གྲྭ་པ་བཙོན་པ་ཞིག་གིས་བཙུགས་པའི་རྒྱལ་ཁབ།

རྩོམ་པ་བོ། རྒྱ་གྲོལ། 
                            —-སྣེ་གདོང་རྫོང་།
       སྣེ་གདོང་ཞེས་པ་ནི་རི་གླང་ཆེན་ཉལ་བ་ལྟ་བུའི་སྣ་སྟེང་དུ་རྫོང་དེ་ཆགས་སྟབས་སྣེ་གདོང་ཞེས་སྔོན་གྱི་སྣེ་གདོང་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་སྣེ་གདོང་རྫོང་ཞེས་དང་། ད་ལྟའི་སྣེ་གདོང་རྫོང་ཆགས་ཡུལ་ཡང་སྔོན་སྣེ་གདོང་རྫོང་ཆགས་ཤུལ་གྱི་རི་གཤམ་དུ་ཡོད། འདི་ནི་བོད་ཀྱི་གྲྭ་པ་བཙོན་པ་ཞིག་གིས་བཙུགས་པའི་རྒྱལ་ས་ཡིན་པས་བདག་ལ་མཇལ་འདོད་པའི་སྤྲོ་བ་ཤིན་ཏུ་ཆེ། ཡིན་ན་ཡང་། ཕངས་པ་ཞིག་ལ་ཉིན་འདི་དག་གི་རིང་ལ་རྐང་འགྲོས་ཀྱིས་སོང་ཆེ་བས་ད་ལྟ་རྒྱང་ནས་བལྟ་བ་ལས་ཉེ་སར་འགྲོ་མ་ཐུབ། གྲྭ་པ་དེའི་མིང་ལ་བྱང་ཆུབ་རྒྱལ་མཚན་ཟེར་ཞིང་། ཁོ་ནི་རླངས་ལྷ་རིགས་སུ་འཁྲུངས། ས་སྐྱའི་གོང་མའི་སྐབས་སུ་རླངས་ལྷ་རིགས་ཟེར་བ་འདིའི་གདུང་རྒྱུད་དག་ལ་ཕག་མོ་གྲུ་པའི་ཁྲི་དཔོན་གྱི་གོ་གནས་ཐོབ། གདུང་རྒྱུད་འདིའི་དཔོན་པོ་ཕལ་ཆེར་རབ་ཏུ་བྱུང་ནས་སློབ་གཉེར་མཛད་པས་མཁས་པའི་གྲགས་པ་ཐོབ། བྱང་ཆུབ་རྒྱལ་མཚན་ཟེར་བ་དེ་འདིའི་དཔོན་པོ་རྒྱལ་མཚན་སྐྱབས་དང་ལྕམ་ཆུང་བ་འབུམ་སྐྱིད་གཉིས་ཀྱི་བུ་རུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་སྟེ་སློབ་གཉེར་བྱས་ཤིང་། ཞོར་དུ་རྟ་ཞོན་སྟངས་དང་མདའ་རྡོ་མཆོང་གསུམ། གཏམ་དང་ཚོགས་པའི་འགོ་ཁྲིད་སྟངས་ལ་སོགས་པར་སྦྱངས།
དགུང་ལོ་ཉི་ཤུ་བར་སློབ་གཉེར་མཐར་ཕྱིན་པ་དང་ས་སྐྱ་གོང་མས་ཏའི་སི་ཏུ་ཞེས་པའི་གོ་གནས་དང་སྟག་མགོ་ནོར་གསུམ་པ་ཞེས་པའི་ཐམ་ཀ་བྱིན་ནས་ཕག་གྲུའི་ཁྲི་དཔོན་དུ་བསྐོས། འབངས་རྣམས་ཚུལ་བཞིན་བསྐྱངས་པས་མངའ་ཐང་རྒྱས། ཁྲི་དཔོན་སྔ་མས་ཤོར་བའི་ཡུལ་སྡེ་དག་ཚུར་བླངས། གཡའ་བཟང་བས་ཕག་གྲུའི་སྟེང་དུ་དམག་ཡོང་ནས་ཚུར་འགེབས་ཚན་ཁ་ཤས་བྱས་ཤིང་། ཁ་མཆུ་བསླངས་པས་ཁ་མཆུ་གཏུགས་བཤེར་བྱས་ན་ཡང་ས་སྐྱའི་དཔོན་ཆེན་རྣམས་གཡའ་བཟང་བའི་ཕྱོགས་སུ་ཡོ་བས་གཡའ་བཟང་བ་ཐེངས་ཁ་ཤས་རྒྱལ། རྩ་བ་མ་ཆོད་པས་དམག་འཁྲུག་བྱས་པས་གཡའ་བཟང་བ་ཕམ་སྟེ་བྲོས།
དེ་ནས་ས་སྐྱའི་དཔོན་ཆེན་དབང་ཕྱུག་དཔལ་བའི་དྲུང་དུ་གཏུགས་བཤེར་བྱས་པས་ཕག་གྲུ་ལ་བདེན་ཆེ་ཙམ་བྱུང་ཡང་ཚལ་པ་དཔོན་ཀུན་རྡོར་གྱིས་ཕྱོགས་འཐེན་བྱས་པས་གཡའ་བཟང་བ་རྒྱལ་བས་ས་སྐྱའི་ལས་ཚན་དུ་ཡོད་པའི་རླངས་ཀྱི་མི་རྒྱུད་བསོད་ནམས་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་དུ་བསྐོས་ཏེ་སྣེ་གདོང་དུ་སོང་ཡང་། ཏའི་སི་ཏུ་རྒྱལ་མཚན་གྱིས་ཁྲི་དཔོན་གྱིས་གོ་ས་མ་སྤྲད། དེ་ནས་མི་རིང་བར་ས་སྐྱའི་དཔོན་ཆེན་དབང་བརྩོན་གྱིས་སི་ཏུ་སྟོན་ཐོག་ཏུ་བོས་ནས་བཟུང་སྟེ་གུང་ཐང་དུ་ཞག་བཅུ་དགུར་བཙོན་དུ་བཅུག་ནས་ཚ་འཇམ་སྣ་ཚོགས་ཀྱིས་ཐམ་ཀ་སྟག་མགོ་གཏོད་དགོས་བྱས་ཀྱང་ངས་ས་སྐྱ་གོང་མའི་ཞབས་འདེགས་མ་བསྒྲུབས་པ་དང་། མི་སེར་ལ་གནོད་པའི་བྱ་བ་གང་ཡང་མ་བྱས་པས་ཁྲི་དཔོན་གྱི་ལས་ཀ་སྤྲོད་མི་ཐུབ་ཅེས་ཨུ་ཚུགས་བྱས་པས་ས་སྐྱའི་དཔོན་ཆེན་དབང་བརྩོན་ཡང་ཐབས་ཟད་ནས་ཕྱིར་བཏང་།
1351ལོར་སླར་ཡང་ཐེངས་གཉིས་ལ་གཡའ་ཕག་འཁྲུགས་ཀྱང་ཕག་གྲུ་བ་རྒྱལ་བས་ས་སྐྱའི་དཔོན་ཆེན་རྒྱལ་བཟང་བ་ཡར་ལུང་དུ་སོང་ནས་གཡའ་ཕག་གི་གཟུ་བཤད་སྐབས་ཏའི་སི་ཏུས་རང་གིས་བློན་པོ་རྣམས་ལ་སང་ངེད་བཟུང་ནས་པགས་པ་དམར་བཤུས་བྱེད་ཀྱིན་འདུག་ཟེར་ན་ཡང་སྣེ་གདོང་མ” “གཏོད་ཅེས་བཀོད་ཁྱབ་བཏང་། ཕྱི་ཉིན་དཔོན་ཆེན་གྱིས་སི་ཏུ་བཟུང་ཡང་ཐེལ་མེར་བསྲེགས་ནས་ལེན་རྒྱུ་མ་བྱུང་། དཔོན་ཆེན་རྒྱལ་བཟང་བ་སྣེ་གདོང་དུ་སྐོར་གཡེང་བྱེད་དུ་སོང་ནས་སྣེ་གདོང་ཚུར་སྤྲད་དགོས་བཤད་ཀྱང་ཕག་གྲུའི་བློན་པོ་རྣམས་ཀྱིས་ས་སྐྱའི་དཔོན་ཆེན་ལས་སྡེ་སྲིད་གལ་ཆེ་ཟེར་ནས་ཕོ་བྲང་མ་གཏད།
དེ་ནས་སྡེ་སྲིད་ཏའི་སི་ཏུ་ལ་བཙོན་ལས་བྱས་ཏེ་བཙོན་ཆས་གཡོགས་ནས་ས་སྐྱར་འཁྱེར། ཟླ་བ་གསུམ་ཙམ་ལ་ས་སྐྱར་བཙོན་དུ་བཟུང་བས་འོ་བརྒྱལ་མང་བོ་མྱངས། སྐབས་དེར་ས་སྐྱའི་ནང་ཆེན་དབང་བརྩོན་གྱིས་ཧོར་རྒྱལ་དང་འབྲེལ་བ་བྱས་ནས་དཔོན་ཆེན་གྱི་གོ་ས་འཕྲོག་རྩིས་བྱེད་པ་དཔོན་ཆེན་རྒྱལ་བཟང་བས་ཤེས་ཏེ་སི་ཏུ་དང་ལྐོག་གྲོས་བྱས་ཏེ་ཕན་ཚུན་ལ་གྲོགས་བྱ་རྒྱུ་ཁས་བླངས་ཏེ་ཤོར་བ་ལྟར་མཛད་ནས་སི་ཏུ་བཏང་།1352ལོར་སི་ཏུ་ཕྱིར་སྣེ་གདོང་ཕོ་བྲང་དུ་སླེབས་ནས་དམག་བཏེགས་ཏེ་གཡའ་བཟང་བ་དཔུང་ཤུགས་ཀྱིས་བླངས། རིང་བོ་མ་ལོན་པར་ཐང་བོ་ཆེར་ཡང་དཔུང་འཇུག་བྱས། སྐབས་དེར་ས་སྐྱའི་ནང་ཆེན་དབང་བརྩོན་གྱིས་གློ་བུར་དཔོན་ཆེན་རྒྱལ་བཟང་བ་བཟུང་ནས་བཙོན་དུ་བཅུག དཔོན་ཆེན་གྱི་དབང་འཕྲོག་སྟེ་བོད་ཁྲི་སྐོར་བཅུ་གསུམ་གྱི་དམག་བསྡུས་ནས་སྣེ་གདོང་བར་དཔུང་འཇུག་བྱས། སི་ཏུས་ཕག་གྲུའི་ཁྲི་སྐོར་གྱི་དམག་བསྡུས་ཤིང་རང་ཉིད་ཀྱིས་དམག་དྲངས་ནས་འཐབ་པས་རྒྱལ་ཏེ། ས་སྐྱའི་དམག་རྣམས་དེད་ནས་གསོད་བཟུང་བྱེད་སྐབས་ས་སྐྱའི་བླ་མ་དམ་པ་དང་དབུས་གཙང་གི་མི་ཆེན་མང་བོ་བར་འདུམ་ལ་བྱོན་ཏེ་རྒྱལ་བཟང་བ་བཙོན་ནས་གློད་པ་སོགས་ནང་འགྲིག་བྱུང་ཚུལ་གྱིས་ཇོ་མོ་མཁའ་རེག་བར་དུ་བླངས།
1358ལོར་ས་སྐྱའི་དཔོན་ཆེན་དབང་བརྩོན་དང་ནང་ཆེན་ནམ་མཁའ་བསྟན་པ་གཉིས་བར་ལ་འགལ་བ་བྱུང་སྟེ་ས་སྐྱར་ནང་འཁྲུག་བྱུང་སྟེ། དཔོན་ཆེན་རྒྱལ་བ་བཟང་བོ་གློ་བུར་དུ་འདས། ཏའི་སི་ཏུས་དེ་ཤེས་མ་ཐག་དཔུང་ཆེན་ས་སྐྱར་བཏེགས་ནས་ཏཱ་དབེན་བློ་གྲོས་རྒྱལ་མཚན་ཁྲི་ལས་ཕབ། དཔོན་ཆེན་བཟུང་ཞིང་ལས་བྱེད་གནད་ཆེ་བ་བཞི་བརྒྱ་བརྒལ་བ་གནས་དབྱུང་གཏོང་བ་སོགས་ཀྱི་ཁྲིམས་ལ་སྦྱར། ས་སྐྱའི་སྲིད་དབང་འཕྲོག་ནས་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ལ་དབང་བསྒྱུར།
ཏའི་སི་ཏུ་སློབ་གཉེར་བ་ནས་ཁྲི་དཔོན་ལ་བཞུགས་པ་དང་བཙོན་མ་ནས་བོད་ཆོལ་ཁ་གསུམ་གྱི་བདག་པོར་གྱུར་པ་ལ་བསམ་བཞིན་བདག་གི་སྣང་བ་འཕྲུལ་སྣང་ཞིག་ཏུ་འདྲེས་སོང་བ་དང་འདྲ་ལ། ཁོས་བོད་ཀྱི་བདག་པོར་བཞུགས་པ་ནས་རྫོང་ཆེན་བཅུ་གསུམ་བརྩིགས་ཤིང་ལོ་གསུམ་རེར་རྫོང་དཔོན་འགྲོ་བའི་ལམ་ལུགས་གཏན་ལ་ཕབ། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་ལག་ཏུ་བསྟར་ནས་ཆོས་སྲིད་རིག་གནས་དཔལ་འབྱོར་དང་བཅས་པ་སྔར་མེད་པའི་དར་རྒྱས་བྱུང་བ་སོགས་རྒན་མོ་གསེར་འཁུར་གྱི་དུས་རབས་བྱུང་འདུག
སི་ཏུ་རྒྱལ་མཚན་ནས་རིམ་བཞིན་ཤཱཀྱ་རྒྱལ་མཚན་དང་། གྲགས་པ་བྱང་ཆུབ། བསོད་ནམས་གྲགས་པ། གྲགས་པ་རྒྱལ་མཚན། གྲགས་པ་འབྱུང་གནས། ཀུན་དགའ་ལེགས་པ་དང་། ངག་གི་དབང་བོ། ངག་དབང་བཀྲ་ཤིས་གྲགས། ཞབས་དྲུང་ངག་དབང་གྲགས་པ་བཅས་ཏེ་བཅུས་བསྐྱངས་ཏེ་མཐའ་མཇུག་རྒྱལ་ས་རིན་སྤུངས་པ་ལ་ཤོར།
ལོ་རྒྱུས་ཕྱིར་དྲན་ལས་ཕྱིར་བསླངས་དུས་མིག་གིས་རྒྱང་རིང་གི་གནས་དེར་མཐོང་བྱུང་། རེད་དེ། འདི་ནི་བོད་ཀྱིས་ལོ་རྒྱུས་སྟེང་བྱུང་བའི་གྲྭ་བ་བཙོན་མ་ཞིག་གིས་བཙུགས་པའི་རྒྱལ་ཁབ་སྟེ་སྣེ་གདོང་བའི་རྒྱལ་ས་རེད། བདག་གིས་རྒྱལ་ས་དེར་རྒྱང་ལྟ་བྱེད་བཞིན་ཁོང་རབ་ཏུ་བྱུང་ནས་ཚུལ་ཁྲིམས་སྲུང་བ་ལ་དོ་སྣང་བྱེད་རིན་ཞིག་གཏན་ནས་མེད་མོད། བོད་ཀྱི་རྒྱལ་ཁམས་འདིར་རྒན་མོ་གསེར་འཁུར་གྱི་དུས་རབས་ཤིག་བྱུང་དུ་བཅུག་པ་ལ་ཧ་མི་ལས་ཀ་མེད་བྱུང་སོང་།

བརྒྱུད་སྐུལ།

མཆན་སྤེལ།