གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་བའི་རྣམ་ཐར།

གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་བའི་རྣམ་ཐར།
༄༅། །བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་ཞེས་བྱ་བ་བཞུགས་སོ། །
ཤཱཀྱའི་དགེ་སློང་བསོད་ནམས་ལྷའི་དབང་པོ( 1432-1496 )ས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ། མངོན་པར་བྱང་ཆུབ་པའི་ཟླ་བ་ཡར་ངོའི་ཚེས་བཅུ་ལ་གྲུབ་པའི་གནས་མཆོག་(ལྷ་ལྡན་སྐྱིད་ཆུའི་སྟོད་ཀྱི་སྟག་རྩེ་རྫོང་རྙིང་པའི་ཉེ་ལ་བའི་)དཔལ་ལྡན་ལོ་དགོན་པའི་དབེན་གནས་དགའ་ལྡན་རྩེར་སྦྱར་བའོ། །ཞེས་པ་ལས་ཕྱུང་།
གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་ནི། འཁྲུངས་ཡུལ་(འཕན་ཡུལ་)ཉན་གྱི་སྣང་ར་སྒང་། གདུང་རུས་དབས། ཡབ་ཤཱཀྱ་རྡོ་རྗེ། ཡུམ་ལི་མོ་ཡེ་ཤེས་སྒྲོན་གྱི་སྲས་སུ་(ཕྱི་ལོ་1038)ལྕགས་མོ་བྱ་ལ་འཁྲུངས། མཚན་སྟག་ཚབ་འབར་ཟེར། བྱིས་པའི་དུས་སུ་ཡུམ་གྱིས་དཔང་དུ་ཁྱེར་ནས་གྲོང་འདུལ་བ་བྱ་བ་ལ་ཕུང་པོ་ལྔའི་རབ་བྱེད་གསན་པས། ཕུང་པོ་འདི་ལྔར་འབྱེད་ཚོད་ཀྱིས་མཐར་སྟོང་པ་ཉིད་དུ་འདུག་སྙམ་དུ། རང་བཞིན་མེད་པའི་དོན་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་ལ་གོང་མོ་སྒང་པ་བྱ་བ་རང་བཞིན་གྱི་རྣལ་འབྱོར་མ་གཅིག་བྱོན། རྫོགས་རིམ་ཟབ་པ་གཅིག་གནང་ནས། འདི་བསྒོམས་གསུང་སྟེ་མི་སྣང་བར་གྱུར། ཕྱིས་དེའི་སྟེང་དུ་སླེབ་པ་དཔལ་ལྡན་དགོན་པ་བས་གནང་བ་དེ་མིན་པ་མ་བྱུང་གསུང་། བཅོ་བརྒྱད་པ་ལ་སྟོད་ལུངས་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའ་ལ་རབ་བྱུང་ཞུས། མཚན་ཚུལ་ཁྲིམས་འབར་དུ་བཏགས། དེར་ཡུམ་གྱི་རྨི་ལམ་དུ་དུང་དཀར་གཅིག་བུས་པས་ཛམྦུ་གླིང་པ་བྱིན་གྱིས་ཐོས་པ་གཅིག་བྱུང་བས། ངའི་བུ་དེ་རབ་ཏུ་བྱུང་ནས་གྲགས་པ་ཡང་ཆེ་བ་གཅིག་འོང་བར་འདུག་ཟེར། སློབ་གཉེར་མཛད་དུས་(སྟོད་ལུངས་)ཚ་ཐོག་དགོན་པར་བྱོན་པའི་ཞོར་ལ། ཇོ་བོ་སྙེ་ཐང་ན་མོ་ཆེར་བཞུགས་པ་དང་མཇལ་ཏེ། སེམས་སྐྱེད་གསུང་བ་གསན། དེའི་དུས་སྤྱི་བོར་ཕྱག་གཞག །སཾསྐྲི་ཏའི་སྐད་དུ་བཀྲ་ཤིས་ཀྱི་ཚིག་བཅད་མང་པོ་མཛད།

གསེར་གླིང་པའི་བུམ་པ་པདྨའི་མཆུ་ཅན་གནང་། ངའི་ཆོས་བརྒྱུད་འཛིན་པ་ཞིག་འོང་གསུང་། དེ་ནས་ལན་ཚ་རབ་དང་།  (དབུར་སྟོད་ཀླུང་ཤོད་)རུག་པར་སྡེ་སྣོད་ཀྱི་གསན་སྦྱོང་མང་དུ་མཛད། རྒྱ་གར་དུ་རྡོ་རྗེ་གདན་ཆོས་ཀྱི་འབྱུང་ཁུངས་ཡིན་པས་དེར་འབྱོན་དགོས་དགོངས་ཏེ། ལོ་ཙཱ་དང་རྒྱ་ཡིག་མང་དུ་བསླབས། དེའི་ཚེ་ཡུམ་(དབུར་སྟོད་ཀླུང་ཤོད་)རུག་པར་བྱོན་ནས། འདི་རྣམས་ཕལ་ཆེར་དགྲ་འདྲེས་གཅེར་བ་དང་། ལྟོ་དོན་དུ་གཉེར་བ་ཤ་སྟག་ཡིན། ཆོས་བྱ་བསམ་ན་ང་རབ་བྱུང་བ་ནི་ཁྱོད་དང་ཞང་བཙུན་གཉིས་ཡིན། སྙིང་ནས་ཆོས་བྱེད་ན་ར་སྒྲེང་དུ་འདེང་ཟེར་ནས། ཡུམ་གྱིས་ཁྲིད་དེ་དགུང་ལོ་ཉེར་དྲུག་ལ་འབྲོམ་སྟོན་པ་དང་མཇལ། སྤྱན་སྔའི་ཞལ་ནས། ངའི་མ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་པས། འདིར་བསྐྱལ་བ་ཡིན་གསུང་། རྒྱ་གར་དུ་འགྲོ་བའི་ཆོས་འདྲ་ཞུས་པས། སྟོན་པའི་ཞལ་ནས། ཁྱོད་རྡོ་རྗེ་གདན་དུ་མ་འགྲོ། ངས་རྗེས་སུ་འཛིན་པ་ཡིན། ཚེས་གྲངས་འདི་ལ་ལམ་རིམ་གྱི་དབུ་འཛུགས་གསུང་སྟེ་བྱོན། ཉི་མ་ཤར་བ་དང་འཛོམ་པས་རྟེན་འབྲེལ་བཟང་གསུང་སྟེ། ལམ་རིམ་ཁྲིད་པས་ཇི་ལྟ་བ་བཞིན་ཐུགས་ལ་འཁྲུངས། སྐུ་མཆེད་གཞན་གཉིས་དང་དཔེ་གཅིག་ལ་ཕུ་ཆུང་བ་དབུས་སུ་བྱས་ཏེ་གཞུང་གི་བཤད་པ་གསན། སྤྱན་སྔའི་ཞལ་ནས། ཟིན་ངེས་པ་རེ་ལའང་ལན་གསུམ་གསུམ་སྟོན་པའི་སྤྱན་སྔར་བསྐྱར་ནས་ཤོག་བུ་དམར་པོ་ལ་བྲིས་ཡོད་གསུང་། ནུབ་གཅིག་རྣལ་ལམ་དུ་རྡོ་རྗེ་གདན་དུ་བྱོན་པ་རྨིས་ཏེ། ཇོ་བོ་ཤེས་རབ་དབང་ཕྱུག་བྱ་བ་རྡོ་རྗེ་གདན་ལན་གསུམ་བསྐོར་བ་ཞིག་དང་ཞུ་ཐུག་བྱས་པས་གཅིག་པར་བྱུང་། རྒྱ་གར་དུ་མི་ཐོན་པ་མ་བལྟ་བར་འདུག །དེའི་དམ་བཅའ་མ་གྲུབ་པའི་སྡིག་སྦྱོང་དུ་ངས་སཱ་ཚ་བསགས་ན་རི་དེའུ་ཙམ་འོང་བ་བཏབ་གསུང་། ལོ་བདུན་(ལོ་དགུ་ཡིན་)ཚུལ་བཞིན་དུ་བསྟེན་གཟིམས་གཡོག་མཛད། རྒྱུན་དུ་སྤྱན་སྔར་བཞུགས་པས་མཚན་ཡང་དེ་ལྟར་དུ་གྲགས། ཡོན་ཏན་ཐམས་ཅད་རྫོགས་པར་མཛད། དེ་དུས་སྟོན་པས་ཐེག་པ་ཆེན་པོ་གསང་སྔགས་ལ་འོ་ཀོལ་ཕ་ཕད་གཉིས་ཙམ་གསུང་པའི། ཡོང་རྫོང་རྣལ་འབྱོར་པས་ཞུ་སྣ་མཛད་དེ་གསང་སྔགས་ཀྱི་ཆོས་མང་པོ་སྐུ་མཆེད་གཞན་གཉིས་ལ་ཐུགས་རྒྱུས་མེད་པར་ལྐོག་ཆོས་སུ་གནང་བས། ཡོང་རྫོང་རྣལ་འབྱོར་པ་དེ་ང་ལ་དྲིན་ཆེ་གསུང་། སྟོན་པ་གཤེགས་ནས་ཟང་ཟིང་གི་བགོ་སྐལ་མེད་དེ། ཆོས་ཀྱི་བགོ་སྐལ་ངེད་གསུམ་གྱིས་ཐོབ་གསུང་། དེ་ནས་ཇོ་བོའི་དངོས་སློབ་གྲགས་ཆེ་བ་རྣམས་ལ་བསྟེན་པའི་དམ་བཅའ་མཛད་དེ། རྣལ་འབྱོར་པ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ་སོགས་དང་། གསང་ཕུ་བ་རྔོག་ལེགས་ཤེ་ཡང་ཟླ་བ་བཅོ་བརྒྱད་བསྟེན། ར་སྒྲེང་དུ་ཟླ་བ་རེར་ནས་བྲེ་ལྔ་ལྔ་ལ་བརྟེན་ཏེ་སྒྲུབ་པ་མཛད་དུས་རང་ལ་རིགས་ཀྱི་བུ། དལ་འབྱོར་མི་ལུས་ཐོབ་པ་དྲན་ནམ་གསུང་ནས། རྣལ་བསངས་ཏེ་ཉིན་མཚན་གཡེལ་མེད་དུ་ཐུགས་དམ་མཛད་པས། རྣལ་འབྱོར་པའི་ཞལ་ནས། བུ་ཁམས་བག་རེ་གསེངས་གསུངས་པས། དལ་འབྱོར་རྙེད་པར་དཀའ་བ་འདི་བསམས་ན། སྐད་ཅིག་ཀྱང་གཡེལ་མ་ནུས་གསུང་། སྐྱེད་རིམ་ལ་བརྟན་པ་ཐོབ་པས་རང་ལུས་མི་གཡོ་བའི་སྐུར་གཟིགས། མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་སོང་། སྤྱན་རས་གཟིགས་པདྨ་གར་དབང་དང་། འཇམ་དཔལ་བརྟན་པའི་འཁོར་ལོ་ལ་སོགས་པ་ཞལ་གཟིགས། (ར་སྒྲེང་)ཕ་བོང་ཐང་དུ་གླེན་ཀླུའི་བྱང་ཆུབ་དང་མཇལ། ཆོས་ཞུ་དགོངས་པ་ན་མི་སྣང་བར་གྱུར། རང་དད་གུས་ཆུངས་པ་ཡིན་ནམ་དགོངས་ཏེ། བདག་བྱིན་བརླབས་ཀྱི་སྒོར་ཞུགས་ནས་གསོལ་བ་བཏབ་པས། དངོས་སུ་བྱོན་ནས་བྱིན་གྱིས་བརླབས། ཆོས་བཞི་ཚན་བཞི་ལ་སོགས་པ་གསུངས་པ་ནི། གཉིད་དང་རྨི་ལམ་གྱི་དཔེས། སྣང་བ་འདི་འཁྲུལ་པར་ཤེས་པའི་རྣལ་འབྱོར། ཆབ་དང་ཆབ་རོམ་གྱི་དཔེས། སྣང་སྟོང་དབྱེར་མེད་དུ་ཤེས་པའི་རྣལ་འབྱོར། བུ་རམ་གྱི་མིང་གཟུགས་ཀྱི་དཔེས། སྣང་གྲགས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་ཤེས་པའི་རྣལ་འབྱོར། སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་བསླབ་གསུང་། ཐམས་ཅད་སེམས་སུ་རྟོགས་པས་ཆོས་ཐམས་ཅད་ལ་སྐུར་པ་མི་གདབ། སེམས་སངས་རྒྱས་སུ་རྟོགས་ཀྱང་དགེ་བའི་བཤེས་གཉེན་མི་སེམས་ལ་ཞོག །ཡང་དག་དོན་ལ་བལྟོས། བྱམས་དང་སྙིང་རྗེ་བསྒོམས། ལྷ་སྐུ་འཇའ་ཚོན་ལྟ་བུར་སྦྱོངས་གསུང་། ཨ་སྐྱེངས་བ་མེད་པ། རླུང་མཚན་མ་མེད་པ། སེམས་རང་བཞིན་མེད་པ། རེ་ཞིག་ལུས་ལ་བརྟེན་པ་ཡིན་ཞེས་སོགས་མང་དུ་གསུངས་སོ། །
       དེ་ནས་སྐུ་མཆེད་གསུམ་སོ་སོར་བྱོན་ནས། (དབུར་སྟོད་)ཀླུང་ཤོད་ཕྱོར་བ་སོགས་གནས་ངེས་མེད་དུ་གཞན་དོན་རྒྱ་ཆེར་མཛད། དགུང་ལོ་དྲུག་བཅུ་ལ་ཉན་དུ་ཕེབས། ར་སྒྲེང་བཏབ་ནས་ལོ་ངོ་སོ་བདུན་འགྲོ་བ་ཆུ་མོ་བྱ་ལོ་ལ། ཇོ་བོ་ཡབ་སྲས་ཀྱིས་ལུང་བསྟན་པའི་ལོའི་(བཀའ་གདམས་གདན་ས་ལོ་དགོན་པའི་)གཙུག་ལག་ཁང་། གསང་བ་འདུས་པའི་ཐིབ་བཏབ་ནས་རྨང་བཏིང་། དབུ་རྩེ་ཁྱམས་སྟོད་དང་བཅས་པ། འགྲན་གྱི་དོ་མེད་ལྔ་ལ་སོགས་པ་བཞེངས་ནས་ཆུ་མོ་ཡོས་ཡན་ལ་འདས་ལོ་གསུམ་བརྒྱ་དང་གོ་གཅིག་སོང་། དེའི་དུས་སུ་གླང་རི་ཐང་པ་ཉན་གྱི་ཚན་སར་དཔོན་སློབ་སྟོང་ཙམ་ཆོས་གསན་ཞོར་ལ། ལོ(་དགོན་པ)འི་གྲོག་མདོ་ཡན་རྡོ་ཀྱགས་ལེབ་རྒྱང་བདུན་ཙམ་དང་། བཀྲ་ཤིས་མཆེད་ལྔའི་བླ་གཡེལ་དཔངས་སུ་ཐོག་ཙམ་ལ་ཤར་ནུབ་འདོམ་ཉི་ཤུ་རྩ་དྲུག་ཡོད་པ་དང་། ཤར་བ་པ་སློབ་མ་མང་པོ་དང་བཅས་ཏེ་ཆོས་གསན་ཅིང་། མཁར་ལས་ཀྱི་གྲོགས་མཛད་པས། (ཕྱི་ལོ་1095 ལོར་ལོ་)དགོན་པ་མྱུར་དུ་གྲུབ། དབུ་རྩེའི་རྒྱབ་ཏུ་སྒྲུབ་ཆུ་དང་། བཀྲ་ཤིས་མཆེད་ལྔའི་རབ་གནས་ལ་ནཱ་ག་བོདྷི་དངོས་སུ་སྤྱན་དྲངས་ཚུལ་སོགས་ཀྱང་འབྱུང་། ལོ(དགོན་པ)ར་ལོ་བརྒྱད་བཞུགས། དགེ་འདུན་སུམ་བརྒྱ་ཙམ་འདུས། ལོ་(དགོན་པ་)ནས་(དབུར་སྟོད་ཀླུང་ཤོད་མདའི་བཀའ་གདམས་གདན་ས་)སྨྱུག་རུམ་དགོན་པར་བྱོན་པའི་ལམ་བར་དུ། ཕ་བོང་དཀར་ལེབ་བྱ་བའི་སྟེང་ནས། (དབུར་སྟོད་འབྲི་གུང་མང་རའི་ནང་གི་)བྱ་ཡུལ་གྱི་རྒྱབ་རི་གཟིགས་པས།
        རི་དེ་རྒྱལ་བའི་གཙུག་ཏོར་འདྲ། །ཡན་ལག་བརྒྱད་ལྡན་ཆུ་བོ་འབབ། །
        དེ་ཡི་ཤར་ལྷོའི་ཕྱོགས་མཚམས་ན། །ཚེ་དང་ལྡན་པའི་དགོན་གནས་ཡོད། །
རི་བྱ་ཡུལ་ཡུལ་བ་ཕ་གི་ཐད་དུ་(བཀའ་གདམས་དགེ་བཤེས་བྱ་ཡུལ་བའི་གདན་ས་འབྲི་གུང་མང་རའི་)གཙུག་ལག་ཁང་བཞེངས་ལ། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གྱིས་ཤེས་ལུང་བསྟན། དེར་ཞབས་རྗེས་ཀྱང་བྱོན། དེ་ནས་(དབུར་སྟོད་ཀླུང་ཤོད་མདའི་བཀའ་གདམས་གདན་ས་)སྨྱུག་རུམ་དུ་ལོ་གསུམ་བཞུགས། བླ་མ་དང་ཡི་དམ་མང་པོ་ཞལ་གཟིགས། ང་ནི་ཚོགས་ཡོངས་སུ་རྫོགས་པའི་གང་ཟག་ཡིན། ངའི་རྡོ་རྗེའི་གདན་(དབུར་སྟོད་ཀླུང་ཤོད་མདའི་སྨྱུག་རུམ་གྱི་གཙུག་ལག་ཁང་)འདི་ཡིན་གསུངས་སོ། །
     གཙང་པ་རིན་པོ་ཆེའི་ཞལ་ནས། བར་དོར་མཆོག་གི་དངོས་གྲུབ་བརྙེས་པའི་གསུང་ཡིན་གསུང་། དགུང་ལོ་དོན་གཅིག་བཞེས་པ་ལུག་ལོའི་སྨིན་དྲུག་ཟླ་བའི་ཉེར་གཉིས་ལ་(དབུར་སྟོད་ཀླུང་ཤོད་མདའི་)སྨྱུག་རུམ་དུ་(1103)ཐེགས། འདི་ལ་སློབ་མའི་མཆོག་སྒོམ་བཞི། འགྲན་གྱི་དོ་མེད་གསུམ་ལ་སོགས་པ་བཀའ་གདམས་གདམས་ངག་པའི་སྲོལ་འཛིན་བྱོན་ཚུལ་འོག་ཏུ་འཆད་དོ། །
༈ གཉིས་པ་སྤྱན་སྔ་རིན་པོ་ཆེ་ནས་བརྒྱུད་པ། བཀའ་གདམས་གདམས་པ་བྱོན་ཚུལ་ནི། རྣལ་འབྱོར་གྱི་དབང་ཕྱུག་སྤྱན་སྔ་བ་ལ། སློབ་མའི་མཆོག་སྒོམ་བཞི། འགྲན་གྱི་དོ་མེད་གསུམ་དང་། གཞན་ཡང་ཡ་ཁལ་རུ་བ། རོམ་པ་རྡོ་རྗེ། གཡེ་ནས་སྒྲེ་པ་ཆེན་པོ། ཞང་སྟོན་དཔལ་བརྩེགས། རྒྱ་རྩེ་སྒྲོ་བ། འཕན་ཡུལ་གྱི་སྒྲོ་ལག་པ་ཆེན་པོ། ཞང་ཀ་མ་བ་ཤེས་རབ་འོད། ཀུ་མཱ་ར་ཤཱཀྱ། སྐུ་སྲུང་སྟོན་པ། འདུལ་འཛིན་ལ་ཁུར་སྟོན་པ། (དབུར་སྟོད་ཀླུང་ཤོད་མདའི་)མཆད་འུ་བ་ཆེན་པོ། དགག་དབྱེ་ཤེས་རིན་སོགས་མི་ཆེན་ཉི་ཤུ་རྩ་ལྔ་ཙམ་བྱོན་པའི། དགག་དབྱེ་ཤེས་རིན་གྱིས་ཉན་ཆེར་གྱིས་མཆོད་ཁང་བཞེངས། སྤྱིར་གྲྭ་པ་བདུན་བརྒྱ་ཙམ་འཚོགས། སྒོམ་བཞི་ནི། ཟར་པ་ཕག་སྒོམ་རྡོ་རྗེ་ཡེ་ཤེས་ཀྱིས་མལ་གྲོ་ཟར་གྱི་མཆོད་ཁང་བཞེངས། རུག་པ་སྟོན་སྒོམ་གྱིས་ཀླུང་ཤོད་རུག་པའི་མཆོད་ཁང་སོགས་བཞེངས། མང་ར་སྒོམ་པ་བརྩོན་འགྲུས་ཀྱིས་ཐང་སྐྱའི་དགོན་པ་བཏབ། དབུ་རྩེ་གསར་མ་བཞེངས། རལ་པ་སེང་སྒོམ་གྱིས་ཀླུང་ཤོད་ངར་གྱི་མཆོད་ཁང་བཞེངས་སོ། །
 འགྲན་གྱི་དོ་མེད་གསུམ་ནི། སྟོད་ལུངས་པ་ཆེན་པོ། བྱ་ཡུལ་བ་ཆེན་པོ། སྨྱུག་རུམ་པ་ཆེན་པོའོ། །
     སྨྱུག་རུམ་པས་(དབུར་སྟོད་)ཀླུང་ཤོད་མདར་སྨྱུག་རུམ་གྱི་དགོན་པ་བཏབ།
མཆན།  (  )རྟགས་འདིའི་ནང་དུ་བཀོད་པ་རྣམསགསར་སྣོན་ཞུས་པ་ཡིན།
དབུ་རུ་སྟོད་ཀྱི་ཀླུང་ཤོད་མདའི་བཀའ་གདམས་གདན་ས་སྨྱུག་རུམ་གཙུག་ལག་ཁང་གི་གྱང་ཤུལ་ཡིན།

བརྒྱུད་སྐུལ།

མཆན་སྤེལ།