་ལོག་ཟླ་ལོག་སྐྱེས༔ ཉིན་པར་དུས་ན་ཤིང་ལ་འཐུས་ཀྱིན་བཀལ༔ མཚན་མོའི་དུས་སུ་ཐགས་སུ་འདྲེན་ཅིང་འཐག༔ བལ་འབངས་ཀ་ལ་སིདྡྷི་ཞེས་བྱར་གྲགས༔ པད་འབྱུང་དེ་ཉིད་གདུལ་བྱའི་ཞིང་དུ་མཁྱེན༔ དགེ་སློང་སཽ་ཁྱ་དེ་བ་ཞེས་བྱར་སྤྲུལ༔ བུ་མོ་དེ་ཉིད་ནགས་གསེབ་ཁྲིད་ནས་སུ༔ འདོད་ཆགས་བཞི་སྦྱོར་སྒྲུབ་པ་མཛད་ཅིང་བཞུགས༔ དེ་ནས་རེ་ཞིག་དུས་སུ་གྱུར་པ་ན༔ ཞིང་པ་རྔ་ཐུབ་ཅན་གྱི་བུ་ཡིན་ཟེར༔ མིང་ནི་ནོར་བུ་གོ་ལེབ་ཅེས་བྱ་བ༔ ཁྱིམ་བདག་བཟང་པོ་ཞིག་གིཕྱུགས་རྫི་དེ༔ ཉི་མ་དུ་ཤར་ནགས་གསེབ་ཕྱུགས་འཚོར་འོང་༔ ན་མ་ཇི་བཞིན་དགེ་སློང་ཡབ་ཡུམ་ལ༔ ཤིང་ལོའི་ནང་དུ་འོ་མ་བཞོས་ཀྱིན་ཕུལ༔ རེ་ཞིག་དགེ་སློང་ཞལ་ནས་ནོར་བུ་ལ༔ ན་མ་རེས་ཀྱིས་ང་ལ་ཞོ་འབུལ་བ༔ ཁྱོད་ལ་འདོད་པ་ཅི་ཡོད་གསུངས་པ་ཡིས༔ ཅི་ཡང་མི་འདོད་མོས་ནས་ཁྱོད་ལ་ཕུལ༔ ཆོས་ཤིག་འདོད་དམ་འདོད་ན་སྦྱིན་གསུངས་པས༔ ཆོས་དང་འདོད་དེ་ང་ལ་ཡོན་མེད་ཟེར༔ དགེ་སློང་ཞལ་ནས་ན་མ་རེ་རེ་བཞིན༔ ཁྱོད་ཀྱི་ཞོ་ཕུལ་ཁོ་ན་ཡོན་ཡིན་མོད༔ ནང་པར་སྔ་བར་ཤོག་དང་ཆོས་སྦྱིན་གསུངས༔ འོངས་ནས་ཤིང་ལོའི་ནང་དུ་ཞོ་བཞོས་ཕུལ༔ རྡོ་རྗེ་སེམས་དཔའ་རྒྱན་གཅིག་སྒྲུབ་ཐབས་བྱིན༔ བསྒྲུབས་པས་སྟན་ཐོག་དེ་ཉིད་གྲུབ་པ་ཐོབ༔ དགེ་སློང་ཡབ་ཡུམ་གཉིས་ཀྱིས་གཟིགས་པ་ཡིས༔ ནོར་བུའི་སྨིན་མཚམས་ཧཱུྃ་ཞིག་འདུག་པར་མཐོང་༔ མཚན་ནི་སློབ་དཔོན་ཧཱུྃ་ཆེན་ཀ་རར་བཏགས༔ བཀའ་འདུས་དམ་པའི་རྒྱུད་ལྔརྫོགས་པར་གསུངས༔ སྐུ་ཆེའི་ཡོན་ཏན་རྐང་མགྱོགས་དངོས་གྲུབ་ཐོབ༔ ས་ལ་ཁྲུ་གང་ཙམ་དུ་མ་རེག་འབྱོན༔

གསུང་མཐར་ཕྱིན་པས་སྤྱི་བོར་རྟ་མགྲིན་བྱུང་༔ ཐུགས་མཐར་ཕྱིན་པས་ཐུགས་ཀར་རྡོ་རྗེ་བྱུང་༔ འཕྲིན་ལས་མཐར་ཕྱིན་དཔྲལ་བའི་དཀྱིལ་དུ་ནི༔ གཡུ་ཡི་རྡོ་རྗེ་རྒྱ་གྲམ་འཁོར་བ་བྱུང་༔ ཡོན་ཏན་མཐར་ཕྱིན་གནས་དགུའི་བུ་ག་ནས༔ འོད་ཟེར་དགུ་ཚན་དགུ་འཕྲོ་མཚན་བཟང་བརྒྱན༔ དགོངས་ཤིག་ཕྱུགས་མའི་ཕྱི་ལ་མར་ཕྱིན་པས༔ ཇོ་བོས་རྡོ་རྗེ་སེམས་དཔའ་བྱོན་ནོ་ཟེར༔ གྲོང་ཁྱེར་དབུས་སུ་གདན་བཏིངས་བསྐོར་བ་བྱས༔ ཇོ་བོ་བདག་ནི་ཕྱུགས་རྫི་ཅི་ཡིས་ཉེས༔ ཕྱུགས་རྫི་མ་ཡིན་རྡོ་རྗེ་སེམས་དཔའ་ལགས༔ ཐམས་ཅད་འདུས་ཏེ་བླ་མ་ཉིད་དུ་བཀུར༔ རྔ་ཐུབ་ཡུལ་ཁམས་ཆོས་ལ་ཚུད་པར་གྱུར༔ དེ་ནས་རྔ་ཐུབ་ཅན་གྱི་ནུབ་ཀྱི་ཕྱོགས༔ ཁ་ཆེའི་ཡུལ་གྱི་གླང་པོ་སྒང་ཞེས་ན༔ རྒྱལ་པོ་དྷརྨ་ཨ་ཤྭ་བྱ་བའི་སྲས༔ ལྷ་ལྕམ་དྷརྨ་བྷེ་ཏི་ཞེས་བྱ་བ༔ ཤིན་ཏུ་མཛེས་པ་ལྷ་ཡི་སྲས་མོ་ཞིག༔ དེ་ཉིད་གཉིད་ལོག་འདུག་པའི་རྨི་ལམ་དུ༔ མི་ནི་དཀར་པོ་ཤིན་ཏུ་མཛེས་པ་ལས༔ འོད་ཟེར་དཀར་པོ་འཕྲོ་བ་ཞིག་བྱུང་ནས༔ བདུད་རྩི་བུམ་པ་གང་ནི་སྤྱི་བོར་བཞག༔ ཚངས་བུག་སོང་ནས་ལུས་ཀུན་བདེ་བས་ཁེངས༔ དེ་ནས་ལུས་མ་བདེ་ནས་བུ་ཞིག་བཙས༔ ཁྱོ་ཕོ་མེད་པའི་བུ་འདི་ངོ་ཚ་སྙམ༔ བྱེ་མའི་གསེབ་ཏུ་བོར་ནས་བཞག་པ་ལ༔ ཁྱིམ་བདག་བདེ་ལྡན་འཁོར་ལོ་ཞེས་བྱ་ནི༔ གྲོང་ཁྱེར་འབུམ་ཚོ་ཉེར་དགུའི་ཁ་སྒྱུར་བ༔ དེ་ཡི་ཀུཀྐུའི་བུ་ཆུང་ཁྱེར་བྱུང་བས༔ མ་ཉམས་མིག་གཉིས་ཁྲ་ཧྲིག་འདུག་ནས་སུ༔ ཁྱིས་བདག་བི་མ་མི་ཏྲ་ཀྱི་ཧུད་ཟེར༔ པང་དུ་བླངས་ཏེ་ནང་དུ་ཁྱེར་ནས་ཕྱིན༔ བདག་ཉིད་གསལ་རིག་མ་ཞེས་ཆུང་མར་གཏད༔ ཞག་ལོག་ཟླ་ལོག་ལོ་ལོག་སྐྱེད་ཆེར་གྱུར༔ ལོ་ལྔ་ལོན་ནས་ཕ་མར་རབ་བྱུང་ཞུས༔ སྡོམ་པ་མི་སྐྱེ་ཟེར་ནས་མ་གནང་ནས༔ རིགས་ལྡན་རྒྱལ་པོ་པདྨ་དཀར་པོ་ལ༔ རིག་པའི་གནས་ལྔ་དག་ལ་མཁས་པར་སྦྱངས༔ ལྷག་པར་ཆོས་ལ་མཁས་པར་གྱུར་པ་དང་༔ མཁན་པོ་སུ་མི་ཏྲ་ལ་རབ་ཏུ་བྱུང་༔ མཚན་ནི་ཤཱཀྱ་ཤྲཱི་བྷ་དྲར་གྲགས༔ ཁ་ཆེའི་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཙུད་པའི་ལེའུ་སྟེ་ལྔ་བཅུ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༥༡ ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བ།

 

དེ་ནས་མུ་སྟེགས་བསྟན་པ་བསྣུབ་པའི་ཕྱིར༔ ཟངས་གླིང་ཡུལ་ཕྱིན་མུ་སྟེགས་སྟོན་པའི་ཁྱུ༔ ལྔ་བརྒྱ་དག་དང་བགྲོ་གླེང་བྱས་པ་ཡིས༔ མུ་སྟེགས་པ་ཡིས་མ་ཐུབ་མཐུ་བྱེད་ཟེར༔ ནགས་ཁྲོད་ཕྱིན་ནས་མཐུ་ནི་བསྒྲུབས་པའི་ཚེ༔ མཁའ་འགྲོ་བདུད་འདུལ་མ་ཡིས་རྒྱལ་བ་ལ༔ བསེ་སྒྲོམ་གཏད་ནས་མུ་སྟེགས་ཐུལ་ཅིག་བསྒོས༔ བསེ་སྒྲོམ་ནང་ནས་སྲོག་སེར་གཏད་དང་བཅས༔ མཁའ་འགྲོའི་ངན་སྔགས་ཞག་བདུན་རེག་འཕུང་བྱུང་༔ མུ་སྟེགས་ནགས་ཁྲོད་མཐུ་བྱེད་ཐོག་ཕབ་ནས༔ ཐམས་ཅད་མེས་ཚིག་མུ་སྟེགས་ཁ་དག་གྱུར༔ མ་ཤི་བ་རྣམས་ནང་པའི་བསྟན་ལ་བཅུག༔ དེ་ནས་རྒྱ་གར་གསེར་གླིང་བྱ་བའི་ཡུལ༔ མུ་སྟེགས་བྱེད་ཀྱི་གྲོང་ཁྱེར་ཆེན་པོའི་དབུས༔ མུ་སྟེགས་རྒྱལ་པོ་ནམ་མཁའི་ཤུགས་ཅན་དང་༔ བཙུན་མོ་ཙནྟྲི་ད་ལ་བྱ་བ་ལ༔ བུ་ནི་ཉི་མའི་ཤུགས་ཅན་ཞེས་བྱ་བ༔ མདོག་སྔོ་རིགས་ངན་མིག་ནི་ཡ་གཅིག་ཞར༔ རྐང་པ་གཡོན་ཞ་ལག་པ་གཡོན་མ་ལག༔ ད་སྐལ་ཡོད་ཅིང་ཀོ་རུལ་གསེབ་དྲི་མནམ༔ རྒྱལ་བུ་དེ་ཉིད་གཞན་གྱིས་མཐོང་དོགས་ནས༔ ཕྱི་རུ་མི་འགྲིམ་ཕོ་བྲང་ནང་དུ་སྦེད༔ ཆེ་བར་ནར་སོན་ཕ་མ་གཉིས་ལ་ནི༔ ང་ལ་ཁྱིམ་ཐབ་གྱིས་ཤིག་ཟེར་བ་ལ༔ ཀྱེ་མ་ཀྱེ་ཧུད་བུ་ཁྱོད་ཁ་རོག་སྡོད༔ ཁྱོད་ནི་གཟུགས་བྱད་མ་ལེགས་གཏི་ཐུག་པས༔ ཆུང་མ་ཁྱོད་ལ་འོང་མཁན་མི་ཡོང་ན༔ བུ་ཁྱོད་ཆོས་གྱིས་ཆོས་རྒྱགས་སྦྱིན་གྱིས་སྨྲས༔ ཆོས་དེ་ནང་བཏང་ཕྱི་བྱུགས་ངས་མི་འོང་༔ ཁྱེད་གཉིས་ང་ལ་ཆུང་མ་མི་ལེན་ན༔ ཁྱིམ་ལ་མེ་བརྒྱབ་ལྕེབས་ནས་བསྡད་དོ་ཟེར༔ ལག་ཏུ་མེ་ཁྱེར་བཟུང་བས་མ་ཐུབ་སྟེ༔

བུ་ཁྱོད་དེ་ཡི་ནག་ལ་ཐུག་གྱུར་ན༔ ཅིས་ཀྱང་མ་ཕན་ཆུང་མ་ལོན་ཅིག་ཟེར༔ བུད་མེད་ཕལ་གྱིས་ཆུང་མའི་གོ་མི་ཆོད༔ ང་ནི་ཇི་ལྟར་ཞན་ཀྱང་རྒྱལ་པོ་ཡིན༔ མཚན་ལྡན་ལྟ་ན་སྡུག་པ་ལོང་ཞིག་ཟེར༔ རྒྱ་གར་ཏྲེ་ཏ་རཱ་ཛའི་སྲས་མོ་ནི༔ ལྷ་ལྕམ་ཨ་ཐམ་རྒྱལ་མོ་ཞེས་བྱ་བ༔ ལེགས་པའི་དཔེ་འཇོག་མཚན་དང་ལྡན་པ་དེ༔ སྨྱན་ཁ་བཅུག་ནས་རིན་བསྐྱལ་བཀུག་པར་གྱུར༔ རྒྱལ་བུ་ཕོག་ནས་ཕ་མས་ཟུར་དུ་བསྡད༔ བུད་མེད་དེ་ཉིད་ཁྱོ་ལ་མ་དགའ་སྟེ༔ འབྲོས་པར་བརྩམས་པས་ཁྱོ་ཕོས་སྒོ་བཀག་ཉལ༔ ལྕེབ་པར་བརྩམས་པས་ཆས་མ་འཛོམས་པར་ལུས༔ བྱ་བ་མི་བྱེད་ཉིན་མཚན་མེད་པར་ངུ་༔ རུས་མིག་ཤ་དིམ་རྒྱུ་མ་སྒལ་ཚིགས་འབྱར༔ ཁྱོ་ཕོ་དེ་ཡང་ཆུང་མ་བྲོས་དོགས་དུབ༔ བཟའ་མི་དེ་གཉིས་གདུལ་བྱའི་ཞིང་དུ་གཟིགས༔ ཕོ་བྲང་ནང་དུ་སྒྱུ་མའི་ལྟད་མོ་མཛད༔ ཁྱོ་ཕོས་སྒོ་བཅད་ཕྱིར་འོངས་ཕྱི་ནས་བལྟས༔ ཆུང་མས་གློ་སྐར་སྒོ་ཕྱེ་ནང་ནས་བལྟས༔ སྒྱུ་མ་མཁན་འདི་བདག་གྲོགས་ཡིན་ན་སྙམ༔ སེམས་ཀྱིས་ཤེས་ནས་ཆོས་གསུངས་འདི་སྐད་ལོ༔ བུད་མེད་སྙིང་དུ་སྐྱེས་པ་ཞུགས་པ་ནི༔ ནད་དུ་སྙིང་ང་ཞུགས་པའི་དོ་ཟླ་མིན༔ སྐྱེས་པའི་སྙིང་དུ་བུད་མེད་ཞུགས་པ་ནི༔ སྨྱོ་འདྲེ་རྒྱལ་འགོང་ཕལ་གྱི་དོ་ཟླ་མིན༔ བཟའ་མི་སྙོམས་ཆུང་ཁྱིམ་ཐབ་བྱེད་པ་ནི༔ ཆོམ་རྐུན་ཨ་ར་ཕལ་གྱི་དོ་ཟླ་མིན༔ ཞེས་གསུངས་གཉིས་ཀ་དད་ཅིང་འདུན་པར་གྱུར༔ ནང་པ་སངས་རྒྱས་བསྟན་ལ་བཙུད་པ་ཡིས༔ རྒྱལ་པོ་ནམ་མཁའི་ཤུགས་ཅན་མ་དགྱེས་ནས༔ ན་ཆུང་ལྡོམ་བུ་དགེ་སྦྱོང་འདྲ་བ་འདིས༔ དང་པོར་ང་ཡི་བླ་མཆོད་ཐོག་ཕབ་བསད༔ བར་དུ་བུ་ཡི་ཁྱིམ་བཤིག་གསོད་དགོས་ཟེར༔ གསེར་གླིང་མི་ལ་སོ་ཕག་ཕ་གུ་བསྡུས༔ རྒྱལ་སྲས་ཕ་གུའི་སྒྲོམ་བཅུག་བསྲེགས་པ་ཡིས༔ གསེར་གྱི་མཆོད་རྟེན་བང་རིམ་བུམ་པ་བྲེ༔ གདུགས་དང་ཆོས་འཁོར་ཡོད་པ་ཞིག་ཏུ་གྱུར༔ ཉི་མའི་ཤུགས་ཅན་བཟའ་མིས་བསྐོར་བ་བྱེད༔ རྒྱལ་པོ་འགྱོད་ཅིང་དད་ནས་ཆོས་ལ་ཚུད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ་སྟེ་ང་གཅིག་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༥༢ རྒྱལ་པོ་ཀླུའི་ཁྱབ་འཇུག་བཏུལ་བ།

 

དེ་ནས་ཀ་མ་རུ་པ་ལི་ཡུལ་དང་༔ མ་རུ་ཙེ་དང་འ་ཤ་འབྲུ་ཤའི་ཡུལ༔ ཤམྦྷ་ལ་དང་ཞང་ཞུང་ཏ་ཟིག་ཡུལ༔ གེ་སར་ཐོ་གར་སྲིན་ཡུལ་རུག་མ་དང་༔ ཀླུ་ཡི་ཡུལ་སོགས་ཐམས་ཅད་ཆོས་ལ་བཙུད༔ གཙུག་ལག་ཁང་ནི་འབུམ་ཚོ་བརྒྱད་བཞེངས་སོ༔ ཕྲ་མོ་བྱེ་བ་དགུ་ཁྲི་སྟོང་བཅུ་གསུམ༔ དེ་དག་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར༔ དེ་ནས་རི་བོ་ཏ་ལའི་རྩེ་མོར་བྱོན༔ ཤེལ་གྱི་མཆོད་རྟེན་བམ་རིམ་སོ་གསུམ་པར༔ དགོངས་པ་མཉམ་པར་བཞག་ནས་བཞུགས་པའི་དུས༔ རྡོ་རྗེ་གདན་དུ་མུ་སྟེགས་པ་ཤོར་ནས༔ རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་ཅེས་བྱ་བ༔ སྡིག་སྤྱོད་རྒྱལ་པོ་འཇིགས་སུ་རུང་བ་ཞིག༔ བཙུན་མོ་སྲས་དང་འཁོར་འབངས་རྒྱས་པར་གྱུར༔ མུ་སྟེགས་སྟོན་པ་སྡེ་དྲུག་ཞབས་ནས་འདེགས༔ རྡོ་རྗེ་གདན་གྱི་ནང་ནི་ཁོས་བཟུང་ནས༔ ནང་པ་སངས་རྒྱས་ཆོས་ལུགས་ཐམས་ཅད་བསྣུབས༔ དཀོན་ཅོག་མཆོད་རྟེན་ཐམས་ཅད་བཤིག་པར་གྱུར༔ རྒྱལ་པོ་དེ་ཡི་མཛད་སྤྱོད་རྣམ་ཐར་ནི༔ ལག་ཆར་མཚོན་འཛིན་ཟས་སུ་སེམས་ཅན་ཟ༔ འཁོར་དུ་དམག་དང་ཁོལ་པོ་འབུམ་སྡེས་བསྐོར༔ ངག་ནས་རྒྱོབ་སོད་རྡུངས་ཀྱི་སྒྲ་སྒྲོག་ཅིང་༔ ཉིན་ཞག་རེ་ལ་སེམས་ཅན་བརྒྱད་ཁྲི་འཆི༔ ཡུལ་ཁམས་དེ་ཡི་ཤིང་རྣམས་མ་ལུས་བསྡུས༔ རྡོ་རྗེ་གདན་གྱི་སྟེང་འོག་ཐམས་ཅད་བཀང་༔ རྒྱལ་པོའི་ཁ་ཟས་གསོན་མའི་ཉ་ལ་དགྱེས༔ རྒྱ་གར་རྒྱལ་ཁམས་མི་སྐྱིད་སྡུག་ལ་བཀོད༔ དེ་ཉིད་ཆོས་ཀྱིས་འདུལ་བར་དགོངས་པ་ལ༔ གདུལ་དཀའ་གདུལ་ཐབས་ཇི་སྙེད་དགོངས་ན་ཡང་༔ སྐུ་དངོས་ཀྱིས་ནི་ཐུལ་བར་མ་གཟིགས་ནས༔ ཡེ་ཤེས་སྤྱན་གྱིས་རྒྱ་གར་ཡུལ་ལ་གཟིགས༔ ཕ་ནི་བྲམ་ཟེ་དགའ་བ་འཛིན་ཞེས་བྱ༔ མ་ནི་བདེ་བ་བསྐྱེད་མ་གཉིས་ལ་ནི༔ བུ་ནི་སྙིང་ཤོང་འཛིན་ཞེས་བྱ་བ་དང་༔ བུ་མོ་དགེ་བ་ལྕམ་དང་གཉིས་འདུག་པས༔ བུ་མོ་དེ་ལ་སྐྱེས་པའི་བུ་ཞིག་དང་༔ ཉ་མོ་ཀ་ཤ་གཉིས་ཀྱིས་བཏུལ་ན་ཐུལ༔ དེ་མིན་གང་གིས་བཏུལ་ཀྱང་མི་ཐུལ་གཟིགས༔ བུ་མོ་བྲག་དམར་བྱ་སྐྱིབས་སྲིབས་ཚལ་ན༔ མཛོ་མོའི་ཁྱུ་ཞིག་འཚོ་ཡིན་བསྡད་པ་ལ༔ ཆར་བྱུང་བྲག་ཕུག་ཕྱིན་པས་གཉིད་དུ་སོང་༔

དེ་ལ་པདྨས་བྱིན་བརླབས་དབང་བསྐུར་བས༔ བུ་མོ་གཉིད་སད་ཙ་ན་རྨི་ལམ་དྲན༔ དེ་འདྲའི་ཁྱོ་ཞིག་ཡོད་ན་དགའ་བ་སྙམ༔ དེ་ནས་ལུས་མ་བདེ་བས་མནའ་མར་བཤད༔ བདག་ནི་སྐྱེས་པ་གང་དང་མ་ཉེ་བར༔ ཁྱོ་མེད་བུ་ཚ་མྱུར་དུ་ལྕེབ་སྙམ་ཡོད༔ མནའ་མས་མིང་པོའི་རྣ་བར་སྨྲས་པ་དང་༔ མ་ལྕེབས་གྱིས་ལ་བུ་དེ་ངས་གསོ་གྱིས༔ དེ་ནས་ཟླ་ངོ་དགུ་ན་བུ་ཞིག་བཙས༔ བྲམ་ཟེར་མཚན་ལྟས་བསྟན་པས་མཚན་ལེགས་ཟེར༔ མིང་ཡང་བདེ་མཆོག་དུས་ཀྱི་སྙིང་པོར་བཏགས༔ ལོག་པོར་སྐྱེད་ཆེ་ལོ་བརྒྱད་ལོན་པ་དང་༔ ཨ་མ་ང་ཡི་ཕ་ལས་གང་ཡིན་ཟེར༔ ཨ་མའི་མིག་ནས་མཆི་མ་ཤར་གྱིས་བྱུང་༔ ཁྱོད་ལ་ཕ་མེད་དེ་སྐད་མ་ཟེར་བརྗོད༔ འོ་ན་ཡུལ་གྱི་རྒྱལ་པོར་ཇི་སྐད་ཟེར༔ རྒྱལ་པོའི་བླ་མཆོད་ཇི་སྐད་བྱ་བ་ཡོད༔ རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་བྱ་བ་ཡོད༔ བླ་མཆོད་མུ་སྟེགས་སྟོན་པ་དྲུག་གིས་བྱེད༔ དེ་སྐད་སྨྲས་པས་བུ་དེ་འདི་སྐད་ཟེར༔ ང་འགྲོ་རྒྱ་གར་རྡོ་རྗེ་གདན་དུ་འགྲོ༔ ཕ་མེད་བུ་ནི་མ་ཡིས་མི་སོས་སོ༔ དེ་སྐད་ཟེར་ནས་རྡོ་རྗེ་གདན་དུ་སོང་༔ སྒོ་སྲུང་པ་ཡིས་ནང་དུ་མ་བཏང་བར༔ མུ་སྟེགས་སྟོན་པ་དྲུག་དང་རྒྱལ་པོ་རྣམས༔ སྐྱོ་བསངས་བྱེད་པའི་དྲུང་དུ་ཕྱིན་པར་གྱུར༔ བདག་ལ་ཆོས་ཀྱི་སྦྱིན་པས་བསྐྱང་དུ་གསོལ༔ བྱིས་པ་ལོ་བརྒྱད་ལོན་པས་ཆོས་མི་གོ༔ ཕྱིར་ཤིག་ཟེར་ནས་དབྱུག་པས་བྲང་ནས་ཕུལ༔ ང་ལ་ཕ་མ་ཉེ་འབྲེལ་གང་ཡང་མེད༔ ཁོལ་པོར་རྗེས་གཟུང་ལྟོ་གོས་བསྐྱང་དུ་གསོལ༔ རྒྱལ་པོས་ནང་ཁྲིད་ཐབ་གཡོག་འཆོལ་ལོ་ཟེར༔ དེ་ནས་བདེ་མཆོག་དུས་སྙིང་ནང་དུ་ཚུད༔ སྤྱོད་པ་འདྲེས་ནས་མུ་སྟེགས་པར་གྱུར་ཏོ༔ ཉ་དམངས་ཀ་ཤའི་སྤྲུལ་པ་ཉ་ཆེར་གྱུར༔ རྒྱལ་པོའི་གསོལ་ཉ་པ་ཡིས་བཟུང་ནས་དྲངས༔ ཉ་དེ་སོ་འོག་མ་ཆུད་ཁྱུར་མིད་སོང་༔ ཡར་ལ་མ་སྐྱུགས་མར་ལ་མ་དོན་བར༔ ཁོང་པའི་ནང་དུ་ཉ་ཡིས་བཀྱོགས་པ་དང་༔ རྒྱལ་པོ་ཡར་ལང་མར་ཉལ་བསྒྲེ་ཞིང་ལྡོག༔ ས་གཅིག་མི་ཚུགས་ཧྲིལ་ཧྲིལ་ཀར་ཀར་བྱས༔ འཇིགས་པའི་སྐད་འདོན་བཤུ་དང་ཧུ་ཡིས་འདེབས༔ བཙུན་མོ་བློན་པོས་སེམས་ཀྱིས་མ་བཟོད་ནས༔ མུ་སྟེགས་བླ་མཆོད་གྱུར་ཚད་སྤྱན་དྲངས་ཏེ༔ འཁོར་བཅས་མ་ལུས་རྒྱལ་པོའི་དྲུང་དུ་འདུས༔ ལ་ལས་མགོ་བཟུང་ལ་ལས་ལག་པ་བཟུང་༔ བསྙུངས་རིང་དོས་དྲག་ནད་ཀྱིས་ཟིན་པར་གྱུར༔ དེ་ནས་བདེ་མཆོག་དུས་སྙིང་བསམ་ངན་འགྱུས༔ ཆུ་ལ་དུག་བཏབ་ཤིང་གསེབ་སྤྲ་མེ་བཅུག༔ སྟེང་འོག་ཕྱོགས་ཀྱི་གློ་སྐར་སྒོ་ཕྱེ་ནས༔ སྒོ་རྣམས་རིམ་པར་ཕྱི་འབྱར་བརྒྱག་གིན་འོངས༔ ཟ་ཧོར་ཡུལ་བྲོས་ཞི་འཚོར་རབ་ཏུ་བྱུང་༔ དེ་དུས་རྒྱ་གར་ཚོང་པ་ཟ་ཧོར་བྱུང་༔ ཚོང་པ་རྣམས་ལ་རྒྱ་གར་གཏམ་སྐད་དྲིས༔ རྡོ་རྗེ་གདན་ལ་མེ་ཤོར་ཐམས་ཅད་ཚིག༔ མུ་སྟེགས་འཁོར་དང་བཅས་པ་རྩ་བ་བུད༔ གཙོ་བོ་གྲོས་བྱས་རྒྱལ་པོ་ཞིག་མེད་ན༔ ནང་འཐབ་བྱས་ནས་བདེ་བ་མི་འོང་ཟེར༔ རྒྱལ་པོ་ཚོལ་ལ་ཉི་མ་དུ་ཤར་འཚོག༔ ལོ་གཅིག་སོང་སྟེ་རྒྱལ་པོ་མ་རྙེད་ཟེར༔ དེ་ནས་བདེ་མཆོག་དུས་ཀྱི་སྙིང་པོ་ཡིས༔ མུ་ཏོའི་ཆས་ཞུགས་རྒྱ་གར་ཡུལ་དུ་ཕྱིན༔ མི་ཁྲོམ་དམར་ནག་འཁྱིལ་བའི་མཐའ་རུ་བསྡད༔ གླང་ཆེན་བུམ་བསྐུར་རྒྱལ་པོ་ཚོལ་དུ་བཅུག༔ མཇུག་མ་ཀྱོག་ལང་ལྕི་བ་རྩར་སྤྲུགས་ནས༔ བདེ་མཆོག་དུས་སྙིང་མགོ་ཐོག་བུམ་པ་བཞག༔ དེ་ནས་གཙོ་བོ་དེར་འདུས་ཁྲུས་གོས་གསོལ༔ རྒྱལ་པོ་ཁྲིར་བཏོན་གདུགས་དང་རྒྱལ་མཚན་བསྒྲེངས༔ རྒྱལ་པོའི་བཙུན་མོ་གང་ལ་འཚོལ་གསུངས་པས༔ དད་པ་ཆེ་ཞིང་ནང་པ་སངས་རྒྱས་མོས༔ སྙིང་རྗེ་ཆེ་ཞིང་དབུལ་ཕོངས་ཟས་ནོར་སྐྱོང་༔ ཡ་རབས་རྟགས་དགུ་ཚོང་ལ་བཙུན་མོ་འཚོལ༔ དེ་འདྲ་མ་རྙེད་གླང་ཆེན་འཚོལ་དུ་བཅུག༔ ན་ཚོད་རྒན་སོང་ཞིག་གི་མགོ་ཐོག་བཞག༔ དེ་ནས་རྒྱལ་པོ་དེ་ལ་ཁྲིམས་སྡོམ་ཞུས༔ རྡོ་རྗེ་གདན་ལ་སོ་ནམ་གྱིས་ཤིག་གསུངས༔ ཐམས་ཅད་ས་སེལ་རྡོ་སེལ་བྱེད་པར་གྱུར༔ རེ་ཞིག་རྒྱལ་པོ་བཙུན་མོ་འཛོམ་འཕྲོད་བྱུང་༔ རྒྱལ་པོས་བཙུན་མོའི་མིང་ཡུལ་གང་ཡིན་དྲིས༔ ཀེའུ་ར་དང་ཨུ་ཤའི་ཐོ་སྐོར་ཡིན༔ མིང་ནི་དགེ་མ་ལྕམ་ཞེས་ཟེར་བ་ལགས༔ དེ་སྐད་བྱས་པས་རྒྱལ་པོས་ཁ་འོ་གཏུགས༔ ཁྱོད་ཀྱིས་བདེ་མཆོག་དུས་སྙིང་ཤེས་སམ་ཟེར༔ སྐྱེས་པ་སུ་དང་མ་ཉེ་ང་ལ་སྐྱེས༔ ལོ་ལྔ་ལོན་ནས་རྡོ་རྗེ་གདན་དུ་སོང་༔ མེ་ཤོར་ང་ཡི་བུ་ཡང་ཚིག་ཟེར་ངུས༔ རྒྱལ་པོས་ཨ་མ་ཁྱོད་ཀྱི་བུ་ཡིན་ཟེར༔ མ་དེས་མིན་ཟེར་ཡིད་ཆེས་མི་བྱེད་ནས༔ ང་ཁྱོད་བུ་ཡིན་རྡོ་རྗེ་གདན་ནང་དུ༔ ཉ་ནི་གསོན་མར་ཡོད་པར་ཤོག་ཅིག་ཟེར༔ རྒྱལ་པོ་བཙུན་མོས་བལྟ་རུ་ཕྱིན་པར་གྱུར༔ ཤིང་ལེབ་ཅིག་གི་འོག་ན་ཉ་བོ་ཆེ༔ ཟིལ་པ་ཕྲོམ་ཕྲོམ་དབུགས་ནི་ལྷེབས་ལྷེབས་འདུག༔ མ་ཡིད་ཆེས་ཏེ་བུ་ལ་ཕྱག་བསྐོར་བྱས༔ བུ་དེ་རི་བོ་ཏ་ལའི་གནས་སུ་སོང་༔ ཉ་དེ་ལྕང་ལོ་ཅན་དུ་སོང་བར་གྱུར༔ དགེ་མ་ལྕམ་ནི་རྒྱན་དུར་ཁྲོད་སོང་༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོ་ཀླུའི་ཁྱབ་འཇུག་བཏུལ་བའི་ལེའུ་སྟེ་ང་གཉིས་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༥༣ གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེངས་པ།

 

དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་གདན་བཞུགས་རབ་གནས་མེ་ཏོག་འཐོར༔ ཆོས་བྲིས་རྟེན་བཞེངས་བསྟན་པ་སོ་རུ་ཆུད༔ ལི་ཁར་ཤིང་འཕེལ་གཙུག་ལག་ཁང་དུ་བྱོན༔ མདོ་སྔགས་བསྟན་པ་ཟུང་འཇུག་ཉིས་བརྒྱ་བཞུགས༔ དེ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞིག༔ གྲུབ་པར་མ་གྱུར་དོན་མེད་དགོངས་ནས་སུ༔ རྒྱ་གར་བལ་པོ་གཉིས་ཀྱི་མཚམས་སུ་བྱོན༔ སེང་གེ་གནམ་མཆོངས་འདྲ་བའི་རི་ལ་བཞུགས༔ སེམས་ལ་རྩལ་སྦྱོང་སྒོམ་གྱིན་ཡོད་ཙ་ན༔ ཡུལ་དེའི་སྡིག་སྤྱོད་རྔོན་པ་མི་བདུན་གྱིས༔ ཁྱི་ཁྲིད་རི་དྭགས་བཤོར་དུ་བྱུང་བ་ལ༔ ཁྱི་དང་རྔོན་པ་ཁ་བཅིངས་རེངས་བཅུག་ནས༔ རྒྱལ་པོས་ཕོ་ཉ་བཏང་ནས་མ་འདེད་ཟེར༔ ཤིང་ཀུན་གཙུག་ལག་ཁང་ལ་བསྐོར་བར་ཕྱིན༔ རྒྱལ་པོའི་བཙུན་མོ་བུ་ནད་ལོག་ནས་ཤི༔ བུ་མོ་དང་བཅས་དུར་ཁྲོད་བསྐྱལ་བ་ལས༔ སྤྲེའུ་ཞིག་གིས་བུ་མོ་དེ་ཉིད་གསོས༔ ཉིན་པར་ཤིང་རྩེར་ཤིང་ཐོག་ཟ་ཡིན་སྡོད༔ མཚན་མོ་བྲག་སྟེང་ཤིང་ལོ་གྱོན་ནས་ཉལ༔ བལ་མོ་ཤཱཀྱ་དེ་བ་ཞེས་བྱ་སྟེ༔ རྐང་ལག་སོར་མོ་ངང་པ་བཞིན་དུ་འབྲེལ༔ མཚན་ལྡན་མྱུར་བདེའི་ཕོ་ཉར་དེ་ཉིད་ཁྲིད༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཕྱིན༔ གཏེར་ཀ་བྱེ་བ་འབུམ་ཁྲི་སྦེད་པ་ཡི༔ བགྲོ་བ་བྱས་པས་བར་ཆོད་རྣམ་བཞི་བྱུང་༔ སྲོད་ལ་བྱི་དུར་གློག་མ་སྤྲིན་བྱུང་ནས༔ དགོངས་པ་བཤིག་ནས་བར་སྣང་ཁམས་ལ་སོང་༔ གནམ་ལ་ཆར་མེད་ཉི་མ་མེ་བཞིན་འབར༔ དགུང་ལ་བདུད་ནི་ཁ་ཏོན་བྱེད་ཚུལ་བྱུང་༔ དགོངས་པ་བཤིག་ནས་བར་སྣང་ཁམས་ལ་སོང་༔ བལ་ཡུལ་མུ་གེ་སྤྲིན་དམར་བཞིན་དུ་འཁྲིགས༔ ཐོ་རངས་ཇོ་བོ་ཤིང་བྱ་ཅན་བྱུང་ནས༔ དགོངས་པ་བཤིག་ནས་བར་སྣང་ཁམས་ལ་སོང་༔ བལ་ཡུལ་མི་རོ་ལུད་ཕུང་བཞིན་དུ་སྐྱེལ༔ ཉིན་པར་དམ་སྲི་དུང་དུང་བྱུང་ནས་ནི༔ མི་ནད་ཕྱུགས་ནད་བཀྲ་མི་ཤིས་པར་བྱས༔ བར་ཆད་རྣམ་བཞི་ཟློག་པའི་གླུ་འདི་གསུངས༔ མ་རུངས་མི་བཟད་གནོད་བྱེད་རྣམས༔ སངས་རྒྱས་བཀའ་ལས་འགལ་བྱེད་པ༔ འདི་ལྟར་མེ་ཏོག་པདྨ་ནི༔ འདམ་གྱི་སྐྱོན་གྱིས་མ་གོས་ཏེ༔ འདོད་པ་བཞིན་དུ་བདེ་བར་འཚོ༔ ཐབས་མཆོག་ལྡན་པའི་རྣལ་འབྱོར་པ༔ བཅིངས་པ་ལས་ནི་གྲོལ་བར་བྱེད༔ སྡིག་ཅན་ཁྱེད་བཞིས་མི་ཤེས་སོ༔ ཡི་གེར་བྲིས་ནས་གཏེར་སྦ་ཡིས༔ དུས་མཐའི་སེམས་ཅན་འདུལ་དཀའ་བ༔ གཏེར་ཆོས་སྤང་དུ་ག་ལ་རུང་༔ འདི་ནི་བྲིས་པ་ཙམ་གྱིས་ཀྱང་༔ སངས་རྒྱས་བསྟན་པ་འཕེལ་བར་འགྱུར༔ སྙིང་རྗེའི་ལྕགས་ཀྱུ་དང་བྲལ་ན༔ སྙིགས་མའི་སེམས་ཅན་སུ་ལ་རེ༔ བར་གཅོད་མ་བྱེད་གཏེར་སྲུངས་གྱིས༔ ཞེས་གསུངས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ མཚོ་ལས་ངས་བྱུང་གནམ་ལས་ཆར་པ་བབ༔ རྩི་ཤིང་འབྲས་བུ་རྒྱས་པས་ནད་མུག་སངས༔ བསྟན་གཉིས་དབང་པོ་ཐམས་ཅད་མཁྱེན་པ་ཡིས༔ མ་འོངས་དོན་དུ་ཟབ་གཏེར་སྦས་ཚུལ་ནི༔ བག་ཆགས་ཅན་གྱི་གདུལ་བྱ་ཡིད་དྲང་ཕྱིར༔ ལོ་བརྒྱད་ཁྱེའུ་ཆུང་མཛེས་པའི་ཞལ་མངའ་བ༔ པདྨ་ལྟ་བུར་བཀྲག་མདངས་དམར་ཆགས་པ༔ ཉི་འོད་བཞིན་དུ་བལྟར་མི་བཟོད་པའི་ཞལ༔ མཚན་དང་དཔེ་བྱད་རྫོགས་པའི་སྐུ་དངོས་བསྟན༔ དར་དམར་ཆོས་གོས་གསེར་གྱི་པ་ཏྲས་བཀླུབས༔ ཐེག་པ་སྣ་ཚོགས་ཟབ་ཆེན་བེར་ཕྱམ་གསོལ༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་རྩེ་གསུམ་ལ༔ སྐུ་གསུམ་ལྷུན་གྲུབ་ཐོད་པ་གསུམ་བརྩེགས་བརྒྱན༔ ཟུང་འཇུག་བརྡ་སྦྱོར་རྡོ་རྗེ་དྲིལ་བུ་བསྣམས༔ ཤ་བའི་སྙན་ཞུ་གསེར་གྱི་པ་ཏྲས་མཛེས༔ ལྟ་བ་ཡས་འབིབས་རྒོད་ཀྱི་རྩེ་རྒྱལ་བཙུགས༔ སྐུ་ལྔ་རབ་རྫོགས་དར་སྣ་ལྔ་ཡིས་བརྒྱན༔ གདུལ་བྱའི་རེ་སྐོང་སེང་གེར་རཏྣའི་ཁྲི༔ པདྨའི་གདན་ལ་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ འདོད་དགུར་བསྒྱུར་བའི་ཆོས་སྨྲ་རིན་ཅེན་བརྩེགས༔ རེས་འགའ་པདྨ་འགྲོ་མགོན་རྩལ་དུ་གྲགས༔ རེས་འགའ་པདྨ་དབང་ཕྱུག་མགོན་དུ་གྲགས༔ རེས་འགའ་པདྨ་གྲུབ་པའི་བློ་གྲོས་གྲགས༔ རེས་འགའ་པདྨ་ཆེ་མཆོག་རྩལ་དུ་གྲགས༔ རེས་འགའ་པདྨ་མཁའ་འགྲོའི་དབང་ཕྱུག་གྲགས༔ རེས་འགའ་མགོན་པོ་བིཪྺ་པ་ཞེས་གྲགས༔ རེས་འགའ་པདྨ་ནག་པོ་སྤྱོད་པར་གྲགས༔ རེས་འགའ་ཁྱེའུ་ཆུང་མཁའ་ལྡིང་རྩལ་དུ་གྲགས༔ རེས་འགའ་པདྨ་ས་ར་ཧ་ཞེས་གྲགས༔ རེས་འགའ་པདྨ་མངའ་བདག་རྩལ་དུ་གྲགས༔ རེས་འགའ་པདྨ་ཀུན་ཏུ་རྒྱུ་ཞེས་གྲགས༔ རེས་འགའ་པདྨ་ཆགས་མཆོག་རྩལ་དུ་གྲགས༔ རེས་འགའ་པདྨ་འགྲོ་བའི་སྐྱབས་སུ་གྲགས༔ རེས་འགའ་པདྨ་འཕྲིན་ལས་མགོན་དུ་གྲགས༔ རེས་འགའ་པདྨ་དོན་ཡོད་ཞགས་པར་གྲགས༔ རེས་འགའ་པདྨ་གཟི་བརྗིད་འོད་འཕྲོར་གྲགས༔ རེས་འགའ་པདྨ་ཌོམྦྷི་པ་ཞེས་གྲགས༔ རེས་འགའ་རིགས་ལྡན་པདྨ་དཀར་པོར་གྲགས༔ རེས་འགའ་པདྨ་བཛྲ་ཞེས་སུ་གྲགས༔ རེས་འགའ་པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ འདོད་དགུར་བསྒྱུར་བའི་འཕྲུལ་མཚན་ཉི་ཤུ་སྟེ༔ བསྟན་པའི་སྒྲོན་མ་གཏེར་ཆོས་ནམ་མཁའ་མཛོད༔ ཞ་ཉེ་རིན་ཅེན་བསེ་ཤིང་རྫ་རྡོ་ཐོད༔ རཏྣའི་སྒྲོམ་བུ་སྣ་ཚོགས་གཏེར་གྱི་སྣོད༔ ཏ་ལ་མཐིང་ཤོག་གྲོ་ག་སྐྱང་ནུལ་བ༔ གསེར་དངུལ་ཟངས་ལྕགས་བཻཌཱུརྱ་གཡུ་མཚལ༔ སྣག་ཚ་ལ་སོགས་བྲིས་ཤིང་ཞུས་དག་མཛད༔ འཁྲུགས་བསྡེབས་གབ་བསལ་སྦས་བསྟན་རྡོར་ཚིག་བཀྲོལ༔ ལྷ་ཀླུ་མི་ཡི་ཡུལ་དུ་སྦས་པའི་གཏེར༔

གཏེར་གྱི་ངོ་བོ་ཟད་མི་ཤེས་པ་སྟེ༔ ངེས་ཚིག་མཚོན་དཔེ་ཡིད་བཞིན་ནོར་བུའི་གཏེར༔ དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེ༔ གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞི༔ རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང་༔ རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡབ་གཏེར་བཞི༔ ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམ༔ ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོ༔ དེ་དག་རེ་རེའང་སྤྱི་དོན་བཅུ་བཅུར་ལྡན༔ གཏེར་སྣོད་གཏེར་ཤོག་བྲི་བའི་རྒྱུ་དང་གསུམ༔ གཏེར་ཡིག་གཏེར་གནས་གཏེར་སྲུངས་གཏེར་སྟོན་བཞི༔ འདོན་དུས་འདུལ་བྱེད་གདུལ་བྱའི་ཞིང་བཅུའོ༔ དང་པོ་གསང་གཏེར་གཏེར་སྣོད་གསང་བའི་སྣོད༔ གཏེར་ཤོག་གསང་ཤོག་གཏེར་སྣག་གསང་སྣག་རྒྱུ༔ གཏེར་ཡིག་གསང་ཡིག་གཏེར་གནས་གསང་གནས་ཏེ༔ གཏེར་སྲུངས་གསང་སྲུངས་གཏེར་སྟོན་གསང་སྟོན་དང་༔ འདོན་དུས་འདུལ་བྱེད་གདུལ་བྱའང་གསང་བའོ༔ གཉིས་པ་ཟབ་གཏེར་གཏེར་སྣོད་ཟབ་སྣོད་དུ༔ གཏེར་ཤོག་ཟབ་ཤོག་གཏེར་སྣག་ཟབ་སྣག་རྒྱུ༔ གཏེར་ཡིག་ཟབ་ཡིག་གཏེར་གནས་ཟབ་གནས་ཏེ༔ གཏེར་སྲུངས་ཟབ་སྲུངས་གཏེར་སྟོན་ཟབ་སྟོན་དང་༔ འདོན་དུས་འདུལ་བྱེད་གདུལ་བྱའང་ཟབ་པའོ༔ གསུམ་པ་ཐུགས་གཏེར་གཏེར་སྣོད་ཐུགས་སྣོད་དུ༔ ཐུགས་ཤོག་ཐུགས་ཡིག་ཐུགས་སྣག་ཐུགས་གནས་སུ༔ ཐུགས་སྲུངས་ཐུགས་སྟོན་ཐུགས་དུས་ཐུགས་འདུལ་ལོ༔ བཞི་པ་དགོངས་གཏེར་གཏེར་སྣོད་དགོངས་པའི་སྣོད༔ དགོངས་ཤོག་དགོངས་རྒྱུ་དགོངས་ཡིག་དགོངས་གནས་སུ༔ དགོངས་སྲུངས་དགོངས་སྟོན་དགོངས་དུས་དགོངས་འདུལ་ལོ༔ ལྔ་པ་རྫས་གཏེར་གཏེར་སྣོད་རྫས་ཀྱི་སྣོད༔ རྫས་ཤོག་རྫས་སྣག་རྫས་ཡིག་རྫས་གནས་སུ༔ རྫས་སྲུངས་རྫས་སྟོན་རྫས་དུས་རྫས་འདུལ་ལོ༔ དྲུག་པ་བླ་གཏེར་གཏེར་སྣོད་བླ་སྣོད་དུ༔ བླ་ཤོག་བླ་སྣག་བླ་ཡིག་བླ་གནས་སུ༔ བླ་སྟོན་བླ་སྲུངས་བླ་དུས་བླ་འདུལ་ལོ༔ འདི་ནི་བསྐལ་ཞབས་སྲིད་མགོར་མི་སྲིད་གབ༔ བླ་གཏེར་བཏོན་པས་རྒྱལ་ཁམས་འཕུང་བར་འགྱུར༔ རྒྱ་བོད་གཉིས་ན་བླ་གཏེར་ཉེར་ལྔ་ཡོད༔ སེམས་ཅན་ཡུན་དུ་བདེ་ཕྱིར་ཡུན་དུ་སྦས༔ བདུན་པ་གཏེར་ཕྲན་གཏེར་སྣོད་ཕྲན་སྣོད་དུ༔ ཕྲན་ཤོག་ཕྲན་སྣག་ཕྲན་ཡིག་ཕྲན་གནས་སུ༔ ཕྲན་སྲུངས་ཕྲན་སྟོན་ཕྲན་དུས་ཕྲན་འདུལ་ལོ༔ བརྒྱད་པ་གཏེར་སྨྱོན་གཏེར་སྣོད་སྨྱོན་སྣོད་དུ༔ སྨྱོན་ཤོག་སྨྱོན་སྣག་སྨྱོན་ཡིག་སྨྱོན་གནས་སུ༔ སྨྱོན་སྲུངས་སྨྱོན་སྟོན་སྨྱོན་དུས་སྨྱོན་འདུལ་ལོ༔ དགུ་པ་རྒྱ་གཏེར་གཏེར་སྣོད་རྒྱ་སྣོད་དུ༔ རྒྱ་ཤོག་རྒྱ་སྣག་རྒྱ་ཡིག་རྒྱ་གནས་སུ༔ རྒྱ་སྲུངས་རྒྱ་སྟོན་རྒྱ་དུས་རྒྱ་འདུལ་ལོ༔ བཅུ་པ་བོད་གཏེར་གཏེར་སྣོད་བོད་སྣོད་དུ༔ བོད་ཤོག་བོད་སྣག་བོད་ཡིག་བོད་གནས་སུ༔ བོད་སྲུངས་བོད་སྟོན་བོད་དུས་བོད་འདུལ་ལོ༔ བཅུ་གཅིག་རྗེ་གཏེར་གཏེར་སྣོད་རྗེ་སྣོད་དུ༔ རྗེ་ཤོག་རྗེ་སྣག་རྗེ་ཡིག་རྗེ་གནས་སུ༔ རྗེ་སྲུངས་རྗེ་སྟོན་རྗེ་དུས་རྗེ་འདུལ་ལོ༔ འདི་ནི་རྒྱལ་པོའི་རྫས་ཡིན་གཞན་གྱིས་མིན༔ བཅུ་གཉིས་ཡབ་གཏེར་གཏེར་སྣོད་ཡབ་སྣོད་དུ༔ ཡབ་ཤོག་ཡབ་སྣག་ཡབ་ཡིག་ཡབ་གནས་སུ༔ ཡབ་སྲུངས་ཡབ་སྟོན་ཡབ་དུས་ཡབ་འདུལ་ལོ༔ བཅུ་གསུམ་ཡུམ་གཏེར་གཏེར་སྣོད་ཡུམ་སྣོད་དུ༔ ཡུམ་ཤོག་མཚལ་ཟངས་ཁྲག་ཚོས་སྣག་ཚའི་རྒྱུ༔ ཡུམ་ཡིག་ཡུམ་གནས་ཡུམ་སྲུངས་ཡུམ་སྟོན་གྱིས༔ ཡུམ་དུས་ཡུམ་འདུལ་གདུལ་བྱའི་ཞིང་གྱུར་ཡུམ༔ བཅུ་བཞི་མ་ནིང་གཏེར་སྣོད་མ་ནིང་སྣོད༔ མ་ནིང་ཤོག་བུར་མ་ནིང་སྣག་ཚས་བྲིས༔ མ་ནིང་ཡི་གེ་གནས་སྲུངས་མ་ནིང་སྟེ༔ མ་ནིང་གཏེར་སྟོན་མ་ནིང་དུས་ཚོད་དུ༔ མ་ནིང་འདུལ་བྱེད་མ་ནིང་གདུལ་ཞིང་ངོ་༔ བཅོ་ལྔ་ཕྱི་གཏེར་གཏེར་སྣོད་ཕྱི་སྣོད་དུ༔ ཕྱི་ཤོག་ཕྱི་སྣག་ཕྱི་ཡིག་ཕྱི་གནས་སུ༔ ཕྱི་སྲུངས་ཕྱི་སྟོན་ཕྱི་དུས་ཕྱི་འདུལ་ལོ༔ འདི་ནི་སློབ་དཔོན་ཀླུ་སྒྲུབ་ཨཱརྱ་དེས༔ ཕྱི་པ་ནང་པའི་བསྟན་ལ་བཙུད་པའོ༔ བཅུ་དྲུག་ནང་གཏེར་གཏེར་སྣོད་ནང་སྣོད་དུ༔ ནང་ཤོག་ནང་སྣག་ནང་ཡིག་ནང་གནས་སུ༔ ནང་སྲུངས་ནང་སྟོན་ནང་དུས་ནང་འདུལ་ལོ༔ བཅུ་བདུན་བར་གཏེར་གཏེར་སྣོད་བར་སྣོད་དུ༔ བར་ཤོག་བར་སྣག་བར་ཡིག་བར་གནས་སུ༔ བར་སྲུངས་བར་སྟོན་བར་དུས་བར་འདུལ་ལོ༔ བཅོ་བརྒྱད་རིན་ཅེན་ནོར་གཏེར་གཏེར་སྣོད་ནི༔ ས་ཆུ་མེ་ང་ནམ་མཁའ་རི་དང་བྲག༔ ནོར་ཤོག་ནོར་སྣག་ནོར་ཡིག་ནོར་གནས་སུ༔ ནོར་སྲུངས་ནོར་སྟོན་ནོར་དུས་ནོར་འདུལ་ལོ༔ འདི་ནི་རྒྱལ་པོ་ཨིནྡྲ་བོ་དྷི་ཡིས༔ སྤྱིར་བསྡུས་བརྒྱ་དང་བརྒྱད་ཅུར་བསྡུས་ཏེ་སྦས༔ ཕྱོགས་བཅུའི་ས་གཡོས་འཇིག་རྟེན་འོད་ཀྱིས་བཀང་༔ ལྷས་ཀྱང་མེ་ཏོག་སྣ་ཚོགས་ཆར་དུ་ཕབ༔ བར་སྣང་སྤྲིན་གསེབ་མཆོད་པ་རྒྱ་ཆེན་ཕུལ༔ མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་སྐོར་བ་བྱེད༔ འཇིག་རྟེན་མ་རིག་མུན་པ་བསལ་བའི་ཕྱིར༔ སྐྱེ་སྔོན་དབང་ཐོབ་ལུང་བསྟན་ལས་འཕྲོ་ཅན༔ གཏེར་གྱི་དབང་སྐལ་གཏད་པའི་མི་དྲུག་སྟེ༔ མི་གཅིག་དགྲས་ཉེན་སྦས་པའི་གཏེར་ལ་དབང་༔ གཅེས་དགུ་ཅོག་གཞག་སྦས་པའི་གཏེར་ལ་དབང་༔ ནད་དུ་མཛེ་འགོས་སྦས་པའི་གཏེར་ལ་དབང་༔ དབུལ་ཕོངས་སྒྲུབ་ནུས་སྦས་པའི་གཏེར་ལ་དབང་༔ བུ་ལོན་ཤ་འདེད་སྦས་པའི་གཏེར་ལ་དབང་༔ ཁ་ཉེན་དབང་ཆུང་སྦས་པའི་གཏེར་ལ་དབང་༔ གཏེར་གྱི་ལས་འཕྲོ་མེད་པའི་མི་ལྔ་སྟེ༔ མི་དབང་སྟོབས་པོ་ཆེ་ལ་ལས་འཕྲོ་མེད༔ བསོད་ནམས་མངའ་ཐང་རྒྱས་ལ་ལས་འཕྲོ་མེད༔ མི་ནོར་ཟས་གསུམ་འཛོམས་ལ་ལས་འཕྲོ་མེད༔ འཇིག་རྟེན་གཡེང་བ་ཆེ་ལ་ལས་འཕྲོ་མེད༔ མིག་རྣོ་ལག་བདེ་ཤེས་ཞིབ་ལས་འཕྲོ་མེད༔ ལས་འཕྲོ་མེད་པས་ཐོན་རི་ན་རག་སྐན༔ གལ་ཏེ་བྱུང་ན་ཚབས་ཆེར་སྤང་བར་བྱ༔ བརྫུན་གཏེར་བཅོས་མ་གཏེར་འདྲ་གཏེར་ཆོས་སེལ༔ བསྟན་པའི་ཆོམ་ཆེན་བྱེད་པའི་དམར་ལས་མཁན༔ གང་གི་བློ་ལས་མ་རུངས་སུ་ངོ་ཤེས༔ དམྱལ་བས་མི་བསྡིགས་འཇིགས་བསྲན་ཅན་རྣམས་དང་༔ ཨུ་རྒྱན་ང་དང་སྨོན་ལམ་གང་དུ་བཏབ༔ གཏེར་ཁུངས་ཕྱུང་ཡང་རྣོ་ནུས་ཅུང་ཟད་མེད༔ དེ་འདྲའི་ཐོ་ཕྱིར་མི་ཉེ་སྤང་བའི་རྒྱུ༔ ཤེས་རབ་ཡོད་ན་ས་སྟེང་ཆོས་ཀྱིས་གང་༔ མོས་གུས་ཡོད་ན་བླ་མར་མ་གྱུར་མེད༔ བཅོ་བརྒྱད་སེང་གེ་གངས་ལ་འགྲོ་བ་ལ༔ བརྫུན་གཏེར་སེང་གེའི་གྲོགས་པོ་གང་དུ་འགྲོ༔ གཏེར་ཞེས་བྱུང་ཁུངས་ཡིད་ཆེས་ལོ་རྒྱུས་ཀྱང་༔ རཱུ་ཏྲ་ཐར་པ་ནག་པོ་བཏུལ་ལས་བྱུང་༔ རྣམ་ཤེས་ཚོགས་བརྒྱད་ལ་ནི་དུར་ཁྲོད་བརྒྱད༔ པགས་པ་ཤོག་བུ་རྐང་པ་སྨྱུ་གུ་བྱུང་༔ ཆུ་བཞི་སྣག་ཚ་དུག་ལྔ་ཆོས་ཚིག་བྱུང་༔ ཐོད་པ་སྒྲོ་བ་ཁ་སྣ་གཏེར་སྣོད་བྱུང་༔ སྣོད་དྲུག་གཏེར་གྱིས་དབང་སྐལ་ལུང་བསྟན་བྱུང་༔ དོན་སྙིང་ལྔ་ལས་སྐལ་མེད་ལུང་བསྟན་བྱུང་༔ ཕུང་པོ་ལྔ་དང་དབང་པོ་ལྔ་དང་ནི༔ འབྱུང་བ་ལྔ་དང་ལུས་ངག་ཡིད་གསུམ་ལས༔ གཏེར་གྱི་རིགས་བྱེད་བྱེ་བ་བཅོ་བརྒྱད་བྱུང་༔ བསྡུ་ན་བཅུར་བསྡུ་གཏེར་དབུགས་གཏེར་ཤ་གཉིས༔ གཏེར་ལྤགས་གཏེར་སྤུ་གཏེར་གྱི་སྙིང་ཁྲག་དང་༔ གཏེར་གྱི་ལྟོ་ཚིལ་གཏེར་གྱི་ཡན་ལག་བདུན༔ གཏེར་གྱི་ཆུ་བ་རྐང་མར་གཏེར་ཀླད་བཅུ༔ གཏེར་སྨྱོན་ཞེས་པ་མིག་གི་འབྲས་བུ་ཡིན༔ གཏེར་ཕྲན་ཞེས་པ་མིག་རྣག་སྣ་སྤབས་ཡིན༔ མ་ནིང་བྱ་བ་སྣབས་ལུད་ཁུ་བ་ཡིན༔ བླ་གཏེར་ཞེས་ནི་སྲོག་པ་རྩ་ལ་ཟེར༔ བར་གཏེར་བྱ་བ་གཏེར་གྱི་མཆིན་ཁྲི་ཡིན༔ ཀུན་ལ་དེ་བཞིན་འགྲེས་འདེད་ཤེས་པར་བྱ༔ སྐབས་སུ་སྦས་པའི་གཏེར་རེ་རྡོལ་བ་ཡང་༔ གོ་སྙོད་སྣེའུ་ཟླ་ཚོད་ལྕམ་ལོ་བཞིན༔ ངེས་མེད་གང་བྱུང་གནས་ལ་མི་སྐྱེ་སྟེ༔ ཨུ་དུམྺཱ་རའི་མཆོག་གི་མེ་ཏོག་ནི༔ མ་དྲོས་བྱང་ཕྱོགས་རྩེ་ལྔའི་ཕ་རོལ་ལམ༔ ཨུ་རྒྱན་དྷ་ན་ཀོ་ཤའི་ནུབ་བྱང་དུ༔ འཇིག་རྟེན་མགོན་པོ་སངས་རྒྱས་འབྱོན་ཚེ་སྐྱེ༔ ཡིད་ཆེས་ངེས་ཤེས་སྐྱེད་པའི་གཏེར་སྟོན་དང་༔ དེ་བཞིན་དུས་གཅིག་གཏེར་མང་རྡོལ་མི་སྲིད༔ སྲིད་པ་སླར་ལོག་སྒྱུར་བའི་རྒྱལ་པོ་གཅིག༔ དེ་ལ་ཡིད་ཆེས་བསྐྱེད་པའི་གཏེར་སྟོན་གཅིག༔ དཔེར་ན་འཇིག་རྟེན་སྒྲོན་མའི་རྒྱལ་བ་ནི༔ རྒྱལ་རིགས་འཁྲུངས་ན་མེ་ཏོག་དཀར་པོ་སྐྱེ༔ བྲམ་ཟེའི་རིགས་འཁྲུངས་མེ་ཏོག་དམར་པོ་སྐྱེ༔ རྗེའུ་རིགས་འཁྲུངས་ན་མེ་ཏོག་སེར་པོ་སྐྱེ༔ དམངས་རིགས་འཁྲུངས་ན་མེ་ཏོག་མཐིང་ག་སྐྱེ༔ ལྷུམས་སུ་ཞུགས་ཚེ་མེ་ཏོག་ཁ་ནི་འབུས༔ སྐུ་བལྟམས་ཚེ་ན་མེ་ཏོག་ཁ་ནི་བྱེ༔ ཆོས་འཁོར་བསྐོར་ཚེ་མེ་ཏོག་རབ་ཏུ་རྒྱས༔ མྱ་ངན་འདས་ཚེ་མེ་ཏོག་དབྱིངས་སུ་ཡལ༔ དེ་བཞིན་སྐལ་ལྡན་ཟབ་གཏེར་སྤྱོད་པའི་དུས༔ མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་འཐིབས༔ ཁ་རྒྱས་གཡུལ་འཁྲུགས་དབུས་སུ་འཇུག་པ་བཞིན༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་བར་དུ་གཅོད༔ འདོད་ཆགས་ལས་གྱུར་བུད་མེད་བདུད་མོ་དང་༔ ཞེ་སྡང་ལས་གྱུར་བཙུན་གཟུགས་སྡོམ་ཉམས་དང་༔ གཏི་མུག་ལས་གྱུར་སྔགས་པ་དམ་ཉམས་དང་༔ གཞན་ཡང་དེ་འདྲ་རིགས་བྱེད་ཤེས་པ་བསྒྱུར༔ ལྷ་འདྲེ་མི་གསུམ་བར་གཅོད་བྱེད་པར་འགྱུར༔ ཆེས་ཏེ་གཏེར་འཆོར་རང་གི་སྲོག་ལ་འོང་༔ ཆུང་སྟེ་མི་ནོར་ཟས་གསུམ་བྱར་མི་བཏུབ༔ ནག་པོ་བདུད་དང་སྟོབས་འགྲན་དུས་ཡིན་པས༔ གཏད་པའི་གཏེར་བདག་ཐམས་ཅད་འཁྲེན་ཅིང་འཚུབ༔ ལས་ཀྱིས་བསྐུལ་བས་ཟོན་བྱེད་གཞག་ཏུ་མེད༔ དེ་ཕྱིར་ལས་འཕྲོ་སྔོན་དུ་སོང་བ་ལས༔ གཏེར་སྟོན་དཔེར་ན་ཉིན་སྐར་བཞིན་དུ་ཉུང་༔ དུས་གཅིག་གཏེར་སྟོན་གཉིས་གསུམ་འབྱུང་མི་སྲིད༔ བྱུང་ན་གཏེར་སེལ་ལྡེམ་དགོངས་ཅན་དུ་ངེས༔ བར་ཆོད་མེད་པའི་དངོས་གྲུབ་མི་འབྱུང་བས༔ ཟུང་འཇུག་འདུག་གམ་ཡ་བྲལ་གོང་བཞིན་བརྟག༔ ཟུང་འཇུག་འདུག་ན་གཅིག་ནི་ཚེ་དུས་བྱེད༔ ཡུལ་གཅིག་དུས་གཅིག་གཏེར་སྟོན་གཉིས་མིསྲིད༔ གཅིག་ལ་གཅིག་དགྲ་བྱེད་ཕྱིར་མ་བསྟན་ནོ༔ ལྷན་ཅིག་གཉིས་མིན་པདྨའི་གཏེར་ཆོས་བཞིན༔ གཅིག་པོ་མར་འགྲིབ་གཅིག་ལས་ཡར་འཕེལ་ཡིན༔ ང་ཡི་གཏེར་ཆོས་གཏད་དོ་གཉེར་ཆེན་པོ༔ སྟོང་གསུམ་ཆོས་ཀྱིས་བཀང་ངོ་ཨུ་དུམྺཱར༔ མ་རིག་མུན་པ་སོལ་ཅིག་འོད་པོ་ཆེ༔ དུས་གསུམ་འགྲོ་བ་ཐུལ་ཅིག་ཕྱི་ཐག་ཅན༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེངས་པའི་ལེའུ་སྟེ་ང་གསུམ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༥༤ ཁྲི་སྲོང་ལྡེའུ་བཙན་གྱི་རྒྱལ་སྲིད་བཟུང་བ།

 

དེ་ནས་བལ་ཡུལ་ཚ་བ་ཚ་ཤོད་བྱོན༔ ཆུ་མིག་བྱང་ཆུབ་རིང་མོ་ཞེས་བྱ་བ༔ དགུན་ཡང་མེ་ཏོག་སྐྱེ་དེར་སྒྲུབ་པ་མཛད༔ དེ་དུས་སེམས་ཅན་སྲོག་ལ་དབང་བྱེད་པའི༔ ས་བདག་ཆེན་མོ་མཆེད་བཞི་དམ་ལ་བཏགས༔ ཕུར་པའི་བཀའ་སྲུང་བསེ་མོ་མཆེད་བཞིར་གསོལ༔ དེ་ནས་ཀོ་ཤ་ཙནྡན་གླིང་དུ་བྱོན༔ ཕུལླ་ཧ་རིའི་བྲག་ཕུག་ཐུགས་དམ་བཞུགས༔ སྲོད་ལ་ཕྱག་ན་རྡོ་རྗེའི་ལུང་བསྟན་བྱུང་༔ ཚེ་གཅིག་སངས་རྒྱས་བདུད་ཀྱི་བར་ཆོད་འབྱུང་༔ དེ་ཟློག་རྒྱལ་པོའི་ཁབ་ཀྱི་ནུབ་ཕྱོགས་ཀྱི༔ དུར་ཁྲོད་ཆེན་པོའི་ལྷོ་ནུབ་མཚམས་ཤིག་ན༔ དུར་ཤིང་ནག་པོའི་ཚལ་ནས་དངོས་གྲུབ་ལོང་༔ ལུང་བསྟན་བྱུང་ནས་གནམ་སྟོང་ནུབ་མོ་བྱོན༔ མེ་འབར་གསེབ་ན་ལྕགས་ཀྱི་སྡིག་པ་ནི༔ མགོ་དགུ་རྭ་ནི་བཅོ་བརྒྱད་ཡོད་པ་ཞིག༔ དཔྲལ་བ་རེ་ལ་མིག་ནི་གསུམ་གསུམ་ཡོད༔ མི་བཟད་འཇིགས་པ་དེ་ལ་ཕྱག་མཆོད་བྱས༔ སང་དགོང་ཤོག་ཅིག་དངོས་གྲུབ་སྦྱིན་ནོ་གསུངས༔ ཕྱིན་དུས་རྡོ་བ་གྲུ་གསུམ་ཞིག་འདུག་ནས༔ དེ་བཀོག་དོང་ནས་བསེ་ཡི་སྒྲོམ་བུ་བྱུང་༔ བལྟས་པས་ཕུར་པའི་ཆོས་འདུག་གཟིགས་པས་མཁྱེན༔ མིག་རེ་ལས་ནི་ཐེག་པ་རེ་རེ་བྱུང་༔ རྭ་རེར་ཐེག་པ་རེ་རེ་བཅོ་བརྒྱད་བྱུང་༔ དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་ནི༔ རྒྱལ་པོ་ཉི་མ་སེང་གེས་གདན་དྲངས་བཞུགས༔ དེ་ནས་བོད་དུ་གདན་དྲངས་བྱོན་ཚུལ་ནི༔ བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས༔ རྒྱ་ནག་རྩིས་ཀྱི་བཀའ་བབས་གདན་དྲངས་ནས༔ རྩིས་སྨན་གཉིས་ཀྱིས་བོད་ཁམས་སེམས་ཅན་བསྐྱངས༔ རྒྱ་མོ་གྱིམ་ཤང་ཀོང་ཇོ་ཁབ་ཏུ་བཞེས༔ བོད་ལ་ཕན་པའི་གཙུག་ལག་སྡེ་དགུ་འབྱོངས༔ བོད་ཁམས་འཕགས་པ་འཇམ་དཔལ་གདུལ་བྱར་གཟིགས༔ རྒྱལ་པོ་ཡབ་ཡུམ་ཕོ་བྲང་བྲག་དམར་ན༔ གཟིམས་པའི་ལྷུམས་སུ་རྒྱ་ནག་རྩེ་ལྔ་ནས༔ འཇམ་དཔལ་ཐུགས་ནས་འོད་ཟེར་སྣ་ལྔ་འཕྲོས༔ གྱིམ་ཤང་རྨི་ལམ་ཉི་མ་ཤར་བ་དང་༔ མཛེས་སྡུག་ཁྱེའུ་ལྷུམས་སུ་ཞུགས་པ་རྨིས༔

ས་གཞི་ཐམས་ཅད་འོད་ཀྱིས་གང་བ་དང་༔ ཡིད་བཞིན་ནོར་བུའི་ཆར་པ་བབ་པ་རྨིས༔ རྨི་ལམ་རྒྱལ་པོའི་སྙན་དུ་གསོལ་བ་ཡིས༔ རྒྱལ་པོ་ཤིན་ཏུ་དགྱེས་ནས་རིམ་གྲོ་བྱས༔ ལུས་ནི་མི་བདེ་མེད་པར་འགུལ་བར་བྱེད༔ ཤེས་པ་གསལ་ཞིང་ལུས་པོ་ཡང་བ་དང་༔ ཉོན་མོངས་མེད་ཅིང་སེམས་བདེ་ཉམས་དགར་གྱུར༔ ཟླ་དགུ་ངོ་བཅུ་ཕོ་བྲང་བྲག་དམར་དུ༔ རྟ་ལོ་དཔྱིད་ཟླ་ར་བ་སྟག་ཟླའི་ཉིན༔ སྐར་མ་རྒྱལ་གྱི་ནམ་ལངས་ཉི་ཤར་དྲོས༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས༔ རྒྱ་ནག་མཁས་པ་བི་རྗེ་བཙན་པ་ཡིས༔ གབ་རྩེ་བཏིང་ནས་བཟང་ངན་བརྩིས་པའི་ལུང་༔ རྒྱ་ཡི་གཙུག་ལག་སྤོར་ཐང་ཁྲ་མོ་ལས༔ དཔལ་འབར་མི་ཡི་འཁྲུངས་དཔེ་རྩིས་སུ་ཤར༔ སྨེ་བ་དགུ་འགྱུར་སྤར་ཁ་བརྒྱད་འཆར་གྱི༔ ཁ་དམར་བཞིན་ན་རྒྱལ་པོའི་ཅི་བསམ་འགྲུབ༔ སོ་ནི་དུང་སོ་འཁོར་མ་ཡོད་པ་ལ༔ སྐྲ་ལོ་མཐོན་མཐིང་སྤྱི་གཙུག་གཡས་སུ་འཁྱིལ༔ ཤིན་ཏུ་མཛེས་པ་ལྷ་ཡི་བུ་ཞིག་འདྲ༔ ཕུན་སུམ་ཚོགས་པའི་ལོ་པཎ་ཐམས་ཅད་སྡུད༔ འཆད་གྲ་སྒོམ་གྲ་ཆོས་ཀྱི་བསྟན་པ་ཆགས༔ རྒྱ་བོད་གཉིས་བར་ཆོས་ཀྱི་ཟམ་པ་འཛུགས༔ ཞེས་གསུངས་མཚན་ཡང་ཁྲི་སྲོང་ལྡེའུ་བཙན་བཏགས༔ དགུང་ལོ་བཅུ་གསུམ་ལོན་ནས་ཡབ་གཤེགས་ཏེ༔ བཅོ་ལྔའི་ལོ་ལ་རྒྱལ་པོར་མངའ་གསོལ་ནས༔ བཙུན་མོ་ཚེ་སྤོང་བཟའ་ནི་དམར་རྒྱན་དང་༔ འབྲོ་བཟའ་བྱང་ཆུབ་སྒྲོན་གཉིས་ཁབ་ཏུ་བཞེས༔ ལོ་བདུན་བར་དུ་ཇག་དམག་དཔོན་བྱས་ནས༔ ཕྱི་ཡི་སོ་བསྲུངས་ནང་གི་སོ་ཚིས་མཛད༔ བཅུ་བདུན་ལོ་ལ་ཆོས་ཀྱི་བསམ་པ་སྐྱེས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ཤིང་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་ང་བཞི་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༥༥ བོད་རྒྱལ་ཐུགས་དགོངས་བཏང་ཞིང་བློན་འབངས་ལ་གདམ་ང་བསྐུར་བ།

 

དེ་ནས་ཡབ་མེས་ཀུན་གྱི་ཐང་ཡིག་བལྟས༔ ཡབ་མེས་ཐོ་ཐོ་སྙན་བཙན་སྐུ་རིང་ལ༔ དམ་པ་ཆོས་ཀྱི་དབུ་བརྙེས་རྒྱལ་པོར་བྱོན༔ ཕྱག་ན་རྡོ་རྗེའི་སྤྲུལ་པའི་རྒྱལ་པོར་འདུག༔ སྤང་སྐོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག༔ དགེ་བ་བཅུ་དང་ལས་འབྲས་རྣམ་པར་འབྱེད༔ མུ་དྲའི་རྟེན་འབྲེལ་ཕྱག་རྒྱ་མདོ་སྔགས་གཉིས༔ བསྟན་པ་གཉིས་ལྡན་བོད་དུ་བྱུང་ནས་འདུག༔ གཉན་པོ་གསང་བར་མཚན་གསོལ་བོད་ཁམས་བསྐྱངས༔ དེ་ནས་རྒྱལ་རབས་ལྔ་སོང་ལྷ་ས་རུ༔ རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔ དམ་པ་ཆོས་ཀྱི་སྲོལ་བཏོད་རྒྱལ་པོར་བྱོན༔ སྤྱན་རས་གཟིགས་ཀྱི་སྤྲུལ་པའིརྒྱལ་པོར་འདུག༔ ཁྲ་འབྲུག་ལྷ་ས་ར་མོ་ཆེ་དང་ནི༔ འཕྲུལ་སྣང་གཙོ་བྱས་མཐའ་འདུལ་ཡང་འདུལ་གྱི༔ གཙུག་ལག་ཁང་ནི་བརྒྱ་དང་རྩ་བརྒྱད་བཞེངས༔ ཇོ་ཤཱཀ་མི་བསྐྱོད་རྡོ་རྗེས་གཙོ་བྱས་པའི༔ ལུགས་མ་རང་བྱོན་རྡོ་སྐུ་མང་གདན་དྲངས༔ གསུང་རབ་དཀོན་ཅོག་སྤྲིན་གྱིས་གཙོ་བྱས་ནས༔ པདྨ་དཀར་པོ་ཙྪིནྡྷ་མ་ཎི་དང་༔ ཏོག་དང་གྲ་ལྔ་ལ་སོགས་བོད་དུ་བྱུང་༔ བདག་གིས་བསྟན་གཉིས་དར་རྒྱས་གཏོང་དགོས་སྙམ༔ གཙུག་ལག་ཁང་ཞིག་བཞེངས་པར་འབངས་དང་བགྲོས༔ ནང་བློན་དེ་སྐད་བགྱི་བ་མི་འཚལ་བར༔ དེ་མིན་གཞན་ཞིག་གདམ་ང་བསྐུར་དང་ཟེར༔

རྗེ་ཡི་ཞལ་ནས་བློན་འབངས་ཐམས་ཅད་ཉོན༔ ང་ནི་དཔེ་སྲོལ་ལས་ཐབས་ཤིག་བྱེད་པས༔ ཁྱེད་རྣམས་གདམ་ཀ་བསྐུར་གྱི་གང་སླ་གྱིས༔ གཙང་བོ་ཟངས་ཀྱི་སྦུབས་སུ་འཇུག་དང་གཅིག༔ བསམ་ཡས་ཧས་པོ་རི་ཡི་རྩེ་མོ་ནས༔ ཞང་པོའི་ཡུལ་མཐོང་ཤེལ་གྱི་མཆོད་རྟེན་བརྩིག༔ ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་དང་གསུམ༔ གཙུག་ལག་བྲེ་ཞབས་ཙམ་ཞིག་བརྩིག་གམ་འདོམས༔ བློན་འབངས་རྣམས་ཀྱིས་མི་འགྲུབ་གདམ་ཀ་ཟེར༔ གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་པ་བས༔ ཟངས་ཁལ་ཙམ་ཡང་དཀོན་པས་མི་འགྲུབ་བོ༔ ཤེལ་གྱི་མཆོད་རྟེན་ཞང་ཡུལ་རྒྱ་མཐོང་བས༔ ཤེལ་ཕྲེང་བཟང་པོ་བརྒྱ་ཚར་འགྲུབ་པར་དཀའ༔ ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་པ་བས༔ གསེར་གྱི་ཁང་ཚངས་ཙམ་ཡང་མི་འགྲུབ་བོ༔ དེ་གསུམ་གང་ཡང་མི་འགྲུབ་འཇོག་པར་ཞུ༔ གཙུག་ལག་ཁང་ཞིག་བཞེངས་པར་གསོལ་བ་ལས༔ དེ་ཉིད་མ་ཚར་བར་དུ་བྱེད་པར་གསོལ༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བླ་མཁྱེན་བི་རྗེ་བཙན་པར་མངའ་གསོལ་ནས༔ བོད་ཡུལ་ལུང་པའི་ས་དཔྱད་གང་ལེགས་བཙལ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་ཀྱི་རྒྱལ་པོས་ཐུགས་དགོངས་བཏང་ཞིང་བློན་འབངས་ལ་གདམ་ང་བསྐུར་བའི་ལེའུ་སྟེ་ང་ལྔ་པའོ༔ ༔

 

པདྨ་བཀའ་ཐང་ལེའུ་ ༥༦ བསམ་ཡས་གཙུག་ལག་ཁང་གི་ས་བཙལ་བ།

དེ་ནས་བསམ་ཡས་མཚོ་མོ་མགུལ་དུ་བྱོན༔ ས་དཔྱད་གཟིགས་པས་བི་རྗེའི་ཞལ་ན་རེ༔ ཧས་པོ་རི་ནི་དུང་སེང་གནམ་མཆོང་འདྲ༔ མེ་ཡར་དྲེའུ་རྟ་ཆུ་འཐུང་འདྲ་སྟེ་བཟང་༔ མཆིམས་ཕུའི་རི་འདི་གཡུ་སེང་གནམ་མཆོང་འདྲ༔ ཤར་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ༔ དགེ་རྒྱས་རི་འདི་རིན་ཅེན་སྤུངས་པ་འདྲ༔ མཆིམས་ཕུའི་ལུང་པ་པདྨ་ཁ་བྱེ་འདྲ༔ བྲག་དམར་བྱུ་རུའི་སེང་གེ་གནམ་འཕྱོ་འདྲ༔ དོལ་ཐང་དར་དཀར་ཡོལ་བ་བྲེས་པ་འདྲ༔ དབུ་ཚལ་རྫིང་བུ་མར་ཁུའི་གཞོང་པ་འདྲ༔ ལྷོ་ཕྱོགས་གཙང་པོ་གཡུ་འབྲུག་གྱེན་འགྲོ་འདྲ༔ སྤྱིར་ན་བྲག་དམར་ཟན་གཡང་ས་དཔྱད་འདྲ༔ རུས་སྦལ་ཁོག་པར་སྦྲང་རོ་གཏིབས་པ་འདྲ༔

ཕྱོགས་བཞིའི་ས་སྤོས་མཚམས་བཞི་འགྲམས་ནས་འདུག༔ བོད་ཡུལ་རུ་བཞིའི་ནོར་རྣམས་འཕེལ་བའི་རི༔ ཆུ་བོ་རི་ནི་རིན་ཅེན་སྤུངས་འདྲ་འདུག༔ གྲུབ་ཐོབ་རྒྱུན་ཆད་མེད་པར་འོང་བའི་རི༔ འུ་ཤང་རྡོ་དང་སྐར་ཆུང་འདྲ་བ་འདུག༔ བོད་རྣམས་ཚེ་རིང་བདེ་བས་འཚོ་བའི་རི༔ གཙང་གི་རུ་ལག་གཞོན་པ་སྐྱེས་འདྲ་འདུག༔ བློན་པོ་རིག་པ་ཅན་མང་འོང་བའི་རི༔ འཕྱིང་བར་སྟག་རྩེ་གླང་ཆེན་འགྱིང་འདྲ་འདུག༔ སྟོན་ཆེན་འོང་རི་པི་ཝང་རྒྱུད་འདྲ་འདུག༔ བོད་ལ་སྐབས་སུ་འཁྲུག་པ་འོང་བའི་རི༔ རི་ནག་སོག་པོ་ཁྲོས་པ་འདྲ་བའང་འདུག༔ ཅེས་སོགས་བོད་ཀྱི་ས་དཔྱད་རྒྱས་པར་གསུངས༔ དེ་ནས་བསམ་ཡས་འོམ་བུ་ཚལ་དུ་བྱོན༔ བྲག་དམར་འོམ་བུ་ཚལ་དུ་རྨང་བཏིང་བས༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་འདུས༔ ཉིན་པར་བརྩིགས་པ་མཚན་བཤིག་བརྩིག་མ་སྟེར༔ གཙུག་ལག་རྩིས་དང་པྲ་མོབྱས་པ་ཡིས༔ རྒྱ་གར་རྒྱ་ནག་ཟ་ཧོར་ལ་སོགས་ནས༔ ས་འདུལ་མཁན་གྱི་བླ་མཆོད་གདན་དྲངས་ནས༔ རྒྱལ་པོའི་ཐུགས་དགོངས་རྫོགས་པར་འོང་ངོ་གསུངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བསམ་ཡས་གཙུག་ལག་ཁང་གི་ས་བཙལ་བའི་ལེའུ་སྟེ་ང་དྲུག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༥༧ མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རྒྱལ་བའི་བློ་གྲོས་ལ་སོགས་དཔོན་གཡོག་གསུམ༔ ཟ་ཧོར་ཡུལ་དུ་གཏམ་མྱུལ་བ་ལ་བཏང་༔ སིངྷ་རཱ་ཛ་རྒྱ་གར་ཡུལ་དུ་བཏང་༔ གྲུ་གུ་ཨེ་བག་རྒྱ་ནག་ཡུལ་ལ་བཏང་༔ དེ་ནས་རྒྱལ་བའི་བློ་གྲོས་དཔོན་གཡོག་གསུམ༔ རྡོ་རྗེ་གདན་གྱི་ནུབ་བྱང་མཚམས་ཁ་གཏད༔ ཟ་ཧོར་ཡུལ་དུ་ས་ལམ་བགྲོད་པར་གྱུར༔ མི་རིགས་མི་འདྲ་སྐད་རིགས་མི་འདྲ་བས༔ མང་པོ་འདུས་ནས་སྣ་ལག་བཀབ་ཀྱིན་ལྟ༔ རིམ་པར་མཆེད་ནས་བཙུན་མོ་རྣམས་ཀྱིས་བལྟས༔ རྒྱལ་པོས་གསན་ནས་མི་གཞན་ཅི་ཡོད་འདྲི༔ ཕར་ཚུར་གཏམ་ནི་མ་གོ་དུད་འགྲོ་འདྲ༔ དེ་ནས་བགས་ཀྱིས་འདྲིས་ཤིང་གཏམ་གོ་ནས༔ ཆོས་རྒྱལ་གཅིག་དང་སྲིད་རྒྱལ་གཉིས་ཀྱི་འོག༔ ཟ་ཧོར་རྒྱལ་ཁམས་ཐམས་ཅད་འདུ་བ་ལ༔

ཆོས་རྒྱལ་དེ་ཉིད་ཆོས་ལས་སྲིད་མི་སྲུང་༔ སྲིད་རྒྱལ་དེ་ཉིད་སྲིད་ལས་ཆོས་མི་འཆད༔ ཆོས་རྒྱལ་གོ་མ་དེ་བྱིའི་སྲས་པོ་ནི༔ སྐུ་གཅིག་མཚན་གསུམ་གྲགས་པའི་མཁན་པོ་ཞིག༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་གྲར་ཕྱིན༔ གསུང་ནི་མ་གོ་སྐུ་ལ་མོས་པ་ཐོབ༔ བོ་དྷི་སཏྭ་ཤཱནྟ་དེ་བ་ཉིད༔ ཟ་ཧོར་ཡུལ་ན་རྩོད་མེད་ཆོས་སྨྲར་གྲགས༔ གཏམ་ཁུངས་ཆོད་ནས་བོད་དུ་འོངས་པར་གྱུར༔ རྒྱལ་པོའི་སྙན་དུ་གསོལ་བས་རྒྱལ་པོ་དགྱེས༔ དེ་ནས་སྦ་མི་ཛྙཱ་ན་ཤྭ་ར་དང་༔ གཉགས་པ་ཛྙཱ་ན་ཀུ་མཱ་ར་གཉིས་ལ༔ གཡོག་པོ་གསུམ་གསུམ་གསེར་ཕྱེ་བྲེ་རེ་བསྐུར༔ བཀའ་འཕྲིན་ཤུན་པའི་ལོགས་ལ་བཀོད་པ་ནི༔ བསྟན་པ་རིན་ཅེན་མཆོག་ཏུ་གདུགས་ཁེབས་པ༔ མཐའ་ཁོབ་མུན་པའི་གླིང་དུ་སྐར་ཙམ་མེད༔ ས་སྟེང་གནས་པའི་རབ་རིབ་ཉིད་ཀྱིས་སོལ༔ ལྷ་སྲིན་མ་བྱེ་འདྲེ་ཡིས་གཟིངས་པས་འཁུམས༔ ཞེས་པའི་བཀའ་ནན་ཆེ་བར་མཛད་ནས་སུ༔ མྱུར་མགྱོགས་པ་རྣམས་དགོངས་མཐུན་གཉིས་གཉིས་བསྡེབས༔ སྔ་ཕྱི་ཉི་མ་སྟེང་འོག་མགྲོན་ཚན་བཞི༔ སྔ་མའི་ཞལ་སར་ཕྱི་མས་གནས་མལ་འདུག༔ མགྲོན་ཚན་གཉིས་ནི་གཅན་འཕྲང་པ་ཡིས་བཅོམ༔ ཛྙཱ་ན་ཤྭ་ར་ཛྙཱ་ན་ཀུ་མཱ་ཡིས༔ ཟ་ཧོར་ས་ཆོད་མཁན་པོའི་དྲུང་དུ་སླེབས༔ བཀའ་འཕྲིན་གསེར་ཕྱེ་ཕྱག་ཏུ་ཕུལ་བ་ཡིས༔ མཁན་པོས་དགྱེས་པའི་ཞལ་མདངས་དཀར་བསྟན་ནས༔ མྱུར་མགྱོགས་པ་དང་བསྡོངས་ནས་བོད་དུ་བྱོན༔ བོད་དུ་ཕེབས་ནས་གསང་ཕུར་རྗེ་དང་མཇལ༔ ཟ་ཧོར་མཁན་པོས་རྗེ་ལ་ཕྱག་བཙལ་ནས༔ རང་དོན་འགལ་མེད་ཆེན་པོའི་རྣམ་ཐར་ནི༔ ཁུར་ལ་མི་རྩེག་ས་ཡིས་འཇིག་རྟེན་འདེགས༔ ཉི་མ་བས་ཆེན་རྟ་ཞོན་རྒྱུ་བར་བྱེད༔ གླང་ཆེན་རྒྱབ་ཁལ་རབ་ཏུ་བརྟན་པར་འཁུར༔ ཞེས་གསུངས་རྒྱལ་པོའི་ཕྱག་ལ་འཇུས་པ་ཡིས༔ ཡོན་མཆོད་ཐུགས་དགོངས་ཤིན་ཏུ་འདྲེས་པར་གྱུར༔ མཁན་པོས་བསྙེན་གནས་སྡོམ་པའི་ཆོ་ག་མཛད༔ དེ་ནས་བྲག་དམར་མགྲིན་བཟང་ཆག་ཕེབས་ནས༔ ཇོ་མོ་གཉིས་ལ་བསྙེན་གནས་ཆོ་ག་མཛད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་ཀྱི་རྒྱལ་པོས་མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་པའི་ལེའུ་སྟེ་ང་བདུན་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༥༨ མཁན་པོ་བོ་དྷི་ས་ཏྭས་ལུང་བསྟན་པ།

དེ་ནས་མེ་མོ་གླང་ལོའི་ཉི་ཤུ་ལ༔ བསམ་ཡས་གླིང་བཞི་གླིང་ཕྲན་བཅུ་གཉིས་དང་༔ ཡཀྴ་ལྟག་འོག་ཉི་ཟླ་གཉིས་ཀྱི་ཚུལ༔ ས་རིས་བཅད་ནས་མཁན་པོས་ས་བཏུལ་ནས༔ རྒྱལ་པོའི་སྐུ་ལ་དར་དཀར་ན་བཟའ་གསོལ༔ ཕྱག་ཏུ་གསེར་གྱི་འཇོར་ལ་སྨན་སྣ་བྱུགས༔ ས་ལ་ཁྲུ་གང་བརྐོས་པའི་འོག་ནས་ནི༔ ས་ཞག་དཀར་སེར་དམར་གསུམ་བྱུང་བ་ཡིས༔ རྒྱལ་པོས་ཞལ་དུ་གསོལ་ཞིང་དབུ་ལ་བྱུགས༔ མཁན་པོའི་ཞལ་ནས་རྗེ་ཡི་བསམ་པ་འགྲུབ༔ བསྟན་པ་རབ་ཏུ་དར་བར་གྱུར་ཅིག་གསུངས༔ དེ་ནས་རྩིག་པའི་རྨང་བཙུགས་བརྩིགས་པ་ལས༔ ཨཱརྱ་པ་ལོའི་སེ་ཕུང་ཞིག་ཡོད་ཀླུས༔ སེ་ཕུང་གཅོད་པར་ཤེས་ནས་མ་བཟོད་པར༔ ལྷ་འདྲེ་ཐམས་ཅད་ར་མདར་ལྷོགས་ནས་ནི༔ དགེ་བསྙེན་གསུམ་དང་གནོད་སྦྱིན་མི་མ་ཡིན༔ བོད་ཀྱི་ལྷ་འདྲེས་གཙོ་བྱས་ཐམས་ཅད་ཀྱིས༔ ཉིན་བརྩིགས་མཚན་བཤིག་ས་རྡོ་རང་གནས་བསྐྱལ༔ དེ་ནས་མངའ་བདག་རྒྱལ་པོས་མཁན་པོ་ལ༔ ད་ལྟ་མ་འོངས་སེམས་ཅན་སྐྱབས་གནས་སུ༔ གཙུག་ལག་ཁང་འདི་ལེགས་པར་བཞེང་འདོད་པས༔ བདག་སྒྲིབ་ཆེའམ་མཁན་པོས་བྱིན་མ་བརླབས༔ བསམ་པ་མི་འགྲུབ་འདྲའོ་ཞུས་པ་ཡིས༔ བདག་ནི་བྱང་ཆུབ་སེམས་བློ་འབྱོངས་པར་སྦྱངས༔ ཞི་བས་མི་ཐུལ་དྲག་པོས་འདུལ་དགོས་འདུག༔ ད་ལྟར་རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ ཨུ་རྒྱན་མཁན་པོ་པདྨ་འབྱུང་གནས་བཞུགས༔ རིག་པའི་གནས་ལྔ་ལ་ནི་མཁས་ཆེན་པོ༔ དོན་གྱི་རྩལ་འབྱོངས་མཆོག་ཐུན་དངོས་གྲུབ་བརྙེས༔ བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ་ཡིས༔ ལྷ་འདྲེ་འདར་ཞིང་འབྱུང་པོའི་ཚོགས་རྣམས་འདུད༔ དུས་གསུམ་སངས་རྒྱས་མཆོག་དེ་སྤྱན་དྲངས་ན༔ ལྷ་འདྲེས་འཁུ་མི་ནུས་ཏེ་ཐུགས་དགོངས་འགྲུབ༔ ཅེས་གསུངས་རྒྱལ་པོས་སྤྱན་མི་འདྲོང་ཞུས་པས༔ མཁན་པོས་སྤྱན་འདྲོངས་སྔོན་གྱི་སྨོན་ལམ་ཡོད༔ སྤྱིར་ན་ཡང་དག་རྫོགས་པའི་སངས་རྒྱས་ཀྱིས༔ འགྲོ་བའི་དོན་མཛད་སངས་རྒྱས་རིམ་པར་བྱོན༔ ཁྱད་པར་འཕགས་པ་སྤྱན་རས་གཟིགས་དབང་གིས༔ འགྲོ་བ་དཔག་མེད་འཁོར་བའི་མཚོ་ལས་བསྒྲལ༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོར་བྱོན༔ སེམས་ཅན་གཅིག་ཀྱང་མེད་སྙམ་གཟིགས་པ་ཡིས༔ འགྲོ་བའི་མཐའ་ལ་ཐུག་མེད་སྔ་མ་བཞིན༔ སྤྱན་རས་གཟིགས་ཀྱང་དོན་མི་འདུག་སྙམ་ནས༔ སྤྱན་གཉིས་ནས་ཀྱང་སྤྱན་ཆབ་གཉིས་བྱུང་སྟེ༔ སྲིན་ལག་གཉིས་ཀྱིས་གཏོར་ནས་མ་འོངས་དུས༔ སྤྱན་ཆབ་གཉིས་ཀྱིས་འགྲོ་བའི་དོན་བྱེད་ཤོག༔ ཅེས་པའི་སྨོན་ལམ་བཏབ་པས་ལྷ་ཡུལ་དུ༔ དབང་པོ་བརྒྱ་བྱིན་སྲས་མོ་གཉིས་སུ་སྐྱེས༔ ལྷ་མོ་གང་མ་གང་ཆུང་ཞེས་བྱ་ཡོད༔ གང་ཆུང་གིས་ནི་ལྷ་ཡི་མེ་ཏོག་བརྐུས༔ ལྷ་ཡི་འདུལ་ཁྲིམས་རྣམ་པར་དག་པ་ཉམས༔ མི་ཡི་གནས་སུ་ལྷུང་ནས་བལ་ཡུལ་དུ༔ བྱ་རྫི་གསལ་ལེའི་བུ་མོ་བདེ་མཆོག་སྐྱེས༔ རིགས་ངན་བཞི་དང་བཤོས་པས་བུ་བཞི་བྱུང་༔ རྟ་རྫིས་བཤོས་པའི་བུ་ནི་ཆེ་ཤོས་ཡིན༔ དེ་འོག་ཕག་རྫིས་བཤོས་པའི་བུ་གཅིག་སྐྱེས༔ དེ་འོག་བྱི་རྫིས་བཤོས་པའི་བུ་གཅིག་སྐྱེས༔ དེ་ནས་བྱ་རྫིས་བཤོས་པའི་བུ་གཅིག་སྐྱེས༔ བྱ་བཙོས་གླ་བསགས་བུ་ཚོ་མངའ་ཐང་ཕོག༔ གླའི་ལྷག་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས༔ དེ་ཡང་བུམ་པ་ནས་ནི་བུམ་སྟེགས་ཁར༔ གོམ་པ་དགུ་དགུ་ཡོད་པ་ཞིག་ནི་བཞེངས༔ བུམ་པ་མ་ཐོགས་པར་ནི་ཚེ་དུས་བྱས༔ དམ་ཚིག་ལྷ་མོ་པྲ་མོ་ཧར་སངས་རྒྱས༔ དེ་ནས་བུ་བཞིས་འདུས་ནས་གྲོས་བྱས་པ༔ བྱ་རྫི་མ་གཅིག་བུ་བཞིར་མངའ་ཐང་ཕོག༔ མཆོད་རྟེན་བཞེངས་འཕྲོར་ངེད་བཞིས་མཆོད་རྟེན་ལ༔ བུམ་པ་གདགས་དགོས་ཟེར་ནས་བུམ་པ་བཏགས༔ དེ་དུས་བུ་བཞིས་སྨོན་ལམ་རེ་རེ་བཏབ༔ ཆེ་དག་རྟ་རྫི་བུ་ཡི་སྨོན་ལམ་ནི༔ མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས༔ ས་བདག་མགོ་ནག་རྒྱལ་པོར་སྐྱེ་བར་ཤོག༔ དེ་སྐད་བཏབ་པས་རྗེ་རྒྱལ་ཁྱོད་ཉིད་ཡིན༔ དེ་འོག་ཕག་རྫི་བུ་ཡི་སྨོན་ལམ་ནི༔ མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས༔ རིག་འཛིན་སྔགས་འཆང་དགོངས་རྒྱུད་དག་པ་ཡིས༔ རྫུས་སྐྱེས་ལྷ་འདྲེ་མི་གསུམ་འདུལ་བར་ཤོག༔ སྨོན་ལམ་མཐུ་བཙན་པདྨ་འབྱུང་གནས་ཡིན༔ དེ་འོག་ཁྱི་རྫིའི་བུ་ཡི་སྨོན་ལམ་ནི༔ མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས༔ བསྟན་པའི་གཞི་མ་དགེ་འདུན་མཆོག་ཏུ་ཤོག༔ དགེ་སློང་བོ་དྷི་ས་ཏྭ་ང་ཉིད་ཡིན༔ བྱ་རྫི་བུ་ཡི་སྨོན་ལམ་བཏབ་པ་ནི༔ ཕུ་བོས་སངས་རྒྱས་བསྟན་པ་འཛིན་པར་འདུག༔ དེ་འོག་སངས་རྒྱས་བསྟན་པ་སྲུང་བར་འདུག༔ དེ་འོག་སངས་རྒྱས་བསྟན་པ་སྐྱོང་བར་འདུག༔ ང་ཡིས་འཕྲིན་བློན་པ་རུ་སྨོན་ལམ་འདེབས༔ མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས༔ སྤུན་ཟླ་རྣམས་ཀྱི་འཕྲིན་བློན་བྱེད་པར་ཤོག༔ ད་ལྟ་ཡར་ཀླུངས་སྦ་མི་ཁྲི་གཞེར་ཡིན༔ སྨོན་ལམ་འབྲེལ་བ་ཡོད་པས་སྤྱན་འདྲོངས་གསུངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ མཁན་པོ་བོ་དྷི་ས་ཏྭས་ལུང་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༥༩ རྒྱལ་པོའི་བསྐྱར་ཤོག་པ་དང་མཇལ་བ།

དེ་ནས་སིངྷ་རཱ་ཛས་རྒྱ་གར་འཁོར༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྙན་གསོལ་བ༔ རྒྱ་གར་ཡུལ་ན་པཎྜི་ཏ་ཡི་ཚོགས༔ ནམ་མཁའི་སྐར་ཚོགས་ཙམ་ལ་ཚོད་མ་ཐེབས༔ དེ་དག་ནང་ནས་མཆོག་ཏུ་གྱུར་པ་ནི༔ གུ་རུ་པདྨ་འབྱུང་གནས་ཞེས་བྱ་བ༔ གཡའ་རི་གོང་གི་བྲག་ལ་བཞུགས་ནས་མཆིས༔ མངལ་སྐྱེས་མ་ཡིན་བརྫུས་སྐྱེས་སྤྲུལ་སྐུར་གྲགས༔ དེ་སྐད་གསོལ་པས་རྒྱལ་པོ་ཤིན་ཏུ་དགྱེས༔ དེ་ནས་རྒྱལ་པོས་མྱུར་མགྱོགས་ཁ་གསུམ་བཏང་༔ སྦ་མི་ཁྲི་གཞེར་རྡོ་རྗེ་བདུད་འཇོམས་དང་༔ མཆིམས་ཀྱི་ཕྲུ་གུ་ཤཱཀྱ་པྲ་བྷ་དང་༔ ཤུད་པུ་དཔལ་གྱི་སེང་གེ་བཞི་ལ་ནི༔ གསེར་ཕྱེ་བྲེ་རེ་གསེར་གྱི་པ་ཏྲ་རེ༔ རྒྱ་གར་རྡོ་རྗེ་གདན་དུ་བརྫངས་པར་གྱུར༔ ལོ་ཙཱ་བཞི་པོས་རྒྱ་གར་ཡུལ་དུ་བགྲོད༔ གསེར་ཕྱེ་བྲེ་གང་རྒྱལ་པོ་ཉི་མར་ཕུལ༔ གསེར་གྱི་པ་ཏྲ་བཀའ་འཕྲིན་ཕྱག་ཏུ་སྤྲད༔ བྲེ་གང་བླ་མཆོད་པཎྜི་ཏ་ལ་ཕུལ༔ བྲེ་གང་པ་ཏྲ་ཨུ་རྒྱན་པདྨར་ཕུལ༔ སློབ་དཔོན་ཆེན་པོས་རྒྱལ་པོ་ཡོན་མཆོད་དགོངས༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔ བསྟན་པའི་གཞི་མ་ཐུགས་དམ་གཙུག་ལག་ཁང་༔ བཞེང་པར་འཚལ་བས་ལྷ་འདྲེ་རྣམས་ཀྱིས་བཀག༔ ས་གཞི་བྱིན་བས་རབ་གནས་བྱ་ཕྱིར་དང་༔ སངས་རྒྱས་བསྟན་པ་འཛིན་སྐྱོང་བསྲུང་བའི་ཕྱིར༔ སྤྱན་འདྲེན་མཆིས་པས་ཐུགས་རྗེས་གཟུང་བར་ཞུ༔ ཞེས་གསོལ་ཨུ་རྒྱན་ཆེན་པོས་བཀའ་གནང་ནས༔ ས་ཕོ་རྟ་ལོ་དགུན་ཟླ་འབྲིང་པོ་ཡི༔ བཅོ་ལྔ་སྐར་མ་སྨིན་དྲུག་བཤུལ་ལམ་ཞུགས༔ གནམ་སྟོང་ཉིན་པར་བལ་ཡུལ་གདན་ཕེབས་ཏེ༔ ཨུ་རྒྱན་མཁན་པོ་པདྨའི་ཞལ་ནས་ནི༔ བོད་ཀྱི་ལྷ་འདྲེ་གཟིངས་པ་ལངས་འདུག་པས༔ ང་ཡིས་འདུལ་ཞིང་ཕྱི་ན་མར་ལ་འོང་༔ མངལ་སྐྱེས་ལུས་ཀྱིས་ལྷ་འདྲེའི་ཟེར་མི་ཐུབ༔ ལོ་ཙཱ་བ་རྣམས་སྔོན་ལ་སོང་ཞིག་གསུངས༔

བྱིན་བརླབས་སྲུང་བ་བཏགས་ནས་སྔོན་ལ་བཏང་༔ ཨུ་རྒྱན་ཆེན་པོས་བལ་ཡུལ་ཟླ་གསུམ་བཞུགས༔ བལ་པོ་བ་སུ་དྷ་ར་ལ་སོགས་པ༔ བལ་པོའི་འགྲོ་དོན་རྒྱ་ཆེར་མཛད་ནས་ནི༔ ཨེ་ཡི་གཙུག་ལག་ཁང་དུ་གཏེར་ཀ་སྦས༔ ཨ་སུ་ར་དང་ཡང་ལེ་ཤོད་ལ་སོགས༔ བལ་ཡུལ་ཤིང་ཁུན་ལ་སོགས་གཙུག་ལག་ཁང་༔ ས་བཙན་བྲག་ལ་གཏེར་ཀ་སྟོང་རྩ་སྦས༔ དེ་ནས་དབྱར་ཟླ་ར་བའི་ཚེས་གཅིག་ལ༔ བཤུལ་ལམ་ཞུགས་ནས་འབྱོན་པར་བཞེད་པའི་ཚེ༔ རྒྱ་བལ་ཤིང་སྐྱེས་རྩེ་མོ་བོད་དུ་བསྟན༔ མེ་ཏོག་ཐམས་ཅད་བོད་བལྟས་ཁ་བྱེར་གྱུར༔ རྒྱ་དང་བལ་པོའི་པཎ་ཆེན་རྨི་ལྟས་ལོག༔ ཉི་ཟླ་དུས་གཅིག་བོད་དུ་ཤར་བ་དང་༔ རྒྱ་ཆོས་མ་ལུས་བོད་དུ་སོང་བ་ལས༔ མཐའ་འཁོབ་གཙུག་ལག་ཁང་གིས་ཁེངས་པ་རྨིས༔ དེ་ཚེ་མཁའ་འགྲོ་སྡེ་བཞི་སེར་སྣ་ཤོར༔ གུ་རུ་བོད་དུ་བཞུད་པ་འདི་སྐད་བཤོལ༔ རྡོ་རྗེ་སློབ་དཔོན་དགོངས་མཛོད་དང་༔ རྩི་ཤིང་རྩེ་མོའི་སྟོན་ལུགས་སམ༔ མེ་ཏོག་ཁ་ཡི་ལྟ་ཕྱོགས་སམ༔ པཎ་ཆེན་རྨི་ལམ་ངན་ལུགས་སམ༔ དཀྱིལ་འཁོར་མདངས་ཡལ་སྐྱེན་ལུགས་ཀྱིས༔ སློབ་དཔོན་བོད་དུ་བཞུད་བཞུད་འདྲ༔ ནམ་མཁའ་གཡོ་འགུལ་མེད་ལགས་ཏེ༔ འབྱུང་བཞི་མཐའ་རྒྱས་ལྷུན་གྱིས་གྲུབ༔ སློབ་དཔོན་གཤེགས་བཞུགས་མ་མཛད་ཀྱང་༔ འགྲོ་དོན་མཐའ་རྒྱས་ལྷུན་གྱིས་གྲུབ༔ སློབ་དཔོན་མི་གཤེགས་བཞུགས་པར་ཞུ༔ ཞེས་གསོལ་སློབ་དཔོན་ལན་བཏབ་པ༔ མཁའ་འགྲོ་དམ་ཅན་ཚུར་གསོན་དང་༔ ནམ་ཟླས་བསྐུལ་བས་རྩི་ཐོག་འབོ༔ གདུལ་བྱས་བསྐུལ་བས་ཐུགས་རྗེ་སྐྱེ༔ ལས་ཆོས་མཐོང་ནས་སྡོད་མི་ཁོམ༔ ཁྱུང་གཤོག་རྒྱས་པ་མཁའ་ལ་འཕྱོ༔ རང་དོན་ཕུན་ཚོགས་སྔོན་ལ་སོང་༔ ཕྱོགས་མེད་གཞན་དོན་དུས་ལ་བབ༔ མ་སྲིང་མཁའ་འགྲོ་གྲོགས་ལ་ཆོས༔ དེ་སྐད་གསུངས་ནས་མང་ཡུལ་བྱོན་པ་ལས༔ བལ་མོ་ཤཱཀྱ་དེ་བར་ལུང་བསྟན་ཏེ༔ ད་ནས་མི་རབས་ཉིས་བརྒྱ་ལྷག་སོང་ན༔ མངའ་རིས་སྐོར་གསུམ་སྤུ་རངས་མང་ཡུལ་དུ༔ གདུང་བརྒྱུད་རྒྱལ་པོ་མགོན་གསུམ་ཞེས་བྱ་འབྱུང་༔ ཁ་ཆེར་འཕགས་པ་མཆེད་གསུམ་སྟོད་ཧོར་གྲགས༔ བལ་ཡུལ་ཨེ་ཡི་གཙུག་ལག་ཁང་ནང་ནས༔ ཨུ་རྒྱན་སྦས་པའི་དམ་པའི་ཆོས་གཏེར་རྡོལ༔ གྲོང་ཁྱེར་སླད་ལར་གཙུག་ལག་དཔལ་དགེ་འབྱུང་༔ ཆོས་ཕྱོགས་དབུལ་ཕོངས་ལུས་སྲོག་མི་ལྟ་ན༔ སངས་རྒྱས་བསྟན་པའི་སྲོག་ཤིང་ཀ་བ་ཚུགས༔ ཞེས་གསུངས་བལ་མོ་ཤཱཀྱ་དེ་བ་ཡིས༔ ཆོས་ཕྱོགས་གཙོར་སྟོན་འཇིག་རྟེན་བྱ་བ་བཏང་༔ ཨུ་རྒྱན་ཆེན་པོའི་ཐུགས་ཀྱི་མངོན་མཁྱེན་ལ༔ ལས་འཕྲོའི་དབང་གིས་གདུལ་བྱ་དུས་བབ་སྙམ༔ བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་ཀར་བྱོན༔ རྒྱལ་པོས་བསྐྱར་ཤོག་མི་བདུན་བཏང་དང་ཕྲད༔ ནམ་མཁའི་སྙིང་པོས་གཙོ་བྱས་གཡོག་པོ་བདུན༔ དབས་མང་རྗེ་གསལ་སྣང་སེང་གོང་ལྷ་ལུང་༔ དབས་མི་གྲུ་གཟིངས་ཅོག་རོ་དབལ་གཟུངས་མགོན༔ སྣ་ནམ་བདུད་འདུལ་ཤ་མི་པུ་ཏྲ་ཤྲཱི༔ བློན་པོ་སྟག་སྣ་གདོང་གཟིགས་དང་བཅས་རྣམས༔ མང་ཡུལ་ཁ་གནོན་གཏོང་བ་ཙུག་བྱས་ནས༔ ཡོངས་སུ་ཚོལ་བ་ཁོ་ན་ཉིད་ལ་དགོངས༔ ཆོས་ཀྱིས་ཀུན་དགའ་འཕེལ་བའི་དགའ་སྟོན་ཆར༔ བཀྲ་ཤིས་བཟང་ལྡན་ཡིད་ལ་རེ་བ་སྦྱོར༔ དེ་ཡིས་སྐྱེ་བོ་དམ་ཆོས་སྤྱོད་ལ་དད༔ ཅེས་པའི་དྲིལ་ཡིག་གསེར་ཕྱེ་བསྐུར་ནས་ཕྱིན༔ རྒྱ་གར་ཕ་རོལ་བལ་པོའི་ཚུ་རོལ་ཏུ༔ ཨུ་རྒྱན་ཆེན་པོ་པད་འབྱུང་ཉིད་དང་མཇལ༔ རྒྱལ་པོའི་དྲིལ་ཡིག་སྐྱེས་ནི་ཕྱག་ཏུ་ཕུལ༔ བར་མ་བདུན་པོ་བསམ་ཡས་སྔ་འགྲོས་བཏང་༔ ཨུ་རྒྱན་ཆེན་པོས་ནམ་མཁའ་ལ་བྱོན་ནས༔ མང་ཡུལ་གུང་ཐང་ཟླ་བ་གསུམ་དུ་བཞུགས༔ ཕུག་མདའི་ནང་དུ་ཡིད་བཞིན་གཏེར་ཅིག་སྦས༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སྐ་བ་དཔལ་བརྩེགས་རྡོ་རྗེ་བདུད་འཇོམས་དང་༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་གསེར་བསྐུར་ནས༔ ལམ་ལ་ཉིན་བཤད་མཚན་བཤད་དུབ་པར་བརྫངས༔ སློབ་དཔོན་སྲུང་མ་རྣམས་ཀྱིས་ཐུགས་དམ་བསྐུལ༔ བང་ཆེན་མི་གསུམ་ཐང་ཆད་ཉོན་མོངས་པས༔ མང་ཡུལ་གུང་ཐང་ཙམ་དུ་གཤེགས་པར་ཞུས༔ མཇལ་ནས་མཁྱེན་བཞིན་ཁྱེད་རྣམས་སུ་ཡིན་དྲིས༔ ངེད་རྣམས་བོད་ཀྱི་སློབ་དཔོན་གདན་འདྲེན་ཡིན༔ ཞེས་སྨྲས་ཕྱག་བྱས་གསེར་ཕྱེ་བྲེ་གང་ཕུལ༔ པྲེ་ཏ་པུ་རིའི་རྒྱལ་པོའི་སྐུ་ཡོན་ནམ༔ ཞེས་གསུངས་མང་ཡུལ་བལ་ཡུལ་ཕྱོགས་ལ་གཏོར༔ ཕོངས་སེམས་སྐྱེས་པས་སློབ་དཔོན་ཞལ་ནས་ནི༔ ཐུ་བ་བཟེད་གསུངས་ས་དང་གསེག་མ་བླུགས༔ སོ་སོར་ཕྱིན་ནས་ཁ་ཕྱེ་བལྟས་པ་ཡིས༔ གསེར་དངུལ་གཡུ་དང་རིན་པོ་ཆེ་རྣམས་འདུག༔ ཡིད་ཆེས་སྐྱེས་ནས་སྐུ་ལ་མོས་པ་ཐོབ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་པོའི་བསྐྱར་ཤོག་པ་དང་མཇལ་བའི་ལེའུ་སྟེ་ང་དགུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་༦༠། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་བ།

དེ་ནས་མང་ཡུལ་སྟོན་ལ་མཁར་དུ་བྱོན༔ ཞང་ཞུང་དགྲ་བླ་ཛ་མུན་ཞེས་བྱ་བས༔ སློབ་དཔོན་རི་བྲག་གཉིས་ཀྱི་བར་དུ་བཅར༔ བར་སྣང་བྱོན་པས་མོ་སྐྱེངས་སྲོག་སྙིང་ཕུལ༔ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔ གཏེར་ཀ་ཆེན་པོ་ཞིག་གི་གཉེར་ཀ་གཏད༔ དེ་ནས་གནམ་ཐང་མཁར་ནག་ལ་གར་བྱོན༔ གངས་དཀར་གནམ་སྨན་དཀར་མོས་ཐོག་ཕབ་སྟེ༔ སློབ་དཔོན་ཕྱག་མཛུབ་ལ་དཀྲིས་མཚོར་དོར་བས༔ མོ་བྲེད་དཔལ་མོ་དཔལ་ཐང་མཚོ་ནང་བྲོས༔ མཚོ་བསྐོལ་ཤ་རུས་བྱེ་སྟེ་བྲལ་བ་ལས༔ སློབ་དཔོན་རྡོ་རྗེ་བརྒྱབ་པས་མིག་གཡས་བཅར༔ མཚོ་ཁར་ཡེར་བྱུང་ཞུ་བ་གསོལ་བ་ནི༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ བར་ཆད་མི་བགྱིད་ཐུགས་དམ་དགོངས་པ་གློད༔ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ ཞེས་ཟེར་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གསང་མཚན་ཤ་མེད་རྡོ་རྗེ་གཡུའི་སྒྲོན་མ༔ གཏེར་ཀ་ཆེན་པོ་ཞིག་གི་གཉེར་བྱང་གཏད༔ དེ་ནས་འོ་ཡུག་བྲེ་མོ་ལ་གར་བྱོན༔ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབ༔ རི་ཡི་བར་དུ་བཙིར་བར་བྱས་པ་ལ༔ སོལ་དུམ་རེར་གྱུར་སྟོབས་ཟད་བྱིན་གྱིས་བརླབས༔

བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་༔ ཡ་མ་བཅུ་གཉིས་སྲོག་གི་སྙིང་པོ་ཕུལ༔ དམ་ལ་བཏགས་ནས་གཏེར་རེའི་གཉེར་ཀ་གཏད༔ དེ་ནས་འོ་ཡུག་བྱེའུ་ཚང་རྫོང་ཀར་སླེབས༔ དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་སྐྱོང་༔ མཆེད་ནི་སུམ་བརྒྱ་དྲུག་ཅུས་བསུ་བ་བྱུང་༔ དམ་ལ་བཏགས་ནས་གཏེར་གྱི་གཉེར་ཀ་གཏད༔ དེ་ནས་ཤམ་པོ་ལུང་དུ་བྱོན་ཙ་ན༔ ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལ༔ ཁ་ང་སྣ་ང་ཁ་བ་བུ་ཡུག་འཚུབས༔ སློབ་དཔོན་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང་༔ ཞགས་པས་བཅིངས་ནས་ལྕགས་སྒྲོག་དམ་པར་བཅུག༔ དྲིལ་བུའི་ཕྱག་རྒྱས་ལུས་སེམས་བཙོགས་པ་ཡིས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་ཀ་གཏད༔ དེ་ནས་སྐུ་གཉན་ཐང་ལྷས་ཉམས་སད་ཕྱིར༔ མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ༔ གཞུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངས༔ སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ༔ སློབ་དཔོན་སྦྲུལ་གྱི་སྐེད་པར་ཕྱག་འཁར་བཙུགས༔ ཀླུ་ཡི་རྒྱལ་པོ་ནེ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས༔ ཁྱོད་རང་ཕར་སོང་ཚོགས་འཁོར་ཤོམས་དང་གསུངས༔ ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས༔ རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང་༔ མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས༔ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར༔ དར་དཀར་རལ་གུ་ཞིག་གྱོན་ཕྱག་བསྐོར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ༔ དེ་ནས་བྱང་ཐང་འཕན་ཡུལ་ལུང་པར་བྱོན༔ བྱང་གི་ཏིང་ཏིང་ཏིང་ལོ་སྨན་གདོང་གིས༔ བྱང་ཕུགས་རྣམས་ཀྱི་ལྷགས་པ་དུས་གཅིག་བསྡུས༔ སློབ་དཔོན་འཁོར་དང་བཅས་ལ་བརྒྱབ་པ་ཡིས༔ འཁོར་རྣམས་སྦྲེབས་ཤིང་སློབ་དཔོན་བསེར་ལ་ཁད༔ མེ་ང་མནན་པས་མར་ལ་ཉི་སོང་བཞིན༔ ཏིང་ལོ་སྨན་གཅིག་བཞུ་ནས་དམ་ལ་བཏགས༔ སྲོག་སྙིང་ཕུལ་ནས་གཏེར་གྱི་གཉེར་བྱང་གཏད༔ དེ་ནས་གནམ་གྱི་ཤུག་སྡོང་གླང་སྒྲོམ་དུ༔ བླ་མེད་དོན་རྫོགས་ཕོ་བྲང་ཞལ་ཕྱེ་ནས༔ སྒྲུབ་པ་ཞག་བདུན་ཕྱི་མའི་ནམ་དགུང་ལ༔ ཐུགས་སྔངས་ཡིད་ཀྱིས་བྱུང་ནས་གཟིགས་ཙ་ན༔ བདུད་ཀྱི་དམག་དཔོན་རུ་དར་རེ་རེ་ཕྱར༔ སློབ་དཔོན་ཐུགས་སྔངས་གྱུར་པ་བཟོད་པར་གསོལ༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་ཀ་གཏད༔ དེ་ནས་ཁམས་ཀྱི་གླ་བ་རྐང་གཅིག་བྱོན༔ ཐེའུ་རང་མ་ལུས་ཐམས་ཅད་དམ་ལ་བཏགས༔ དེ་ནས་ཁམས་ཀྱི་སེང་གེ་བྲག་ཏུ་བཞུགས༔ མ་སངས་གཡའ་སྤང་སྐྱེས་གཅིག་བྱ་བ་ནི༔ རྒད་པོ་མགོ་ལ་སྤྲེའུའི་ཞྭ་གྱོན་པ༔ མགོ་བོ་སློབ་དཔོན་པང་དུ་བཞག་བྱས་ནས༔ རྐང་པ་ཁམས་ཀྱི་གཡེར་མོ་ཐང་ལ་བརྐྱངས༔ ལག་གཉིས་ཏི་སེ་མ་ཕམ་མཚོ་ལ་བསྐྱལ༔ མི་མ་ཡིན་ནི་བྱེ་བ་ཁྲག་ཁྲིག་སྟོང་༔ བསམ་གྱིས་མི་ཁྱབ་གང་དག་ལྷགས་པར་གྱུར༔ མཚོན་གྱི་རིགས་བྱེད་ཆར་པ་ཕབ་པ་ཡིས༔ གུ་རུས་དྲག་པོ་རིགས་ལྔར་ཁྲོས་ནས་སུ༔ གཡའ་སྤང་གཙོ་བྱས་ལྷ་འདྲེ་ཐམས་ཅད་བཏུལ༔ དེ་ནས་ཆུ་བོ་རི་དང་ཁ་རག་བྱོན༔ མ་མོ་བསེན་མོ་ཐམས་ཅད་དམ་ལ་བཏགས༔ དེ་ནས་གཙང་གི་གསིལ་མ་ལ་ཁར་བྱོན༔ སྨན་མོ་ལྷ་སྨན་ཐམས་ཅད་དམ་ལ་བཏགས༔ གོམ་པ་ཆུ་མིག་དགེ་བསྙེན་ཐམས་ཅད་བཏུལ༔ བྱེ་མ་རབ་ཀར་ལྷ་སྲིན་སྡེ་བརྒྱད་བཏུལ༔ རོ་ཧ་ལུང་པ་ཁྲ་མོར་མ་ཡམས་བཏུལ༔ རོང་དོང་ལུང་པ་ནག་པོར་སྲིན་པོ་བཏུལ༔ མལ་གྲོའི་ནང་དུ་ཀླུ་རིགས་དམ་ལ་བཏགས༔ གཡུ་འཛིན་ཕུག་མོར་ཕོ་རྒྱུད་དམ་ལ་བཏགས༔ དུང་མདོག་བྲག་དམར་དྲི་ཟ་དམ་ལ་བཏགས༔ གངས་དཀར་ཏི་སེར་རྒྱུ་སྐར་ཉེར་བརྒྱད་བཏུལ༔ གླང་ཆེན་སྦས་ཕུག་གཏེར་ཀ་ཞིག་ཀྱང་སྦས༔ སྟར་སྒོའི་གངས་སུ་གཟའ་ཆེན་བརྒྱད་སོགས་བཏུལ༔ གཏེར་ཁ་ཆེན་པོ་ཉི་ཤུ་རྩ་གཅིག་སྦས༔ བུ་ལེ་གངས་སུ་ལྷ་འདྲེས་ཚོགས་འཁོར་བཤམས༔ འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་ཕུལ༔ བུ་ལེ་གངས་དང་སྟར་སྒོའི་གངས་མཚོར་སྦས༔ གློ་བོར་ལྡན་མ་སྤུན་དགུ་དམ་ལ་བཏགས༔ ཕོ་མ་གངས་ཇོས་གདན་དྲངས་དམ་ལ་བཏགས༔ གང་བ་བཟང་པོས་གདན་དྲངས་དམ་ལ་བཏགས༔ རྩེ་ལྷ་གངས་སུ་གདན་དྲངས་དམ་ལ་བཏགས༔ མཁའ་རི་ཅན་གྱིས་གདན་དྲངས་དམ་ལ་བཏགས༔ དེ་དག་ཀུན་ལ་གཏེར་ཀ་རེ་རེ་གཏད༔ དེ་ནས་མངའ་བདག་རྒྱལ་པོའི་བསྐྱར་ཤོག་བྱུང་༔ སྟོད་ཀླུང་གྲམ་བུ་ཚལ་དུ་འཛོམ་དུས་བཏབ༔ རྒྱལ་པོ་ང་ཆེ་ང་བཙན་ང་རྒྱལ་ཞིང་༔ ཕོ་ཉ་མང་བཏང་རྒྱལ་པོ་ཉིད་མ་བྱོན༔ ཁ་ལ་བྲག་རིར་དགུན་ཞིག་ངང་ཡོལ་བཞུགས༔ བཙན་རྣམས་དམ་ལ་བཏགས་ཤིང་གཏེར་ཀ་གཏད༔ དེ་ནས་ཟུལ་ཕུག་རྐྱང་བུ་ཚལ་དུ་བཞུགས༔ བདུད་གཟའ་དམ་སྲི་བཏུལ་ནས་གཏེར་ཀ་གཏད༔ དེ་ནས་གཡའ་རི་གོང་དུ་དཔྱིད་ཅིག་བཞུགས༔ ཇ་རོང་འགོང་པོ་སོ་ཤ་དམ་སྲི་བཏུལ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་ལ་བཏགས་པའི་ལེའུ་སྟེ་དྲུག་ཅུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༡ བོད་ཀྱི་རྒྱལ་པོ་དང་ཕྱག་ལ་མ་འཆམས་པ།

དེ་ནས་ལྷ་སར་མཉེས་མཛད་སྟོད་ཀླུང་བྱོན༔ རྒྱལ་པོས་ལོ་ཧི་ཏ་འགྲམ་ཐབ་བཏེག་ནས༔ ལྷ་བཟང་ཀླུ་དཔལ་རྒྱལ་པོའི་ཚབ་མར་བཏང་༔ ལྕགས་ཅན་རྟ་ཞོན་ལྔ་བརྒྱ་དག་གིས་བསྐོར༔ སྟོད་ཀླུང་གཞོང་པ་མདའ་རུ་མཇལ་ཙ་ན༔ དྲོ་བར་འདེབས་པའི་ཇ་ཆུ་མ་རྙེད་ནས༔ ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སྟོད་ཀླུང་དོང་པའི་གདོང་ལ་ཕྱག་འཁར་བཙུགས༔ ལྷ་བཟང་ཆུ་བྱུང་གཞོང་པ་བཟེད་ཅིག་གསུངས༔ མིང་ཡང་གཞོང་པའི་ལྷ་ཆུ་ཞེས་སུ་ཐོགས༔ དེ་ནས་ཟུང་མཁར་ལོ་ཧི་ཏ་འགྲམ་ཚལ༔ མངའ་བདག་རྒྱལ་པོ་ཉིད་དང་མཇལ་ཕྲད་མཛད༔ བོད་ཀྱི་རྒྱལ་པོར་ཕོ་སྐྱེས་ཡོངས་ཀྱིས་བསྐོར༔ ཕུག་རོན་ཁྱུ་བཞིན་དཀར་ཁྲིགས་ཅེམ་ཅེམ་བྱུང་༔ བཙུན་མོ་གཉིས་ལ་མོ་སྐྱེས་ཡོངས་ཀྱིས་བསྐོར༔ ཟ་འོག་གུར་བཞིན་ཁྲ་ཤིག་ཅེམ་ཅེམ་བྱུང་༔ རྔ་ཤོན་གླུ་ཤོན་འབག་ཤོན་སེང་ཤོན་བསུ༔ ཨུ་རྒྱན་ཆེན་པོ་པདྨའི་ཐུགས་དགོངས་ལ༔ ང་ནི་མངལ་སྐྱེས་མ་ཡིན་བརྫུས་སྐྱེས་ཡིན༔

རྒྱལ་པོ་མངལ་སྐྱེས་སྐྱེ་བས་ང་ཉིད་ཆེ༔ ཨུ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་བཟུང་༔ བོད་ཡུལ་སྡིག་པའི་རྒྱལ་པོ་ཆོ་རིགས་ཆེ༔ ངེད་གཉིས་ངོ་གང་ཁོང་ནི་རྨོངས་པ་ཡིན༔ ང་ནི་རིག་པའི་གནས་ལྔ་ཀུན་ལ་མཁས༔ ཚེ་གཅིག་སངས་རྒྱས་སྐྱེ་ཤི་གཉིས་མི་མངའ༔ ཁོང་ལ་དགོས་པ་བྱུང་ནས་སྤྱན་དྲངས་ཡིན༔ སྔོན་ལ་རྒྱལ་པོས་ང་ལ་ཕྱག་འཚལ་ཡོང་༔ ཕྱག་ལན་འདེབས་སམ་མི་འདེབས་སྙམ་དུ་དགོངས༔ བཏབ་ན་སངས་རྒྱས་བསྟན་པའི་ཆེ་བ་འཆོར༔ མ་བཏབ་རྒྱལ་པོ་ཡིན་པས་མི་དགའ་ཡོང་༔ རྒྱལ་པོ་ཆེ་ཡང་ངའི་ཕྱག་མི་ཐུབ་སྙམ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཐུགས་དགོངས་ལ༔ ང་ནི་བོད་ཀྱི་མགོ་ནག་ཡོངས་ཀྱི་རྗེ༔ མཁན་པོ་བོ་དྷི་ས་ཏྭས་སྔོན་ཕྱག་འཚལ༔ དེ་བཞིན་སློབ་དཔོན་ང་ལ་ཕྱག་འཚལ་སྙམ༔ ཕྱག་ལ་མ་འཆམས་ཚོམ་མེ་ཚོམ་མེར་ལུས༔ སློབ་དཔོན་ང་ཆེ་ང་བཙན་མགུར་འདི་གསུངས༔ དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམ༔ གྲངས་མེད་གསུམ་དུ་ཚོགས་གཉིས་བསགས༔ ང་སངས་རྒྱས་པདྨ་འབྱུང་གནས་ཡིན༔ ཆོས་ལྟ་བ་ཡས་འབེབས་ཀྱི་གདམས་ངག་བདོག༔ སྡེ་སྣོད་རྒྱུད་སྡེའི་ལུང་ལ་སྦྱངས༔ ཐེག་ཀུན་མ་འདྲེས་ཡོངས་རྫོགས་འཆད༔ ང་དམ་ཆོས་པདྨ་འབྱུང་གནས་ཡིན༔ ཆོས་སྤྱོད་པ་མས་འཛེག་གི་གདམས་ངག་བདོག༔ ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིན༔ ནང་བླ་མེད་གསང་སྔགས་རྣལ་འབྱོར་པ༔ ང་དགེ་འདུན་པདྨ་འབྱུང་གནས་ཡིན༔ ཆོས་ལྟ་སྤྱོད་ཟུང་འཇུག་གི་གདམས་ངག་བདོག༔ ལར་རྟོགས་པ་ནམ་མཁའ་བས་ཀྱང་མཐོ༔ ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ༔ ང་བླ་མ་པདྨ་འབྱུང་གནས་ཡིན༔ ཆོས་འབྲེལ་ཚད་དོན་ལྡན་གྱི་གདམས་ངག་བདོག༔ སྣང་སྲིད་འཁོར་འདས་ཀྱི་དཔེ་ཆ་ལ༔ དྲང་དོན་ངེས་དོན་གྱི་བཤད་པ་བྱེད༔ ང་དགེ་བཤེས་པདྨ་འབྱུང་གནས་ཡིན༔ ཆོས་དགེ་སྡིག་ཤན་འབྱེད་ཀྱི་གདམས་ངག་བདོག༔ ཡེ་ཤེས་ལྔ་ལྡན་གྱི་སྣམ་སྦྱར་གྱོན༔ སྐུ་ལྔ་ཡོངས་རྫོགས་ཀྱི་ལྷུང་བཟེད་ཐོགས༔ ང་མཁན་པོ་པདྨ་འབྱུང་གནས་ཡིན༔ མི་སངས་རྒྱས་སུ་གཏོང་བའི་གདམས་ངག་བདོག༔ ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག༔ སྒོམ་མེད་རྫོགས་ཆེན་གྱི་ལྟ་བ་སྐྱོང་༔ ང་སྒོམ་ཆེན་པདྨ་འབྱུང་གནས་ཡིན༔ ཆོས་མཉམ་གཞག་རྗེས་ཐོབ་ཀྱི་གདམས་ངག་བདོག༔ འཁོར་འདས་རྒྱལ་བའི་དཀྱིལ་འཁོར་ལ༔ བསྐྱེད་རྫོགས་སྤང་བླང་ཆ་མ་མཆིས༔ ང་སྔགས་པ་པདྨ་འབྱུང་གནས་ཡིན༔ ཆོས་བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག་བདོག༔ སྣང་བ་དཀར་དམར་གྱི་གབ་རྩེ་ལ༔ རྒྱུ་འབྲས་ཀྱི་སྤང་བླང་ཞིབ་ཏུ་བརྩི༔ ང་རྩིས་མཁན་པདྨ་འབྱུང་གནས་ཡིན༔ ཆོས་སྡོམ་གསུམ་དབྱེར་མེད་ཀྱི་གདམས་ངག་བདོག༔ མི་དུག་ལྔའི་ནད་ཀྱིས་ཟིན་པ་ལ༔ ཆོས་ཟག་མེད་སྨན་གྱིས་གསོ་བར་བྱེད༔ ང་སྨན་པ་པདྨ་འབྱུང་གནས་ཡིན༔ ཆོས་བདུད་རྩི་འཆི་གསོས་ཀྱི་གདམས་ངག་བདོག༔ ལར་འདི་ལྟར་སྣང་བའི་གྱང་ལོགས་ལ༔ གཉིས་སུ་མེད་པའི་ལྷ་སྐུ་བཞེང་༔ ང་ལྷ་བཟོ་པདྨ་འབྱུང་གནས་ཡིན༔ ཆོས་དབྱིངས་འོད་གསལ་གྱི་གདམས་ངག་བདོག༔ སེམས་ཉིད་ཀྱི་ཤོག་བུ་རྣལ་མ་ལ༔ དོན་ཚིག་དང་བྲལ་བའི་ཡི་གེ་འབྲི༔ ང་ཡིག་མཁན་པདྨ་འབྱུང་གནས་ཡིན༔ ཆོས་ཡི་གེ་མེད་པའི་གདམས་ངག་བདོག༔ གླིང་བཞིར་སྐྱེས་པའི་མི་རྣམས་ལ༔ དུས་གསུམ་མཁྱེན་པས་མངོན་ཤེས་འཆད༔ ང་མོ་མ་པདྨ་འབྱུང་གནས་ཡིན༔ ཆོས་གང་ལ་གང་འདུལ་གྱི་གདམས་ངག་བདོག༔ དུག་ལྔ་གདོན་ལྔ་དགྲར་ལངས་ཀྱང་༔ ཡེ་ཤེས་ལྔ་ཡི་ཁོང་དུ་འབྲུབ༔ ང་མཐུ་མཁན་པདྨ་འབྱུང་གནས་ཡིན༔ ཆོས་དུག་ལྔ་རྩད་གཅོད་ཀྱི་གདམས་ངག་བདོག༔ འདོད་ཡོན་མི་སྤོང་ལམ་དུ་ཁྱེར༔ ཡེ་ཤེས་ལྔ་ལ་ལོངས་སྤྱོད་པ༔ ང་བོན་པོ་པདྨ་འབྱུང་གནས་ཡིན༔ ཆོས་ལྟས་ངན་གཡང་བློན་གྱི་གདམས་ངག་བདོག༔ ལར་རིགས་དྲུག་སེམས་ཅན་བདེ་ལ་བཀོད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ང་རྒྱལ་པོ་པདྨ་འབྱུང་གནས་ཡིན༔ ཆོས་ཁམས་གསུམ་དབང་སྡུད་གདམས་ངག་བདོག༔ ལས་སྣ་འཁོར་བ་དོང་སྤྲུགས་འཛིན༔ བྱ་བ་རང་སེམས་ཅི་དུལ་བྱེད༔ ང་བློན་པོ་པདྨ་འབྱུང་གནས་ཡིན༔ ཅི་བྱས་ཆོས་འགྲོ་ཡི་གདམས་ངག་བདོག༔ འདུན་ཕུགས་ཕྱི་མ་དོན་དུ་གཉེར༔ ཁ་ངོ་དཀོན་ཅོག་གསུམ་ལ་ལྟ༔ ང་བཙུན་མོ་པདྨ་འབྱུང་གནས་ཡིན༔ འཆི་ཁར་སངས་རྒྱས་གདམས་ངག་བདོག༔ མི་དད་པ་ཆེ་བའི་འདུན་མ་བསྐྱངས༔ མི་ཚེ་ཕྱི་མའི་བདེ་སྐྱིད་བྱས༔ ང་གཙོ་བོ་པདྨ་འབྱུང་གནས་ཡིན༔ ཆོས་འཁྲུལ་པ་རྩད་གཅོད་ཀྱི་གདམས་ངག་བདོག༔ བྱང་སེམས་སྙིང་རྗེའི་མཚོན་ཐོགས་ནས༔ རྣམ་རྟོག་ལོག་ལྟའི་དགྲ་བོ་བསད༔ ང་དཔའ་བོ་པདྨ་འབྱུང་གནས་ཡིན༔ ཆོས་འཁོར་བ་གཡུལ་ཟློག་གི་གདམས་ངག་བདོག༔ སྦྱིན་པ་གསུམ་གྱི་ནོར་ཕོག་ནས༔ སྐལ་ལྡན་བུ་རྣམས་ཆོས་ལ་བཀོད༔ ང་རྒད་པོ་པདྨ་འབྱུང་གནས་ཡིན༔ ཆོས་རྒད་པོ་མཛུབ་བཙུགས་ཀྱི་གདམས་ངག་བདོག༔ ཚུལ་ཁྲིམས་གསུམ་གྱི་སྐྱེལ་མ་ཁྲིད༔ མཐོ་རིས་ཐར་པའི་ལམ་ལ་འགྲོ༔ ང་རྒན་མོ་པདྨ་འབྱུང་གནས་ཡིན༔ ཆོས་རྒན་མོ་མཛུབ་ཁྲིད་ཀྱི་གདམས་ངག་བདོག༔ བཟོད་པ་གསུམ་གྱི་གོ་ཆ་གྱོན༔ ཉོན་མོངས་འཁྲུལ་པའི་དགྲ་བོ་འཇོམས༔ ང་སྟག་ཤར་པདྨ་འབྱུང་གནས་ཡིན༔ ཆོས་བདུད་བཞི་ལམ་ལོངས་ཀྱི་གདམས་ངག་བདོག༔ བརྩོན་འགྲུས་གསུམ་གྱི་རྒྱན་ཆ་བཏགས༔ སེམས་ཅན་ཡོངས་ལ་བག་མར་འགྲོ༔ ང་སྨན་ཤར་པདྨ་འབྱུང་གནས་ཡིན༔ ཆོས་དྲང་དོན་ངེས་དོན་གྱི་གདམས་ངག་བདོག༔ བསམ་གཏན་གསུམ་གྱི་མཁར་རྫོང་བཟུང་༔ སྣ་ཚོགས་ཡུལ་ལ་རྩེད་མོ་རྩེ༔ ང་བྱིས་པ་པདྨ་འབྱུང་གནས་ཡིན༔ ཆོས་སྐྱོན་མཚང་སུན་འབྱིན་གྱི་གདམས་ངག་བདོག༔ ཤེས་རབ་གསུམ་གྱི་མིག་གིས་ལྟ༔ དབྱིངས་རིག་དབྱེར་མེད་ཀྱི་ནུ་ཞོ་འཐུང་༔ ང་བུ་ཆུང་པདྨ་འབྱུང་གནས་ཡིན༔ ཆོས་བསམ་གཏན་ཉལ་ཆོག་གི་གདམས་ངག་བདོག༔ ལར་ཁམས་གསུམ་སེམས་ཅན་མི་རྟག་འཆི༔ དཔལ་ཡོ་ག་ཚེ་ཡི་རིག་འཛིན་གྲུབ༔ ང་འཆི་མེད་པདྨ་འབྱུང་གནས་ཡིན༔ ཆོས་རྡོ་རྗེ་ཚེ་སྒྲུབ་ཀྱི་གདམས་ངག་བདོག༔ ཕྱི་འབྱུང་བ་བཞི་ལ་རག་མ་ལུས༔ ནང་ཤ་ཁྲག་ལུས་ལ་རྟེན་མི་འཆའ༔ ང་སྐྱེ་མེད་པདྨ་འབྱུང་གནས་ཡིན༔ ཆོས་ཕྱག་རྒྱ་ཆེན་པོའི་གདམས་ངག་བདོག༔ རྡོ་རྗེ་ཡི་སྐུ་ལ་བགྲེས་རྒུད་མེད༔ བྱང་ཆུབ་ཀྱི་སེམས་ལ་གསལ་འགྲིབ་མེད༔ ང་རྒས་མེད་པདྨ་འབྱུང་གནས་ཡིན༔ ཆོས་ཉོན་མོངས་ཞི་བྱེད་ཀྱི་གདམས་ངག་བདོག༔ ལུས་ལང་ཚོར་ལྡན་པ་ནད་ཀྱིས་འཇོམས༔ བཀྲག་མདངས་དང་ལྡན་པ་རྐྱེན་གྱིས་འཕྲོག༔ ང་ནད་མེད་པདྨ་འབྱུང་གནས་ཡིན༔ ཆོས་རྫོགས་པ་ཆེན་པོའི་གདམས་ངག་བདོག༔ མཐའ་འཁོབ་བོད་ཀྱི་རྒྱལ་པོ་ཁྱོད༔ མི་དགེའི་གླིང་གི་རྒྱལ་པོ་ལ༔ གདོལ་པ་ཤ་ཟན་སྲིན་པོས་བསྐོར༔ མུ་གེ་ཡི་འབངས་ལ་བརྟེན་པ་ནི༔ ཉམས་མི་དགའ་ཞིང་བག་མི་དྲོ༔ སྲིན་མོ་མི་གཟུགས་བཙུན་མོ་ལ༔ འདྲེ་མོ་དམར་ནག་མཚར་མོས་བསྐོར༔ དར་ཟབ་གསེར་གཡུས་བརྒྱན་པ་ནི༔ སྙིང་མི་སྡུག་ཅིང་ཡིད་མི་འོང་༔ རྒྱལ་པོ་ཡིན་པ་གློ་བ་དགའ༔ མངའ་ཐང་ཆེ་བ་མཆིན་པ་སྐྱིད༔ ཕྱག་ལ་འགྱིང་བ་ཕོ་བཟོ་མཐོ༔ ང་རྒྱལ་པོ་ཁྱོད་ལ་ཕྱག་མི་འཚལ༔ འོན་ཀྱང་སྨོན་ལམ་འབྲེལ་བ་ཡིས༔ བོད་ཡུལ་དབུས་སུ་འོངས་ནས་མཆིས༔ རྒྱལ་པོ་ཆེན་པོ་དེར་བྱོན་ནམ༔ ཞེས་གསུངས་ཕྱག་དེང་མཛད་པས་ཕྱག་སོར་ལས༔ རྫུ་འཕྲུལ་མེ་འབར་རྒྱལ་པོའི་ན་བཟའ་ཚིག༔ རྒྱལ་བློན་འཁོར་བཅས་ཀུན་གྱིས་མ་བཟོད་ནས༔ ཕྱག་ནི་གུག་རིལ་གྱང་འགྱེལ་བཞིན་དུ་བཙལ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་ཀྱི་རྒྱལ་པོ་དང་མཇལ་ཕྲད་མཛད་ཅིང་ཕྱག་ལ་མ་འཆམས་པའི་ལེའུ་སྟེ་རེ་གཅིག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༢ དཔལ་གྱི་བསམ་ཡས་འབྱོངས་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ གནོང་ཞིང་འགྱོད་པས་གུས་པའི་ལྷ་ཕྱག་བཙལ༔ བཀུར་གནས་ཁྱོད་ལྟ་བུ་ལ་ཆེད་མ་བྱས༔ བདག་གི་སྒྲིབ་པ་ཇི་ལྟར་བྱས་ན་འདག༔ སློབ་དཔོན་ཞལ་ནས་གསོན་ཅིག་མངའ་བདག་གསུངས༔ སྐུ་ཡི་དམ་ཚིག་ཉམས་ཆག་སྐོང་བ་ལ༔ ངོ་མཚར་རྡོ་ཡི་མཆོད་རྟེན་ལྔ་བཞེངས་འདག༔ ཅེས་གསུངས་དབུས་སུ་པདྨས་བརྒྱན་པ་བཞེངས༔ ཨུ་རྒྱན་ཆེན་པོས་གཏེར་ཀ་རེ་རེ་སྦས༔ དེ་ནས་སྟོན་ཟླ་ར་བའི་ཚེས་གཅིག་ལ༔ བསམ་ཡས་ཆགས་ཕེབས་ཕོ་བྲང་གདན་དྲངས་ནས༔ རིན་ཅེན་གསེར་གྱི་ཁྲི་ལ་བཞུགས་སུ་གསོལ༔ མཁན་སློབ་གྲལ་ནི་ཞལ་སྤྲོད་བྱས་ནས་སུ༔ འཇིག་རྟེན་འདོད་ཡོན་སྣ་ཚོགས་མཉེས་པར་བྱས༔ ཕྱག་རྟེན་མང་པོ་ཕུལ་ནས་ཞུས་པ་ནི༔ བདག་ནི་མི་དགེའི་དཔོན་པོ་གདོང་དམར་རྗེ༔ བོད་ཀྱི་མི་ནི་ཉོན་མོངས་རགས་ཤིང་གྱོང་༔ གདུལ་དཀའ་འདུལ་ཞིང་ཆོས་ཀྱི་རྟེན་འཛུགས་པས༔ སྤྲུལ་སྐུས་ས་གཞི་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་སློབ་དཔོན་དགྱེས་པས་འདི་སྐད་གསུངས༔ བོད་ཁམས་སྐྱོང་བའི་མངའ་བདག་ཆེན་པོ་ལགས༔ མཐའ་འཁོབ་བོད་འདི་འདྲེ་ཡི་ཡུལ་དུ་འདུག༔ ལམ་ལ་ལྷ་འདྲེ་གདུག་པ་མང་ཞིག་བཏུལ༔ བོད་སྤྲུག་སྤྲེའུའི་ཚ་རྣམས་འདུལ་བའིཕྱིར༔ ལྷ་ཁང་བཞེངས་པ་རྒྱལ་པོ་ངོ་མཚར་ཆེ༔ གློ་བོ་སྲིན་མོ་གན་རྐྱལ་བཞག་འདྲ་བའི༔ སྙིང་གར་གཙུག་ལག་ཁང་ནི་དགུ་ཐོག་དགོས༔ ལྟེ་བའི་སྟེང་དུ་མཆོད་རྟེན་བཞེང་དགོས་སོ༔ སྲིན་མོའི་མགོ་ལ་དེའུ་ནག་པོ་དགོས༔ རྐང་ལག་བཞི་ལ་མཆོད་རྟེན་བརྒྱ་རྩ་བརྒྱད༔ མལ་གྲོའི་ནང་ན་བོད་ཁམས་དབང་བྱེད་པའི༔ ཀླུ་ཡིརྒྱལ་པོ་མལ་གྲོ་གཟི་ཅན་ཞེས༔ དེ་ལ་ཀླུ་གཏེར་འཇུག་ཅིང་སྲོག་ཆུ་དགོས༔ དེ་ནས་སློབ་དཔོན་མལ་གྲོའི་ནང་དུ་བྱོན༔ དམ་སྐོངས་དོང་སྤྲུག་འདུས་པའི་བཤགས་པ་མཛད༔ ཀླུ་གཏེར་ཀླུ་རྟེན་བཙུགས་ནས་སྲོག་ཆུ་བླངས༔ ཀླུ་ཡིད་དམ་ལ་མ་ཐོགས་ཁ་གནོན་ལ༔ གློ་བོ་དགེ་དཀར་གཙུག་ལག་ཁང་བཞེངས་ནས༔ དེ་ནས་ཧས་པོ་རི་ཡི་རྩེ་མོར་བྱོན༔ སྐམ་ཆས་ོན་ཆས་རྫས་ལ་འདུ་རུ་བཅུག༔ སྦོས་པ་བཞི་ལ་གཏར་ཀ་བཞི་བྱས་ཏེ༔ འགྲམས་པ་བཞི་ལ་མེ་བཙའ་བཞི་བརྒྱབ་ནས༔ རུས་སྦལ་མགོ་ལ་རྟ་མགྲིན་བཞེངས་སུ་བཅུག༔ ཧཱུྃ༔ ཉོན་ཅིག་པད་འབྱུང་བཀའ་ལ་ལྷ་འདྲེ་ཉོན༔ འཇིག་རྟེན་ཁམས་ན་མཚུངས་མེད་སྤྲུལ་པའི་སྐུ༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན༔ ལུས་ལ་གང་གིས་མི་ཚུགས་འཆི་མེད་ཐོབ༔ འགྲོ་དྲུག་འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་༔ དམུ་རྒོད་སེམས་ཅན་ཚེ་ཐུང་གཡེང་བ་ཆེ༔ ཁྲི་སྲོང་ལྡེའུ་བཙན་ལྷ་ཁང་བཞེངས་པ་འདི༔ རྒྱལ་མཚན་རྩེ་ལ་ནོར་བུ་ཕྱར་བ་འདྲ༔ བོད་དུ་དམ་ཆོས་བསྟན་པ་ཚུགས་པ་ན༔ ལྷ་འདྲེ་སུ་མ་མགུ་ཡང་རག་མ་ལུས༔ མགྲོན་པོར་རྒྱ་གར་པཎ་ཆེན་འབོད་པ་འདི༔ མུན་པའི་དཀྱིལ་དུ་སྒྲོན་མེ་ཁྱེར་བ་འདྲ༔ བོད་དུ་བདེ་སྐྱིད་དམ་ཆོས་དར་བ་ན༔ ལྷ་འདྲེ་ཡུལ་བུད་སོང་ཡང་རག་མ་ལུས༔ དེ་བས་ཡོན་བཞེས་ས་གཞི་གནང་བ་བྱིན༔ རྒྱལ་པོའི་ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས༔ ལྷ་ཁང་རྩིགས་ཤིག་ལྷ་འདྲེ་ལས་ལ་འདུ༔ སྔགས་འཆང་པདྨ་འབྱུང་གནས་བཀའ་མ་བཅག༔ ཅེས་གསུངས་ནམ་མཁའ་དག་ལ་འཕུར་ནས་སུ༔ རྡོ་རྗེའི་འགྲོས་མཛད་གྲིབ་མ་གར་བྱུང་དུ༔ མི་མིན་དགེ་བསྙེན་ཉི་ཤུ་རྩ་གཅིག་དང་༔ བསྟན་མ་བཅུ་གཉིས་གངས་རི་མོ་དང་ནི༔ གཡའ་རི་མོ་ལ་སོགས་པའི་ལྷ་འདྲེ་དང་༔ དྲི་ཟ་གྲུལ་བུམ་ཀླུ་དབང་གནོད་སྦྱིན་རྣམས༔ གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཉི་ཤུ་བརྒྱད༔ རི་ཀླུང་ཀུན་ནས་ས་རྡོ་མང་པོ་བསྡུས༔ ས་ཕོ་སྟག་ལོ་སྟོན་ཟླ་འབྲིང་པོ་ཡི༔ ཚེས་བརྒྱད་ཕུར་བུ་དར་བ་འབྲུག་གི་ཉིན༔ སྐར་མ་ལག་སོར་ཉིན་པར་རྩིག་རྨང་བཅུག༔ རྒྱལ་པོ་ཉིད་ཀྱིས་བཞེངས་པའི་གཙུག་ལག་ཁང་༔ དབུ་རྩེ་རིགས་གསུམ་རི་རབ་ཚུལ་དུ་བྱས༔ འཁོར་ས་གསེར་གྱི་རི་བདུན་ཚུལ་དུ་བཀོད༔ ཡཀྴ་ལྟག་འོག་ཉི་མ་ཟླ་བའི་ཚུལ༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ལེགས་བསྐོར་བའི༔ མཐའ་མར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར༔ ལས་མི་ཁྲི་ཕྲག་དྲུག་གིས་གྱང་བཏང་བས༔ གྱང་འཁོར་གཅིག་ལས་མ་ཐོངས་ངལ་དུབ་ནས༔ སློབ་དཔོན་ལྷ་འདྲེ་དབང་བསྡུས་ལས་ཀ་བཅོལ༔ ཚངས་པ་དང་ནི་བརྒྱ་བྱིན་གྱང་མཁན་བྱས༔ རྒྱལ་ཆེན་བཞི་ཡིས་ལས་དཔོན་བྱས་ནས་སུ༔ ཕོ་རྒྱུད་མོ་རྒྱུད་ལྷ་འདྲེ་ཐམས་ཅད་ཀྱིས༔ ཀུ་ཅོའི་སྒྲ་དང་བཅས་ནས་གྱང་བཏང་བས༔ ཉིན་པར་གཟུགས་ཅན་མི་ཡིས་བརྩིགས་པ་བས༔ མཚན་མོ་ལྷ་སྲིན་སྡེ་བརྒྱད་བརྩིགས་པ་མཐོ༔ སློབ་དཔོན་མཆིམས་ཕུར་ཀླུ་འདུལ་དགོངས་པར་བཞུགས༔ ཀླུ་ཡིས་མ་བཟོད་ཐབས་ཀྱིས་རྒྱུད་བསྐུལ་ནས༔ ཤིང་བཟོ་བ་རྣམས་ཤིང་གིས་ལག་བརྡུགས་ཟེར༔ རྒྱལ་པོ་འདི་ཙམ་ཤིང་ནི་གར་འཚོལ་སྙམ༔ དེ་ནས་ཟུལ་ཕུག་རྐྱང་ཆུང་ཚལ་གྱི་ཀླུས༔ བར་ཆོད་བྱེད་དུ་རྒྱལ་པོའི་དྲུང་དུ་ཕྱིན༔ བདག་གིས་ཤིང་སྦྱིན་སློབ་དཔོན་དགོངས་པ་གློད༔ མནའ་བཀག་མཆིམས་ཕུ་བྲི་གུ་དགེ་འུར་བཏང་༔ སློབ་དཔོན་མ་མཐོང་ཁྱུང་ཆེན་སྦྲུལ་ཟ་མཐོང་༔ དགོངས་པ་ཀློད་དང་དངོས་གྲུབ་བདོག་ཅེས་སྨྲས༔ ཁྱུང་གི་ཁ་ནས་སྦྲུལ་ཤོར་སློབ་དཔོན་གྱུར༔ དེ་ཙམ་སྐད་སྒྲོག་དངོས་གྲུབ་ཅི་བདོག་གསུངས༔ རྒྱལ་པོས་ཤིང་གི་དངོས་གྲུབ་བདོག་ཅེས་ཞུས༔ སློབ་དཔོན་ཞལ་ནས་ཤིང་གིས་ག་ལ་འཐོག༔ ཀླུ་ཡིད་དམ་ལ་མ་ཐོགས་གནོད་པ་བྱེད༔ ནད་དུ་མཛེ་འོང་དགྲ་རུ་ཀླུ་ལྡང་གསུངས༔ ཀླུ་འདུལ་བསྐྱར་ནས་མ་ཞུས་རྒྱལ་པོ་འགྱོད༔ གཙུག་ལག་ཁང་ནི་ཕྱེད་ཙམ་འབྱོངས་པ་དང་༔ རྒྱལ་པོའི་ནོར་ཟད་ཇི་ལྟར་བྱ་ན་ཞུས༔ སློབ་དཔོན་ཞལ་ནས་ཐབས་ཤིག་ཡོད་ཀྱི་གསུངས༔ མི་ཡི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ ཀླུ་ཡི་རྒྱལ་པོ་གྲོགས་པོ་བྱེད་དགོས་གསུངས༔ ང་ཡིས་ཁྱོད་གཉིས་སྦྲེལ་བའི་འཕྲིན་པ་བྱེད༔ མཚོ་ཆེན་མལ་གྲོའི་འགྲམ་དུ་ཁྲིད་ནས་བྱོན༔ རྒྱལ་པོ་བློན་འབངས་ལུང་པ་ཡ་ཅིག་སྦས༔ སློབ་དཔོན་མཚོ་ཀར་དར་གྱི་སྦྲ་ཕུབ་ནས༔ ཞག་གསུམ་དགོངས་པ་མཛད་ཅིང་བཞུགས་པ་ལས༔ ནང་པར་བུད་མེད་ཤིན་ཏུ་མཛེས་པ་ཞིག༔ མཚོ་ཀར་བྱུང་ནས་སློབ་དཔོན་ཅི་མཛད་ཟེར༔ མི་ཡི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ ཀླུ་ཡི་རྒྱལ་པོ་དགའ་བའི་གྲོགས་པོ་བྱེད༔ རྒྱལ་པོའི་གཙུག་ལག་ཁང་ནི་མ་འབྱོངས་པས༔ ཀླུ་ལ་ནོར་སློང་གསུངས་ནས་འཕྲིན་བསྐུར་བས༔ གནངས་ཀྱི་ནངས་པར་སྦྲུལ་ཆེན་ཞིག་བྱུང་ནས༔ ཆུ་ཡི་འགྲམ་དུ་གསེར་ཕྱེ་ཉིལ་གྱིས་བྱུང་༔ རྗེ་འབངས་སྦྲན་ནས་གསེར་ཕྱེ་སྡུད་དུ་བཅུག༔ དེ་དུས་བྱང་ཁམས་སྣ་བརྒྱད་མི་དམངས་ཚོགས༔ ཡུལ་དེར་མི་སྣམས་ཐམས་ཅད་ལྟད་མོར་འདུས༔ ཚོགས་པའི་གསེབ་ཏུ་བུ་མོ་བཅུ་དྲུག་མ༔

ཡིད་འོང་ཤིན་ཏུ་མཛེས་པ་ཞིག་འདུག་ནས༔ རྒྱལ་པོ་འདི་ཉིད་བཙུན་མོར་ཁབ་ན་ཟེར༔ སྐྱེ་བ་སྔ་མའི་མ་ཡིན་རིགས་ངན་གསུངས༔ རིགས་ངན་བུ་མོ་ཕོ་གྱོང་བཟའ་ཞེས་ཟེར༔ འདི་ནི་ཕོ་གྱོང་བཟའ་བས་ཅི་ཡིན་ཀྱང་༔ ཁབ་ཏུ་བཞེས་དགོས་ཟེར་ནས་བཙུན་མོར་བསྐུར༔ མོ་ལ་གསེར་གྱི་བདག་མོར་བསྐོས་པ་ལས༔ དེ་ནས་མོ་ཡིས་གསེར་གྱི་བྱན་བྱས་ནས༔ དབུ་ཚལ་གསེར་ཁང་བཞེངས་ཏེ་གསེར་ཕྱེ་བཟང་༔ བཟོ་སྣ་བདུན་གྱིས་ཁྱད་འཕགས་དེ་གཙུག་ལགས༔ ཁམས་གསུམ་ཟངས་ཁང་དམར་རྒྱན་བཟའ་ཡིས་བཞེངས༔ དགེ་རྒྱས་འབྲོ་བཟའ་བྱང་ཆུབ་མ་ཡིས་བཞེངས༔ གླིང་བཞི་ཤར་སྒོ་འཕགས་པ་འཇམ་དཔལ་གླིང་༔ ལྷོ་ཕྱོགས་ཨཱརྱ་པ་ལོ་ནུབ་བྱམས་གླིང་༔ བྱང་གི་ཕྱོགས་ན་བྱང་ཆུབ་སེམས་བསྐྱེད་གླིང་༔ དེ་དག་འཁོར་དུ་གླིང་ཕྲན་བརྒྱད་ཀྱིས་བསྐོར༔ དག་བྱེད་ཁྲུས་ཁང་བརྡ་སྦྱོར་ཚང་མང་གླིང་༔ བདུད་འདུལ་སྔགས་པ་སྒྲ་བསྒྱུར་རྒྱ་གར་གླིང་༔ དཔའ་བོ་བཻ་ཙ་མི་གཡོ་བསམ་གཏན་གླིང་༔ རིན་ཅེན་སྣ་ཚོགས་པེ་ཀར་དཀོར་མཛོད་གླིང་༔ ཟུར་བཞིར་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི༔ དབུ་རྩེ་སུམ་ཐོག་ལུགས་ནི་གསུམ་དང་ལྡན༔ ཀ་བ་སྟོང་དང་རྩ་གཉིས་སྒོ་སོ་དྲུག༔ སྤྱི་རྩེ་ཞེ་གཉིས་སེང་གེ་བརྒྱ་རྩ་བརྒྱད༔ ལྕོག་ཆེན་བརྒྱད་དང་གྲུ་སྐས་ཆེན་པོ་དྲུག༔ མཆོད་རྟེན་དཀར་པོ་ཤུད་བུ་དཔལ་སེང་བཞེངས༔ དེ་ཡང་སེང་གེ་བཞི་ཡིས་ལེགས་པར་བརྒྱན༔ མཆོད་རྟེན་དམར་པོ་རྒྱལ་ཚ་ལྷས་གནང་བཞེངས༔ དེ་ཡང་པདྨ་སྟོང་གིས་ལེགས་པར་བརྒྱན༔ མཆོད་རྟེན་ནག་པོ་ཏ་ར་ཀླུ་གོང་བཞེངས༔ དེ་ཡང་སྐུ་གདུང་དག་གིས་ལེགས་པར་བརྒྱན༔ མཆོད་རྟེན་སྔོན་པོ་རྡོ་རྗེ་སྤྲེ་ཆུང་བཞེངས༔ དེ་ཡང་ལྷ་ཁང་བཅུ་དྲུག་དག་གིས་བརྒྱན༔ ཀླུ་བཏུལ་སྲོག་ཆུ་བུམ་གཏེར་རེ་རེ་སྦས༔ ལྕགས་རི་ནག་པོའི་སྒོ་བཞི་མགོན་ཁང་བཞི༔ སྒོ་བཞིའི་མདུན་ན་རྡོ་རིང་ཆེན་པོ་བཞི༔ ལྕགས་རིའི་རྩེ་ལ་མཆོད་རྟེན་སྟོང་རྩ་བརྒྱད༔ རྡོ་རིང་སྟེང་ན་ཟངས་ཀྱི་ཁྱི་མོ་བཞི༔ སྟག་ནས་ལོ་ལྔ་ཤིང་ཕོ་རྟ་ལ་འབྱོངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དཔལ་གྱི་བསམ་ཡས་འབྱོངས་པའི་ལེའུ་སྟེ་རེ་གཉིས་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༣ བསམ་ཡས་ཀྱི་དཀོར་སྲུང་སྤྱན་དྲངས་པ།

དེ་ནས་ལྷ་ཁང་ནང་དུ་ཅོང་འདོགས་པ༔ མི་མ་ཡིན་གྱིས་འདོགས་སུ་མ་སྟེར་བས༔ སློབ་དཔོན་མཆིམས་ཕུར་ཡང་དག་སྒྲུབ་པ་མཛད༔ རུ་ལུ་ཚངས་པའི་དབྱངས་ཀྱི་འདྲེན་སྟངས་བླངས༔ མི་མ་ཡིན་རྣམས་ཡེངས་ལ་བོར་ནས་སུ༔ གཞན་རྣམས་གཙུག་ལག་ཁང་དུ་ཅོང་འདོགས་བཅུག༔ སློབ་དཔོན་དགོངས་པ་ལྷ་འདྲེས་བཤིག་མ་ནུས༔ དེ་ནས་གཙུག་ལག་ཁང་གི་དཀོར་སྲུང་ལ༔ མཁན་སློབ་རྒྱལ་པོ་ཡོན་མཆོད་བཀའ་བགྲོས་མཛད༔ མཁན་ཆེན་བོ་དྷི་ས་ཏྭའི་ཞལ་ནས་ནི༔ བདུད་ལ་གཏད་ན་གསོད་པའི་རང་བཞིན་ཡིན༔ གཟའ་གཏུམ་ཀླུ་གདུག་བཙན་འཇམ་མ་མོ་འཇིགས༔

སློབ་དཔོན་ཆེན་པོ་པདྨའི་ཞལ་སྔ་ནས༔ རྗེ་ལ་ཞལ་ངོ་བདུད་ཀྱི་སྤྲུལ་པ་འབྱུང་༔ ཐུགས་ལ་གདོན་གསོལ་མི་འཚམ་སྣ་ཚོགས་བྱེད༔ ཡུམ་བརྟན་འོད་སྲུངས་ཞེས་བྱ་འཁྲུགས་པ་འབྱུང་༔ དེ་ཚེ་འདྲེ་ཡི་སྤྲུལ་པས་གླགས་རྙེད་ནས༔ གདུང་རབས་བརྒྱ་དང་བཅུ་ལྷག་སོང་ཙ་ན༔ ཧོར་ཡུལ་གནམ་ཐེའུ་དཀར་པོའི་རྒྱལ་པོ་འོང་༔ བོད་ཁམས་ཐམས་ཅད་ཧོར་གྱི་མངའ་འོག་འཇུག༔ ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན༔ རྒྱལ་པོ་ཤིང་བྱ་ཅན་ནི་སྤྱན་དྲངས་ནས༔ དེ་ལ་གཏད་ན་གཙུག་ལག་ཁང་མི་འཇིག༔ བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་པ་ན༔ པེ་ཧར་ཀ་ཅའི་ཕྱི་ལ་འབྲངས་ནས་འོང་༔ ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས༔ དེ་ནས་བྷ་ཏར་དམག་བརྒྱབ་སྒོམ་གྲ་བཅོམ༔ ཟས་ནོར་མང་པོ་དྲངས་ནས་འོངས་པ་ལས༔ ལ་ལ་སྨྱོར་བཅུག་ལ་ལ་འབོག་ཏུ་བཅུག༔ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ པེ་ཀར་གླིང་དུ་རྒྱལ་པོའི་རྟེན་བཙུགས་ཏེ༔ ཕྱི་རྟེན་སྲོག་ཆགས་དཀར་པོ་རྟེན་དུ་བཙུགས༔ ནང་རྟེན་སྨྱུག་རྒོད་དར་སྣ་རྔ་མས་བརྒྱན༔ གསུང་རྟེན་སྐུ་འབག་མདོས་ལ་སོགས་པ་བཙུགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བསམ་ཡས་ཀྱི་དཀོར་སྲུང་སྤྱན་དྲངས་པའི་ལེའུ་སྟེ་རེ་གསུམ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༤ བསམ་ཡས་རབ་གནས་མཛད་པ།

དེ་ནས་རྟ་ཡི་ལོ་གཞུག་དགུན་ཟླ་འབྲིང་༔ སྐར་མ་རྒྱལ་ལ་མཁན་སློབ་མེ་ཏོག་འཐོར༔ བོ་དྷི་ས་ཏྭས་རབ་གནས་ལན་གསུམ་མཛད༔ དེ་ནས་ལུག་ལོ་དགུན་ཟླ་ར་བ་ཡི༔ བཅོ་ལྔ་ནམ་གྲུ་ཟླ་བ་གཟས་བསྒྲིབས་ཉིན༔ རྡོ་རྗེ་དབྱིངས་ཀྱི་སྒྲུབ་པ་ཞག་བདུན་ཐོན༔ མངའ་བདག་རྒྱལ་པོར་དབང་བསྐུར་མཛད་ནས་སུ༔ སློབ་དཔོན་པདྨས་རབ་གནས་མེ་ཏོག་འཐོར༔ དབུ་རྩེ་རིགས་གསུམ་མེ་ཏོག་འཐོར་བའི་ཚེ༔ ནང་གི་ལྷ་རྣམས་ཕྱི་རུ་ཤར་གྱིས་འཐོན༔ ཕྱག་མཚན་ཐམས་ཅད་གདེངས་ཤིང་བསྒྱུར་བ་བྱུང་༔ རྒྱལ་པོའི་ཐུགས་ལ་ནང་དུ་མི་ཚུད་སྙམ༔ དབུ་རྩེ་མཆོད་རྟེན་བཅས་པར་ཐེངས་གསུམ་བསྐོར༔ སླར་ཡང་ལྷ་རྣམས་ལྷ་ཁང་ནང་དུ་བཞུད༔ སྒོ་སྲུང་ཁྲོ་བོར་མེ་ཏོག་འཐོར་བའི་ཚེ༔ ཁྲོ་བོའི་མེ་རུ་དུ་བ་སྔོ་ཕྱུར་བྱུང་༔ མེ་རི་དམར་ལམ་འབར་བ་ཀུན་གྱིས་མཐོང་༔ རྒྱལ་པོ་མེ་ཤོར་སྙམ་ནས་ཐུགས་གཟེག་བྱེད༔ ཇོ་མོ་གླིང་གསུམ་མེ་ཏོག་འཐོར་བའི་ཚེ༔ ཡ་མཚན་རྨད་དུ་བྱུང་བའི་ལྟས་བཟང་དང་༔ ལྷ་ཁང་ཐམས་ཅད་འོད་ཀྱིས་གང་བ་བྱུང་༔

པདྨའི་སྡོང་པོ་སྐྱེས་པ་ཀུན་གྱིས་མཐོང་༔ བྱམས་པ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ལྷ་བྲན་སྤྲིན་གསེབ་འོངས་ནས་མཆོད་པ་ཕུལ༔ བཻ་ཙ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ཚོན་སྣ་ལྔ་ཡི་འོད་ཟེར་དྲ་བར་འབྲེལ༔ འཇམ་དཔལ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ མེ་ཏོག་ཆར་པ་ལན་གསུམ་འབབ་པ་བྱུང་༔ ཚང་མང་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ལྷ་རྣམས་ཟབ་རྒྱས་ཆོས་ཀྱི་བགྲོ་བ་མཛད༔ སྔགས་པ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ལྷ་རྣམས་ནམ་མཁའི་དབྱིངས་ལ་གཤེགས་བཞུད་བྱེད༔ ཁྲུས་ཁང་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ལྷ་རྣམས་གསུང་བྱོན་གདམས་པ་ཆོས་སུ་སྨྲས༔ བསམ་གཏན་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ཉི་ཟླ་དུས་གཅིག་ཤར་བ་ཀུན་གྱིས་མཐོང་༔ ཨཱརྱ་པ་གླིང་རྟ་མགྲིན་མེ་ཏོག་འཐོར༔ རྟ་སྐད་ཐེངས་གསུམ་བཏོན་པ་ཀུན་གྱིས་ཐོས༔ འོན་པ་བྱིང་བས་མ་ཐོས་དེར་མིང་བཏགས༔ འཁོར་སའི་སྨྱུག་རིང་སྐྱེས་པ་ཤར་གྱིས་བྱུང་༔ སྒྲ་བསྒྱུར་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ རོལ་མོ་ཐམས་ཅད་རང་སྒྲ་དུས་གཅིག་འཁྲོལ༔ སེམས་བསྐྱེད་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ མ་ཆགས་པདྨ་ཅན་ནི་བར་སྣང་བཞུགས༔ ལྕགས་དྲ་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ ཡོ་བྱད་བལྡབ་ཏུ་འཕེལ་ཞིང་དྲི་ཞིམ་ལྡང་༔ པེ་ཀར་གླིང་དུ་མེ་ཏོག་འཐོར་བའི་ཚེ༔ པེ་ཀར་དབུ་རྩེའི་ཐང་འཆམས་ཟོར་གཉན་བླངས༔ མཆོད་རྟེན་བཞི་ལ་མེ་ཏོག་འཐོར་བའི་ཚེ༔ གདུགས་དང་རྒྱལ་མཚན་འཕན་དར་རང་ཕྱར་བྱུང་༔ མགོན་ཁང་བཞི་ལ་མེ་ཏོག་འཐོར་བའི་ཚེ༔ ལྡེར་ཚོས་ཁྲོམ་འུར་སྒོ་བཞིའི་ནང་དུ་སོང་༔ རྡོ་རིང་བཞི་ལ་མེ་ཏོག་འཐོར་བའི་ཚེ༔ ཟངས་ཀྱི་ཁྱི་མོ་བཞི་ཡིས་ཕྱོགས་བཞིར་མཆོངས༔ ཁྱི་སྐད་དགུ་སྟོན་རྡོ་རིང་རྩེ་ནས་ཉེར༔ ལྕགས་རི་སྐོར་གསུམ་མེ་ཏོག་འཐོར་བའི་ཚེ༔ ཨ་རུ་རློན་པའི་ཆར་པ་ལན་གསུམ་བབ༔ རྡོ་ཡི་མཆོད་རྟེན་མེ་ཏོག་འཐོར་བའི་ཚེ༔ མཆོད་རྟེན་ལྔ་ལ་འཇའ་སྣ་རེ་རེ་ཟུག༔ ལྷ་མི་ཐམས་ཅད་ངོ་མཚར་མཆོག་ཏུ་གླེང་༔ སྐྱིད་པའི་གླུ་ལེན་ཉམས་དགའི་རྐང་བྲོ་བརྡུངས༔ མཛེས་པའི་ལྷར་བལྟ་སྙན་པའི་གཏམ་དགུ་གླེང་༔ མི་རེས་གླུ་རེ་རྟ་རེས་བང་རེ་བརྒྱུགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བསམ་ཡས་རབ་གནས་མཛད་པའི་ལེའུ་སྟེ་རེ་བཞི་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༥ བསམ་ཡས་ལ་བཀུར་སྟི་བྱས་པ།

དེ་ནས་ལྷ་ས་ཁྲ་འབྲུག་ལ་སོགས་པ༔ གཙུག་ལག་ཁང་ནི་བརྒྱ་དང་རྩ་བརྒྱད་ལ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ མེ་ཏོག་འཐོར་ཞིང་རབ་ཏུ་གནས་པ་མཛད༔ ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི༔ རྒྱ་གར་རྡོ་རྗེ་གདན་མཚུངས་བསམ་ཡས་འདི༔ མིག་གིས་མཐོང་ཚད་ངན་སོང་སྐྱེ་སྒོ་གཅོད༔ གང་དག་འདི་ལ་བསྐོར་བ་སུས་བསྐོར་བ༔ བཤན་པ་ཡིན་ཀྱང་མཐོ་རིས་གནས་སུ་སྐྱེ༔ གང་ཞིག་བསམ་ཡས་འདི་ལ་ཕྱག་འཚལ་བ༔ ཐུན་མོང་ཁྱད་པར་ཆེས་ཆེར་རྒྱལ་པོར་འགྱུར༔ གང་ཞིག་བསམ་ཡས་རྣམ་ཐར་གཞན་བརྗོད་པ༔ གང་གིས་ཐོས་པས་ལས་རྣམས་ཀུན་ལས་གྲོལ༔ གང་ཞིག་བསམ་ཡས་དད་པས་པུས་འཛུགས་པ༔ ཆོ་རིགས་བཙུན་པ་རྒྱལ་རིགས་འཁོར་ལོས་སྒྱུར༔ གང་ཞིག་བསམ་ཡས་འདི་ལ་ཐལ་སྦྱོར་བ༔ མི་དེ་ཡང་དག་ལམ་ལ་གནས་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་མཎྜལ་འབུལ༔ གནས་སྐབས་མཐར་ཐུག་འབྲས་བུ་མཆོག་ཀུན་ཐོབ༔ གང་ཞིག་བསམ་ཡས་འདི་ལ་མེ་ཏོག་འབུལ༔

མི་རྣམས་དགའ་ཞིང་རབ་ཏུ་སྐྱིད་པར་འགྱུར༔ བསམ་ཡས་མེ་ཏོག་ཉལ་ཉིལ་སུས་འཆག་པ༔ སྦྱིན་གནས་མཚུངས་མེད་སངས་རྒྱས་ཐོབ་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་སྤོས་འབུལ་བ༔ བལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་མར་མེ་འབུལ༔ བྱེ་བ་ཁྲག་ཁྲིག་ལྷ་ཞལ་ངེས་མཐོང་འགྱུར༔ གང་ཞིག་བསམ་ཡས་མར་མེའི་རྒྱུན་འཛུགས་པ༔ ཆོས་ཀྱི་འོད་ཟེར་བདག་ཉིད་གསལ་བར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་དྲི་ཆབ་འབུལ༔ ཡི་དྭགས་མི་སྐྱེ་ལོངས་སྤྱོད་ཆེ་བར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་ཞལ་ཟས་འབུལ༔ ནད་མུག་མེད་ཅིང་ཚེ་རིང་ལོངས་སྤྱོད་འཕེལ༔ གང་ཞིག་བསམ་ཡས་འདི་ལ་སིལ་སྙན་འབུལ༔ ཟབ་ཅིང་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་གདུགས་འབུལ་བ༔ ཀུན་མཆོད་བཀུར་སྟི་བྱ་བའི་འོས་སུ་འགྱུར༔ གང་ཞིག་བསམ་ཡས་འདི་ལ་ན་བཟའ་འབུལ༔ མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་འགྱུར༔ འཕྲེང་བ་བ་དན་ཁྲི་སྟན་འབུལ་བྱེད་པ༔ བདེ་བའི་ཡོ་བྱད་ཐམས་ཅད་དེ་ལས་འབྱུང་༔ གང་ཞིག་བསམ་ཡས་ཡི་དམ་ལྷར་བསྒོམ་པ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ས་ལ་འགྲོ༔ བསམ་ཡས་སེར་ཀ་ཙམ་ཞིག་སུས་བསུབས་པ༔ མཚུངས་པར་བྱང་ཆུབ་མངོན་འཚང་རྒྱ་བར་འགྱུར༔ བསམ་ཡས་འདི་ལ་ཅོད་པན་སུས་འདོགས་པ༔ མི་དེ་ལྷ་མིའི་གོ་འཕང་ཐོབ་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་ཞིག་གསོས་བྱེད༔ མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ༔ གང་ཞིག་བསམ་ཡས་རྗེས་སུ་ཡི་རང་བའི༔ དགེ་དེས་སྡིག་བྱང་འབྲས་བུ་བླ་མེད་འགྱུར༔ གང་ཞིག་བསམ་ཡས་འདི་ལ་ཉན་བཤད་བྱེད༔ སངས་རྒྱས་འཕྲིན་ལས་ཐམས་ཅད་རྒྱས་པ་ཡིན༔ གང་ཞིག་བསམ་ཡས་འདི་ལ་བཞུགས་སུ་གསོལ༔ ཟད་མི་ཤེས་པའི་དགེ་བ་ཐོབ་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་མཆོད་བྱེད་པ༔ མི་ནོར་ཟས་གསུམ་གང་བསམ་འབྱུང་བར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་ཐིགས་ཚགས་བྱེད༔ མི་དེ་དུས་མིན་འཇིགས་པ་བརྒྱད་དང་བྲལ༔ གང་ཞིག་བསམ་ཡས་མེ་ཡི་འཇིགས་པ་བསྲུང་༔ འདི་དག་ཐམས་ཅད་མྱུར་དུ་སངས་རྒྱས་འགྲུབ༔ གང་ཞིག་བསམ་ཡས་འདི་ལ་གནོད་བྱེད་བསྲུང་༔ ཁ་ལག་སྤྱོད་གསུམ་སུན་འབྱིན་སུས་སྤོབས་པ༔ ཕྱིར་མི་ལྡོག་ཅིང་བྱང་ཆུབ་སེམས་དཔར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་རབ་གནས་སྐྱོར༔ དུག་གསུམ་ནད་ཞི་རྒྱལ་ཁམས་བདེ་བར་འགྱུར༔ དེ་བཞིན་ལྷ་ས་ཁྲ་འབྲུག་གཙུག་ལག་ཁང་༔ བསོད་ནམས་གསོག་པའི་ཞིང་མཆོག་དམ་པ་སྟེ༔ དད་པ་ཅན་རྣམས་བསོད་ནམས་ཨ་རེ་བསགས༔ བཀུར་སྟི་མཛོད་ཅིག་རྗེ་འབངས་འཁོར་བཅས་རྣམས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བསམ་ཡས་ལ་བཀུར་སྟི་བྱས་པའི་ལེའུ་སྟེ་རེ་ལྔ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༦ སློབ་དཔོན་རྣམ་གཉིས་བཞུགས་པར་ཞུས་པ།

དེ་ནས་མཁན་པོ་བོ་དྷི་ས་ཏྭ་དང་༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སླར་ཡང་རྒྱ་གར་ཡུལ་དུ་འབྱོན་དགོངས་ནས༔ མངའ་བདག་རྗེ་ལ་འདི་སྐད་བཀའ་སྩལ་ཏོ༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ ཐུགས་བསྐྱེད་དག་པའི་མངའ་ཐང་བཀའ་དྲིན་ལ༔ བྲག་དམར་དཔལ་གྱི་བསམ་ཡས་གཙུག་ལག་ཁང་༔ སྟག་ལ་རྨང་བཏིང་རྟ་ཡིས་ལོ་ལྔར་འབྱོངས༔ རབ་གནས་ཚར་ཞིང་རྒྱལ་པོའི་ཐུགས་དགོངས་རྫོགས༔ ད་ནི་རང་ཡུལ་འགྲོ་བས་གནང་བ་ཞུ༔ རྒྱལ་པོས་སྤྱན་ཆབ་བཏོན་ནས་ཞུ་རྟེན་དུ༔ ཟ་འོག་དགུ་བརྩེགས་གདན་ལ་སློབ་དཔོན་བཞུགས༔ ལྔ་བརྩེགས་གདན་ལ་མཁན་པོ་བཞུགས་སུ་གསོལ༔ སྐུ་ལ་མཛེས་པ་ཞལ་དུ་བདའ་བ་དྲངས༔ ཐུགས་སུ་འབྱོན་པ་ཡིད་འཇུག་མཐའ་བརྟེན་ནས༔ གསེར་ཕྱེ་ཤ་བའི་ིད་བུ་བཀང་ནས་ཕུལ༔ བླ་གཡུ་སྙིང་འཁོར་ཞགས་པས་སྣ་དྲངས་ནས༔ ནོར་སྣ་ཁྱད་དུ་འཕགས་པའི་བརྒྱ་འབུལ་བྱས༔ ཕྱག་མང་བཙལ་ཞིང་ཐལ་མོ་སྦྱར་ནས་ཞུས༔ མཁན་སློབ་ཉི་ཟླ་ཟུང་ཅིག་དགོངས་མཛོད་དང་༔

བཅུ་གསུམ་ལོན་ནས་ཡབ་ཀྱིས་བོར་བའི་བུ༔ གདོང་དམར་བོད་ཀྱི་རྒྱལ་པོ་ཡུས་མི་ཆེ༔ བཅོ་ལྔ་ལོན་ནས་རྒྱལ་སྲིད་དམག་ཇག་བཟུང་༔ ལས་ཐབས་བྱ་ཕྱིར་བློན་པོར་གདམ་ཀ་བསྐུར༔ བཅུ་བདུན་ལོན་ནས་ཆོས་ཀྱི་བསམ་པ་སྐྱེས༔ ལྟོ་དཔྱད་བྱས་པས་མཁན་ཆེན་གདན་དྲོངས་ཟེར༔ བསོད་ནམས་མི་ཆུང་མཁན་ཆེན་བོད་དུ་ཁུགས༔ ས་འདུལ་མཛད་པས་བགེགས་ཀྱིས་བསྒྲུབ་མ་སྟེར༔ སློབ་དཔོན་སྤྱན་དྲོངས་འགྲུབ་ཅེས་ལུང་བསྟན་བྱུང་༔ ལས་འཕྲོ་མི་ཞན་སློབ་དཔོན་བོད་དུ་བྱོན༔ བསམ་ཡས་བརྩིགས་པ་མི་འདྲ་སྐྱེས་པ་འདྲ༔ སྐུ་དྲིན་ཡོད་དོ་རྩད་པོས་བརྗོད་མ་ཟད༔ ཁྲི་སྲོང་ལྡེའུ་བཙན་ཚེ་དུས་མ་བྱས་པར༔ སློབ་དཔོན་རྣམ་གཉིས་མི་བཞུད་བཞུགས་པར་ཞུ༔ སྐུ་རྟེན་གྲུབ་ཀྱང་གསུང་རྟེན་མ་འགྱུར་བས༔ སྔགས་དང་མཚན་ཉིད་བོད་དུ་གསུང་བར་ཞུ༔ བོད་ཡུལ་མུན་འོག་འཐིབས་པོ་ལམ་སྟོར་ལ༔ བསྟན་པ་གཉིས་ཀྱི་སྒྲོན་མེ་སྦར་བར་ཞུ༔ ཞེས་ཞུས་ཕྱག་བཙལ་མང་དུ་བཤུམ་པ་ཡིས༔ སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་མཛད་པ་ལ༔ བོད་ཀྱི་མི་ལ་དད་མེད་ཆོས་སྣོད་མིན༔ བློན་པོ་ཆོས་ལ་གནག་ཅིང་གདུག་པ་ཆེ༔ རྒྱལ་པོའི་རིགས་ཆགས་ཙམ་ནི་འབྲིད་ཁར་ཡང་༔ སྔ་མ་ཡང་ནི་རྒྱལ་པོ་དགྱེས་པར་བྱས༔ ད་ཡང་ཕྱིན་ན་རྒྱལ་པོ་མི་དགྱེས་འདུག༔ འདྲི་ཀློག་སྒྲ་དང་རིག་པ་གཙོ་བོར་འདོན༔ བོད་དུ་ཆོས་བསྟན་ཚུགས་པར་ལྟ་ཅི་སྨོས༔ སློབ་དཔོན་གཉིས་ཀྱིས་མི་བཞུད་བཞུགས་པར་གནང་༔ རྒྱལ་པོས་ཆོས་ཁྲིམས་དམ་པར་སྡོམས་ཤིག་གསུངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སློབ་དཔོན་རྣམ་གཉིས་བཞུགས་པར་ཞུས་པའི་ལེའུ་སྟེ་རེ་དྲུག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༧ བོད་ཀྱི་རྒྱལ་པོས་ཆོས་ཁྲིམས་བསྡམས་པ།

དེ་ནས་རྒྱལ་པོ་དགྱེས་ནས་ཕྱག་མང་བཙལ༔ ཆོས་ཁྲིམས་དར་གྱི་མདུད་པ་ལྟ་བུར་བསྡམས༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦྲམ་ལྕི་དང་༔ ཆོས་ཁྲིམས་དར་མདུད་འཇམ་དམ་གཉིས་སུ་སྦྲེལ༔ བོད་ཡུལ་རུ་བཞི་མངའ་འོག་འདུས་ཚད་བསྡུས༔ ཁྲིམས་ཤོག་མ་བུ་དཀར་ནག་ཚིག་བསྒྲགས་པ༔ ཁྲིམས་ལ་ཆོས་ཁྲིམས་རྒྱལ་ཁྲིམས་ཐང་ཁྲིམས་གསུམ༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ ད་ནས་ཆོས་ཀྱི་རྒྱལ་པོ་ང་ཡིན་པས༔ ང་ཡི་མངའ་འོག་ཡོད་པ་ཐམས་ཅད་རྣམས༔ ལེགས་བྱས་ཉེས་བྱས་རྣམ་སྨིན་འབྲས་བུ་བསྐྱེད༔ ལེགས་པར་བྱེད་པ་དམ་པའི་ཆོས་ཡིན་པས༔ རབ་བྱུང་སྡེ་འཛུགས་སྔགས་པའི་སྡེ་འཛུགས་ཤིང་༔ ཆོས་ལུགས་གཉིས་པོ་གང་མོས་ཅི་དགའ་གྱིས༔ མི་སྐྱེ་ཕོ་མོ་ཐམས་ཅད་ཡིག་རྩིས་སློབས༔ ཆོས་བྲིས་ཆོས་ཐོན་ཆོས་སློབས་ཆོས་བཤད་གྱིས༔ བྱིས་པ་བརྡ་འཕྲོད་འབྲི་ཀློག་ཡོན་ཏན་སློབས༔ བཙས་པར་བཙས་སྟོན་སྔགས་པའི་མཆོད་གནས་བསྟེན༔ ན་བར་སྨན་བཅོས་རིམ་གྲོ་ནད་གཡོག་གྱིས༔ རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོངས༔

ཤི་བར་བུམ་ཆོག་ཆོས་སྟོན་སྔགས་སྟོན་གྱིས༔ ཡོད་པས་མེད་ལ་བུ་ལོན་སྐྱེད་འཕེལ་ཐོང་༔ མེད་པས་འཇོལ་ལ་སྨར་སྐྱིན་དྲིན་དུ་ཁུར༔ མ་འཁོར་བ་ལ་ཞུ་འཇལ་བྱེད་འཆག་གྱིས༔ དགྲ་ལ་ཟོན་ཆུག་གཉེན་ལ་ནང་གཤིན་གྱིས༔ གཞོན་པས་འཕམ་ལོང་རྒན་པའི་ངག་ལ་ཉོན༔ བུ་མང་རྒན་རིམ་གཞི་ཟུང་ནུ་ཆོས་གྱིས༔ བུ་མེད་པ་རྣམས་བུ་མོར་གོ་དམག་སུས༔ བཟའ་མི་ཁ་དུམ་མ་བྱེད་ཕ་མར་དྲིས༔ ཕོ་མོ་གང་མ་དགའ་ལ་ཕོག་རྫས་བར༔ སྔར་ལོངས་ཕྱིར་ཉོལ་བྱ་བ་མཐའ་རུ་ཐོན༔ བཟའ་མི་གྲོས་མེད་ཁྱོ་ཆུན་འཐེབ་མ་བསྟེན༔ གྲོས་བྱས་རབས་ཆད་ང་ཁྱེར་ནོར་མ་བསྲེལ༔ མི་ལ་མཐར་འདེད་མ་བཏང་བཟང་འགྲོགས་ཀྱིས༔ ཁྲེལ་གདོང་ངོ་ཚ་མེད་པའི་ཡ་མ་སྲོང་༔ ཁ་ཉེན་མི་རྣམས་སྡོད་ལུགས་མཁས་སུ་གྱིས༔ དྲག་པོ་དྲག་མོ་མ་ཐལ་རན་ཚོད་གཟུང་༔ མ་བརྐུ་མ་ཕྲོགས་མ་རྡུངས་མ་གསོད་ཅིག༔ རབ་བྱུང་མཁན་པོས་སྡོམ་ཕོག་ཁྲིམས་བཅས་བཞིན༔ སྡེ་སྣོད་གསུམ་ནས་ཇི་ལྟར་བཤད་བཞིན་གྱིས༔ དགེ་འདུན་སྐོམ་དུ་དཀར་དང་ཇ་གསོལ་ཅིག༔ ཟས་སུ་འབྲུ་དང་བུར་སྦྲང་མར་ཐུད་གསོལ༔ གོས་སུ་མཐང་ཤམ་ངུར་སྨྲིག་ཆས་མཛོད་ཅིག༔ གནས་སུ་གཙུག་ལག་ཁང་སྡེའི་ནང་དུ་བཞུགས༔ ཆང་ནག་ཤ་དང་ལྷད་ཟས་མ་བསྟེན་ཅིག༔ སྔགས་པ་བླ་མས་དམ་ཚིག་བསྒྲགས་པ་དང་༔ རྒྱུད་ནས་ཇི་ལྟར་བཤད་པ་བཞིན་དུ་གྱིས༔ སྐོམ་དུ་ཆང་གསོལ་དགེ་འདུན་དཀོར་མ་འབགས༔ ཟས་སུ་ཅི་དགར་ལོངས་སྤྱོད་དུག་མ་ཟ༔ གོས་སུ་དཀར་དམར་ནག་པོ་སྔགས་ཆས་གྱིས༔ གནས་སུ་སྒྲུབ་ཁང་གཟུང་ལ་ཡོན་ཏན་སྤེལ༔ བསྟན་པ་བསྲུང་ཕྱིར་སྒྲུབ་པ་དང་དུ་ལོང་༔ རབ་བྱུང་དགེ་བར་མདོ་སྡེ་སེར་སྟོན་གྱིས༔ སྔགས་པའི་དགེ་བར་དཀྱིལ་འཁོར་སྔགས་སྟོན་གྱིས༔ མི་ནག་དགེ་བར་བསྟན་གཉིས་སྡེ་ལ་ཐོང་༔ མ་ནུས་པ་ལ་ཐམས་ཅད་སྙིང་རྗེ་བསྐྱེད༔ དབུལ་བའི་མི་ལ་སྦྱིན་པ་ཙམ་ཐོངས་བྱིན༔ ཁ་ཉེན་མི་ལ་སྐྱབས་ཁ་ཚིག་གྲོན་ཐོགས༔ ཟེར་ལོ་འདུག་ལོ་མང་པོ་བཏང་སྙོམས་ཞོག༔ ཆོས་འཆད་གང་འདུག་མོས་ཕྱག་རྒྱང་ནས་འཚོལ༔ བསྟན་པ་མ་བསྲེ་རང་རང་ཆོས་ལུགས་གྱིས༔ བོན་འདི་མུ་སྟེགས་ཡིན་འདུག་སུས་མ་བྱེད༔ བོན་པོ་བསམ་ཡས་མི་མཐོང་ཡུལ་ཕུད་སོང་༔ བོན་པོས་སྐྱིད་ཤོད་ཕྱིན་པས་ཡོག་ཐང་བྱུང་༔ གཙང་དུ་ཕྱིན་པས་དབེན་ཙ་ཁ་ཞེས་གྲགས༔ ང་ཡིས་ཆོས་ཁྲིམས་བསྡམས་ལྟར་མ་བྱས་ན༔ ངེས་པར་གཅོད་པ་རྒྱལ་པོའི་ཁྲིམས་ཡིན་པས༔ སྡོམ་བུས་མཁན་པོ་སློབ་བུས་སློབ་དཔོན་དང་༔ གཡོག་པོས་དཔོན་པོ་བུ་ཚས་ཕ་དང་མ༔ ནུ་བོས་ཕུ་བོ་ཆུང་མས་ཁྱོ་པོ་ལ༔ མི་འཚམ་ལས་བྱས་བསད་དམ་དོ་བསྡོས་པ༔ འདིརྣམས་མེ་ལ་བསྲེག་གམ་ཆུ་ལ་བསྐྱུར༔ ངན་བྱས་ཨན་ལྕགས་བཙོན་དོང་ཁྲིམས་འཇིགས་འབེབས༔ ཡུལ་ཁྲིམས་མེད་ན་ངན་བྱེད་རྒྱགས་པས་འཇོམས༔ བེར་ཀ་ཤག་ཤག་གཅེར་ཕྱུང་རྐེ་ཐག་ཁྱིགས༔ གསུམ་ལྔ་བདུན་དགུ་བཅུ་གཅིག་བཅུ་གསུམ་ཁྲིམས༔ བཅོ་ལྔ་བཅུ་བདུན་བཅུ་དགུ་ཉེར་གཅིག་ཁྲིམས༔ རྩ་གསུམ་རྩ་ལྔ་རྩ་བདུན་རྩ་དགུ་ཁྲིམས༔ སོ་གཅིག་སོ་གསུམ་སོ་ལྔ་སོ་བདུན་དགུ༔ ཞེ་གཅིག་ཞེ་གསུམ་ཞེ་ལྔ་ཞེ་བདུན་དགུ༔ ང་གཅིག་ང་གསུམ་ང་ལྔ་ང་བདུན་དགུ༔ རེ་གཅིག་རེ་གསུམ་རེ་ལྔ་རེ་བདུན་དགུའོ༔ མེ་ཁྲིམས་ང་ཁྲིམས་ཆུ་ཁྲིམས་ལྕགས་ཁྲིམས་བཞི༔ ཤིང་ཁྲིམས་ས་ཁྲིམས་ནམ་མཁའི་ཁྲིམས་དང་བདུན༔ ཐོབ་བྱ་གང་ཡིན་གཟུགས་ཕུང་སྟེང་དུ་སྨིན༔ བསད་ན་སྟོང་འདོན་ཕྲོགས་ན་མིག་སྒྱིད་འདྲེག༔ བརྐུས་ན་འཇལ་འདོན་བྱི་བྱས་བྱི་རིན་ལེན༔ འཕྲ་མར་འབོད་འགེལ་འཐབས་པ་བཙོན་དོང་འཇུག༔ བརྡུངས་ན་གསོས་འདེད་མི་ཉན་རྣ་བ་འབྲེག༔ ཆོས་ལུགས་མཐུན་པར་མི་བྱེད་ཁྱུ་ནས་འབུད༔ རྫུན་གཏོང་མཐར་སྤྱུག་མི་འཇལ་གཏའ་མ་ལེན༔ མི་བདེན་པ་ལ་ཐམས་ཅད་ཡོ་ལོག་ཐོང་༔ མི་ཚོད་བྲེད་པས་འཛིན་ཆུག་ཅེས་སྒྲགས་སོ༔ ནས་ལ་བྲེ་ཚད་ལྗིད་ལ་སྲང་ཚད་ཚུགས༔ ཟོང་ལ་གོང་རྒྱོབ་གསེར་ལ་ན་རར་ཐེག༔ རྐུན་སྲུང་ཁྱི་གསོས་ནམ་ཚོད་བྱས་འཛིན་ཆུག༔ ཁ་འོག་ལུས་ཆུག་མི་ལ་མགོ་སྡུད་དགོས༔ ཆོས་སྲིད་སྔགས་སྲིད་བློན་སྲིད་སྲིད་དུ་བཅད༔ གཅིག་མགོ་གཅིག་ཐོན་མི་དགེ་བསྐྱར་ལ་ཐོན༔ ལ་དང་འཕྲང་འཇམ་ཡུལ་ན་མི་ངན་མེད༔ མི་དགེ་བཅུ་སྤོངས་དགེ་བ་བཅུ་པོ་སྤེལ༔ ཁ་ཉེན་ཆགས་བདེ་དུད་འགྲོ་གཉའ་ཡངས་མཛད༔ ཡོད་པ་བཞག་ཆོག་མེད་པ་ཚོལ་སླར་བཅུག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་གྱིས་ཆོས་ཁྲིམས་བསྡམས་པའི་ལེའུ་སྟེ་རེ་བདུན་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༨ ལོ་ཙཱ་བ་གསུམ་ལུང་བསྟན་ནས་རྒྱལ་པོའི་ཐུགས་གསོས་པ།

དེ་ནས་དམངས་ཀྱི་ཕྲུ་གུ་རིག་པ་ཅན༔ ཁ་སྤྲོ་བསང་ཞིང་སྐྱེ་མཆེད་དངས་པ་དང་༔ ཤེས་རབ་ཆེ་ཞིང་ཁ་ལྕེ་བདེ་བ་རྣམས༔ རྒྱ་གར་ཡུལ་དུ་སྒྲ་བསྒྱུར་སློབ་ཏུ་བཏང་༔ འཕྲལ་སྐད་ཆོས་སྐད་ཐམས་ཅད་སློབ་པ་ལ༔ མཁན་པོས་སྒྲ་བསླབས་བསྒྱུར་དུ་བཅུག་པ་ནི༔ ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨྨཱ་ཡ༔ ན་མ༔ སངྒྷཱ་ཡ༔ བོད་སྤྲུག་ཁ་ལྕེ་མ་བདེ་ཡེ་མ་ཤེས༔ མ་མོ་སྦུད་པ་ཡ༔ མ་མོ་སྦང་མ་ཡ༔ མ་མོ་ཕ་པ་ཡ༔ སྒྲ་དེ་བོད་ཀྱི་སྐད་དུ་བསྒྱུར་བསླབས་པ༔ སངས་རྒྱས་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ ཆོས་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ བོད་སྤྲུག་ལྕེ་ཡིས་མ་འགྱུར་འདི་སྐད་ཟེར༔ ཕར་འགལ་ཡ་ཐག་ཐམ་མོ་སྤབས་ཧུ་ཧི༔ ཆོས་ལ་ཡ་ཐག་ཐམ་མོ་སྦབས་ཧུ་ཧི༔ འེ་འུན་ཡ་ཐག་ཐམ་མོ་སྦབས་ཧུ་ཧི༔ སློབ་དཔོན་ཆེན་པོ་པདྨས་སྒྲ་བསྒྱུར་བསླབས༔ ན་མོ་གྷུ་ར་བེ༔ ན་མོ་དེ་ཝཱ་ཡ༔

ན་མོ་ཌཱ་ཀཱིནྱཻ༔ བོད་སྤྲུག་ཇི་ཙམ་བསླབས་ཀྱང་མ་ཤེས་ཏེ༔ མ་མོ་སྤུའུ་ཡ༔ མ་མོ་འདྲེ་བྷ་ཡ༔ མ་མོ་བྷ་ཁྱི་ཡ༔ རྒྱ་སྐད་དེ་དག་བོད་སྐད་བསྒྱུར་ནས་བསླབས༔ བླ་མ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ ཡི་དམ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ མཁའ་འགྲོ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ བོད་སྤྲུག་བྱིས་པས་དེ་ཡང་མ་ཤེས་ཏེ༔ མནའ་མ་ཡ་ཐག་ཐམ་མོ་སྦབས་ཧུ་ཧི༔ བྱི་བམ་ཡ་ཐག་ཐམ་མོ་སྦབས་ཧུ་ཧི༔ ཤ་འབོ་ཐང་ཐག་ཐམ་མོ་སྦབས་ཧུ་ཧི༔ སློབ་དཔོན་རྣམ་གཉིས་བཞད་ཅིང་ཕྱག་རྡེབ་མཛད༔ རྒྱལ་པོ་ཐུགས་མུག་མང་དུ་བཤུམས་པ་ཡིས༔ ཤ་ལྤགས་རུས་དིམ་བཞེས་པ་དུས་མི་འགྲོ༔ མཁན་སློབ་གཉིས་ལ་རྒྱལ་པོས་ཕྱག་ཕུལ་ནས༔ ཆོས་མེད་མཐའ་འཁོབ་བོད་ཡུལ་མུན་གླིང་འདིར༔ མི་ལ་སངས་རྒྱས་ཐོབ་པར་བྱ་དོན་དུ༔ སློབ་དཔོན་རྣམ་གཉིས་སྤྱན་དྲངས་ལྷ་ཁང་བཞེངས༔ བཞུད་པར་བཤོལ་བཏབ་ཆོས་གསུང་ཞུ་བ་ཕུལ༔ ཐུགས་རྗེས་དགོངས་ནས་བཞུགས་པར་བཀའ་ཡིས་གནང་༔ ཆོས་ཁྲིམས་བསྡམས་ནས་གང་འཚམ་བྱིས་པ་བསྡུས༔ སྒྲ་ཙམ་མི་ཤེས་ལོ་ཙཱ་མི་འཁྱུར་བས༔ ཆོས་བསྟན་མི་ཚུགས་ཇི་ལྟར་བྱ་ན་གསུངས༔ དུས་གསུམ་མཁྱེན་པ་སློབ་དཔོན་པདྨ་ཡིས༔ ཐབས་ཤིག་ཡོད་ཀྱི་རྒྱལ་པོ་ཐུགས་གློད་གསུངས༔ རྒྱ་གར་རྡོ་རྗེ་གདན་གྱི་ཆོས་གྲ་ནས༔ ཤཱཀྱ་ཐུབ་པའི་ཉེར་གནས་ཀུན་དགའ་བོ༔ ཚེ་འཕོས་ལོངས་སྐུའི་ཞིང་ཁམས་མང་ཉུལ་ནས༔ མི་ལུས་ཆོས་ལྡན་སྐྱེ་བདུན་ཐ་མ་ནི༔ གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡི༔ གནས་གཞི་ཞིག་གི་བྲང་ཁང་དམིག་གུ་ན༔ ཕ་མིང་པ་གོར་ཧེ་འདོད་བྱ་བ་ལ༔ མ་མིང་བྲན་ག་བཟའ་སྒྲོན་སྐྱིད་ཀྱི་བུ༔ གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ སྤྲུལ་པའི་ལོ་ཙཱ་རྩོད་མེད་གྲགས་པ་བྱུང་༔ དབུ་རུ་འཕན་ཡུལ་སྐ་བ་ས་ཞེས་བྱར༔ ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་དང་༔ ཡུམ་མིང་འབྲོ་བཟའ་རྡོ་རྗེ་ལྕམ་གྱི་བུ༔ ཤཱཀ་ཐུབ་ཉེར་གནས་ཙུནྡ་ཚེ་འཕོས་པ༔ སྐྱེས་མཆོག་སྐ་བ་དཔལ་བརྩེགས་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ རུ་ལག་ཤངས་ཀྱི་དར་མ་སྒང་བྱ་བར༔ ཡབ་མིང་ཅོག་རོ་ཀླུ་ཡི་རྒྱལ་འབྱུང་དང་༔ ཡུམ་ནི་འབྲིང་བཟའ་མཛེས་མ་གཉིས་ཀྱི་བུ༔ དགེ་བསྙེན་ལིཙྪ་བྱི་ནི་ཚེ་འཕོས་པ༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལོ་ཙཱ་བ་གསུམ་ལུང་བསྟན་ནས་རྒྱལ་པོའི་ཐུགས་གསོས་པའི་ལེའུ་སྟེ་རེ་བརྒྱད་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༦༩ བཻ་རོ་ཙ་ན་གདན་དྲངས་པ།

དེ་ནས་རྒྱལ་བློན་དཔོན་གཡོག་བདུན་བྱས་ནས༔ རྐང་ཐང་ཉི་ཤུ་རྩ་ལྔ་རྟ་ཕྱིར་ཁྲིད༔ སྙེ་མོ་བྱེ་མཁར་གནས་གཞིའི་མདུན་དུ་བཞུགས༔ དེ་མིས་ཕྱག་དང་ཞེ་ས་མི་ཤེས་པས༔ མཇལ་བར་མ་ནུས་སྒོ་ཕྱིའི་རྒྱུ་འགྲུལ་ཆད༔ ཕྱེད་སྐད་དུས་ན་བྱིས་པ་ཐལ་སྐྱ་བྱུང་༔ ལུས་བསྐྱོད་ངག་གླུ་འབྲེང་པ་འཁོར་གཅིག་བཅིངས༔ རྒྱལ་པོའི་ཞལ་ནས་འདི་ལ་གཏམ་དྲིས་གསུངས༔ བློན་པོས་བྱིས་པའི་མདུན་ཕྱིན་ཁྲིད་ནས་འོངས༔ པ་གོར་ཧེ་འདོད་གཞི་རུ་ཡོད་དམ་དྲིས༔ ཡོད་པ་ཡོད་དེ་ད་ལྟ་གཏམ་ཚོལ་སོང་༔ བྲན་ཀ་བཟའ་སྒྲོན་སྐྱིད་དེ་ཤེས་སམ་དྲིས༔ ཤེས་པ་ཤེས་དེ་ད་ལྟ་མིག་ཚོལ་སོང་༔ སུའི་བུ་ཡིན་དྲིས་ཕ་ཡི་བུ་ཡིན་ཟེར༔ ཁྱོད་ཀྱི་ཕ་མའི་མིང་ལ་ཇི་སྐད་ཟེར༔ ཁྱོད་རང་མིང་ངོ་ཤེས་པ་དེ་ཀ་ཡིན༔ ཁྱོད་ཀྱི་ཁང་པ་གང་ཡིན་ཁྱིམ་ཡིན་ཟེར༔

དེ་ལ་རྒྱལ་པོ་དགྱེས་ཏེ་འདིར་ཤོག་གསུངས༔ ཕྱག་འཚོལ་བྱས་པས་ཁྱོད་ཀྱིས་སློབས་དང་ཟེར༔ བསླབས་པས་ཤེས་ནས་རྒྱལ་པོར་ཕྱག་བཙལ་ལོ༔ མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད་ནས་སུ༔ སློབ་དཔོན་གསུངས་པའི་བུ་དེ་འདི་རང་ཡིན༔ ཁ་རྟགས་ལ་ཉེ་བཟང་ལ་སྤྱང་པོར་འདུག༔ ང་ཡི་ཕྱི་ལ་ཨེ་འགྲོ་གསུངས་པ་ཡིས༔ ཕྱིན་ཆོག་ཁྱོད་ཀྱི་རྟ་མཇུག་སྐྱོན་ཅིག་ཟེར༔ ཕ་དེས་ཆང་ཁུར་མ་དེས་མར་ནག་ཁུར༔ ཁྱིམ་དུ་སོང་བས་ཨ་ཏ་ཨ་མ་ཟེར༔ གཏམ་ཁུངས་ཆང་ཡིན་མུན་པ་མར་མེས་སེལ༔ གོ་བརྡ་འཕྲོད་ནས་བུ་དེ་རྟ་ལ་བསྐྱོན༔ རྐང་ཐང་ཉི་ཤུའི་དཀྱིལ་བཅུག་སྔོན་ལ་བཏང་༔ རྒྱལ་བློན་བཅུ་གཉིས་ཕྱི་ལ་ཐེན་བྱས་བསྡད༔ དེ་ནས་པ་གོར་ཧེ་འདོད་སྔོན་དུ་བྱུང་༔ རྒྱལ་བློན་འཁོར་བཅས་ནང་དུ་སྤྱན་དྲངས་ནས༔ ཞུགས་ཆེན་སྒྲོན་ནས་དྲུངས་མ་གསིངས་པོ་དྲངས༔ མངའ་བདག་འདིར་བྱོན་ཞབས་དོན་ཅི་བདོག་ཞུས༔ མངའ་བདག་རྒྱལ་པོས་འདིར་མཆིས་དོན་གཞན་མེད༔ ཁྱོད་ཀྱི་བུ་འདི་སློང་དུ་འོང་བ་ཡིན༔ ཅིས་ཀྱང་བུ་འདི་ང་ལ་བྱིན་ཅིག་གསུངས༔ ཕ་མ་གཉིས་ནི་ངུ་ཞིང་མ་དགའ་སྟེ༔ གཅིག་པུ་འདི་ལས་བུ་གཞན་ངེད་ལ་མེད༔ ལོ་ཡང་བརྒྱད་ལས་མ་ལོན་ཅི་མཛད་དགོངས༔ དེ་ནས་མངའ་བདག་རྒྱལ་པོས་བཀའ་སྩལ་པ༔ བོད་སྤྲུག་གཞན་གྱིས་ལོ་ཙཱ་མ་ཤེས་པས༔ ལོ་ཙཱ་བསླབས་ནས་བོད་དུ་ཆོས་བསྒྱུར་འཇུག༔ སློབ་དཔོན་ཆེན་པོ་པདྨས་ལུང་བསྟན་ཡིན༔ ཁྱོད་ཀྱི་བུ་འདི་མིན་པས་མི་འོང་གསུངས༔ པ་གོར་ཧེ་འདོད་ཤིན་ཏུ་སྔངས་ནས་སུ༔ རྒན་རྒོན་གཉིས་ལ་སྙིང་བརྩེ་གཅིག་པུ་འདི༔ རྒྱ་གར་ཡུལ་དུ་རྟོལ་ཀྱང་ག་ལ་རྟོལ༔ ལོ་བརྒྱད་ལོན་པས་ཆོས་བསྒྱུར་མི་འོང་ལགས༔ དེ་སྐད་མི་གསུང་ཞུ་ཞེས་ཕྱག་བཙལ་བས༔ རྒྱལ་པོའི་ཞལ་ནས་བུ་འདི་ལོ་གཞོན་ཡང་༔ ད་ལྟ་འདི་ཀ་བཞིན་དུ་གཏོང་བ་མིན༔ ལོངས་ནས་འགྲོ་བ་ཡོང་དུས་གཏོང་བ་ཡིན༔ རྒན་རྒོན་གཉིས་ཀྱི་སྐྱིད་སྡུག་ངས་ཤེས་གསུངས༔ བུ་འདི་ང་ལ་མི་སྦྱིན་མེད་ཐབས་མེད༔ དེ་ནས་བུ་བྱིན་ཡབ་ཡུམ་ཁྲིད་ནས་འོངས༔ ཡུལ་དབུས་གང་བཟང་འདོམས་ལ་སྡོད་ཅིག་གསུངས༔ ཡུལ་དབུས་གནམ་ལ་ཁ་བལྟས་ཡར་ཀླུངས་བཟང་༔ ཡབ་ཡུམ་ཡར་ཀླུངས་རོག་པ་རྩ་རུ་བཞག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བཻ་རོ་ཙ་ན་གདན་དྲངས་པའི་ལེའུ་སྟེ་རེ་དགུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༠ སློབ་དཔོན་རྣམ་གཉིས་སོགས་ཀྱིས་ཆོས་བསྒྱུར་བ།

དེ་ནས་གན་ཇག་ཐང་ཏ་བསམ་ཡས་ཁྲིད༔ མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུག༔ ལོ་བདུན་བར་དུ་དཀར་གསུམ་མངར་གསུམ་བྱིན༔ ཤེས་རབ་བསྐྱེད་ཐབས་བློ་འཕེལ་གཟུངས་སྒྲུབ་བཅུག༔ དེ་ནས་ལོ་ཙཱ་སྒྲ་རྣམས་མཁས་པར་བསླབས༔ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ རྒྱལ་པོས་འགུགས་པའི་ཕོ་ཉ་བཏང་ནས་བཀུག༔ ལོ་ཙཱ་སྒྲ་རྣམས་བསླབས་པས་མཁས་པར་ཤེས༔ དེ་ནས་རྒྱལ་པོས་སློབ་དཔོན་རྣམ་པ་གཉིས༔ བསམ་ཡས་སྒྲ་བསྒྱུར་གླིང་དུ་སྤྱན་དྲངས་ནས༔ གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་བཞུགས༔ དངུལ་གྱི་ཁྲི་ལ་མཁན་ཆེན་བོ་དྷི་བཞུགས༔ གཡས་གྲལ་གཡོན་གྲལ་གབ་རྩེའི་གདན་གསུམ་ལ༔ བཻ་རོས་གཙོ་བྱས་ལོ་ཙཱ་རྣམ་གསུམ་བཞུགས༔ དགུང་གྲལ་གཞི་ལ་རྒྱལ་པོ་ཉིད་བཞུགས་ནས༔ སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་རེ༔ ཁྲུ་གང་པ་ལ་གསེར་གཡུའི་མེ་ཏོག་བཀོད༔ ལོ་ཙཱ་གསུམ་ལ་རཏྣའི་མཎྜལ་ཕུལ༔ རྒྱལ་པོས་ཕྱག་བཙལ་ཆོས་གསུང་ཞུ་བ་ཕུལ༔

ཨེ་མ་ཧོ༔ རྒྱ་གར་ཆོས་ཀྱི་ཡུལ་ནས་བྱོན་པ་ཡི༔ བོད་དུ་ཉི་ཟླ་ཟུང་ཞིག་ཤར་བ་གཉིས༔ མདོ་སྔགས་སྣོལ་མཚམས་མ་ལོག་གསུང་བར་ཞུ༔ ལོ་ཙཱ་གསུམ་གྱིས་བོད་སྐད་བསྒྱུར་བར་ཞུ༔ གསེར་ཕྱེ་ཀ་ཏོར་གང་གི་མེ་ཏོག་གཏོར༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གླང་གི་ལོ་མཇུག་སྟག་གི་ལོ་འགོའི་བར༔ གསང་སྔགས་ཕྱི་པ་ཀྲཱྀ་ཡོག་སྡེ་གསུམ་རྒྱུད༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་བསྒྱུར་ནས་གསུངས༔ གསང་སྔགས་ནང་པ་ཡོ་ག་རྣམ་གསུམ་རྒྱུད༔ བཻ་རོ་ཙ་ནས་ལོ་ཙཱ་བསྒྱུར་ནས་གསུངས༔ སྐུ་རིམ་ཕྱི་སྐོངས་རྒྱལ་པོའི་མདོ་བཅུ་བསྒྱུར༔ ཤེས་རབ་སྙིང་པོ་ཟབ་མོ་ལྟ་བའི་མདོ༔ འདའ་ཀ་ཡེ་ཤེས་ངེས་དོན་སྒོམ་པའི་མདོ༔ བཟང་པོ་སྤྱོད་པ་རྒྱ་ཆེན་སྨོན་ལམ་མདོ༔ རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོ༔ བྱང་ཆུབ་ལྟུང་བཤགས་ལས་སྒྲིབ་བཤགས་པའི་མདོ༔ གཙུག་ཏོར་ནས་བྱུང་གདུགས་དཀར་ཟློག་པའི་མདོ༔ གསང་བདག་གོས་སྔོན་ཅན་ནི་སྲུང་བའི་མདོ༔ མགོན་པོ་ཚེ་དཔག་མེད་པ་ཚེ་བསྲིང་མདོ༔ ནོར་གྱི་རྒྱུན་མ་ལོངས་སྤྱོད་སྤེལ་བའི་མདོ༔ ཡི་གེ་གཅིག་མ་སྙིང་པོའི་མདོ་རྣམས་བསྒྱུར༔ ནང་གི་སྐོངས་སུ་ན་རག་ཆ་ལག་དང་༔ གསང་བའི་སྐོངས་སུ་བསྙེན་བསྒྲུབ་ཆ་ལག་བསྒྱུར༔ དེ་ནས་རྒྱལ་པོའི་ཐུགས་དམ་མ་ཆག་པ༔ ཁ་ཏོན་དྲི་མེད་བཤགས་རྒྱུད་ཉིད་ལ་མཛད༔ ཟླ་རེ་བཞིན་དུ་དམ་སྐོངས་དོང་སྤྲུགས་མཛད༔ དགུང་ལོ་བཞི་བཅུ་ཞེ་དྲུག་ཚེ་དུས་ལ༔ མི་ལོ་བཅུ་གསུམ་སླར་ལ་བསྲིངས་པར་གྱུར༔ དེ་བར་ཆོས་ཀྱི་བསྒྱུར་ཚུལ་མང་ཡོད་ཀྱང་༔ འདི་རུ་ཡི་གེ་མངས་དོགས་མདོ་ཙམ་བསྡུས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འཐུང་དུ་བཅུག༔ ཆོས་ཚན་བརྒྱ་དང་སུམ་ཅུ་སོ་བརྒྱད་བསྒྱུར༔ ཞི་བ་རྡོ་རྗེ་དབྱིངས་ཀྱིས་གཙོ་བྱས་ནས༔ བདེར་གཤེགས་འདུས་པ་བརྒྱ་དང་སུམ་ཅུ་ལྔ༔ གསང་སྔགས་ཕྱི་མདོ་བརྒྱ་དང་རྩ་གཅིག་བསྒྱུར༔ སྒྱུ་འཕྲུལ་སྡེ་བརྒྱད་བླ་མེད་དོན་རྫོགས་འདུས༔ གསང་སྔགས་བསྒྱུར་ཚུལ་མཁའ་ལ་ཉི་ཤར་འདྲ༔ དེ་ནས་མཁན་པོ་བོ་དྷི་ས་ཏྭ་དང་༔ སྐུ་གཅིག་མཚན་མང་བནྡེ་ཡེ་ཤེས་སྡེས༔ འདུལ་བ་ལུང་དང་ལུང་རྩ་སྡེ་བཞི་དང་༔ སྟོང་ཕྲག་བརྒྱ་པ་བྱམས་ཞུས་རྟག་ཏུ་ངུ་༔ མདོ་ཆོས་རྒྱས་འབྲིང་རྣམས་གསུམ་མ་ལུས་བསྒྱུར༔ ལངྐར་གཤེགས་པ་བམ་པོ་བཅོ་ལྔ་དང་༔ དཀོན་ཅོག་བརྩེགས་པ་སུམ་ཅུ་རྩ་ལྔ་དང་༔ ཕལ་པོ་ཆེ་ལ་བམ་པོ་ཉིས་བརྒྱ་བརྒྱད༔ མྱ་ངན་འདས་པ་བམ་པོ་བརྒྱ་བཅུ་གཉིས༔ ལས་འབྲས་དྲང་དོན་བསྟན་པའི་མདོ་རྣམས་བསྒྱུར༔ སྐ་བ་དཔལ་བརྩེགས་གསང་སྔགས་ཕྱི་པ་བསྒྱུར༔ བྱ་རྒྱུད་ཀྲཱྀ་ཡ་སྡེ་དྲུག་སྡེ་ལྔ་དང་༔ གཉིས་སྤྱོད་ཨུ་པ་ཡ་ཡི་རྒྱུད་བཞི་དང་༔ རྣལ་འབྱོར་ཡོ་གའི་རྒྱུད་སྐོར་མ་ལུས་བསྒྱུར༔ གཞུང་ཆེན་བམ་པོ་སུམ་བརྒྱ་མ་འགྱུར་རོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་གསུམ་གྱིས་ཆོས་བསྒྱུར་བའི་ལེའུ་སྟེ་བདུན་ཅུ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༡ སད་མི་མི་བདུན་ལ་སོགས་རྒྱ་གར་དུ་བརྫངས་པ།

དེ་ནས་མངའ་བདག་རྒྱལ་པོའི་ཐུགས་དགོངས་ལ༔ སློབ་དཔོན་གཉིས་ཀྱིས་ལུང་གྲངས་མང་གསུངས་པས༔ དེ་དག་ཐམས་ཅད་བོད་དུ་ལེན་དགོས་བསམས༔ བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པ༔ ལོ་ཙཱ་བརྒྱ་དང་རྩ་བརྒྱད་ཚོལ་དགོས་སྙམ༔ མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱི༔ ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི༔ ལུས་ལ་སྐྱོན་མེད་སེམས་ལ་ཐག་མ་ཞུགས༔ བློ་གསལ་གཡེར་ཞིང་དྲན་པ་གཞུངས་མང་བསྡུས༔ འདི་དུས་ཙ་ན་བོད་ཁམས་ཐམས་ཅད་ཀྱི༔ སྐྱེ་མཆེད་དྭངས་པའི་ཕ་མ་སེམས་ཁྲལ་ཆེ༔ ལམ་འཇིགས་མང་ཞིང་སྲོག་མི་བརྟན་པས་བསུ༔ རྒྱ་གར་ཚད་པ་ཆུ་ནད་མིག་སེར་ཆེ༔ ལྐོག་རྔན་གཏོང་ཞིང་ཡུལ་འཁྱར་མཐའ་ལ་འབྲོས༔ དེ་དག་ཡུལ་གཞིས་རྒྱ་གར་འཁོར་ལ་སྟེར༔ ཡུལ་སྲེད་ཅན་རྣམས་རྒྱ་གར་མི་འཁོར་ཡང་༔ སྙིང་རུས་ཅན་གྱིས་རྒྱ་གར་འགྲོ་བ་ལ༔ ཡར་ཀླུངས་སྦ་མི་ཁྲི་གཞེར་སཾ་ཤི་ཏ༔

འཁོན་རྗེ་ཀླུ་དབང་སྲུང་བ་ཞང་སེ་བཙན༔ ཤུད་བུ་ཁོང་སླེབས་སྦ་ལོ་རཏྣ་དང་༔ རྨ་བན་རིན་ཅེན་མཆོག་དང་ཡར་ལྷ་བུ༔ འཕྱོས་ཀྱི་གཉགས་ཆེན་ཛྙཱ་ན་ཀུ་མཱ་ར༔ ཡོན་ཏན་སྙིང་པོ་ལེགས་སྦྱིན་ཉི་མ་དང་༔ ལྡན་མ་རྩེ་མང་ཨཱ་ཙཪྻ་ས་ལེ༔ བྲན་ཀ་མཱུ་ལ་ཀོ་ཥ་སྦས་ཐིར་ལེན༔ ཉང་བན་ཤ་མི་གོ་ཆ་ཨ་ནནྟ༔ གནུབས་སྟོན་ནམ་མཁའི་སྙིང་པོ་འདྲེ་རྒྱལ་བློ༔ རླངས་ཆེན་དཔལ་སེང་རུ་གྱོང་བཱི#་ར༔ གྲུ་གུ་ཨེ་བག་ལང་གྲོ་དཀོན་ཅོག་འབྱུང་༔ དྲན་པ་ནམ་མཁའ་མོན་བུ་རྒྱལ་བྱང་ཆུབ༔ བྱི་ཤྭ་མི་ཏྲ་ཁུ་བཙུན་འབྱུང་གནས་འོད༔ ཁྱུང་པོ་དབྱིག་བསོད་ངན་ལམ་རྒྱལ་མཆོག་དབྱངས༔ གནུབས་བན་སངས་རྒྱས་ཡེ་ཤེས་སྦས་གསལ་སྣང་༔ སྦ་ལོ་ཡེ་ཤེས་དབང་པོ་སྦ་དཔལ་དབྱངས༔ ཡེ་ཤེས་འཇམ་དབྱངས་ལྷ་ལུང་དཔལ་རྡོར་དང་༔ ཉང་ཁམས་གོ་ཆ་ལ་སུམ་རྒྱལ་བྱང་ཆུབ༔ སོག་པོ་དཔལ་ཡེ་ཨཱ་ཙར་ཡེ་ཤེས་དབྱངས༔ ཛྙཱ་ན་དེ་བ་ཀོ་ཥ་འགོས་ཆོས་གྲུབ༔ བྲན་ཀ་མུ་ཏི་ཀ་དང་ལོ་ཀི་ཆུང་༔ འོ་བྲན་དཔལ་གྱི་དབང་ཕྱུག་ཤམ་མེས་བཀོལ༔ ལྷ་ལུང་ཡུལ་སྐོང་མེ་ཏོག་བྱང་ཆུབ་འབར༔ ཞང་བན་ཛྙཱ་ན་ཤེས་རབ་ཡར་རྗེ་བརྩེགས༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཡེ་ཤེས་སྡེ༔ ཤཱཀྱ་པྲ་བྷ་ཨཱ་ཙར་དྷརྨཱ་ཤྲཱི༔ དེ་བ་སམྦྷ་དེ་བ་བྱང་ཆུབ་དང་༔ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ བཻ་རོ་ཙ་ན་ཆོས་ཀྱི་ལྷུན་པོ་དང་༔ རྩངས་བན་ལེགས་གྲུབ་དཔལ་འབྱོར་ལྷའི་ཟླ་བ༔ དེ་སོགས་བརྒྱ་རྩ་བརྒྱད་ལ་ལོ་ཙཱ་བསླབས༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཐད་ཀ་ཐད་ཀར་མཐུན་རྐྱེན་ལགས་སྦྱར་ནས༔ བོད་ཀྱིས་སྡོམ་གསུམ་བསྲུང་བར་ཨེ་ཐུབ་སྙམ༔ ཁྲུས་ཁང་གླིང་དུ་མཁན་པོ་གདན་དྲངས་ནས༔ སྦ་མི་གསལ་སྣང་དཔལ་དབྱངས་རྒྱལ་མཆོག་དབྱངས༔ ལྷ་ལུང་དཔལ་རྡོར་རྨ་རིན་ལ་སུམ་རྒྱལ༔ མཁས་པ་བཻ་རོ་ཙ་ན་རབ་ཏུ་བྱུང་༔ སད་མི་མི་བདུན་བླ་ཡི་མཆོད་གནས་བཀུར༔ ནམ་མཁའི་སྙིང་པོ་གྲུ་གུ་ཨེ་བག་ཤ༔ རུ་གྱོང་བཱིརྱ་ངས་ཆེན་དཔལ་སེང་གེ༔ རྒྱལ་བའི་བློ་གྲོས་རྣམས་ཀྱང་རབ་ཏུ་བྱུང་༔ དབུ་ཡི་མཆོད་གནས་བཀུར་བར་བཀའ་ལ་བཏགས༔ སད་མི་མི་བདུན་དགེ་སློང་མི་ལྔ་ལ༔ དབུ་ལ་རིན་པོ་ཆེ་ཡི་པྲོག་ཞུ་བསྐོན༔ ཞལ་དུ་ལི་ཁར་ལྷ་ཡི་སྐྱེམས་དྲངས་ནས༔ འོ་སྐོལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུ༔ མདོ་སྔགས་བསྟན་པ་དར་བར་བྱ་བའི་ཕྱིར༔ རྒྱ་གར་ཡུལ་དུ་ཆོས་འཚོལ་གཏོང་བ་ཡིན༔ གསེར་གྱི་པ་ཏྲ་བདུན་དང་གསེར་བྲེ་དགུ༔ ཕྱག་ཏུ་སྣོམས་ལ་བོད་དུ་ཆོས་སྒྱུར་ཅིག༔ དེ་སྐད་གསུངས་ནས་རྒྱ་གར་ཡུལ་དུ་བརྫངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལོ་ཙཱ་བ་བརྒྱ་རྩ་བརྒྱད་བསྡུས་ཏེ་སད་མི་མི་བདུན་ལ་སོགས་རྒྱ་གར་དུ་བརྫངས་པའི་ལེའུ་སྟེ་དོན་གཅིག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༢ བོད་ཀྱི་བཻ་རོ་ཙ་ན་མཇལ་ཕྲད་མཛད་པ།

དེ་ནས་ལྷོ་བྲག་རྩངས་རྗེ་ཐེ་ལེན་བུ༔ བློ་གསལ་རྩངས་སྔོན་ལེགས་གྲུབ་ཅེས་བྱ་བ༔ ཉི་ཤུ་རྩ་ལྔའི་ལོ་ལོན་སྒོམ་ཐོན་དང་༔ ཡ་རབས་བློ་དང་ལྡན་པའི་བཻ་རོ་གཉིས༔ སྔོན་ཞུགས་བྱས་པའི་སྔོན་ལ་རྒྱ་གར་ཕྱིན༔ ཟླ་བ་གཉིས་ན་རིགས་ངན་གཅན་འཕྲང་སླེབས༔ གཅན་འཕྲང་པ་ཡིས་མི་གསོད་གསེར་ཕྲོགས་པས༔ བཻ་རོ་ཙ་ནས་རྫུ་འཕྲུལ་བྱས་ནས་ཀྱང་༔ རིན་ཅེན་ཟ་མ་ཏོག་ཅིག་ནང་དུ་ནི༔ ལྕགས་ཀྱི་སྤུ་གྲི་ཞིག་ཏུ་སྤྲུལ་ནས་བསྡད༔ འཕྲང་སྲུང་ཀུ་མཱ་ར་ནི་ངོ་མཚར་སྐྱེས༔ ལེགས་གྲུབ་གསོད་འདོད་མཐའ་མི་སྤྱི་ཟླུམ་སྤྲུལ༔ གཅན་འཕྲང་པ་ཡིས་མ་སོད་ཀེ་རེ་ལུས༔ དེ་ནས་བཻ་རོ་ཙ་ནས་མགུར་གསུངས་པ༔ གསལ་ཁྱབ་ནམ་མཁའ་ལྟ་བུའི་ལུས་འདི་ལ༔ བསད་དང་མ་བསད་ཤི་དང་མ་ཤི་མེད༔ སྲོག་འདི་བཅད་ན་ཁྱོད་ལ་སྡིག་པ་འོང་༔ སྒྱུ་མའི་གསེར་ཕྱེ་རྔན་པ་འདི་བཞེས་ལ༔ ལམ་སྣ་ཇི་ལྟར་ཡིན་པ་བསྟན་དུ་གསོལ༔ དེ་སྐད་གསུངས་ནས་གསེར་ཕྱེ་ཚོམ་ཅིག་བྱིན༔ འཕྲང་སྲུང་དགའ་ནས་ས་ལམ་དྲང་པོར་བསྟན༔ དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་བརྟོལ༔ རྒྱ་གར་ཡུལ་རྣམས་མ་ལུས་ཁྱི་བཞིན་འཁྱམས༔ ཕྲད་ཚད་མི་ལ་དམ་ཆོས་སུ་མཁས་དྲིས༔ རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་རྙེད༔

པྲ་བརྟྟ་དང་ཤཱི་ལེནྡྲ་བོ་དྷི༔ ཛི་ན་མི་ཏྲ་ཛྙཱ་ན་སཱུ་ཏྲ་དང་༔ ཨཱ་ནནྟ་དང་སུ་རེནྡྲ་བོ་དྷི༔ དྷརྨཱ་ཤྲཱི་དཱ་ན་ཤྲཱི་ལ་དང་༔ ཙནྡྲ་གོ་མི་པཉྩ་ཛྙཱ་ན་དང་༔ ཀ་ན་ཀ་དང་ཤཱཀྱ་ཤྲཱི་པྲ་བྷ༔ པྲ་ཛྙཱ་ཝརྟྟ་ཀཱ་ལ་ག་ལ་བྷ༔ བི་མ་མི་ཏྲ་གུ་ཧྱ་བུདྡྷ་དང་༔ ཨཱརྱ་དེ་བ་ཀ་མ་ལ་ཤཱི་ལ༔ དྷརྨཱ་གཱིརྟི་ཤཱནྟ་དེ་བ་དང་༔ ཤྲཱི་བ་ལེ་དྷར་ཙི་ཏྲ་མ་ཎི་དང་༔ ཤཱནྟིདྒརྦྷ་ཤཱི་ལ་མཉྫུ་དང་༔ བུདྡྷ་གུཔྟ་ཉི་ཤུ་རྩ་ལྔ་འདི༔ སྐུ་ལ་ཁྲོ་བ་མི་མངའ་བྱང་ཆུབ་སེམས༔ པཎ་ཆེན་ཀུན་དང་མཇལ་ཚུལ་ཟུར་ཙམ་ནི༔ ཆུ་ལེན་པ་ལ་འཕྲིན་བསྐུར་ལན་མ་བྱུང་༔ ཏཱ་ལའི་ལོ་མར་སྒྲ་འདི་བྲིས་ནས་བསྐུར༔ མ་ཧཱ་ཀཱ་རུ་ཎ་བུདྡྷ་དྷརྨཱ་སངྒྷ་ཛྙཱ་ན་མོ་ཡ༔ བོ་དྷི་སཏྭ་ཀཱ་རུ་ཎ་ས་མ་ཡ༔ ཛྙཱ་ན་གརྦྷ་ཀུ་རུ་བྷ་སྨིན༔ ཞེས་བསྐུར་སྒྲ་ལ་མཁས་པ་རྣམས་ཀྱིས་བསྒྱུར༔ འཕགས་པའི་འཕགས་པ་བྱང་ཆུབ་སེམས་དཔའ་ཁྱོད༔ འགྲོ་བ་རིགས་དྲུག་བསོད་ནམས་མི་ལུས་སྐུ༔ རིན་ཅེན་འབར་བ་སྡེ་སྣོད་གསུམ་གྱི་དབྱིག༔ ཡིད་བཞིན་ནོར་ལྟར་ཐུགས་རྗེའི་སྟོབས་མཆོག་ཅན༔ གསལ་ཁྱབ་ཉི་མ་ལྟ་བུའི་སྐུ་ལུས་ལ༔ སྐྱེ་བ་བརྒྱུད་ནས་མི་ལུས་ཐོབ་པ་ཡི༔ བོད་ཀྱི་དགེ་སློང་དངོས་ངན་བདག་དངོས་ཀྱིས༔ སྒྲིབ་པ་སྦྱང་ཕྱིར་དཀོན་ཅོག་རིན་ཅེན་ལ༔ རྟག་པར་མཆོད་ཅིང་ཡུན་དུ་ཞབས་འཁོར་བས༔ མུན་པ་བསལ་ནས་བསོད་ནམས་ཚོགས་བསྐྱེད་ན༔ ཐུགས་རྗེ་མ་བསྐྱེད་སྨོན་ལམ་མ་དག་པས༔ འཕགསཔའི་བཞུགས་གནས་སེམས་ཅན་གནས་སུ་འགྱངས༔ སྟུག་པོའི་ཉི་ཞལ་འཕགས་པའི་འཐིབས་བསལ་འཁུམས༔ སྟོན་པའི་ཐུགས་རྗེའི་ཞགས་པས་གཟུང་གསོལ་གོ༔ དེ་ནས་སྒྲ་ལན་བསྐུར་བ་འདི་ལྟ་སྟེ༔ ས་མ་ཡ་ཨ་པཱ་ར་མི་ཏ་ཛྙཱ་ན༔ ཞེས་བྱ་བ་བསྐུར་བཻ་རོ་ཙ་ནས་བསྒྱུར༔ སྔོན་གྱི་དམ་ཚིག་ཆེན་པོས་བདག་བསྐུལ་ན༔ ཁྱོད་དང་མི་འཕྲད་པ་ཡི་རང་དབང་མེད༔ འགྲོ་བའི་སེམས་ཉིད་དེ་བཞིན་གཤེགས་པ་ཡིན༔ སྲིན་བུ་པདྨ་ཡན་ཆད་སངས་རྒྱས་རྒྱུ༔ རིགས་དྲུག་འགྲོ་བ་སངས་རྒྱས་མཉམ་གྱུར་ཡང་༔ འཕགས་པའི་འཕགས་པར་སྟོན་པ་ཁྱོད་ཀྱིས་རྙེད༔ དཀོན་ཅོག་རིན་ཅེན་བླ་མེད་མཆོད་གནས་ལ༔ བསྔགས་པ་མཐོང་ན་ཚིགས་རྣམས་སྐྱེ་བའི་རྒྱུ༔ སེམས་ཀྱི་རུས་པས་ཡན་ལག་ཐད་བཅད་ནས༔ དཀའ་བས་བྱོན་པ་བདག་ཀྱང་དགའ་བའི་མཆོག༔ ཤེས་པ་བསྡུར་ལ་ཁད་ཀྱིས་འཕྲད་བྱར་གོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱ་གར་གྱི་པཎ་ཆེན་ཉི་ཤུ་རྩ་ལྔ་དང་༔ བོད་ཀྱི་བཻ་རོ་ཙ་ན་མཇལ་ཕྲད་མཛད་པའི་ལེའུ་སྟེ་དོན་གཉིས་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༣ བཻ་རོ་ཙ་ནས་རྐང་མགྱོགས་བསྒྲུབས་པ།

དེ་ནས་གསེར་གྱི་པ་ཏྲ་གསེར་ཕྱེ་ཕུལ༔ བོད་ཀྱི་རྒྱལ་པོའི་ལོ་རྒྱུས་ཞིབ་ཏུ་བསྙད༔ དགེ་སློང་ཆེན་པོ་བོ་དྷི་སཏྭ་དང་༔ སྔགས་པ་པདྨ་འབྱུང་གནས་བོད་ན་བཞུགས༔ རྒྱུ་དང་འབྲས་བུ་གཉིས་ཀྱི་ཆོས་སྒོ་ནས༔ སངས་རྒྱས་བསྟན་པ་གཉིས་ལྡན་གསལ་བར་མཛད༔ རྒྱལ་པོ་རྒྱུ་འབྲས་ཆོས་ཀྱིས་མ་ཚིམ་ཞིང་༔ ཅི་ག་ལས་དང་ཉོ་ག་ཐོས་སོ་ལས༔ ལུང་དྲངས་པ་ཡི་ཆོས་ཚོ་ཚོལ་དུ་བཏང་༔ ཐུགས་ལ་གདགས་པར་ཞུས་པས་རབ་ཏུ་མཉེས༔ པཎ་ཆེན་རིམ་པ་བཞིན་དུ་ཆོས་བཀའ་བསྒོ༔ ལེགས་གྲུབ་ངོ་སོ་འདོད་ནས་སྔོན་ལ་སོང་༔ མ་དེ་མ་ཤིའི་གོང་དུ་ཆོས་འཆད་ཟེར༔ བསམ་པ་ལམ་ལུས་གཅན་འཕྲང་དམ་པོས་བསད༔ བཻ་རོ་ཙ་ནས་བསྡད་དེ་ཆོས་ལ་སྦྱངས༔ བླ་མས་ཚིམ་མམ་གསུངས་ཀྱང་མ་ཚིམ་ཞུས༔

ལག་པ་སྔས་བཅུག་ཁ་སྦུབས་ཉལ་ནས་བསྡད༔ ནའམ་གསུངས་པས་ན་ཞུས་ཅི་ན་གསུངས༔ བཻ་རོས་ན་བ་བཞི་ཡི་མགུར་འདི་གསུངས༔ བདག་ནི་མཐོང་སྟེ་མ་འཕྲད་རང་སེམས་ན༔ མྱོང་སྟེ་མ་ཚིམ་ད་དུང་རང་སེམས་ན༔ ཆ་ཙམ་ཐོས་ཏེ་མ་གོ་རང་སེམས་ན༔ ནད་ནི་རྫོགས་ཆེན་སེམས་སྡེ་མ་བུས་ན༔ ནད་དེ་མཐའ་རུ་ཕྱིན་པའི་སྨན་ཅིག་ཞུ༔ བླ་མ་དགྱེས་ཏེ་བདག་གིས་ཀུན་བསྟན་ན༔ ཁྱོད་ཀྱིས་ཅི་ལ་བརྡུགས་ནས་མ་བྱུང་གསུངས༔ བཻ་རོས་བརྡུགས་པ་བཅུ་ཡི་མགུར་འདི་གསུངས༔ ཕྱོགས་རིས་མེད་པའི་ལྟ་བ་དེ༔ ལ་ཤན་གཉིས་ཀྱི་འཕྲང་ལ་བརྡུགས༔ དུས་གསུམ་སངས་རྒྱས་དགོངས་པ་དེ༔ བྱིང་རྒོད་གཉིས་ཀྱི་འཕྲང་ལ་བརྡུགས༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་སྟེ༔ བརྡ་དོན་མ་འཕྲད་འཕྲང་ལ་བརྡུགས༔ རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་སྟེ༔ དོན་དང་བྲལ་བའི་འཕྲང་ལ་བརྡུགས༔ སངས་རྒྱས་སྤྱོད་ཡུལ་རང་དབང་དེ༔ སྤྱི་བླུགས་ཚངས་པའི་དབང་ལ་བརྡུགས༔ སྤྱོད་པ་བླང་དོར་བྲལ་བ་དེ༔ འདོད་རྩོལ་གཉིས་ཀྱི་འཕྲང་ལ་བརྡུགས༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་རིགས་གཉིས་ཀྱི་འཕྲང་ལ་བརྡུགས༔ ཡེ་ཤེས་རང་བྱུང་ཟང་ཐལ་དེ༔ བག་ཆགས་འཐུག་པོའི་འཕྲང་ལ་བརྡུགས༔ མན་ངག་སེམས་སྡེ་མ་བུ་འདི༔ ཟུང་དུ་མ་འབྲེལ་འཕྲང་ལ་བརྡུགས༔ བཻ་རོ་ཙ་ན་འགྲོ་བ་ལ༔ འགྲོ་དང་འགྲོ་སྟེ་འཕྲང་ལ་བརྡུགས༔ ཞེས་གསུངས་བླ་མ་རབ་དུ་དགྱེས་པར་གྱུར༔ སྔར་གྱི་སྟེང་དུ་བྱང་སེམས་རྨད་བྱུང་བཤད༔ མདོ་རྩ་མདོ་ལུང་མདོ་འགྲེལ་ལ་སོགས་པ༔ རྫོགས་པ་ཆེན་པོ་སེམས་སྡེ་མ་བུ་བཤད༔ རྫོགས་པ་ཆེན་པོ་འཁོར་བ་རྩད་གཅོད་རྒྱུད༔ རྒྱ་མཚོ་ཀློང་དང་ཀློང་ཁྲ་ཀློང་ནག་བཤད༔ མན་ངག་ཐུགས་ཐག་ཆོད་པ་མང་པོ་གནང་༔ བློ་ལ་ཟིན་ཚད་བཟུང་ཞིང་མ་ཟིན་རྣམས༔ ཏ་ལའི་ལོ་མར་བྲིས་ནས་ཡང་ཆས་བྱས༔ དེ་ནས་བོད་དུ་འགྲོ་བར་དགོངས་པ་ལ༔ གུ་རུས་ཁྱོད་ཀྱི་གྲོགས་པོ་ལེགས་གྲུབ་གུམ༔ ཁྱོད་ཀྱང་བསད་འགྲོ་རྐང་མགྱོགས་སྒྲུབས་ཤིག་གསུངས༔ རྐང་མགྱོགས་མཁན་པོ་ཀུ་མཱ་ར་ལ་ཞུས༔ ཀུ་ཤ་ལྕགས་ཀྱི་སྡོང་པོ་ཅན་གནས་སུ༔ རེ་ཏཱི་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བསྒྲུབས༔ ཡུལ་དེའི་མི་རྣམས་ཁྱོད་འདིར་ཅི་བྱེད་ཟེར༔ ལན་དུ་བཻ་རོ་ཙ་ནས་མགུར་འདི་གསུངས༔ བདག་ནི་ལོ་ཙཱ་བཻ་རོ་ཙ་ན་སྟེ༔ དམིགས་མེད་མཁའ་ལྟར་དག་པ་ཆོས་ཀྱིས་ཀྱི་དབྱིངས༔ བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས༔ ཡ་མཚན་རྨད་བྱུང་བདག་གི་ལུས་འདི་རྙེད༔ མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས་ནས་འོངས༔ འཇིག་རྟེན་འདི་ཡི་དགོས་པའི་གཏམ་བགྱིས་ཏེ༔ ཀུན་གཞི་མ་བཅོས་བདེ་ཆེན་ལྷུན་རྫོགས་པའི༔ མཁའ་ལྟར་དག་པའི་བྱང་ཆུབ་སེམས་ཉིད་འདི༔ རིག་པའི་ཀློང་ནས་ཐུགས་རྗེའི་ཉི་མ་ཤར༔ དུས་གསུམ་རྒྱལ་བའི་དགོངས་པ་བདག་གིས་རྙེད༔ སྐྱེ་མེད་མི་དམིགས་ཡི་གེ་ཨ་གཅིག་ལས༔ དགོངས་པའི་དོན་དུ་བྱ་བ་དེ་ལས་མེད༔ ཨ་ནི་ཡེ་ནས་མི་དམིགས་སྐྱེ་མེད་དེ༔ སྐྱེ་མེད་ཆོ་འཕྲུལ་དགོས་དགུ་འབྱུང་བའི་ཕྱིར༔ དེ་ལས་བྱུང་བའི་དོན་ནི་འདི་རྣམས་སོ༔ ནོར་ནི་མ་མཆིས་མཁས་པའི་མན་ངག་འཆང་༔ བླ་མ་མ་མཆིས་པཎ་ཆེན་ཉི་ཤུ་ལྔ༔ འཁོར་ནི་མ་མཆིས་ལྷ་སྲིན་སྡེ་བརྒྱད་བསྐོར༔ ཆུང་མ་མ་མཆིས་ཀུན་ཏུ་བཟང་མོ་ཡིན༔ གྲོགས་ནི་མ་མཆིས་མ་མོ་མཁའ་འགྲོའི་གྲོགས༔ རྟ་ནི་མ་མཆིས་ཚོགས་བརྒྱད་ཡིད་ཀྱི་རྟ༔ བུ་ནི་མ་མཆིས་རིག་པའི་ཡེ་ཤེས་བུ༔ ལྷ་ནི་མ་མཆིས་རང་སེམས་དོན་གྱི་ལྷ༔ མཐུ་ནི་མ་མཆིས་དུག་གསུམ་རྩད་ནས་གཅོད༔ རྟེན་ས་མ་མཆིས་དོ་ནུབ་རྟེན་ས་མཛོད༔ ཅེས་གསུངས་འདུས་པའི་ཚོགས་རྣམས་ཡི་རང་བྱུང་༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བཻ་རོ་ཙ་ནས་ཀུ་ཤ་ལྕགས་སྡོང་དུ་རྐང་མགྱོགས་བསྒྲུབས་པའི་ལེའུ་སྟེ་དོན་གསུམ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༤ བཻ་རོ་ཙ་ན་བོད་དུ་འབྱོན་པར་ཆས་པ།

དེ་ནས་རྐང་མགྱོགས་གྲུབ་སྟེ་ཆས་རྣམས་ཁུར༔ ཡུལ་ད་ཀོ་ཤ་ཙནྡན་གླིང་དུ་བྱོན༔ ད་ཀོའི་རྒྱལ་པོ་རཱ་ཧུལ་བྱི་བྱི་འོངས༔ རས་ཀྱི་པར་ཀ་ཏ་ཞིག་གུས་ཕུལ་ནས༔ བོད་ཀྱི་བནྡེ་སྐྱེ་མེད་ཆོས་བྱ་བ༔ ཇི་ལྟ་བུ་ལ་ཟེར་བ་གསུངས་དང་ཟེར༔ པར་ཏ་སྐུ་ལ་གསོལ་ནས་མགུར་གསུངས་པ༔ བདག་ནི་རྣམ་པར་སྣང་མཛད་དེ༔ འགྲོ་བ་རྣམ་པ་སྣ་ཚོགས་ལ༔ གསལ་བྱའི་ཉི་མ་བྱ་དགོངས་ནས༔ དཀའ་བ་བཅུ་དྲུག་དཀའ་ལས་བགྱིས༔ སྒྱུ་མའི་ཕུང་པོ་ལུས་བཤིག་ནས༔ སྟོན་པའི་ཐུགས་རྗེ་བདག་ལ་ཤར༔ ཀུན་ལ་སྣང་བར་མཛད་པས་ན༔ མིང་ཡང་རྣམ་པར་སྣང་མཛད་ཡིན༔ མིང་དང་དོན་དུ་བདག་མཐུན་ཏེ༔ ཆོས་དབྱིངས་མཁའ་ལྟར་དག་པའི་གཏིང་རྫོགས་པས༔ སངས་རྒྱས་ངོ་བོར་མ་གྱུར་གཅིག་ཀྱང་མེད༔ སྟོན་པའི་ཞལ་སྐྱིན་བདག་གིས་བཤད་པ་འདི༔ རྒྱལ་པོའི་ཐུགས་ལ་དགོངས་ལ་བག་ཙམ་ཉོན༔ དམིགས་སུ་མེད་པའི་བྱང་ཆུབ་སེམས༔ གཟུང་དང་འཛིན་པ་གཉིས་དང་བྲལ༔ ཐ་སྙད་ཚིག་གི་སྒྲ་སྤངས་ནས༔ དེ་ཉིད་གསལ་ལ་མ་ཡེངས་པ༔ སྐྱེ་བ་མེད་པའི་ཆོས་དབྱིངས་ཡིན༔ དགོངས་པའི་དོན་དུ་དེ་བཞག་གོ༔ དེ་ཉིད་མ་ནོར་བསྒོམ་པ་ན༔ སྐྱེ་བ་ཕྱི་མ་མི་ལེན་ངེས༔ ཞེས་གསུངས་རྒྱལ་པོ་རབ་ཏུ་མཉེས་གྱུར་ནས༔ འཕགས་པ་བྱམས་སྐུ་གསེར་ལས་བྱས་ཤིག་ཕུལ༔ དེ་ནས་བོད་དུ་འགྲོ་བར་ཆས་པ་ལ༔ རྒྱལ་བློན་པཎྜི་ཏ་ཀུན་རྨི་ལྟས་ལོག༔ གྲོང་ཁྱེར་སེར་སྐྱའི་ཤཱི་ལ་ནཱ་ལེནྡྲའི༔ སྒོ་དྲུང་ཚོགས་ནས་བགྲོས་ཤིང་པྲ་མོ་ཕབ༔ ཡ་གི་རྫོགས་པ་ཆེན་པོ་མན་ཆད་ནས༔ མ་གི་ཉན་ཐོས་ཐེག་པ་ཡན་ཆད་ཀྱི༔ མདོ་སྔགས་ཆོས་རྣམས་བོད་དུ་ཁྱེར་བས་ལན༔ དེ་ནས་རྐང་མགྱོགས་བཏང་སྟེ་གསོད་པར་བྱས༔ རྐང་མགྱོགས་མཁན་པོས་བཻ་རོའི་གན་དུ་བརྒྱུགས༔ མཁས་པ་བདུན་པོའི་རྨི་ལམ་བཟླས་པ་ནི༔ ཀྱེ༔ གྲོགས་པོ་བྱང་ཆུབ་སེམས་དཔའ་སྙན་གསོན་དང་༔

རྒྱལ་པོ་ཀུཀྐུ་རཱ་ཛ་འདི་སྐད་ཟློ༔ ཐེག་པའི་རྒྱལ་པོ་མན་ངག་བདེ་ཆེན་འདི༔ རྡོ་རྗེའི་ཡང་ཐེག་མན་ངག་དོན་གྱི་བླ༔ ཚེ་གཅིག་འབྲས་བུ་ཐོབ་པའི་མན་ངག་ཆོས༔ གབ་པའི་མན་ངག་སེམས་ལ་སྦས་པ་ལས༔ དགོངས་པའི་ཉམས་སུ་བདག་ལ་འདི་ལྟར་བྱུང་༔ ཀུན་ལ་སྙོམས་པའི་ཉི་མ་མཆིས་པ་ལས༔ ས་བརྒྱད་བྱང་ཆུབ་སེམས་དཔའི་སྤྲུལ་པ་ནི༔ སྒྲིབ་པ་སྦྱངས་པའི་གནོད་སྦྱིན་མགོ་ཅན་གཉིས༔ འོ་སྐོལ་རྒྱ་གར་ཡུལ་དུ་མཆིས་པ་ལས༔ ཉི་མ་སྨིན་ཕྲག་བཅུག་ནས་ཁྱེར་བ་རྨིས༔ རྡོ་རྗེ་གདན་གྱི་མན་ངག་མ་ཤོར་རམ༔ པཎྜི་ཏ་ཡིས་རྐང་མགྱོགས་ལ་འུར་ཐོང་༔ དེ་སྐད་གསུངས་ནས་སྤྱན་སྔར་མཆིས་པ་ལགས༔ དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགས༔ འཇམ་པའི་དཔལ་བཟང་ནོར་བུ་ཁྱེར་བ་རྨིས༔ བདག་ཉིད་མ་ཡི་མིག་ཕྱུང་ཁྱེར་བ་རྨིས༔ ཤྲཱི་སིངྷའི་སྙིང་ཕྱུང་ཁྱེར་བ་རྨིས༔ ཀུན་དགའ་མོ་ཡིས་བྱང་ཆུབ་ཤིང་བཅད་ནས༔ བོད་དུ་ཁྱེར་བ་རྨིས་པ་ལ་སོགས་བཤད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བཻ་རོ་ཙ་ནས་རྐང་མགྱོགས་བསྒྲུབས་ནས་བོད་དུ་འབྱོན་པར་ཆས་པའི་ལེའུ་སྟེ་དོན་བཞི་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༥ བཻ་རོ་ཙ་ནས་ཆོས་གསུངས་པ་ལ་ཕྲ་མ་བྱུང་བ།

དེ་ནས་བཻ་རོ་ཙ་ནས་ལན་བཏབ་པ༔ མི་རུ་སྐྱེས་པས་སྐྱེ་བ་གཞན་ལས་འཕགས༔ སྨོན་ལམ་དག་པས་རྒྱ་གར་ཡུལ་དུ་བརྟོལ༔ དངོས་གྲུབ་ཐོབ་པས་རྫུ་འཕྲུལ་རྐང་མགྱོགས་གྲུབ༔ བླ་མ་མཆོད་ལས་ཆོ་རིགས་བཙུན་པར་སྐྱེས༔ དམ་ཚིག་བསྲུངས་པས་འདི་རུ་བསམ་དགུ་གྲུབ༔ སྒྲིབ་པ་བྱང་བས་མཁས་པའི་བཀའ་བགྲོས་པ༔ གཞུང་ལུགས་བཟང་པོ་ཀུན་གྱིས་བསྟན་པར་འཁུར༔ དགོས་དགུ་ལུས་ལ་ཚང་བས་བདག་གིས་གྲོགས་སུ་བཙལ༔ ལུས་སྲོག་ཕ་མས་བསྐྱེད་ཀྱང་སྲིད་སྲོག་གྲོགས་པོས་བཏོན༔ ཁྱོད་དང་འགྲོགས་པས་བདག་གིས་ཡང་དག་བྱང་ཆུབ་བརྙེས༔ བོད་ཀྱི་རྒྱལ་ཁམས་མ་རིག་མུན་པ་ཀུན་སེལ་བས༔ འགྲོ་བ་ཇི་ལྟར་སྨིན་ཅིང་གྲོལ་བར་བྱ་བའི་དོན༔ ཀུ་མཱ་ར་ལ་དགེ་བའི་རྩ་བ་ཡོངས་སུ་བསྔོ༔ རྐང་མགྱོགས་ལེགས་པར་གྲུབ་པས་ད་ནི་བདག་ཀྱང་འགྲོ༔ བལ་ཡུལ་ཙམ་དུ་སྙིང་གཏམ་བཟླ་ཡི་གྲོགས་པོས་སྐྱོལ༔ ཞེས་གསུངས་གསེར་གྱི་པ་ཏྲ་གཅིག་བྱིན་ནོ༔ དེ་ནས་ཀུ་མཱ་ར་ཡིས་གཅན་འཕྲང་བསྒྲལ༔ འཕྲང་སྲུང་པ་ལ་བརྔན་པ་བྱིན་ནས་བཀྲོལ༔ རྐང་མགྱོགས་བྱུང་ནས་བནྡེ་འདྲི་བ་ན༔ མ་མཐོང་གནོད་སྦྱིན་ཤ་བའི་ཡིབ་ཞུ་ཅན༔

གླང་འཁར་སྐྱ་བོ་ལག་ན་ཐོགས་ཤིག་སོང་༔ ད་ཙམ་བོད་ཡུལ་མཐིལ་དུ་སླེབ་བགྱིས་ཤིག༔ ཀུ་མཱས་མནའ་དག་བཅུག་ནས་སེར་སྐྱར་བརྒྱུགས༔ བོད་བན་གསོད་བྱས་རྐང་མགྱོགས་ཟླ་སྦྲན་འོངས༔ གཅན་འཕྲང་པར་དྲིས་ངག་བཅུག་བཞིན་དུ་ཟེར༔ དེ་ནས་བཻ་རོ་ཙ་ན་བལ་ཡུལ་སླེབས༔ གསེར་སྐུ་འཕགས་པ་ཤིང་ཀུན་ལ་ཕུལ་ནས༔ འབུལ་བ་བཞེས་པའི་ཆེད་དུ་མགུར་འདི་གསུངས༔ སྒྲིབས་རྐྱེན་མི་མངའ་དུས་གསུམ་རྒྱལ་བའི་སྐུ༔ ཐུགས་རྗེའི་བཀའ་བཙན་འཛམ་གླིང་ནམ་མཁའ་འདྲ༔ སྟོན་པའི་ཐུགས་རྗེ་ཕྱོགས་ལྷུང་མི་མངའ་ཡང་༔ འཁོར་བའི་ལམ་ནི་མཐའ་མེད་རྒྱ་མཚོ་འདྲ༔ ཐུགས་རྗེས་འཁོར་བའི་རྒྱ་མཚོ་སྐེམ་པའི་ཕྱིར༔ དུས་གསུམ་རྒྱལ་བའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་མགུར་གསུངས་འཕགས་པའི་སྐུ་ཕུལ་ལོ༔ དེ་ནས་བོད་དུ་བྱོན་པའི་ལམ་ཀ་རུ༔ རྒྱ་གར་བརྟན་མ་རེ་ལྕམ་ཁ་བ་བཏང་༔ བཀའ་འདི་བདེན་བརྫུན་བརྟག་པའི་མགུར་གསུངས་པ༔ དུས་གསུམ་སངས་རྒྱས་རང་གི་སེམས་ཉིད་དེ༔ སྐྱེ་ཤི་མེད་པ་དུས་གསུམ་སངས་རྒྱས་སོ༔ ཡ་རབས་བློ་དང་ལྡན་པའི་སྐལ་ལྡན་ལ༔ སེམས་ཀྱི་ཉི་མ་གསལ་བར་བྱ་བའི་ཕྱིར༔ བསམ་པ་བཟང་པོ་གསེར་དང་འདྲ་བ་ཡིས༔ བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་བར་ལ༔ དཀའ་བ་བཅུ་དྲུག་བསྡོས་ནས་མན་ངག་བཙལ༔ དཀའ་བ་གཅིག་གིས་བར་དུ་མ་ཆོད་པས༔ བཀའ་འདི་བདེན་ན་ཁ་བ་འདི་ཆོད་ཅིག༔ ཅེས་གསུངས་རེ་ལྕམ་ལྷ་མོ་དམར་མོའི་ཚུལ༔ སྤྲིན་གསེབ་སྐུ་བསྟན་ཕྱག་བྱས་བྲན་ཁས་བླངས༔ དེ་ནས་བསམ་ཡས་བྱོན་པས་རྒྱལ་པོ་ཉིད༔ ཟ་འོག་གུར་ཁྱིམ་འདབ་ན་བཞུགས་པ་ལ༔ བཻ་རོས་རྗེ་དང་མཇལ་པའི་འཕྲིན་བསྐུར་བས༔ རྒྱལ་པོ་དགྱེས་ནས་ལམ་ལ་སྣ་ལེན་མཛད༔ བཻ་རོས་གུར་འདབ་བྱང་ངོས་སློག་ནས་བྱོན༔ རྗེ་ཡིས་བཀའ་སྩལ་དམ་ཆོས་ལོན་ནས་བདོག༔ རྒྱ་གར་ཕྲག་དོག་ཕྲ་མར་མི་གསན་ཞུ༔ གསོལ་བས་རྒྱལ་པོ་དམ་ཆོས་ལོན་པས་དགྱེས༔ དབུ་སྐྲ་ཐེམ་པར་བཀྲམ་ནས་ནང་སྤྱན་དྲངས༔ འབངས་ནས་ཡར་བཏོན་དབུ་ཡི་མཆོད་གནས་མཛད༔ རྒྱལ་པོའི་ཆིབས་པ་མཚའ་ལུ་མེ་སྟག་ལ༔ སྟག་ལྤགས་སྟན་སྟེང་སེང་ལྡེང་སྒ་བསྟད་ནས༔ གསེར་གྱི་སྲབ་བཅུག་གཡུ་ཡི་མཐུར་བཏགས་ཕུལ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཕྱག་བཙལ་ནས༔ ཀྱེ་ཧོ༔ དགོངས་ཤིག་སློབ་དཔོན་ལགས༔ མཚའ་ལུ་མེ་སྟག་འོད་ཟེར་འཕྲོ༔ ཁྲ་བོ་སྟག་གི་སྒ་སྟན་བསྟད༔ གསེར་གྱི་སྲབ་ལ་གཡུ་ཡི་མཐུར༔ ཁྲི་སྲོང་ལྡེའུ་བཙན་གུས་པས་འབུལ༔ བཻ་རོ་ཙ་ནས་རབ་བཞེས་ལ༔ ལྟ་བའི་རྒྱལ་པོ་བཤད་དུ་གསོལ༔ ཞེས་ཞུས་བཻ་རོ་ཙ་ན་ཡིས༔ ལྟ་བའི་རྒྱལ་པོ་ནམ་མཁའ་ཆེ༔ དུད་འགྲོའི་རྒྱལ་པོ་རྟར་མི་འཚོང་༔ དུད་འགྲོའི་རྒྱལ་པོ་རྟར་བཙོངས་ན༔ དུས་གསུམ་རྒྱལ་བའི་ཐུགས་ཀྱིས་ཁྲེལ༔ ཞེས་གསུངས་བཤད་པར་མ་བཞེས་སོ༔ དེ་ནས་གསེར་དངུལ་ཕྱག་མང་ཕུལ་ནས་ཞུས༔ ནམ་གྱི་གུང་ལ་གསང་སྔགས་ཆོས་རྣམས་གསུངས༔ ཉིན་པར་དུས་སུ་མདོ་ཆོས་མང་དུ་བསྒྱུར༔ བར་སྐབས་མན་ངག་ཟབ་དགུའི་ཆོས་རྣམས་གསུངས༔ དེ་ཡང་མན་ངག་ཆོས་རྣམས་གོས་དཔེར་བླངས༔ ནམ་མཁའ་ཆེ་ནི་ལེགས་པའི་སྟོད་གུར་ལ༔ ཡུལ་རྣམས་ཀུན་ལ་འཇུག་པའི་ཤམ་བུ་བཏགས༔ ཁུ་བྱུག་དང་ནི་རྩ་ཆེན་ཕུ་དུང་ལ༔ བྱང་སེམས་དོན་གྲུབ་གོང་བས་བརྒྱན་ནས་བཤད༔ རྒྱུད་ལུང་ཆོས་ལ་གཤིན་རྗེའི་གཏམ་རྒྱུད་དང་༔ རིན་ཅེན་འོད་རྒྱུད་དབང་བསྐུར་རྒྱལ་པོའི་རྒྱུད༔ ནམ་མཁའ་ཆེ་ལ་སོགས་པའི་རྒྱུད་ལྔ་དང་༔ རྨད་དུ་བྱུང་བ་ཀུན་བྱེད་རྒྱལ་པོ་དང་༔ མདོ་བཅུ་དང་ནི་རྒྱ་མཚོའི་ཀློང་རྣམས་བསྒྱུར༔ ནང་སྔགས་ཏནྟྲ་སྡེ་ནི་བཅོ་བརྒྱད་སོགས༔ མ་ཧཱ་ཡོ་གའི་རྒྱུད་སྡེ་བཅུ་དྲུག་བསྒྱུར༔ བཻ་རོ་ཙ་ན་ཉིད་ཀྱིས་མཛད་པའི་ཆོས༔ སྙན་བརྒྱུད་ཐུགས་ཀྱི་སྙིང་ཁུ་ལ་སོགས་གསུངས༔ དེ་ལྟར་ཆོས་གསུང་འདུག་པ་རྒྱ་གར་ཐོས༔ རྒྱ་གར་པཎྜི་ཏ་ཡིས་ཕྲག་དོག་བྱས༔ བོད་ལ་ཐེ་ཙོམ་སྐྱེད་པའི་ངན་སྒྲོག་བཏང་༔ བོད་ཀྱི་བནྡེས་དམ་ཆོས་མ་རྙེད་པར༔ ཁྲོ་ཆུ་ཕྲ་མེན་ངན་སྔགས་མང་པོ་ཁྱེར༔ བོད་ཕུང་འགྲོ་བས་བཀའ་ཁྲིམས་སྦྱོར་ཅིག་ཟེར༔ བོད་རྣམས་ཕྲ་མ་སྔ་བཙན་དགའ་བ་དང་༔ རྒྱལ་པོའི་བློན་ཕྱེད་བོན་བློན་ཡིན་པ་དང་༔ བོན་ཆོས་གཉིས་པོ་ཆགས་སྡང་ཆེ་བ་ཡིས༔ རྒྱལ་པོས་བོན་སྤྱུགས་ཆོས་ཀྱི་ཁ་བཟུང་བས༔ བོན་གྱི་བློན་པོ་ལི་སྟག་ཆེན་པོ་དང་༔ བོན་བློན་ཆེ་བ་ལི་ཐི་ཁྲ་མི་ཡིས༔ བློན་པོ་བསྡུས་ནས་རྗེ་ལ་གྲོས་བཏབ་བྱས༔ པ་གོར་གན་ཇག་ཐང་ཏ་བྱ་བ་འདིས༔ ཚོལ་དུ་བཏང་བའི་ཆོས་ནི་མ་རྙེད་པར༔ མི་གཉིས་བཏང་བས་ལེགས་གྲུབ་ལམ་དུ་བསད༔ བོད་ཡུལ་ཕུང་པའི་ངན་སྔགས་ཁྱོངས་འདུག་པས༔ རྒྱལ་པོ་ཕོ་བྲང་བཞུགས་ལ་དགྲ་མི་འོང་༔ བསླུ་བ་མཁན་གྱི་ནག་ཉེས་ཅན་འདི་སོད༔ མེ་ཆུ་ང་གི་ཁྲིམས་ཀྱིས་ཚར་གཅོད་ཞུ༔ རྒྱལ་པོས་མི་བདེན་ཕྲག་དོག་ཡིན་བརྗོད་པས༔ བོན་བློན་རྣམས་ཀྱིས་ཡང་ནས་ཡང་གཏུགས་ཏེ༔ རྒྱལ་པོས་ཆུ་ལ་བསྐུར་བར་ཞལ་གྱིས་བཞེས༔ གཡོར་ཕྱོགས་གྲ་བའི་ལྡོམ་བུ་པ་ཞིག་བཟུང་༔ བཻ་རོ་ཙ་ནའི་ཞྭ་གོས་ལྷམ་བསྐོན་ནས༔ འཕྲལ་ལ་དགོས་པའི་འཚོ་བ་ཟས་སྐོམ་བསྐུར༔ བསམ་ཡས་རྐ་ཆུའི་འོག་ནས་རྗེ་ཡིས་བོས༔ ཀྭའི༔ ང་ཡི་བོད་འབངས་ཐམས་ཅད་འདིར་འདུས་ཤིག༔ དེ་སྐད་བརྗོད་པས་ཐམས་ཅད་འདུས་པ་དང་༔ ཕྲ་མེན་ངན་སྔགས་མཁན་པོ་གསོད་བྱས་ཏེ༔ ཆུ་ལ་བསྐུར་བ་འདི་ཉིད་ཡིན་ནོ་གསུངས༔ དམངས་རྣམས་དྲུང་དུ་ཉེ་བར་མ་གྱུར་གོང་༔ ཟངས་གཉིས་ཁ་སྦྱར་ནང་དུ་སྤྲང་པོ་བཅུག༔ ཁ་ལ་ལྕགས་གཟེར་བཏབ་ནས་ཆུ་ལ་བསྐུར༔ དེ་ནས་བློན་འབངས་ཡིད་གཉིས་ཐེ་ཚོམ་ནས༔ བཻ་རོ་མིན་རིའི་དབུ་སྙུང་བཞེས་དགོས་ཟེར༔ དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ མི་དེ་བཻ་རོ་མིན་རི་བྲག་བཙན་དཔང་༔ དེ་ནས་བློན་པོ་ཐམས་ཅད་ཁོ་ཐག་ཆད༔ མཁས་པ་བཻ་རོ་ཙ་ནའི་ཐུགས་དགོངས་ལ༔ ང་ཡི་གླུད་དུ་མུ་ཏོ་སྡུག་གེ་སོང་༔ སྙིང་རྗེས་མ་བཟོད་སྨོན་ལམ་རྒྱ་ཆེར་བཏབ༔ བཻ་རོ་ཙ་ནས་སྦྱངས་པའི་ཡོན་ཏན་གང་༔ དེ་དག་སྤྲང་པོའི་ཡུལ་དུ་རྒྱས་པར་ཤོག༔ སྐབས་སུ་མཁས་པ་སྤྲུལ་སྐུར་འབྱོན་གྱུར་ཅིག༔ སྤྲང་པོ་མིས་བཟུང་བསྟེན་པའི་ཡུལ་ཕྱོགས་དེར༔ བཀྲ་ཤིས་བདེ་ལེགས་ལོངས་སྤྱོད་འབྱོར་ལྡན་ཤོག༔ སྤྲང་པོ་འོལ་ཀ་མཁར་ལྟག་ཁོལ་མར་ཆགས༔ དེ་ཉིད་ཁོལ་གྱི་བདག་པོ་ཞིག་གིས་རྙེད༔ ནང་དུ་ཅི་འདུག་བལྟས་པས་བཙུན་པ་བྱུང་༔ ཁོལ་བདག་ཁོ་རང་བུ་བྱས་ཁྱིམ་ཕོག་པས༔ འོལ་ཀ་རྒྱུག་ཐང་ལྡོམ་མིའི་གྲོང་ཚོ་ཆགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བཻ་རོ་ཙ་ནས་ཆོས་གསུངས་པ་ལ་ཕྲ་མ་བྱུང་བའི་ལེའུ་སྟེ་དོན་ལྔ་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༦ བཻ་རོ་ཙ་ནས་མགུར་གསུངས་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བཻ་རོ་ཙ་ན་གཞན་གྱིས་མཐོང་དོགས་ནས༔ རྒྱལ་པོ་ཉི་མ་བསྲོ་བའི་གདུགས་ཁང་གི༔ བྱ་ཁང་ཀ་བའི་ལོགས་ལ་ཆོལ་བྲུས་ཏེ༔ དེ་ལ་ཕྱོགས་བཞིར་ཀ་བ་བཞི་བཙུགས་ནས༔ དེ་ཡི་ནང་དུ་བཻ་རོ་ཙ་ན་བཞུགས༔ དེ་ནས་འབངས་ལ་མར་ནག་ཁྲལ་བཀལ་ནས༔ མཚན་མོ་གསང་སྔགས་རྡོ་རྗེའི་ཐེག་པ་བསྒྱུར༔ ཉིན་པར་མཚན་ཉིད་ཐམས་ཅད་བསྒྱུར་དུ་བཅུག༔ དེ་ཡི་དུས་ན་མངའ་བདག་རྒྱལ་པོ་ཉིད༔ ནུབ་ཀྱི་རེས་ལ་གར་སོང་ཆ་མེད་ནས༔ ཇོ་མོ་ཚེ་སྤོང་བཟའ་བ་དམར་རྒྱན་གྱིས༔ མིག་སེར་ཆེ་བས་བུད་མེད་གཞན་ཡོད་བསམ༔ རྒྱལ་པོའི་ཕྱིར་འབྲངས་གང་དུ་གཤེགས་བལྟས་པས༔ གློ་འབུར་ནང་དུ་སློབ་དཔོན་ཚ་དྲོ་དྲངས༔ ཞྭ་ཐོད་ཕུད་ནས་བཀུར་སྟི་བྱེད་པ་མཐོང་༔ བཻ་རོ་ཙ་ནས་མདོ་བསྔོ་གསུང་བ་ཐོས༔ བཙུན་མོས་བལྟས་དང་རྒྱལ་པོའི་སྤྱན་ཟུར་འདྲེས༔ བཙུན་མོས་བློན་འབངས་ཀུན་ལ་བཤད་ཀྱིས་དོགས༔ རྒྱལ་པོས་བལྟས་བྱས་བདས་པས་མོ་མ་ཟིན༔ དེ་དུས་དམག་ལ་འགྲོ་ན་ཟངས་དུང་འབུད༔ ཚ་དྲོའི་དུས་སུ་དུང་དཀར་འབུད་པ་དང་༔ གཎྜཱི་བརྡུངས་ན་ཆོས་ལ་སྤྱོན་ཟེར་ཡིན༔ རྔ་བོ་ཆེ་བརྡུངས་འདུན་མར་འདུས་ཤིག་ཟེར༔ དམར་རྒྱན་རྔ་བོ་ཆེ་ལ་བརྡུངས་པ་ཡིས༔ ཕྱི་བློན་ནང་བློན་གྲོས་དབང་ཐམས་ཅད་འདུས༔ འདུས་པ་རྣམས་ལ་ཇོ་མོས་འདི་སྐད་བརྗོད༔ ཆུ་ལ་བསྐུར་དེ་སྤྲང་པོ་ཡིན་འདུག་པས༔ ངན་ཐབས་མཁན་དེ་ཕུགས་ན་སྦས་ནས་འདུག༔

བོད་ཕུང་མི་དགའ་རྗེ་ལ་གྲོས་ཐོབ་སོད༔ དེ་སྐད་ཟེར་བའི་རྒྱུ་མཚན་དམར་རྒྱན་གྱིས༔ བཻ་རོ་ཙ་ན་ནན་ཏར་མཚར་དྲགས་པས༔ ཇོ་མོས་དུས་བཏིང་སློབ་དཔོན་མ་བྱོན་ནས༔ དེ་ཡི་སྙིང་ནད་བྱས་པ་ཡིན་ནོ་སྐད༔ དེ་ནས་ཕྱི་བློན་ནང་བློན་བཅུ་བཞི་ཡིས༔ གྲོས་ལ་དབང་བའི་འདུན་གྲོས་མཁན་ཚོ་བསགས༔ འབངས་འཁོར་ཡོངས་ནི་ཇོ་མོ་བདེན་ཞེས་ཟེར༔ མངའ་བདག་དྲུང་དུ་ལྷ་བཟང་ཀླུ་དཔལ་བཏང་༔ འབངས་རྣམས་ཡོ་འབོག་ལྕང་མེའི་ཐང་ལ་ཚོགས༔ རྗེ་ལ་ཞུ་བ་བདོག་པས་སྐུ་བསྐྱོད་ཞུས༔ དེ་ནས་རྒྱལ་པོས་འབངས་ཀྱི་གསེབ་ཏུ་བྱོན༔ འབངས་རྣམས་རྗེ་ལ་ཞུ་བ་འདི་བཞིན་བྱེད༔ མངའ་བདག་རྒྱལ་པོ་ཉིད་ལས་ཅོལ་ཆུང་བ༔ ལྷ་ཁང་བཞེང་ཟེར་མི་ཚོ་སྡུག་ཏུ་འཇུག༔ ལྷ་ཡིན་ཟེར་ནས་གསེར་ཚོ་འཇིམ་པར་བྱུགས༔ ཆོས་བསྒྱུར་ཟེར་ནས་ངན་སྔགས་དུག་སྦྱོར་སློབ༔ བླ་མ་ཡིན་ཟེར་འབངས་ལ་ལྷ་ཕྱག་འཚལ༔ འཕན་གདུགས་མཛད་ཟེར་དར་ཟབ་དུམ་བུར་གཏུབས༔ ཆོས་མཛད་ཟེར་ནས་སྤྲང་པོ་ཆུ་ལ་བསྐུར༔ གདུགས་ཁང་ཡིན་ཟེར་བོད་ཕུང་སྦེད་ས་བྱེད༔ ཆོས་དང་ཅིའི་ཆོས་ད་དུང་བནྡེ་སོད༔ དེ་སྐད་གསོལ་བས་རྒྱལ་པོ་མ་དགྱེས་ཏེ༔ རྒྱ་བོད་ལོ་ཙཱ་མཁས་པ་གཅིག་པུ་འདི༔ བློན་འབངས་ཀུན་གྱིས་གསོད་དགོས་ཁར་ཐོན་པ༔ ཞེས་གསུངས་ས་རྡབ་རྡོ་རྡབ་ཐལ་མོ་བརྡབས༔ ཐུགས་བརྡུངས་ཞལ་དུ་ས་འགམས་སྨྲེ་སྔགས་བོས༔ ཀླུ་དཔལ་ལ་སོགས་གྲོས་དབང་གྲོས་བྱས་ནས༔ བོད་ཕུང་འཇུག་པའི་བནྡེ་མི་གསོད་ན༔ རྒྱལ་པོར་ཡོ་ལོག་བཏང་ནས་འདོན་པར་བྱས༔ གློ་འབུར་ནང་ནས་བཻ་རོ་སྒོར་ཕྱུང་སྟེ༔ རྒྱལ་པོས་སློབ་དཔོན་ཕྱག་ལ་འཇུས་ནས་བཤུམས༔ དེ་དུས་མཁས་པ་བཻ་རོ་ཙ་ན་ཡིས༔ དཀའ་བ་བཅུ་དྲུག་བཅད་པའི་མགུར་འདི་གསུངས༔ ཐུགས་རྗེ་ལྡན་པའི་ཁྲི་སྲོང་ལྡེའུ་བཙན་གྱིས༔ དམ་ཆོས་ཚོལ་བའི་བདག་པོར་བདག་བསྐོས་ནས༔ གྱོན་པར་དཀའ་བའི་གསེར་གྱི་པ་ཏྲ་གྱོན༔ བགྲོད་པར་དཀའ་བའི་རྒྱ་གར་ཡུལ་དུ་བགྲོད༔ འཛེག་པར་དཀའ་བའི་མཐའ་ལམ་གཟར་མོ་འཛེགས༔ གཤག་པར་དཀའ་བའི་ཁ་བ་བུ་ཡུག་གཤགས༔ སོས་པར་དཀའ་བའི་མཐའ་ནད་མིག་སེར་སོས༔ བཟའ་བར་དཀའ་བའི་མཐའ་ཟས་མང་པོ་ཟོས༔ མཐོང་བར་དཀའ་བའི་མཁས་པའི་ཞལ་རྣམས་མཐོང་༔ ཤེས་པར་དཀའ་བའི་སྡེ་སྣོད་མང་པོ་ཤེས༔ ཐོས་པར་དཀའ་བའི་བྱང་སེམས་རྣམ་ལྔ་ཐོས༔ གནང་བར་དཀའ་བའི་ཐུགས་ཀྱི་མན་ངག་གནང་༔ རྟོགས་པར་དཀའ་བའི་རང་བྱུང་ཡེ་ཤེས་རྟོགས༔ འཕྲད་པར་དཀའ་བའི་དྲག་སྔགས་ཀུན་དང་ཕྲད༔ འགྲུབ་པར་དཀའ་བའི་འཕགས་པ་འཇམ་དཔལ་གྲུབ༔ ཐོབ་པར་དཀའ་བའི་རྐང་མགྱོགས་དངོས་གྲུབ་ཐོབ༔ གྱོན་པར་དཀའ་བའི་ཟོམ་ལྷམ་ཕྱིར་ལོག་གྱོན༔ ཐར་བར་དཀའ་བའི་གཅན་འཕྲང་གསོད་ལས་ཐར༔ དོ་ཤི་དོ་ཆད་ཡང་ནས་ཡང་དུ་བྱས༔ རྟོལ་བར་དཀའ་བའི་བོད་ཡུལ་དབུས་སུ་བརྟོལ༔ འདི་ལ་སུ་མོས་ཐུགས་རྗེ་ཤར་བར་སྨོན༔ དེ་སྐད་གསུངས་པས་མངའ་བདག་རྒྱལ་པོ་ཡིས༔ བློན་འབངས་རྣམས་ཀྱི་དེ་ལྟར་མ་ཡིན་ཏེ༔ འུ་ཅག་སྔོན་ཡང་དེ་འདྲས་འཁོར་བར་འཁྱམས༔ བསད་པས་མི་འོང་མཐའ་ལ་སྤྱུགས་ཀྱི་ཟེར༔ སློབ་དཔོན་ཆིབས་པ་བཟང་པོ་ཞིག་ལ་བསྐྱོན༔ གསེར་དངུལ་ཇས་བཀང་ཆིབས་གོང་གཤེགས་སྐྱེམས་དྲངས༔ སློབ་དཔོན་གང་ལ་འབྱོན་པར་དགྱེས་ཞུས་པས༔ སློབ་དཔོན་ཞལ་ནས་རྒྱལ་མོ་ཚ་བའི་རོང་༔ ཚེ་རབས་སྔ་མའི་ལས་འཕྲོ་ཞིག་ཡོད་པས༔ རྒྱལ་མོ་ཚ་བའི་རོང་དུ་འགྲོ་བར་ཞུ༔ རྗེ་ཡིས་ག་པུར་ལ་སོགས་བསིལ་སྨན་བསྐུར༔ རྒྱལ་བློན་འཁོར་བཅས་ཀུན་གྱིས་སྐྱེལ་དུ་ཕྱིན༔ དབུ་རུ་ཀྱི་ཚང་ལ་ཀ་བརྒལ་བའི་དུས༔ སློབ་དཔོན་འགྱོད་མཆིས་བདུན་གྱི་མགུར་འདི་གསུངས༔ ཟ་ཧོར་ཡུལ་ནས་བྱོན་པའི་མཁན་པོ་ཞི་བ་འཚོ༔ ཨུ་རྒྱན་ཡུལ་ནས་བྱོན་པའི་པདྨ་འབྱུང་གནས་དཔལ༔ རྒྱ་གར་མཁས་པ་པཎ་ཆེན་ཉི་ཤུ་རྩ་ལྔ་ལ༔ འདི་ན་མཆིས་པའི་བཻ་རོ་ཙ་ནས་ཕྱག་འཚལ་ལོ༔ ལོ་བརྒྱད་ལོན་ནས་ལོ་ཙཱ་བསླབས་པའི་མཐའ་འདིར་མཆིས༔ བཅོ་ལྔ་མན་ཆད་སྐད་སྣ་སྟོང་དང་དྲུག་བརྒྱ་སྦྱངས༔ རྒྱ་གར་གསང་མཛོད་བརྟོལ་ནས་དམ་ཆོས་བོད་དུ་བསྒྱུར༔ བོད་ཀྱི་མུན་སེལ་ཁྲི་གདུགས་ཉི་མ་འདྲ་བ་སྤྱུགས༔ གོ་རྟོགས་བློའི་བདེ་འབྱེད་ཚེ་འགྱོད་པའི་དུས་ཤིག་མཆིས༔ བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་མ་ལོན་པར༔ འགྲོ་བ་མི་འདོར་ཕྱིར་དུ་རྒྱ་གར་ཡུལ་ཀུན་འགྲིམས༔ བོད་ཀྱི་རྒྱལ་ཁམས་ཐམས་ཅད་དཀར་པོར་ཡོངས་བསྒྱུར་ཏེ༔ ཕུང་པོ་ཡོན་ཏན་བརྒྱན་པ་བོད་ཀྱི་བནྡེ་སྤྱུགས༔ བོད་སྤྲུག་རྒྱ་གར་འཁོར་ཚེ་འགྱོད་པའི་དུས་ཤིག་མཆི༔ བོད་སྐད་མ་བྱང་ལོ་ཙཱ་ཤེས་པ་ག་ལ་སྲིད༔ རི་མཐོ་ས་གཙང་ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ མི་རྗེ་ལྷས་མཛད་འདོད་ཡོན་ཕུན་སུམ་ཚོགས་གྱུར་ཀྱང་༔ རིན་ཅེན་གསེར་གླིང་གསེར་གྱི་ངང་ཁྱུ་ཚོགས་པ་ན༔ དངོས་མཆིས་སྤྲུལ་སྐུ་ལྟ་བུའི་བྱང་ཆུབ་སེམས་དཔའ་འདི༔ ངང་མོ་གཅིག་པུར་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས༔ མདོ་སྔགས་འཆད་ཉན་བྱེད་ཚེ་འགྱོད་པའི་དུས་ཤིག་མཆི༔ ཐུན་མོང་དངོས་གྲུབ་གྲུབ་པའི་ཡ་མཚན་མང་པོ་འབྱུང་༔ རྗེ་འབངས་ཐམས་ཅད་སྙན་གསང་སྤྱན་གསལ་ཐུགས་དངས་ཀྱང་༔ རྒྱ་གར་ཆོས་སྐད་སཾ་སྐྲྀ་ཏ་ཡི་སྐད་མི་གོ༔ ཆོས་གཞི་གཙུག་ལག་ཁང་ནི་རྒྱ་ཆེར་བཞེངས་གྱུར་ཀྱང་༔ སྦྱངས་པ་ཅན་གྱི་བཻ་རོ་ཙ་ན་མཐའ་ལ་སྤྱུགས༔ ཆེ་བའི་ཡོན་ཏན་དྲན་ཚེ་འགྱོད་པའི་དུས་ཤིག་མཆི༔ ལས་དཀར་སྤྱད་ཀྱང་ནག་པོར་འགྲོ་བའི་རྗེ་འབངས་རྣམས༔ དམ་ཆོས་སྤྱོད་ཀྱང་ོམ་པས་མ་ཁྱེར་བཻ་རོ་ཙ་ན་ཙམ༔ སངས་རྒྱས་འཕགས་པའི་ཐུགས་རྗེ་ཕུན་སུམ་ཚོགས་གྱུར་ཀྱང་༔ རང་རྒྱུད་མི་དགེས་རྒྱགས་པའི་བདུད་རིགས་རྒྱས་གྱུར་པས༔ ཡིད་ལ་ཅི་བསམ་འགྲུབ་བམ་རྗེ་འབངས་ཐུགས་ལ་ཞོག༔ དག་པའི་མཁན་སློབ་འབྱོན་ཚེ་འགྱོད་པའི་དུས་ཤིག་མཆི༔ བོད་དུ་དམ་ཆོས་ཉི་མ་ལན་ཅིག་ཤར་བ་འདི༔ ཕྱི་བློན་ནང་བློན་བཙུན་མོར་བཅས་པས་བསྣུབ་པར་བྱེད༔ མ་མྱོང་དགུ་མྱོང་ཤི་བ་མ་མྱོང་ཙམ་གྱི་མི༔ ཆགས་མེད་གཅིག་པུར་འགྲོ་བའི་བཻ་རོ་ཙ་ན་ང་༔ སྣང་ཚད་ཆོས་སྐུར་རྟོགས་པས་རྫོགས་ཆེན་དོན་དང་ལྡན༔ སྡོམ་གསུམ་རྒྱུ་འབྲས་ཤེས་པས་མདོ་སྔགས་དོན་དང་ལྡན༔ དགོས་འདོད་ཀུན་འབྱུང་རིན་ཆེན་ཕུང་པོ་འདྲ་བ་སྤྱུགས༔ སྐུ་ཕྱིར་མ་འཁོར་ཙ་ན་འགྱོད་པའི་དུས་ཤིག་མཆི༔ ཞེས་གསུངས་རྒྱལ་མོ་ཚ་རོང་གདུལ་བྱར་གཟིགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བཻ་རོ་ཙ་ནས་མགུར་གསུངས་པའི་ལེའུ་སྟེ་དོན་དྲུག་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༧ བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པ།

དེ་ནས་རྒྱལ་པོས་ཕྱག་བཙལ་སྨྲེ་སྔགས་གདུངས༔ འབངས་ཚིས་བྱས་པས་ཡོན་མཆོད་འབྲལ་དགོས་བྱུང་༔ བདག་ལ་བརྩེ་བའི་ཞལ་ཏ་ཚིག་གསུམ་ཞུ༔ སློབ་དཔོན་ཞལ་ནས་རྗེ་ལ་ཕྱག་ཐོང་གསུངས༔ ང་ཡང་མ་ཤི་རྗེ་ཉིད་སྐུ་ཁམས་བཟང་༔ སྨོན་ལམ་དག་པས་མྱུར་དུ་མཇལ་དུས་འདེབས༔ རྒྱ་གར་ཡུལ་གྱི་གྲོང་ཁྱེར་སེར་སྐྱ་ན༔ རྒྱལ་པོ་ཨིནྡྲ་བོ་དྷིའི་བླ་མཆོད་པ༔ པཎ་ཆེན་ལྔ་བརྒྱའི་དབུས་ན་མཁས་པ་ནི༔ བི་མ་མི་ཏྲ་བུདྡྷ་གུ་ཧྱ་གཉིས༔ བོད་དུ་སྤྱན་དྲོངས་དད་མོས་གསོལ་བ་ཐོབ༔ དེ་དུས་ང་ཡིས་ཆོས་འདི་གཏུག་ཏུ་བཏང་༔ གཞན་ཡང་པཎྜི་ཏ་ནི་མང་དུ་བོས༔ ཆོས་ལ་བཟང་ངན་མ་བྱེད་ཐམས་ཅད་བསྒྱུར༔ ཞེས་གསུངས་རྒྱལ་མོ་ཚ་བའི་རོང་དུ་གཤེགས༔ ལུང་པ་ནགས་རོང་རྒྱལ་མོ་ཚ་བའི་ཡུལ༔ མི་ཀུན་བོད་ཀྱི་རྟོག་ཅན་བྱུང་ཟེར་ནས༔ རྒྱལ་པོ་མདོ་གཞེར་ནག་པོའི་བུ་ངག་བཅུག༔ སྲས་པོ་དཔལ་གཞེར་བཙན་པས་སྔན་བྱས་ཏེ༔ ཚ་བའི་ཤོད་དུ་སྦལ་པའི་དོན་དུ་བསྐྱུར༔ ༔ ཞག་གསུམ་ལོན་ནས་ཡུལ་མི་བལྟ་རུ་བྱུང་༔ དེ་དུས་བཻ་རོ་ཙ་ནས་མགུར་གསུངས་པ༔ ཡུལ་ཕྱོགས་འདིར་གནས་རྒྱལ་བློན་དྲ་མ་རྣམས༔ བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་དུ༔ ཐེག་པའི་རྒྱལ་པོ་འབྲས་བུ་སངས་རྒྱས་ཆོས༔ རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་ཡིས༔ བསྟན་པའི་མན་ངག་བོད་དུ་མཆིས་ལགས་ཏེ༔ བོད་ཁམས་ཕུང་དུ་ཐོ་བའི་བློན་པོ་དང་༔ དམ་ཚིག་ཉམས་ཤིང་སྨྱོ་བའི་དམར་རྒྱན་གྱིས༔ བཙད་པོ་སྤྱོ་སླ་ཕྲ་མའི་ཚིག་གིས་སྤྱོས༔ བོད་ཀྱི་མི་ལ་མཁས་པ་བདག་སྤྱུགས་མོད༔ ཚེ་གཅིག་འབྲས་བུ་ཐོབ་པའི་མན་ངག་དང་༔ འགལ་བྱེད་ཆམ་ལ་འབེབས་པའི་དྲག་སྔགས་དང་༔ རིན་ཅེན་ཕུང་པོ་ཀུན་གྱི་བསྟན་བཅོས་རྣམས༔ བོད་ཀྱི་བནྡེའི་ལུས་ལ་མཆིས་ལགས་ཀྱིས༔ འཇིགས་སྐྲག་སྦལ་བའི་དོང་ནས་དབྱུང་དུ་གསོལ༔ ཞེས་གསུངས་རྒྱལ་པོ་མདོ་གཞེར་ནག་པོ་ཡིས༔ བོད་ཀྱི་རྒྱལ་པོ་སྤུར་རྒྱལ་བཙན་པོ་འདི༔ སྲ་ཚན་ཆུང་ལ་བྱ་ལས་མང་བ་སྟེ༔ ཆུང་མ་ལེན་ན་མཐའ་མའི་ཁོལ་མོ་ལེན༔ བཀའ་བློན་བྱེད་ན་ཉོན་མོངས་ཆེ་དགུས་བྱེད༔ ཟས་སུ་ཟ་ན་ཤ་ཆེན་སྣ་དགུ་ཟ༔ གོས་སུ་གྱོན་ན་མཐའ་ཡི་མོན་གོས་གྱོན༔ ནོར་དུ་བསྲེལ་ན་རྡོ་ལ་གཅེས་སྤྲས་འཛིན༔ ལས་སུ་བྱེད་ན་དམག་དང་ཇག་དཔོན་བྱེད༔ ལྷ་རུ་བསྟེན་ན་གནོད་སྦྱིན་སྲིན་པོ་བསྟེན༔ གྲོགས་པོ་ཚོལ་ན་གདུག་ཅན་ཀླུ་བདུད་ཚོལ༔ ཐོ་ཕྱི་མི་མཐོང་རྒྱང་མིག་ལྟ་བས་ན༔ སྲིན་པོ་གདོང་དམར་རྒྱལ་པོ་འདོད་པ་ཅན༔ གློ་བ་ཆེ་རྒྱུ་མ་མཆིས་བྷ་ཤི་ཁྱོད༔ བློན་པོ་ཆེ་བཙུན་རྣམས་ཀྱི་བཀའ་བགྲོས་ལ༔ སྦལ་པའི་དོང་ནས་ཤིག་གི་དོང་དུ་བསྐྱུར༔ ཞག་བདུན་ཚུན་ཆད་དམག་དཔུང་མ་བྱུང་ན༔ ཁྱོད་ཀྱི་བཀའ་སྩལ་གཙོར་བགྱི་སྤྱི་བོར་འཁུར༔ དེ་སྐད་ཟེར་ནས་སྦལ་པའི་དོང་ནས་བཏོན༔ ཚ་བའི་རོང་གི་ཤིག་དོང་ནང་དུ་བསྐྱུར༔ མི་ཤིག་ཁྱི་ཤིག་ར་ལུག་འདྲེ་ཤིག་པ༔ འཇུ་བ་བྱ་འཇུ་སྦྲང་ཆུང་དོང་དུ་བསྐྱུར༔ དེ་ནས་ཞག་བདུན་ཡུལ་མི་བལྟ་རུ་བྱུང་༔ ཅི་ཡང་མ་ཉེས་ཟིལ་པ་ཕྲོམ་མེར་འདུག༔ ཉེས་བྱས་བཟོད་པར་གསོལ་ཞིང་བཤགས་པ་བྱས༔ དེ་ནས་བཻ་རོ་ཙ་ནས་མགུར་གསུངས་པ༔ སྐྱེ་བ་འདི་ཡི་གོང་རོལ་ཏུ༔ ཡུལ་ཁམས་འདི་ཡི་ནེའུ་ལེར་སྐྱེས༔ སྦྲུལ་དང་སྦལ་པ་མང་པོ་འཆོས༔ དེ་ཡི་རྣམ་སྨིན་འདི་རུ་བྱུང་༔ ལན་ཆགས་དེ་ཡིས་འཁོར་གྱུར་ཅིག༔ སྐྱེ་བ་འདི་ཡི་གོང་རོལ་ཏུ༔ དགེ་སློང་པཱུརྞྞའི་ལུས་བླངས་ཏེ༔ ཆོས་གོས་ཤིག་ཟ་བྱ་འཐུར་བཅུག༔ དེ་ཡི་རྣམ་སྨིན་འདི་ལ་བྱུང་༔ ལན་ཆགས་དེ་ཡིས་འཁོར་གྱུར་ཅིག༔ ཅེས་གསུངས་ཡུལ་མི་རྣམས་ཀྱིས་སྐྱེ་བ་སྔོན༔ དགེ་སློང་པཱུརྞྞ་ཡིན་པར་ངོ་ཤེས་ནས༔ རྒྱལ་པོའི་ཕོ་བྲང་གདན་དྲངས་བཤགས་པ་བྱས༔ རྒྱལ་མོ་གཡུ་སྒྲ་རེ་མ་ཏཱིའི་སྤྲུལ་པ༔ རྣལ་འབྱོར་དུར་ཁྲོད་བདག་མོས་མགུར་བཞེངས་པ༔ བོད་ལ་མི་མེད་རྒྱལ་པོ་འདོད་པ་ཅན༔ སྐྱེ་མང་མཁྱེན་པའི་བྱང་ཆུབ་སེམས་དཔའ་ཁྱོད༔ འགྲོ་བའི་དོན་ལ་འཛམ་བུའི་གླིང་དུ་བྱོན༔ ཁྱད་པར་དུ་ཡང་སྲིན་པོ་གདོང་དམར་རྗེ༔ བོད་ཀྱི་དོན་མཛད་བློན་པོ་ནག་པོ་རྣམས༔ འདུལ་བའི་དུས་ལ་མ་བབ་འདིར་བྱོན་ཏེ༔ བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པ་ལ༔ སྤྱོད་པ་གཉིས་མཛད་བྱང་ཆུབ་མཐར་ཕྱིན་པས༔ འགྲོ་བའི་དོན་ལ་ཅིར་ཡང་སྟོན་མཛད་པའི༔ བྱང་ཆུབ་སེམས་དཔའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་བརྗོད་ཕྱག་ནི་གྱང་འགྱེལ་བཞིན་དུ་བཙལ༔ རྒྱལ་པོ་མདོ་གཞེར་ནག་པོ་ཡབ་སྲས་ཀྱིས༔ ཞབས་པད་སྤྱིར་བླངས་བཻ་རོས་ཆོས་གསུངས་པ༔ ཨ་ཨ་ཏྲ་ཀ་ལ་ལེ་ན་ཤ༔ ཞེས་གསུངས་ཇི་ལྟར་ལགས་ཞུས་པས༔ སྐྱེ་མེད་བྱང་སེམས་མན་ངག་རྣམས༔ བོད་ཀྱི་རྒྱལ་པོའི་སྙན་གསན་དུ༔ བསྟན་ཏེ་མི་གཅིག་བདག་སྤྱུགས་པས༔ ཟླ་གསུམ་འགུམས་པས་བདག་མི་དགའ༔ ཁྱོད་ཀྱང་དེ་ལྟར་མ་མཛད་གསུངས༔ ཁྲི་སྲོང་ལྡེའུ་བཙན་ཐུགས་ལ་འཕྲེང་བ་ཡིས༔ བཻ་རོ་ཙ་ནར་སྤྱན་ཆབ་ཤར་བྱུང་བས༔ རྒྱལ་པོ་འཁོར་བཅས་རྣམས་ཀྱང་མང་དུ་བཤུམ༔ དེ་ནས་སློབ་དཔོན་གབ་རྩེའི་སྟེང་བཞུགས་ནས༔ རྒྱལ་པོའི་སྲས་མོ་གཡུ་སྒྲས་ལོ་ཙཱ་བསྒྱུར༔ རྒྱལ་པོས་གསེར་གྱི་དོང་རྩེ་གྲངས་མེད་ཕུལ༔ རིགས་དྲུག་དོན་མཛད་བྱང་ཆུབ་སེམས་དཔའི་སྐུ༔ གང་ལ་གང་འདུལ་ཐེག་པ་སྟོན་པའི་གསུང་༔ ཡིད་བཞིན་ནོར་ལྟར་དགོས་འདོད་འབྱུང་བའི་ཐུགས༔ མི་སྣང་རྒྱལ་བའི་དགོངས་པ་ཕོ་བྲང་ན༔ སྡེ་སྣོད་གསུམ་གྱི་སྤྱི་མེས་ཆེན་པོ་ལ༔ དུས་གསུམ་རྒྱལ་བའི་སྐུ་གསུམ་ལྷུན་རྫོགས་པའི༔ གཉིས་མེད་མཉམ་ཉིད་འགྲོ་བའི་མགོན་པོ་ལ༔ གསེར་དང་དངུལ་གྱི་དོང་རྩེའི་མེ་ཏོག་འབུལ༔ ཐུགས་རྗེས་དགོངས་ནས་སྲིད་པའི་མཚོ་བསྒྲལ་འཚལ༔ ཡེ་ཤེས་ཐུགས་རྗེའི་ཞགས་པས་གཟུང་དུ་གསོལ༔ ཞེས་གསོལ་སྒྲ་བསྒྱུར་མང་པོ་བྱུང་ན་སྙམ༔ རྒྱལ་མོ་ཚ་བའི་ཕོ་ལུས་ཐོབ་ཚད་བསགས༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གྱིས་དང་༔ གསུངས་པས་སྟོམས་སྟེ་སྟམས་སྟ་སྟོམས་སྟ་ཐ༔ ཞེས་པ་ལས་ནི་ཤེས་པ་མ་བྱུང་ནས༔ གྲལ་མཐར་མཆིས་པའི་སྤྲང་སྤྲུག་གཅིག་ལ་དྲིས༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་ཟེར༔ དེ་ཡིས་ཤེས་པས་ཕ་མ་སུ་ཡིན་དྲིས༔ ཕ་མ་གཉིས་ཀ་ཤི་ནས་མེད་ཅེས་ཟེར༔ འདི་ལ་སྒྲ་བསླབས་མྱུར་དུ་ཤེས་པར་འདུག༔ སྤུན་ཟླ་ལ་སོགས་གཉེན་ཚན་ཅི་ཡོད་གསུངས༔ ཁོ་རང་གཅིག་པུ་མིན་པ་སུ་ཡང་མེད༔ ལྟོ་གོས་ངེད་ཚོས་སྦྲན་གྱིས་སྒྲ་སློབས་ཞུས༔ བྱིས་པ་དེ་ཉིད་སློབ་དཔོན་དྲུང་དུ་ཕུལ༔ སློབ་དཔོན་སྒྲ་བསླབས་སྟེང་ཤོད་བྱས་ནས་བསྡད༔ རེ་ཞིག་དུས་ན་བྱིས་པ་ཚིག་ལབ་གཏོང་༔ སློབ་དཔོན་ལབ་ཟླ་སུ་ཡིན་སྙམ་ནས་གཟིགས༔ རྩངས་སྔོན་ལེགས་གྲུབ་དེ་ཡི་སྐྱེ་བར་ཤེས༔ མིང་ནས་བོས་པས་ཨ་ཟེར་ཞིབ་ཏུ་གླེངས༔ གཡུ་སྒྲ་སྙིང་པོར་མཚན་བཏགས་སྒྲ་ལ་མཁས༔ ཉིན་མོ་དཀོན་བརྩེགས་མཚན་མོ་གསང་སྔགས་ཆོས༔ ནམ་གྱི་དགུང་ལ་བྱང་སེམས་སྨད་ལྔ་བསྒྱུར༔ བཻ་རོས་ཅི་མཁྱེན་གཡུ་སྒྲ་སྙིང་པོས་མཁྱེན༔ རྒྱལ་མོ་གྲུ་ལ་སོགས་པས་མ་བསླབས་ཤེས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ་སྟེ་དོན་བདུན་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༨ དགེ་སློང་མི་ལྔ་དངོས་གྲུབ་བརྙེས་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཟ་ཧོར་མཁན་པོ་བོ་དྷི་སཏྭ་ལ༔ བོད་ཀྱི་མི་ལྔ་རབ་ཏུ་བྱུང་བ་ཡི༔ ནམ་མཁའི་སྙིང་པོ་གྲུ་གུ་ཨེ་བག་ཤ༔ རུ་གྱོང་བཱིརྱ་ངས་ཆེན་དཔལ་སེང་དང་༔ འབྲེ་བཙུན་རྒྱལ་བའི་བློ་གྲོས་རྣམ་པ་ལྔ༔ དབུ་ཡི་མཆོད་གནས་བཀུར་བར་བཀའ་ལ་བཏགས༔ གསེར་ཕྱེ་བྲེ་རེ་བསྐུར་ནས་ཆོས་འཚོལ་བཏང་༔ དགེསློང་མི་ལྔས་དཀའ་བ་སྲོག་བསྡོས་ནས༔ རྒྱ་གར་ཡུལ་ཕྱིན་ཕྲད་ཚད་དྲི་བ་བྱས༔ གྲུབ་ཐོབ་གྲགས་པ་ཇི་སྐད་བྱ་བ་ཡོད༔ རོ་ལངས་བདེ་བ་ཧཱུྃ་ཀར་ཞེས་བྱ་བསྟན༔ རོ་ལངས་བདེ་བའི་སྤྱན་སྔར་ཕྱིན་པ་ཡིས༔ ངས་བོད་འདུལ་བའི་དུས་ལ་མ་བབ་གསུངས༔ རྒྱལ་པོ་ཀུཀྐུ་རཱ་ཛ་ཞེས་བྱ་བ༔ ཉིན་བཞིན་ཁྱི་མོ་ལྔ་བརྒྱའི་དབུས་སུ་ནི༔ དམ་ཆོས་ཁྱི་ཡི་སྐད་དུ་བསྒྱུར་ནས་འཆད༔ མཚན་བཞིན་ཁྱི་མོ་ལྷ་མོ་ལྔ་བརྒྱར་སྤྲུལ༔ མ་ཆགས་ཐབས་ཀྱི་སྦྱོར་བ་དེ་ལ་ཞུས༔ ཞེས་གསུངས་ལུང་བསྟན་ཞུས་པས་གོང་བཞིན་གསུངས༔ གསེར་བྲག་བྱ་སྐྱིབས་ཚལ་ཞེས་བྱ་བ་ན༔ སློབ་དཔོན་ཆེན་པོ་ཧཱུྃ་ཀར་བཞུགས་ཟེར་ཕྱིན༔ ཁང་སྲུང་རྒན་མོ་ཆུ་ལེན་ཞིག་དང་ཕྲད༔

ཧཱུྃ་ཀར་གར་བཞུགས་དྲིས་པས་ལན་མ་བྱིན༔ འདི་དེ་རྣ་བ་འོན་སྙམ་སྐད་ཆེར་བསྐྱར༔ རྩེ་རྒོད་ནག་པོ་བྱ་བ་ཞིག་ན་རེ༔ དེ་ལ་དྲིས་ཀྱང་ལན་མེད་སྨྲ་བཅད་ཡིན༔ བྱ་སྐྱིབས་ཚལ་ན་བཞུགས་ཟེར་གསེར་ཕྱེ་བྱིན༔ ནང་དུ་སྦ་འཚངས་ཕྱིན་པས་མ་དགྱེས་ཏེ༔ བོད་ཀྱི་གདུག་འདྲེ་བྱུང་ཞེས་ཧཱུྃ་ཧཱུྃ་གསུངས༔ ཤངས་ནས་འོད་ཟེར་མེ་སྟག་ཚ་ཚ་འཕྲོས༔ དགེ་སློང་མི་ལྔ་ས་ལ་བརྒྱལ་བར་འགྱུར༔ སྔོན་ལ་ནམ་མཁའི་སྙིང་པོ་བརྒྱལ་སངས་ནས༔ བདག་ཅག་བོད་ཀྱི་ལྷ་འདྲེ་གདུག་ཅན་མིན༔ བོད་ཀྱི་རྒྱལ་པོས་གསང་སྔགས་ཆོས་འཚོལ་བཏང་༔ ཚེ་འདི་ཉིད་ལ་རིག་འཛིན་སར་འགྲོ་བ༔ སློབ་དཔོན་གནང་དགོས་ཞུ་རྟེན་གསེར་འདི་ལགས༔ ཆོས་མ་རྙེད་ན་ངེད་ཚོ་ཁྲིམས་ལ་གཏུགས༔ ཐུགས་རྗེས་བཟུང་བྱས་གུས་ཕྱག་འཚལ་བ་ཡིས༔ ངས་བོད་འདུལ་བའི་དུས་ལ་བབ་མ་བབ༔ ཡེ་ཤེས་ལྷ་ལ་འདྲི་གསུངས་དགོངས་པ་མཛད༔ དར་ཅིག་ཙ་ན་དུས་ལ་བབ་འདུག་གསུངས༔ ང་དང་ཕྲད་པ་ཁྱེད་རྣམས་ཚོགས་རེ་བསགས༔ དཔེར་ན་སྣོད་ཀྱིས་བཅུད་ཐུབ་བྱེད་པ་ལ༔ བཟོ་གནས་དོད་པས་མི་ཆོག་སོ་བཏང་དགོས༔ དེ་བཞིན་སྔོན་ལ་དབང་བསྐུར་མ་བྱས་པར༔ གསང་སྔགས་བཤད་སྒྲུབ་གང་ཡང་བྱར་མི་རུང་༔ ཟླ་གམ་ལྔ་བཅུ་རྩ་བརྒྱད་ཞལ་ཕྱེ་ནས༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བསྟན༔ དང་པོ་སྒྲུབ་གཞི་ཡང་དག་རྩ་བ་བཤད༔ དེ་ཡི་ཆ་རྐྱེན་དོན་གྱི་ཆ་ལག་དགུ༔ རྟོག་པའི་བློ་བཅད་སེམས་ཀྱི་རྩ་བ་ལྔ་༔ སྒྲུབ་པར་འཇུག་པ་རྫས་ལ་བརྟེན་དགོས་པས༔ ཕྱི་པྲ་བརྟག་པ་བམ་རི་ཐོད་པ་མཁར༔ ནང་པྲ་བརྟགས་པ་ལྷ་མོ་གནས་མཁར་བཤད༔ སྒྲུབ་པ་ལ་འཇུག་ཐབས་ཤེས་འབྲེལ་དགོས་པས༔ མུ་དྲའི་བརྟག་ཐབས་ཀརྨ་ཤ་ཏཾ་བཤད༔ སྒྲུབ་པས་ལྷ་མཆོད་དངོས་གྲུབ་བླང་བའི་ཕྱིར༔ བདུད་རྩི་མཆོག་ལུང་སྨན་གྱི་སྒྲུབ་པ་བཤད༔ དེ་ལྟར་བསྒྲུབ་པའི་བར་ཆོད་ཟློག་པའི་ཕྱིར༔ མ་ཏྲཾ་བསྒྲལ་མནན་གསལ་ཤིང་ཆེ་ཆུང་བཤད༔ སྒྲུབ་པ་བྱིན་ཆེ་ཉམས་བག་ལྡན་པའི་ཕྱིར༔ འཕྲིན་ལས་གཞུང་སྲོང་བསྐྱེད་རྫོགས་མ་བུ་བཤད༔ སྒྲུབ་གཞི་བཟླས་བརྗོད་འཛབ་ལ་བསྡུ་བའི་ཕྱིར༔ བཟླས་བརྗོད་བྱེད་ཐབས་རུ་ལུ་གསེར་ཕྲེང་བཤད༔ སྒྲུབ་ལ་བར་ཆད་འོང་བ་བཟློག་པའི་ཕྱིར༔ ཕུར་པ་བིདྱོཏྟ་མ་འབུམ་སྡེ་བཤད༔ དེ་དུས་དངོས་གྲུབ་རེ་ཡང་བརྙེས་པར་གྱུར༔ ནམ་མཁའི་སྙིང་པོ་ཤེས་རབ་ཕུལ་དུ་ཕྱིན༔ བསོད་ནམས་སྙིང་རུས་གཉིས་ཀ་མཆོག་ཏུ་གྱུར༔ ས་ལ་ཆག་གང་མ་རེག་ཙམ་ལ་འགྲོ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་བྲན་བཞིན་འཁོལ༔ ཡེ་ཤེས་ལྷ་མོ་བདུན་དང་དངོས་སུ་སྦྱོར༔ རུ་གྱོང་བཱིརྱས་རྫུ་འཕྲུལ་ཡ་མ་ཟུང་༔ གྲུ་གུ་ཨེ་བག་ཡེ་ཤེས་འོད་དང་འགྲོགས༔ རྒྱལ་བའི་བློ་གྲོས་དུས་མིན་འཆི་བ་ལྷོགས༔ རླངས་དཔལ་འབྲོང་རྭ་གཤིབས་བྱུང་སེ་གོལ་བཟློག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་ཤིང་དངོས་གྲུབ་བརྙེས་པའི་ལེའུ་སྟེ་དོན་བརྒྱད་པའོ༔ ༔

པདྨ་བཀའ་ཐང་ལེའུ་ ༧༩ ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ བོད་ཀྱི་བློན་པོ་ཕྲག་དོག་ཅན་རྣམས་ཀྱིས༔ ལོག་མན་སྙན་ཕྲའི་ཡི་གེ་བཅུ་རེ་བསྲིངས༔ འོ་སྐོལ་བནྡེ་ལྔ་པོ་དེས་ཀྱང་ནི༔ ཚོལ་དུ་བཏང་བའི་དམ་ཆོས་མ་རྙེད་པར༔ ཕྲ་མེན་ངན་སྔགས་མང་པོ་ཁྱེར་འོངས་ནས༔ བོད་ཕུང་བྱེད་ཟེར་བྲིས་པ་རྗེ་ཡིས་བརྫངས༔ རྒྱ་གར་དགེ་སློང་རྣམས་ཀྱི་ཕྱག་ཏུ་འཕྲོད༔ སློབ་དཔོན་ཧཱུྃ་ཀར་ཉིད་དང་བཀའ་བགྲོས་པས༔ སྒྲུབ་པའི་དལ་ཞལ་རེ་