གོང་དཀར་ཆོས་སྡེ་དགོན་པའི་གོས་སྐུ་མཐོང་གྲོལ་ཆེན་མོ་དང་རྔ་འཆམ་སྐོར།

གོང་དཀར་ཆོས་སྡེ་དགོན་པའི་གོས་སྐུ་མཐོང་གྲོལ་ཆེན་མོ་དང་རྔ་འཆམ་སྐོར།

འཇམ་དཔལ་བཤད་སྒྲུབ།

 

དེ་ཡང་གོས་ཆེན་སྤུས་ལེགས་སྣ་ཚོགས་ལས་བཞེངས་པའི་གོས་སྐུ་མཐོང་གྲོལ་ཆེན་མོའི་དབུས་སུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲི་རྒྱན་སྣ་དྲུག་གིས་མཛེས་པར་བྱས་པ་ལ། བསྟན་པའི་བདག་པོ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་བལྟ་བས་ཆོག་མི་ཤེས་པ། གོང་དཀར་མཁྱེན་བརྩེ་ཆེན་མོའི་རིས་མོའི་ཁྱད་ཆོས་དང་ལྡན་པ།

 

དེའི་གཡས་ངོས་ན་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང་། གཡོན་ངོས་ན་རྫུ་འཕྲུལ་ཅན་གྱི་མཆོག་མོའུ་གལ་གྱི་བུ་གཉིས་གཙོ་བོ་ལ་འདུད་པའི་ཚུལ་གྱིས་འགྲེང་སྟེ་བཞུགས་པའོ། །དེའི་སྟེང་ན་ས་བིར་འཆང་གསུམ་སྟེ། རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དང་། ས་དྲུག་པ་མངོན་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པ། ཐུགས་བརྩེ་བ་ཆེན་པོས་གདུལ་བྱ་རྗེས་སུ་འཛིན་པར་མཛད་པ་ཆོས་རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའོ། །གཡས་ཟུར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། གཡོན་ཟུར་དུ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུ་མཁན་སློབ་དཔོན་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་ནོ།།

ཐུབ་པ་ཆེན་པོའི་སྙན་གྱི་གཡས་ཕྱོགས་ན་མཐུ་སྟོབས་ཀྱི་དབང་ཕྱུག་བྲག་ཐོག་པ་ཆོས་རྗེ་བསོད་ནམས་བཟང་པོ། གཡོན་ཕྱོགས་ན་གསང་སྔགས་རྒྱ་མཚོའི་ཕ་རོལ་དུ་སོན་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའོ། །ཐུབ་པ་ཆེན་པོའི་འོག་གི་ངོས་ལ་རྒྱལ་བ་རྡོ་རྗེ་འཆང་གི་སྤྱན་སྔར་བསྟན་པ་སྲུང་བར་དམ་བཅས་པའི་བསྟན་སྲུང་ཀུན་གྱི་གཙོ་བོ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སྲིན་པོ་ཁྲོས་པའི་ཆ་ལུགས་ཆེར་འབར་བ་འཇིགས་ཤིང་འཇིགས་པར་མཛད་པའི་ཉམས་ཅན། དེའི་གཡས་ཕྱོགས་ན་གཉན་གྱི་མགོན་པོ་ཞལ་བཞི་པའི་རྣམ་འཕྲུལ་དཔལ་མགོན་བྲམ་ཟེའི་གཟུགས་ཅན། གཡོན་ཕྱོགས་ན་ཁམས་གསུལ་ཟིལ་གྱིས་གནོན་ཅིང་། ཁྱད་པར་འདོད་པའི་ཁམས་ལ་དབང་བྱེད་པ་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་རྣམས་བཞུགས་སོ།།

ལོ་རེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་སྟེ་བདག་ཅག་གི་སྟོན་པས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཉིན། གོང་དཀར་རྡོ་རྗེ་གདན་དུ་གོས་སྐུ་ཞལ་མཇལ་དང་། མི་ལོ་དྲུག་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལྡན་པའི་གོང་དཀར་རྔ་འཆམ་ཆེན་མོ་དང་གར་ཆུང་སོགས་ཀྱི་མཇལ་ཁ་ཡོད།

དད་ལྡན་པ་རྣམས་ལ་སྨན་པའི་སླད་དུ་འཇམ་དཔལ་བཤད་སྒྲུབ་ཀྱིས་གོང་དཀར་རྡོ་རྗེ་གདན་ནས་ཕུལ།

གོང་དཀར་རྡོ་རྗེ་གདན་དགོན།

མཚན་རྒྱས་པར།གོང་དཀར་རྡོ་རྗེ་གདན་གསང་ཆེན་མི་འགྱུར་བདེ་བ་ཆེན་པོའི་གཙུག་ལག་ཁང་།མཚན་གཞན།གོང་དཀར་ཆོས་སྡེ།ཞེས་གྲགས་པ་འདི་ནི།རབ་བྱུང་བརྒྱད་པའི་ནང་།སྤྱི་ལོ་༡༤༦༤ལོར་དབུས་གཙང་རུ་བཞི་ལས་གཡོ་རུ་སའི་ཆ།དེང་སང་ལྷོ་ཁ་གོང་དཀར་དུ།

གོང་དཀར་རྡོ་རྗེ་གདན་པ་ཆེན་པོས་ཐོག་མར་ཕྱག་བཏབ།དེ་ཡང་ཐོག་མར་ཇོ་བོ་རྗེས་གནས་དེར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐིམས་པར་མཇལ་ནས་མཎྜལ་ཕུལ་ཞིང་ཆོས་སྡེ་ཆེན་པོ་ཆགས་པར་ལུང་བསྟན་པ་ལྟར།དཔལ་ལྡན་རྫོང་པའི་གདན་པ་ཆེན་པོ་འདི་ཉིད་ཆགས་ཤིང་།དེའི་བཀོད་པ་ནི།གཙུག་ལག་ཁང་ཀ་ཆེན་བརྒྱ་དང་སུམ་བཅུའི་ས་ལ།འོག་ཐོག་དྲི་གཙང་ཁང་ཀ་ཆེན་བཞི་དང་།མགོན་ཁང་ཆེན་མོ།འཇིགས་བྱེད་ལྷ་ཁང་།ལམ་འབྲས་ལྷ་ཁང་ལ་སོགས་མང་བ་དང་།གཙུག་ལག་ཁང་ཆེན་མོའི་ཕྱི་ཡི་བཀོད་པ་ནི།རྡོ་རྗེ་དབྱིངས་ཀྱི་བློས་བསླང་དཀྱིལ་འཁོར་དབྱིབས་སུ་གྲུབ་པ་དང་།དེའི་ནང་བདག་ཅག་གི་སྟོན་པའི་སྐྱེས་རབས་ཆེན་མོ།ལམ་འབྲས་དང༌།དུས་འཁོར།གསང་འདུས།ཀྱཻ་རྡོར།རྡོར་དབྱིངས་སོགས་བླ་མ་བརྒྱུད་པ་ལ་སོགས་པའི་རྟེན་བྲིས་འབུར་བྱོན་ལེགས་པས་ཡོངས་སུ་གཏམས།

གདན་ས་འདི་ནས་བྱོན་པའི་མཁས་གྲུབ་ཀྱང་།མཁས་གྲུབ་རིག་པའི་གློག་ཕྲེང་།ཡོངས་འཛིན་ཤཱཀྱ་ཀུན་དགའ།ཐུགས་སྲས་ཀུན་དགའ་རྒྱལ་པོ།འབྲས་སྤུངས་པ་ཀུན་མཁྱེན་ཚེ་དབང་བཀྲིས།གོང་དཀར་རྡོ་རྗེ་འཆང་རྗེ་ཉི་མ་གླིང་པ།གོང་དཀར་རྣམ་གྲོང་རྡོ་རྗེ་འཆང་སོགས་མང་།འཆད་ཉན་སྐོར་ལ་གོང་དཀར་རྡོ་རྗེ་གདན་པ་རིམ་བྱོན་དང་།ཚོགས་ཆེན་མཁན་པོ།ཁང་ཚན་སོ་སོའི་མཁན་པོ་དང་།ཟུར་འཆད་པ་རྣམས་པས།རྫོང་པའི་ལམ་འབྲས་གཙོས་མདོ་སྔགས་ཀྱི་གཞུང་ཆེན་ཁག་དང་།རྫོང་པ་གོང་དཀར་བའི་ཐུན་མོང་མ་ཡིན་པའི་ཕྱག་བཞེད་རྣམས་འཆད་ཅིང་སྒོམ་པ་དང་།རྩོམ་པ་སོགས་དང་།ལྷག་པར་གསང་སྔགས་ཀྱི་དཀྱིལ་ཆོག་ལྔ་བཅུ་ལྷག་ཙམ་གྱིས་སྒྲུབ་མཆོད་ཐུན་མོང་མ་ཡིན་པའི་ཕྱག་བཞེད་སོགས་ཀྱིས་བསྟན་པ་དར་རྒྱས་ཆེན་པོ་བྱུང་།ཐོག་མར་དགེ་འདུན་གྱི་སྡེ་སྟོང་ཕྲག་བརྒལ་བ་དང་།རབ་བྱུང་བཅུ་པའི་ནང་དུ་དགེ་འདུན་བརྒྱད་བརྒྱ་ལྷག་སོགས་འཕེལ་རིམ་སྣ་ཚོགས་བྱུང་ཡོད།འདིའི་བསྟན་རྒྱུན་ཡང་།གྲྭ་ཐང་གཙུག་ལག་ཁང་དང་།སྙེ་ཐང་བཀྲིས་སྒང་ཆོས་སྡེ།ལྷ་ས་རྨེའུ་རྙིང་མགོན་ཁང་།མདོག་ལུ་ཕུ་དགོན་སོགས་མང་དུ་མཆིས་ཞིང་།ཚར་ལུགས་ལ་ཡང་གོང་དཀར་ལུགས་ཀྱི་ཕྱག་བཞེད་ཀྱིས་ཁྱབ་ཡོད།  འོན་ཀྱང་སྤྱི་ལོ་༡༩༥༩དང་རིག་གསར་སྐབས་ཕྱི་ནང་ཀུན་ལ་སྟོར་སྐྱོན་ཆེན་པོ་བྱུང་བ་དང་།སླར་གཟིམ་ཤག་ཤར་གྱི་མཁན་ཆེན་མཐུ་སྟོབས་འཇིགས་མེད་དང་།ལྷ་དབང་གླིང་པ་ངག་དབང་བསྟན་དར་སོགས་དགེ་བའི་བཤེས་གཉེན་རྣམས་པའི་ཐུགས་བསྐྱེད་ལས།ཕྱི་ནང་གི་རྟེན་དང་རྫོང་པའི་ཕྱག་བཞེད་དང་བཅས་པ་མི་ཉམས་པར་སླར་གསོ་མཛད་བཞིན་པ་བཅས་སོ།།

ཡོང་ཁུངས། ས་སྐྱ་བརྩེ་ཆེན་ཚོགས་པ།

བརྒྱུད་སྐུལ།

མཆན་སྤེལ།