གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྣམ་ཐར་སྙིང་བསྡུས།

གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྣམ་ཐར་སྙིང་བསྡུས།
གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི། གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་ཞེས་པར། ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོའི་སྲས་སུ། རབ་བྱུང་དྲུག་པའི་ལྕགས་གླང་༼1361༽ལོར་འཁྲུངས། ཆུང་དུས་མཚན་ཁྲོ་བོ་དཔལ་ལྡན་ཞུ། བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་ཕན་སེམས་ཆེ་བ། རིག་པ་རྣོ་བས། ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ།

སྙིང་རུས་ཆེན་པོས་སློབ་གཉེར་མཛད་པས་རིང་པོར་མ་ཐོགས་པར་བོད་ཡིག་དང༌། ལཉྩ། ཝརྟུ་སོགས་བརྡ་སྤྲོད་རིག་གནས་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་མ་ཡུམ་གྱི་རེ་བ་ལྟར་དགོན་པ་དེར་བཤེས་གཉེན་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང༌། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་པོར་བཏགས། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང༌། དཀོན་མཆོག་དར་མ་ལས་སྡེ་སྣོད་དང་རིགས་ལམ་མང་པོ་གསན། དེ་རྗེས་ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན།
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་སྙིང་བསྡུས།
དེ་ནས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང༌། འབྲུག་རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་ལས་ཁྲིད་ཆེན་བརྒྱད་དང༌། གཞན་ཡང་སྔ་རྗེས་ཅི་རིགས་པར་རེད་མདའ་བ་གཞོན་ནུ་བློ་གྲོས། ལྷ་གདོང་པ་བསོད་ནམས་མཆོག །ཀུན་སྤངས་རིན་ཆེན་རྒྱལ་མཚན་སོགས་བླ་མ་དུ་མ་བསྟེན་ནས་གསར་རྙིང་གི་མན་ངག་མང་པོ་གསན། མ་ངེས་པའི་དབེན་གནས་རྣམས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། བལ་ཡུལ་དུ་ཕེབས་ནས་འཕགས་ཤིང་ལ་སྐུ་དཀར་དང༌། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པར་མཛད། རྡོ་རྗེ་གདན་དང་ཟངས་གླིང་སོགས་ལ་ཕེབས་ཤིང༌། ལོ་བཅོ་བརྒྱད་ཙམ་རིང་རྒྱ་བལ་ཕྱོགས་སུ་འབྱོན་བཞུད་མཛད། གྲུབ་ཐོབ་མང་པོ་ལ་ཆོས་གསན་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་འགའ་ཞིག་གཏེར་དུ་སྦས། ཡུམ་འདས་པའི་སྐུ་རུས་ལ་སངས་རྒྱས་བྱང་སེམས་མང་པོའི་ས་དཔར་བཏབ་ནས་མཆོད་རྟེན་བརྩིགས་པ་དང༌། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མར་གྱུར། ཐང་སྟོང་རྒྱལ་པོ་ཞེས་མཚན་ཐོགས་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོགས། །ཞེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར། ཐེངས་ཤིག་ཚལ་གུང་ཐང་ནས་ལྷ་སར་འབྱོར་པའི་ལམ་བར་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས། གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་བཞུས་ཏེ་ཆུ་ནང་དུ་བསྐྱུར་བས། ཐུགས་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད། ཉམ་ཐག་གི་སྐྱེ་བ་བགྲང་ལས་འདས་པ་ཞིག་ཀྱང་འདི་འདྲ་བའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་གཏན་པོ་ཐུགས་ལ་བཀོད་དེ། ཀོང་ཕྱོགས་སུ་ལྕགས་ཟམ་འཛུགས་པའི་དགེ་མཚན་དྲིལ་བསྒྲགས་ཏེ་ལྕགས་ཀྱི་སློང་མོ་མཛད་པ་དང་དུས་མཚུངས་ལྕགས་ཀྱི་གཏེར་ཁ་མི་གཅིག་པ་མང་པོ་བརྡོལ། མགར་བ་མང་པོ་བསགས་ནས་ཁྱད་ཆོས་ལྡན་པའི་ལྕགས་ཐག་གྲངས་མེད་པ་བརྡུངས་ཏེ། ལྷ་ས་སྐྱིད་ཆུའི་ལྕགས་ཟམ། ཆུ་བོ་རིའི་ལྕགས་ཟམ། ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་སོགས་དབུས་གཙང་ཁམས་ལྷོ་མོན་བཅས་ལ་བསྡོམས་ལྕགས་ཟམ་བརྒྱ་ཕྲག་ཕྱེད་བརྒལ་བ་ཙམ་བཙུགས་པས། དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་གྲགས་ཀྱིས་ཡོངས་སུ་ཁྱབ། ལྕགས་ཟམ་གྱི་མཐུན་རྐྱེན་སྒྲུབ་བྱེད་དུ་བོད་ཀྱི་ལྷ་མོའི་ཟློས་གར་གསར་གཏོད་གནང༌། གཞན་ཡང་ཤན་ཆེན་དང་གྲུ་འདྲེན་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཙམ་བཙུགས་པར་གྲགས། དབེན་གནས་ཐར་པ་གླིང་སོགས་སྒྲུབ་སྡེ་མང་པོ་དང་སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་ཡང་གསར་དུ་བཞེངས། སེམས་ཅན་ཉམ་ཐག་མང་པོའི་སྲོག་བསྐྱབས་པ་དང༌། སྦས་ཡུལ་རྣམས་གནས་སྒོ་འབྱེད་པ་སོགས་བསྟན་འགྲོ་ལ་ཕན་པའི་མཛད་རྗེས་འགྲན་ཟླ་དང་བྲལ་བ་བཞག་སྟེ། དགུང་ལོ་བརྒྱ་དང་ཉེར་ལྔའི་བར་བཞུགས་པའི་མཐར། རབ་བྱུང་བརྒྱད་པའི་ཤིང་སྦྲུལ་༼1485༽ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས་པའི་ཚུལ་བསྟན་ཏོ།།

བརྒྱུད་སྐུལ།

མཆན་སྤེལ།