གོང་དཀར་སྲིན་པོ་རིའི་ས་རྩི་ཞེས་པའི་འཆམ་གྱི་ལོ་རྒྱུས།

གོང་དཀར་སྲིན་པོ་རིའི་ས་རྩི་ཞེས་པའི་འཆམ་གྱི་ལོ་རྒྱུས།
གོང་དཀར་སྲིན་པོ་རིའི་ ༼ ས་རྩི་ ༽ཞེས་པའི་གར་འཆམ་ནི་ལོ་ལྟར་བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་སྟེ་དཔལ་ལྷ་མོའི་གསོལ་མཆོད་དང་། ཚར་ཆེན་རྡོ་རྗེ་འཆང་གི་བླ་མ། རྡོ་རིང་པ་ཀུན་སྤངས་ཆེན་པོའི་དགོངས་རྫོགས་ཉིན་འཁྲབ་སྲོལ་ཡོད། འཆམ་གྱི་མཚན་ལ་༼ ས་རྩི་ ༽ཞེས་ཞུ་དགོས་དོན་ཡང་བོད་ཀྱི་དགོན་སྡེ་དང་ཞིང་འབྲོག་ཡོངས་ཀྱི་སྡོད་ཁང་ ལ་ས་རྩི་དཀར་པོ་དང་།   ས་དམར། ས་སྔོན་སོགས་ཆོས་ལུགས་ཀྱི་དབྱེ་བ་དང་ལུང་པ་སོ་སོའི་གོམས་སྲོལ་ལྟར་མགྲོན་ཟིན་པའི་བཀྲ་ཤིས་རྟེན་འབྲེལ་ཚུལ་དུ་འཁྲབ་པར་བརྟེན་༼ས་རྩི་༽ཞེས་བརྗོད་པ་ཡིན།  སྤྱི་ལོ་གང་ལ་དར་བ་གསལ་པོ་མེད་ཀྱང་དཔལ་ས་སྐྱ་རྫོང་པའི་གདན་ས་གོང་དཀར་ཆོས་སྡེ་དགོན་ནས་དར་བ་རེད་ཅེས་བཤད་སྲོལ་ཡོད།  གང་ལགས་ཤེ་ན།  ལོ་རྒྱུས་ཐོག༼་ས་རྩི་༽ཞེས་པའི་གར་འཆམ་ལ་ངེས་པར་དུ་གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་ཕེབས་ཏེ་ཕུར་པའི་ཆོ་གའི་སྒོ་ནས་ལིང་ཁ་བསྒྲལ་བ་ལས་བླ་མ་གཞན་ཕེབས་སྲོལ་མེད། བོད་ཚེས་བཅུ་བཞི་༡༤ཉིན་མཆོད་རྟེནམ་བུམ་པ་གསུམ་ལ་སེར་ཕྲེང་བཅས་རབ་གནས་འཁྲུས་གསོལ་མཛད་པའི་ཕྱག་ལེན་གྱི་རིམ་པ་དང་། དེ་དག་གྲུབ་ནས་འཆམ་གྱི་ཕུད་གསུམ་སྟེ་སྔགས་པ། དགེ་སློང་། ཨ་ཙ་ར་འཁྲབ་སྲོལ་ཡོད། ད་དུང་ཡར་འབྲོག་ཐར་གླིང་དགོན་པའི་རྫོང་ལུགས་འཆམ་དང་།   སྙེ་ཐང་བཀྲ་ཤིས་སྒང་དགོན་པའི་རྫོང་ལུགས་དགུ་མདོས་འཆམ་བཅས་ཧ་ཅང་འདྲ་པོ་ཡོད་པས་གོང་དཀར་ནས་དར་བ་ཤེས་ཐུབ་ཅིང་ད་བར་མི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་གྲགས། 

གར་འཆམ་འདི་རུ་འདྲེན་སྡེ་བཞི་སྟེ་དགེ་སློང་། བུད་མེད།  སྔགས་པ།   ཨ་ཙ་ར། སྐྱེས་པ་བཅས་དང་། ཁྲོ་བོ་བཅུ།   དུར་བདག  ལིང་ཁ་བསྒྲལ་བ།  ཤྭ་རྩེད།   འགྱིང་བཞི། ཡབ་ཡུམ་གཉིས་སོགས་ལེའུ་ཚན་ཁག་༡༢ཙམ་དབྱེ་ཡོད།  དང་ཐོག་མར་སྙན་འཇེབས་ལྡན་པའི་དུང་རྒྱ་གླིང་ཁྲོད་དགེ་འདུན་པ་ཡོངས་ཀྱིས་གདུགས་དང་།  རྒྱལ་མཚན།  བལ་དན་སོགས་ཐོགས་སྟེ་ཡི་དམ་རྣམ་འཇོམས་ཀྱིས་གཙོས་པའི་ལྷ་ཚོགས་ཁྲོ་བོ་བཅུ་རྣམས་སྤྱན་འདྲེན་ཞུ་གི་ཡོད།  དེའི་རྗེས་སུ་རིམ་བཞིན་རུ་འདྲེན་སྡེ་བཞིའི་ནང་གསེས་སྔགས་པ་དང་།  དགེ་སློང་།  བུད་མེད། སྐྱེས་པ་བཅས་འཁྲབ་སྲོལ་ཡོད།  ལྷག་དོན་ཕུར་པའི་ལྷའི་བསྐྱེད་རིམ་ལས་མ་གཡོས་བཞིན་དུ་དུར་ཁྲོད་བདག་པོ་ཡམ་ཡུམ་སྤྱན་དྲངས་ཏེ་ཡུལ་དེས་གཙོས་པའི་རྒྱལ་ཁམས་ཀུན་ལ་མི་ནད། ཕྱུགས་ནད། ཆུའི་གནོད་པ། ས་གཡོ་བ་སོགས་བཀྲ་མི་ཤིས་པའི་འགལ་རྐྱེན་བར་ཆད་མཐའ་དག་ཞི་སྟེ་ཆར་ཆུ་དུས་སུ་བབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། འཛམ་གླིང་ཞི་བདེའི་དཔལ་ལ་ལོངས་སྤྱོད་པའི་ཆེད་དུ་དགྲ་བགེགས་བསྒྲལ་བའི་ལས་ལ་འཇུག་པ་ཡིན་ཞེས་བཤད་སྲོལ་ཡོད། བོད་ཚེས་བཅུ་དྲུག་ཉིན་ཚེ་སྒྲུབ།  ཕྱི་དྲོ་འཆམ་མང་།  བཤགས་གསོལ།  བསྔོ་སྨོན་བཀྲ་ཤིས་སྒོ་ནས་ལེགས་པར་གྲུབ་ཀྱི་ཡོད། 
འཆམ་གྱི་ཕན་ཡོན་ནི་སྐྱ་སེར་སུ་འདྲ་ཞིག་ཡིན་རུང་གར་འཆམ་འདི་ཞལ་འཇལ་ཞུ་ཐུབ་པ་ཙམ་གྱིས་དབང་ཐང་རྒྱས་པ།  རླུང་རྟ་དར་བ། བསོད་ནམས་འཕེལ་བ། རྣམ་དཀར་དགེ་ལ་བརྩོན་པ་སོགས་བཀྲ་ཤིས་པའི་ཆ་མང་པོ་ཡོང་གི་ཡོད་པ་དང་།  བྱིན་རླབས་ཧ་ཅང་ཆེ་ཞིང་འཁྲུགས་ཆ་དོད་པའི་གར་འཆམ་དེས་དད་ལྡན་སེར་སྐྱ་མི་དམངས་ཁྲི་ཕྲག་ལ་བྱིན་རླབས་དང་།  བལྟ་བས་ཆོག་མི་ཤེས་པའི་ངོ་མཚར་བའི་ལྟད་མོ།  སྤྲོ་སྣང་ཞིག་དབང་མེད་དུ་སྦྱིན་གྱི་ཡོད།  ད་ཆ་ཏང་གི་ཡང་དག་པའི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འོག་ང་ཚོའི་གར་འཆམ་འདི་ཡང་སྤྱི་ལོ་༡༩༨༩ ལོར་སླར་གསོ་བྱུང་ཞིང་ལོ་ལྟར་ཆོས་དད་པ་དང་ཡུལ་སྐོར་བ་མང་པོའི་སྤྱན་ལམ་དུ་གཟིགས་མོར་ཕུལ་བའི་བསྐལ་བཟང་གི་གོ་སྐབས་ཐོབ་ཡོད་པ་རེད།  
འདི་ལོ་ཡང་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དང་བློ་མཐུན་ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བཅང་དགོས་པའི་བླང་བྱ་དང་རང་སྐྱོང་ལྗོངས་ཀྱི་ཁྲིམས་ལྟར་ཆོས་ལུགས་དོ་དམ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་རིགས་གནས་བཅུད་དང་འཐབ་ཕྱོགས་གཅིག་གྱུར་སོགས་འབྲེལ་ཡོད་སྡེ་ཁག་ནས་ཆོག་མཆན་ཐོབ་པ་རྒྱུད་མངོན་མེད་རིག་དངོས་ཤུལ་བཞག་གི་གར་འཆམ་རྣམས་དད་ལྡན་གཟིགས་མོ་བའི་སྤྱན་ལམ་འབུལ་ཐུབ་པ་བྱུང་ཡོད།  
ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།