གུང་ཐང་རྒྱལ་རབས་ཀྱི་གནའ་ཤུལ་ངོ་སྤྲོད་མདོར་བསྡུས།

གུང་ཐང་རྒྱལ་རབས་ཀྱི་གནའ་ཤུལ་ངོ་སྤྲོད་མདོར་བསྡུས།

ཆུང་བདག

བོད་ཀྱི་ས་ཕྱོགས་ཁག་གི་རིག་གནས་གནའ་ཤུལ་ཁྲོད་དུ་བོད་སིལ་བུའི་དུས་སུ་བྱུང་བའི་གནའ་ཤུལ་ཁག་གཅིག་ཡོད་པ་དཔེར་ན། མངའ་རིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དང་། སྐྱིད་གྲོང་གུང་ཐང་རྒྱལ་རབས་ཀྱི་གནའ་ཤུལ། སྤོ་ཡུལ་རྒྱལ་པོའི་གནའ་ཤུལ་སོགས་གཞི་ཁྱོན་ཆེ་རུང་ཉམས་ཆག་ཤུགས་ཆེན་བྱུང་སྟབས། ད་ཆའི་མི་ཚོར་ཤེས་འདོད་དང་རྟོགས་འདོད་ཆེན་པོ་ཡོད་པས་གནའ་ཤུལ་དེ་ཚོའི་བཅུད་ཀྱི་བདག་པོ་དང་སྣོད་ཀྱི་འཛུགས་སྐྲུན་ལ་ཕྱི་ལྟ་བྱེད་པ་ནི་རིག་གནས་ལོ་རྒྱུས་ཀྱི་ཤེས་རྒྱ་ཆེ་རུ་གཏོང་བའི་ཐབས་ལམ་ལེགས་པོ་ཞིག་ཡིན་པ་སྨོས་ཅི་དགོས།

 

གུང་ཐང་རྒྱལ་རབས་ཀྱི་མཁར་ཤུལ།

 

དེ་ཡང་དུས་རབས་དགུ་པའི་ནང་འོད་སྲུང་གི་རྒྱུད་པ་མངའ་བདག་དཔལ་འཁོར་བཙན་གྱིས་གྲོམ་པ་ལྷ་རྩེར་ཕེབས་ནས་སྲིད་དབང་བཟུང་བ་དང་། དེའི་སྲས་ཆུང་བ་སྐྱིད་ལྡེ་ཉི་མ་མགོན་གྱིས་སྟོད་མངའ་རིས་སུ་ཕེབས་ནས་དེ་གའི་ས་ཆ་ཕལ་ཆེ་བར་དབང་བསྒྱུར་བྱས། དེའི་སྲས་གསུམ་ལ་གངས་གཡའ་མཚོ་གསུམ་གྱིས་བསྐོར་བའི་མངའ་ཁོངས་བགོ་བཤའ་བསྐྱོན་ཞིང་། དེ་ཡང་སྲས་ཆེ་བ་དཔལ་གྱི་རིག་པ་མགོན་ལ་མར་ཡུལ་སོགས་གནང་སྟེ། སྲིད་དབང་བཟུང་བས་ལ་དྭགས་ཀྱི་རྒྱལ་རྒྱུད་བྱུང་བ་དང་། སྲས་འབྲིང་བ་བཀྲ་ཤིས་ལྡེ་མགོན་ལ་ཞང་ཞུང་དང་། ཡ་རྩེ་གནང་བས་གུ་གེའི་རྒྱལ་རྒྱུད་བྱུང་། སྲས་ཆུང་བ་ལྡེ་གཙུག་མགོན་ལ་ཟངས་དཀར་སྒོ་གསུམ་སོགས་གནང་བར་གྲགས། དེ་རྣམས་ནི་ལོ་རྒྱུས་ཐོག་སྟོད་ཀྱི་མགོན་གསུམ་ཞེས་པ་དེ་ཡིན། གཅེན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱིས་གཙང་དུ་ཕེབས་ནས་མྱང་སྟོད་རྒྱལ་མཁར་རྩེ་བཟུང་། དེ་རྗེས་རིམ་བཞིན་སྟོབས་ཤུགས་འཕེལ་ནས་མངའ་རིས་གུང་ཐང་མན་གྱི་ས་ཁོངས་ཚང་མ་མངའ་འོག་ཏུ་བསྡུས། ཁོང་ལ་དཔལ་ལྡེ་དང་། འོད་ལྡེ། སྐྱིད་ལྡེ་བཅས་སྲས་གསུམ་ཡོད་པ་དག་ལ་སྨད་ཀྱི་ལྡེ་གསུམ་དུ་གྲགས། སྤྱི་ལོ་ 993 ཙམ་ལ་མང་ཡུལ་གུང་ཐང་དེ་བཞིན་དཔལ་ལྡེའི་སྲས་འོད་ཟེར་ལྡེའི་མངའ་ཁོངས་སུ་གྱུར། དེ་ཡང་བར་སྐབས་དུས་ཟིང་དབང་གིས་མང་ཡུལ་དུ་རྗེ་དཔོན་མེད་པར་གྱུར་བས་ཡུལ་མི་རྣམས་ཀྱིས་འོད་ཟེར་ལྡེ་གདན་དྲངས་པར་གྲགས། དེ་ལྟར་འོད་ཟེར་ལྡེས་གུང་ཐང་རྒྱལ་རབས་དངོས་སུ་བཙུགས་ནས་གུང་ཐང་རྒྱལ་རྒྱུད་ཀྱི་འགོ་ཚུགས་ཤིང་། ཆབ་སྲིད་ཀྱི་ལྟེ་གནས་ནི་ད་ཆའི་སྐྱིད་གྲོང་རྫོང་གི་རྫོང་དཀར་གྲོང་རྡལ་གྱི་རྒྱུད་དུ་ཡིན། གུང་ཐང་རྒྱལ་རྒྱུད་ཀྱིས་དེ་སྔ་རྒྱལ་རྒྱུད་ཐོག་མ་འོད་ཟེར་ལྡེའི་སྐབས་སུ་ཇོ་བོ་སྐུ་ལྷའི་རི་འདབས་སུ་སྐུ་མཁར་བརྩེགས་ནས་ཆབ་སྲིད་བསྐྱངས་ཞེས་ཁབ་ས་དང་པོ་བརྩེགས་པ་དང་། དེ་རྗེས་ལྷ་མཆོག་ལྡེའི་སྐབས་སུ་རྫོང་དཀར་ནུབ་ཕྱོགས་ཀྱི་གཟར་རོང་གཙང་པོའི་ཕ་རོལ་གྱི་རི་འདབས་སུ་ཕོ་བྲང་ཕྱི་ང་ཁ་གོང་ཞེས་པ་ལྕགས་རི་འོབས་དང་བཅས་པ་ཞིག་བཞེངས་མྱོང་ཡོད་རུང་ད་ཆ་གྱང་ཤུལ་ཙམ་ལས་ལྷག་མེད། ད་ཆ་གྱང་རོར་གྱུར་པའི་ཕོ་བྲང་གི་གནའ་ཤུལ་དེ་ནི་ཁྲི་འབུམ་ལྡེ་མགོན་གྱིས་སྤྱི་ལོ་ 1270 ལོར་མངའ་འོག་རྒྱ་མཚོ་བཅུ་གསུམ་ལས་ལ་སྐུལ་ནས་རྒྱལ་པོའི་ཁབ་བཀྲ་ཤིས་ཁྱུང་རྫོང་དཀར་མོ་ཞེས་ཐོག་བརྩེགས་གསུམ་ཅན་བཙུན་མོའི་སླས་ཁང་དང་བཅས་བཞེངས་པ་དེ་ཡིན་པ་དང་ལོ་རྒྱུས་ཡིག་ཆ་ལྟར་ན། ལོགས་བཞི་ཟུར་བཞི་ལྕོག་བཞིས་རབ་ཏུ་མཛེས་པ་ཞིག་བཞེངས་པར་གྲགས། ཕོ་བྲང་བཞེངས་ཡུལ་ནི་སྐྱིད་གྲོང་རྫོང་གི་ཤར་ལྷོའི་མཐོ་ཚད་སྨི་ 4960 ཙམ་གྱི་མེ་རྡོ་ཐང་ཞེས་པར་ཡིན་ཞིང་། གནས་དེ་ནི་སྐབས་དེའི་འཁྲུག་ཟིང་ཆེ་བའི་ཡུལ་དང་ས་ཐག་འགྱངས་པ་དང་ས་ཆ་བཙན་པས་བོད་བཙན་པོའི་གདུང་རྒྱུད་ཀྱི་ཉེན་གཡོལ་བྱ་ཡུལ་ལེགས་པོ་ཞིག་ཏུ་གྱུར་པས་ལྷ་མཆོག་ལྡེའི་དུས་སྐབས་སུ་སྟོབས་ཤུགས་ཧ་ཆང་ཆེན་པོ་ཆགས་མྱོང་བ་རེད།

འཕགས་པ་ལྷ་ཁང་།

 

འོན་ཀྱང་ལྷ་མཆོག་ལྡེའི་ཚ་བོ་མགོན་པོ་ལྡེའི་དུས་སུ་སྟོབས་ཤུགས་གཞན་གྱིས་བཙན་འཛུལ་བྱས་པས་གུང་ཐང་དམག་དཔུང་གིས་མང་སྣེ་ཉུང་གིས་མ་བརྟེན་པར་མགོན་པོ་ལྡེ་དམར་གསོད་བཏང་བ་རེད། སྐབས་དེར་མགོན་པོ་ལྡེའི་བཟའ་ཟླ་ངོ་མར་བུ་རྒྱུད་མེད་རུང་ཟུར་མ་ཞིག་ལ་ཡབ་དཀྲོངས་པའི་ལོ་དེར་བཙུན་པ་ལྡེ་ཞེས་པའི་སྲས་ཞིག་འཁྲུངས་པ་དེས་གུང་ཐང་གི་རྒྱལ་རྒྱུད་འཛིན་པ་མ་ཟད། ས་སྐྱའི་སྲས་མོ་ཉི་མ་འབུམ་ཞེས་པ་ཞིག་བཙུན་མོར་བཞེས་པས་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕ་གཞིས་དུད་ཆེན་བརྒྱ་ལ་སོགས་པ་སྐལ་རྫོངས་ཕོན་ཆེན་གནང་བ་སོགས་མངའ་ཐང་དར་བའི་རྩེ་མོར་སོན་ནས་གུང་ཐང་སྒོ་བཞིར་གྲགས་པ་སོགས་བྱུང་། བཙུན་པ་ལྡེ་དང་ཉི་མ་འབུམ་ལ་སྲས་འབུམ་ལྡེ་མགོན་ཞེས་པ་བློ་གྲོས་དང་ལྡན་པ་ཞིག་འཁྲུངས་པ་དེས་དགུང་གྲངས་བཅོ་བརྒྱད་ཀྱི་ཐོག་སྟེ། སྤྱི་ལོ་ 1270 ལོར་ས་སྐྱའི་འཛུགས་སྐྲུན་གྱི་ཁྱད་ཆོས་མཚུངས་པའི་རྒྱལ་བོའི་ཕོ་བྲང་དང་དགོན་པ་ཟུང་དུ་སྦྲེལ་བའི་མཁར་རྫོང་འཛུགས་སྐྲུན་རྒྱ་སྐྱེད་བྱས། ད་ཆའི་གུང་ཐང་རྒྱལ་པོའི་ཕོ་བྲང་གི་གནའ་ཤུལ་དང་རྫོང་དཀར་ཆོས་སྡེ་དགོན་ནི་སྐབས་དེར་བསྐྲུན་པའི་རྒྱལ་པོའི་མཁར་རྫོང་དང་དགོན་པ་ཡིན། འོན་ཀྱང་སྤྱི་ལོ་ 1280 ལོར་དགུང་ལོ་ 28 ལ་སླེབས་པའི་འབུམ་ལྡེ་མགོན་མི་ངན་གྱིས་དཀྲོངས་པ་རེད། ཁོང་གི་སྲས་ཁྲི་ལྡེ་འབུམ་བཙན་གྱིས་སྲིད་ལོ་མང་བསྐྱངས་ཤིང་། སྤྱི་ལོ་ 1354 ལོར་ཕག་མོ་གྲུ་པའི་སྲིད་དབང་གིས་ས་སྐྱའི་སྲིད་དབང་ཉམས་རྒུད་དུ་བཏང་ནས་བོད་ཀྱི་ས་ཕྱོགས་ཕལ་ཆེ་བ་དབང་དུ་བསྒྱུར་རུང་གུང་ཐང་རྒྱལ་རྒྱུད་ཀྱི་སྲིད་དབང་རང་སྒོ་རང་བཙན་དུ་གནས། སྤྱི་ལོ་ 1620 ཙམ་ལ་གཙང་པ་སྡེ་སྲིད་ཀྱི་དམག་དཔུང་གིས་རྒྱལ་རབས་ 23 རྒྱུན་འཛིན་བྱས་པའི་གུང་ཐང་རྒྱལ་རབས་དབང་དུ་བསྒྱུར་ནས་གུང་ཐང་རྒྱལ་རྒྱུད་མཇུག་མ་བསོད་ནམས་དབང་ཕྱུག་ལྡེ་ཞེས་པས་མཇུག་འགྲིལ། གུང་ཐང་རྒྱལ་རྒྱུད་ནི་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་གཉིས་སུ་དར་རྒུད་ཀྱི་ཤུལ་ལམ་མི་ལོ་ 600 ཙམ་བརྒྱུད་ནས་བོད་སིལ་བུའི་ལོ་རྒྱུས་ཐོག་གནས་བབ་ངེས་ཅན་ཞིག་བཟུང་མྱོང་ཡོད་རུང་། ད་ཆའི་གུང་ཐང་རྒྱལ་རབས་ཀྱི་གནའ་ཤུལ་ནི་གུ་གེའི་གནའ་ཤུལ་ལས་ལྷག་པའི་ཉམས་ཆག་བྱུང་ནས་གྱང་རོ་ཡང་ཆ་ཚང་བ་ཞིག་གནས་མེད་པ་རེད།

ཐང་གི་ཕོ་ཉའི་བྲག་བརྐོས་ཡི་གེ

 

གུང་ཐང་རྒྱལ་རབས་ཀྱི་གནའ་ཤུལ་ཉམས་ཆག་ཆེན་པོ་བྱུང་ནས་ད་ཆ་བོད་ཀྱི་གནའ་ཤུལ་གཞན་དང་འདྲ་བར་ཡུལ་སྐོར་བ་ཚོས་ཆེད་སྐྱོད་བྱེད་རིན་ཆེན་པོ་མེད་རུང་། གནས་དེ་ནི་གང་སར་ལོ་རྒྱུས་རིག་གནས་རྗེས་ཤུལ་གྱིས་ཡོངས་སུ་གཏམས་པའི་སྐྱིད་གྲོང་རྫོང་གི་ལྟེ་བར་ཆགས་སྟབས་སྔར་བཞིན་རིག་གནས་པ་དང་། ལོ་རྒྱུས་རྟོག་ཞིབ་མཁན། ཡུལ་སྐོར་བ་བཅས་ཀྱི་བློ་ཁ་ཕྱོགས་ཡུལ་ཞིག་ཡིན། དེ་ཡང་ཡུལ་དེ་ནི་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བརྒྱན་པའི་རྩི་ཤིང་ལོ་ཏོག་ཕུན་སུམ་ཚོགས་ལ་ཡུལ་ལྗོངས་ལྟ་ན་སྡུག་པ་ཙམ་མ་ཟད། རྗེ་བཙུན་མི་ལ་རས་པ་དང་། ས་པཎ། རྒྱལ་བ་ཙོང་ཁ་པ་སོགས་སྔོན་གྱི་སྐྱེས་ཆེན་དུ་མས་ཞབས་བཅགས་པ་དང་འགྲོ་དོན་བསྐྱངས་པར་མ་ཟད། སློབ་དཔོན་པདྨ་འབྱུང་གནས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །བལ་བཟའ་ཁྲི་བཙུན་སོགས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གྲགས་ཅན་མི་སྣ་མང་པོ་སྐྱིད་གྲོང་གི་བལ་བོད་གནའ་ལམ་རྒྱུད་ནས་གཤེགས་བཞུད་གནང་བའི་མཛད་རྗེས་མང་བ། རིགས་གསུམ་མགོན་པོའི་རྡོ་བརྐོས་སྐུ་བརྙན་དང་། སྤང་ཞིང་གི་བྲག་བརྐོས་རི་མོ། ཐང་གི་ཕོ་ཉའི་བྲག་བརྐོས་ཡི་གེ་སོགས་ཡོད་ལ། བཙན་པོའི་དུས་ཀྱི་འཕགས་པ་ལྷ་ཁང་དང་བྱམས་སྤྲིན་གཙུག་ལག་ཁང་། དེ་བཞིན་གནས་ཆེན་རི་བོ་དཔལ་འབར་དང་གུང་ཐང་ལ་མོ་སོགས་གནས་དང་གནས་རི་མང་བས། མང་ཡུལ་གུང་ཐང་དང་གུང་ཐང་རྒྱལ་རབས་ཀྱི་གནའ་ཤུལ་ནི་མ་འོངས་པའི་ཡུལ་སྐོར་གནས་མཆོག་ཁྱད་པར་ཅན་ཞིག་ཡིན།

སྐྱིད་གྲོང་གི་མཛེས་ལྗོངས།

བརྒྱུད་སྐུལ།

མཆན་སྤེལ།