ངམ་རིང་རྫོང་ཆོས་སྡེའི་ལོ་རྒྱུས།

ངམ་རིང་རྫོང་ཆོས་སྡེའི་ལོ་རྒྱུས།
   དེ་ཡང་བྱང་ཤམ་བྷ་ལ་གཉིས་པར་གྲགས་པའི་ངམ་རིང་ཁུལ་ངམ་ནག་པོའི་ཐད་དུ་ཡོད་པའི་ངམ་རིང་ཆོས་སྡེ་དགོན་ནི་ལོ་རྒྱུས་ཤིན་ཏུ་རིང་བ་ཡོད་ལ་དགོན་པའི་ཕྱག་བཏབ་མཁན་ཐད་ལའང་བཤད་སྲོལ་མི་འདྲ་བ་ཡོད་པ་ནི་བེེ་སེར་ལས།  གཙང་ལ་སྟོད་བྱང་དང་ངམ་རིང་ངང་རིངས་ཆོས་སྡེ་ནི་མི་ཉག་སེའུ་པོའི་གདུང་རབས་ལེགས་པར་བྱ་བར་གཙང་སྟག་སྡེ་སེང་གེ་ལུང་དུ་སྲས་དགུ་བྱུང་བའི་ཆེ་བ་སེང་གེ་དར་ནས་རིམ་པར་བརྒྱུད་པའི་ཏི་ཤྲྀ་ཀུན་དགའ་བློ་གྲོས་བོད་ཀྱི་དཔོན་ཆེན་དུ་བསྐོས་པའི་དུས་གད་པ་ངམ་ནག་པོའི་ཐད་དུ་ཡོད་པའི་ངམ་རིང་མཚོ་ཆེན་པོར་ངང་པ་སྐད་སྒྲོག་པའི་སྣེར་ཡོད་པས་ངམ་རིང་ཡུལ་འདིར་སྟག་རྩེ་ལ་རྒྱབ་པ་ཤཱཀྱ་སེང་གེ་སྤྱན་དྲངས་ནས་རབ་བྱུང་བཞི་པའི་ཤིང་བྱར་(༡༢༢༥)ཆོས་སྡེའི་གཞི་བཙུགས་ཞེས་གསལ།
ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ནང་གཙང་ལ་སྟོད་ཀྱི་བྱང་ངམ་རིང་ཆོས་སྡེ་བྱམས་པ་གླིང་ནི་སྟག་རྩེ་ལ་རྒྱབ་ཤཱཀྱ་སེང་གེ་ཞེས་བཏབ་ཅེས་གསལ། དུང་དཀར་ཚིག་མཛོད་ཆེན་མོའི་ནང་༡༢༢༥ལོར་ཏི་ཤྲྀ་ཀུན་དགའ་བློ་གྲོས་ཀྱིས་བྱང་ངམ་རིང་ཆོས་སྡེ་ཕྱག་བཏབ་ཅེས་འཁོད།  གཡས་རུ་བྱང་པའི་གདུང་རབས་ཞེས་པའི་ནང་ཏི་ཤྲྀ་ཀུན་དགའ་བློ་གྲོས་གོང་ན་བཞུགས་དུས་དབུས་གཙང་དཔོན་ཆེན་ལ་བཀོད།  ལོ་བཅུ་གསུམ་གྱི་བར་དུ་དཔོན་ཆེན་གྱི་གོ་གནས་ལ་བཞུགས་ཏེ།  རང་གི་ཆས་སྐྱེན་གྱིས་སྟོད་སྨད་ཀྱི་འཇམས་ཆེན་འཆོས་པ་སོགས་བོད་ཡུལ་སྤྱིའི་ཆེད་དུ་འགྲོ་བའི་ཕྱག་རྗེས་བཞག་མཁན་པོ་ཤཱཀྱ་སེང་གེ་སྤྱན་དྲངས་ཏེ་དཔལ་མང་རིང་ཆོས་སྡེ་ཆེན་པོ་ཐོག་མར་བདག་རྐྱེན་མཛད།  བཀའ་འགྱུར་རོ་ཅོག་གསེར་ལས་བཞེངས་པ་སོགས།  ཞེས་འཁོད་ཡོད།  དེ་མིན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་མཛད་པའི་དེབ་ཐེར་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་བྱང་བདག་ནི་ཕུན་སུམ་ཚོགས་པའི་བསོད་ནམས་ཀྱི་དཔལ་ལས་གྲུབ་པའི་དབང་ཕྱུག་རྒྱ་ནག་གོང་མའི་ཁྲི་ལ་གནམ་གྱི་ལུང་གིས་དབང་བསྒྱུར་བའི་མི་ཉག་སིའུ་རྒྱལ་པོ་ནས་གདུང་རབས་བདུན་པ་མི་ཉག་རྒྱལ་རྒོད་ལས་རིམ་པར་བརྒྱུད་པའི་མི་ཉག་སེང་གེ་དར།  དེའི་སྲས་དཀོན་མཆོག  དེ་ལ་སྲས་གསུམ་ལས་འབུམ་སྡེས་ཆོས་རྗེས་པན་ལ་གུས་འདུས་ལྷུར་མཛད།  འདི་ལ་སྲས་དྲུག་ལས་གྲགས་པ་དར་གྱིས་གོང་མ་སེ་ཆེན་རྒྱལ་པོའི་ལུང་བཞིན་རིན་པོ་ཆེའི་དམ་ཁ་དང་སི་ཏུའི་ལས་བླངས།

    བྱང་ངམ་རིང་ཆོས་སྡེ་ཆེན་པོ་བཙུགས། དཔོན་ཆེ་གྲགས་པ་དར་མིང་གཞན་ཡོན་ཙུན་ཞེས་སྙན་གྲགས་ཅན་དེའི་སྲས་རྡོ་རྗེ་མགོན་པོས་ཡབ་མེས་ཀྱི་སྲོལ་བཞིན་ས་སྐྱའི་དཔོན་ཆེན་གྱི་ལས་ཀ་བཟུང་།  ཚོགས་སྡེ་བཞི་ལ་འཀུར་བསྟི་བླ་ལྷག་ཏུ་འཛད་ཅེས་གསལ་འདུག།  འོན་ཀྱང་བོད་ལ་ཏི་ཤི་ཞེས་པའི་ཐ་སྙད་དེ་ནི་སྔོན་ཡོན་རྒྱལ་རབས་སྐབས་གོང་མའི་དབུ་བླ་ལ་ཏི་ཤི་ཞེས་འབོད་ཀྱི་ཡོད་པས་བོད་ལ་གོང་མས་གནང་བའི་ཏི་ཤིའི་སྐོར་ལ་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ནང་ཆོས་རྒྱལ་འཕགས་པའི་གཅུང་པོ་འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་དེ་བོད་ལ་ཏི་ཤྲྀ་དང་དབང་གི་ལས་ཁ་ཐོག་མར་སྐུ་མཆེད་འདི་གཉིས་རིང་ལ་བྱུང་བར་གྲགས་པས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་གསལ་བར་གཞིགས་ན།  དང་པོ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན་དགོས།  དེར་བརྟེན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི༡༢༢༣༥ལོར་འཁྲུངས་པ་དང་༡༢༨༠ལོར་གཤེགས།  འོན་ཀྱང་ངམ་རིང་ཆོས་སྡེ་དགོན་པ་ནི༡༢༢༥ལོར་ཕྱག་བཏབ་པ་ཡིན་ན་ཏི་ཤྲྀ་ཀུན་དགའ་བློ་གྲོས་དེ་ཏི་ཤྲྀའི་གོ་གནས་ཐོབ་པ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྗེས་སུ་ཡིན་པ་ནི་བཤད་མི་དགོས་པ་ཞིག་ཡིན།  འོན་ཀྱང་ཏི་ཤྲྀ་ཀུན་དགའ་བློ་གྲོས་ནི་རབ་བྱུང་ལྔ་པའི་ནང་འཁྲུངས་ཤིང་དེ་ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་འགྲེམ་སྤེལ་བྱས་པའི་གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ཞེས་པའི་ནང་ཏི་ཤྲྀ་ཀུན་དགའ་བློ་གྲོས་ནི་(༡༢༩༩ནས་༡༣༢༥)རབ་བྱུང་ལྔ་པའི་ས་ཕག་ལོར་ས་སྐྱ་བདག་ཉིད་ཆེན་པོའི་སྲས་སུ་འཁྲུངས།  ཧོར་གྱི་རྒྱལ་སར་བྱོན་ནས་བུ་ཡན་རྒྱལ་པོ་དང་།  གི་གན་རྒྱལ་པོ།  ཡེ་སུན་ཐེ་མུར་བཅས་ཀྱི་ཏི་ཤྲྀ་མཛད།  ཞེས་འཁོད་ཡོད།  གལ་ཏེ་ཏི་ཤྲྀ་ཀུན་དགའ་བློ་གྲོས་ཀྱིས་སྤྱི་ལོ་༡༢༢༥བོད་རབ་བྱུང་བཞི་པའི་ཤིང་བྱ་ལོར་བྱང་ངམ་རིང་ཆོས་སྡེ་ཕྱག་བཏབ་པ་ཡིན་ན་ཏི་ཤྲྀ་ཀུན་དགའ་བློ་གྲོས་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་དང་མི་མཐུན། ཡང་ན་ཏི་ཤྲྀ་ཀུན་དགའ་བློ་གྲོས་ཞེས་པ་མི་གཞན་ཞིག་ཡོད་དམ།  ཡང་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ཅེས་པའི་ནང་མང་མཁར་ཀུན་དགའ་འབུམ་ལ་རབ་བྱུང་ལྔ་པའི་ས་ཕག་སྤྱི་ལོ་༡༢༩༩ལོར་སྲས་ཀུན་དགའ་བློ་གྲོས་འཁྲུངས། སྐུ་ནར་སོན་པ་དང་ཧོར་ཡུལ་དུ་བྱོན་ནས་བུ་ཡན་རྒྱལ་པོ་དང་། གི་གན་རྒྱལ་པོ།  ཡེ་སུན་ཐེ་མུར་བཅས་ཀྱི་རིང་ལ་ཏི་ཤྲྀ་སྟེ་གོང་མའི་དབུ་བླ་དང་སློབ་དཔོན་མཛད།

     འགྲོ་མགོན་འཕགས་པའི་གདན་ས་ཆེ་བ་ས་སྐྱ་དང་།
    ཤིང་ཀུན།  མེ་ཏོག་ར་བ།  བྱི་རུག་སྨུག་པོ་ཆུ་མིག་མདོ་ཁམས་ན་གཙོ་མདོ།  བསམ་འགྲུབ།  རི་འབུར།  རི་འབུར།  གཉའ་གོ་རྒྱ་ཡུལ་བྱང་ངོས་ན་ལིང་ཆུ་རྩེར་ཁབ་སྟེ་དྲུག་གཞན་ཡང་ཆོས་སྡེ་དུ་མའི་བདག་པོར་གྱུར་ཅིང་མཛད་འཕྲིན་ཕུན་སུམ་ཚོགས་པར་བྱུང་།  དགུང་ལོ་ཉེར་དགུ་བཞེས་པ་རབ་བྱུང་དྲུག་པའི་མེ་ཡོས་སྤྱི་ལོ་༡༣༢༧ལོར་མེ་ཏོག་ར་བར་འདས་ཞེས་གསལ་བ་དེ་ལ་གཞིགས་ན་ཏི་ཤྲྀ་ཀུན་དགའ་བློ་གྲོས་དཔོན་ཆེན་གནང་བའི་སྐབས་ངམ་རིང་ཆོས་སྡེར་བདག་སྐྱོང་གནང་མྱོང་ཡོད་པ་འདུག་ཀྱང་ཆོས་སྡེ་བཏབ་པའི་དུས་དང་མི་མཐུན།  དེ་བཞིན་སྔོན་བྱོན་མཁས་དབང་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་མང་ཙམ་ཡོད།  དེ་མིན་བྱང་པ་བདག་པོ་གྲགས་པ་དར་གྱིས་ཕྱག་བཏབ་པ་ཞིག་ཡིན་ཞེས་དེ་ཡང་དོགས་གནད་ཡོད་པ་ནི་གྲགས་པ་དར་ཞིག་མིང་གཞན་ལ་ཡོན་བཙུན་ཞེས་འབོད་ཅེས་པ་དེ་ལ་བལྟས་ན་ཁོང་ནི་ས་སྐྱའི་དཔོན་ཆེན་རིམ་བྱོན་ནང་གི་ཨང་བཅོ་ལྔ་པ་དེ་ཡིན།  དེར་བརྟེན་དུས་ཚོད་དང་མི་མཐུན་པས་མི་གཞན་ཡིན་པའི་བསམ་བློ་གཏོང་དགོས་པ་ཞིག་འདུག་སྙམ།  གང་ལྟར་ངམ་རིང་ཆོས་སྡེ་ཕྱག་བཏབ་མཁན་དང་བྱང་བདག་གཉིས་འབྲེལ་བ་ཆེན་པོ་ཡོད་པ་འདུག།
    དེ་མིན་གདན་རབས་ནི་མདོག་ཡོན་ཏན་རྒྱལ་མཚན་དང་།  སྒེར་ཕུ་རྒྱས་པ་ཀུན་མཁྱེན་གངས་ཕྲོད་པ། གཅུང་སྨད་པ་བརྩོན་འགྲུས་རྒྱལ་མཚན།  དེ་ཡན་སྤེའུ་དཀར་པོ་ལ་བླ་བྲང་དང་ཚོམས་ཆུང་ལ་འདུ་ཁང་བྱེད། འདུ་ཁང་གི་གཙང་ཁང་ནང་རྟེན་གཙོ་ནི་ཤར་ལི་ལས་གྲུབ་པའི་ཐུབ་དབང་ཞལ་གསེར་མ་ཞེས་པ་ཐོག་ཚད་མ་དང་། རྒྱུ་སྨན་འཇིམ་ལས་གྲུབ་པའི་མགོན་པོ་གུར་ལ་ཡབ་ཡུམ་སོགས་དང་འདུ་ཁང་རང་དུ་གསེར་ཟངས་ཀྱི་ཚེ་དཔག་མེད་དང་།  ཐུབ་དབང་། རྗེ་བཙུན་སྒྲོལ་མ་འཇིམ་བཟོས།  གནས་བཅུ་བྲག་རིས་མ་བཅས་བཞུགས་སོ།
     དེ་ནས་མཁན་རབས་ལྔ་པ་མངའ་རིས་པ་དུས་ཞབས་ཕྱོགས་ལས་རྣམ་རྒྱལ་གྱི་སྐབས་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་ངམ་རིང་ཆོས་སྡེར་ཆོས་བཞིའི་གྲྭ་སྐོར་དུ་ཕེབས། དེ་ནས་རིམ་གྱིས་ས་ལུགས་གྲྭ་ཚང་བཅོ་ལྔ་དང་།  དགེ་ལུགས་གྲྭ་ཚང་བཅུ་བཅས་བཙུགས་ཤིང་།  གྲྭ་ཁང་བཅའ་ཡིག་སོགས་དར་རྒྱས་སུ་མཛད། ཙོང་ཁ་པ་ཆེན་པོས་གོང་གསལ་ཆོས་སྡེའི་བླ་བྲང་གི་འདུ་ཁང་འདིར་གསུང་བཤད་མཛད་ཅིང་།  །གསུང་བཤད་མཛད་སྐབས་རྗེ་བཙུན་སྒྲོལ་མས་རིགས་ཀྱི་བུ་གསུང་བཤད་འདི་གས་འཐུས་པ་འདུག་ཅེས་གསུངས།  གསུང་བཤད་གནང་སའི་ཀ་བར་སྐུ་འཕྱམ་གྱི་ཚུལ་རང་བྱོན་དུ་ཕེབས་པ་དང་བཅས་གནས་གཞི་བྱིན་ཅན་དུ་འགྱུར་བའི་བཤད་སྲོལ་ཡོད་པ་མ་ཟད།  དགོན་པ་དར་རྒྱས་བྱུང་བའི་རྗེས་སུ་ཡང་དབུས་གཙང་ཁམས་གསུམ་ནས་གྲྭ་སྐོར་ལ་ཕེབས་མཁན་ཚོས་གསུང་གཤད་དངོས་འདུ་ཁང་ཆེ་མོར་གནང་དགོས་ཀྱང་།  སྔོན་ལ་ཙོང་ཁ་པ་ཆེན་པོས་གསུང་བཤད་གནང་སའི་ཆོས་བླ་འདུ་ཁང་འདིའི་ནང་གསུང་བཤད་ཀྱི་ཕུད་འབུལ་རྒྱུད་དང་།  རབ་འབྱམས་ཁྲི་འདོན་གྱི་མཚན་གནས་བཞེས་ཡུལ་གལ་ཆེར་འཛིན་ནས་དམངས་བཅོས་བསྒྱུར་མ་བྱས་བར་མུ་མཐུན་དེ་ལྟར་བྱེད་བཞིན་ཡོད།  དེའི་སྔོན་དུ་ས་སྐྱའི་ཆོས་ལུགས་གཙོ་ཡིན་པ་གསལ།  དེ་མིན་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་སྐབས་ངམ་རིང་ཆོས་སྡེ་དགོན་དེ་ཡང་དར་རྒྱས་ཆེན་པོ་བྱུང་བ་ནི་ཁོང་གི་ལོ་རྒྱུས་རགས་བསྡུས་ཞུས་ན་གསལ་ཐུབ།
     རྗེ་འདི་ནི་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་སློབ་མ་ཡིན་ལ་བོད་རབ་བྱུང་ལྔ་བའི་མེ་རྟ་(༡༣༠༦)ལོར་མངའ་རིས་དོལ་པོའི་ཆར་འཁྲུངས།  སྐུ་གཞོན་ནུའི་དུས་ནས་དབུས་སུ་བྱོན་ཏེ་ཆོས་འཁོར་གླིང་དུ་ཕར་ཚད་ལ་སོགས་པའི་མཚན་ཉིད་ཀྱི་སྡེ་སྣོད་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར།  དབུས་གཙང་གཉིས་ཀར་གྲྭ་སྐོར་མཛད།  དེ་ནས་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང་མཇལ་བས་ཤིན་ཏུ་དད་དེ་ཇོ་ནང་དུ་ཕེབས།  ཀུན་མཁྱེན་ཆེན་པོའི་དྲུང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་པ་མན་ངག་དང་བཅས་ཟབ་ཆོས་གཞན་མང་དུ་གསན།  མན་ངག་ཉམས་སུ་བཞེས་པས་ཏིང་ངེ་འཛིན་བཟང་པོ་འཁྲུངས།  བྱང་བདག་ཆེན་ཏཱ་དབེན་ནམ་མཁའ་བརྟན་པས་ཀུན་མཁྱེན་དཔོན་སློབ་གཉིས་མངའ་རིས་སུ་སྤྱན་དྲངས།  ཕྱོགས་ལས་རྣམ་རྒྱལ་བས་ངམ་རིང་ཆོས་སྡེའི་བླ་བྲང་།  འདུ་ཁང་རྙིང་པ།  ཤར་ནུབ་ཀྱི་གྲྭ་ཤག་ལ་སོགས་བཏབ། ཀུན་མཁྱེན་ཆེན་པོའི་བཀའ་བཞིན་ཕར་ཚད་གཙོ་བོར་གྱུར་པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད།  དེ་ནས་གདན་ས་མཁན་ཆེན་བསྟན་རྒྱལ་བ་ལ་གཏད་དེ།  དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་རྟ་(༡༣༥༤)ལོར་ཇོ་ནང་གི་གནད་སར་ཕེབས།  ལོ་ལྔ་ནས་དེ་ཡང་གཏད་ནས་དབུས་སུ་ཕེབས།  ཚལ་དབུས་གླིང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་གི་ཁྲིད་རྣམས་སློབ་མའི་སྡེ་ཆེན་པོར་གསུངས།  དེ་ནས་ཡར་ཀླུང་ཕྱོགས་ལ་ཕེབས།  ལོ་ཙཱ་བ་བྱང་ཆུབ་རྩེ་མོས་དུས་ཀྱི་འཁོར་ལོའི་མཆོག་དབང་གནས།  ཁྲ་འབྲུག་ལ་སོགས་པར་བཞུགས་ཏེ་གདུལ་བྱ་དཔག་མེད་ལེགས་པའི་ལམ་དུ་བཀོད།  དེ་ནས་གཙང་དུ་ཕེབས་ཏེ་སེ་མཁར་ཆུང་དུ་བཀོད།  དེ་ནས་གཙང་དུ་ཕེབས་ཏེ་སེ་མཁར་ཆུང་དུ་བཞུགས། དུས་འཁོར་སོགས་ཀྱི་འཆད་ཉན་གནང་སྟེ་ས་ག་ལི་འགྲེམ་པ་སུམ་བརྒྱ་ཙམ་གྱི་ནང་ནས་གསོལ་ཇ་རྒྱུག་པའི་ཆོས་དཔོན་བརྒྱ་ཅུ་ཙམ་བྱུང་།  དགུང་ལོ་བརྒྱ་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་དྲུག་པའི་མེ་སྟག་(༡༣༨༦)ལོར་ཞི་བར་གཤེགས།
     ཡང་ཙོང་ཁ་པ་ཆེན་པོ་ངམ་རིང་ཆོས་སྡེར་བཀའ་བཞིའི་གྲྭ་སྐོར་དུ་ཕེབས་པ་དེ་ནས་བཟུང་ངམ་རིང་ཆོས་སྡེའི་མཚན་སྙན་དེ་རིམ་བཞིན་བོད་ཡོངས་སུ་ཁྱབ་པ་མ་ཟད།  ལྷག་པར་དུ༡༩༠༡ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་དགུང་ལོ་བཅུ་དྲུག་ནས་གཙང་ཕྱོགས་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད་སྐབས་གངས་ཅན་གྱི་མཁས་པ་ཆེན་པོ་བོ་དོང་ཕྱོགས་ལས་རྣམ་པར་རྒྱལ་བ་ཡང་དེར་ཕེབས་ནས་དམ་བཅའ་འཇོག་གནང་བས་སུས་ཀྱང་གླགས་མ་རྙེད་པ་ན་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ས་པཎ་གྱི་རིགས་གཏེར་འདིའི་ནང་འགལ་བའི་ཕུང་པོ་ཡིན་པས་ངས་དགག་པར་བྱ་ཡི།  ལན་སྤོབས་པ་ཡོད་ན་སྨྲོས་ཤིག་ཅེས་ངམ་རིང་དང་།  ས་སྐྱ།  བོ་དོང་སོགས་སུ་གསུངས་སྐབས་སུས་ཀྱང་ལན་འདོན་པར་མ་ནུས་ནས་ཕྱོགས་དེའི་དགེ་འདུན་ཕལ་མོ་ཆེས་བསྐུལ་བ་ལྟར་དགེ་འདུན་འདུས་པའི་ཚོགས་དབུས་སུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་དམ་བཅའ་བཞག་པར་མཁས་གྲུབ་རྗེས་ངམ་རིང་ཆོས་སྡེའི་ཆོས་ར་ཆེན་མོར་དམ་བཅའ་རེ་རེ་ལ་འདི་ནི་མི་འཐད་པ།  ལུང་རིགས་དང་འགལ་བ།  མི་འཐད་པའི་རྒྱུ་མཚན་འདི་དང་འདི་ཞེས་རིགས་གཏེར་འགོག་པའི་དམ་བཅའ་རིགས་པས་བསུན་ཕྱུང་བར་མཛད་པས་བོ་དོང་ཕྱོགས་ལས་རྣམ་རྒྱལ་བས་མདོ་སྡེ་པའི་ལུགས་ལ་རྒྱུ་ལས་མ་སྐྱེས་པའི་དངོས་པོ་ཡོད་གསུངས་དགོས་པ་བྱུང་ཞིང་།  དེ་ནི་མདོ་སྡེ་པ་རང་གི་གྲུབ་མཐའི་ནང་འགལ་ཡིན་ཞེས་ཅུང་ཟད་ཞལ་སྐྱེངས་ཏེ་ཕྱག་གིས་ཞལ་རྒྱན་ལ་ནོམ་ཞིང་བཞུགས་པ་ན།  མཁས་གྲུབ་རྗེས་ཉམས་མཚར་གྱི་ཚུལ་དུ།  རྒྱུ་ལས་མ་སྐྱེས་པའི་དངོས་པོ་ཡོད་གསུང་བ་དེ་མདོ་སྡེ་པའི་གྲུབ་མཐའི་ནང་འགལ་ཡིན་གསུང་བ།  ད་ཁ་སྤུ་འཐོག་པའི་ལས་ལ་བརྩོན་པར་མཛོད་ཅིག་ཅེས་ཞལ་ཀྱལ་དུ་གསུངས།

     མཁས་གྲུབ་རྗེས་དགག་བཞག་མཛད་པས་བོ་དོང་ཕྱོགས་ལམ་རྣམ་རྒྱལ་ལས་རྣམ་པར་རྒྱལ།  ཕྱིས་བོ་དོང་ཕྱོགས་ལམ་རྣམ་རྒྱལ་བས་མཁས་གྲུབ་རྗེས་བསྔགས་པ་ཡང་མང་པོ་མཛད་ཡོད། དེ་མིན་གངས་ཅན་གྱི་མཁས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་མཉམ་མེད་ཆོས་ཀྱི་སྤྱན་ལྡན་རེད་མདའ་པ་ཆེན་པོས་ཀྱང་ཨ་ལ་ལ་དུས་དེང་སང་བདེན་པ་གཉིས་ལ་རྣམ་གཞག་རྒྱ་ཆེ་ལ་དོན་གསལ་བ་ཡོངས་སུ་རྫོགས་པ་འདི་ལྟ་བུ་ཁོང་མིན་པ་སུ་ཞིག་གིས་ཤེས་པར་ནུས་ངོ་མཚར་ཆེ་རྗེས་སུ་ཡི་རངས་གསུངས་ཤིང་ཡང་དང་ཡང་དུ་བསྔགས་པ་ཆེས་ཆེར་མཛད་ཡོད།  དེ་ནས་ངམ་རིང་ཆོས་སྡེ་འདི་ཡང་དེ་བས་སྙན་གྲགས་ཆེ་རུ་སོང་ཡོད།
     དེའི་རྗེས་ཁམས་པ་བསོད་ནམས་རྒྱལ་མཚན། ལྡོག་གཅེས་པ་བསྟན་པའི་རྒྱལ་མཚན།  བཀའ་བསྒོ་བ་ཟླ་མགོན་ཤེས་རབ།  ཆུ་ཁ་སྤེལ་དམར་བ་དཔལ་འབྱོར་ཤེས་རབ།  བཀའ་ཆད་པ་རིན་ཆེན་དཔལ་བཟང།  ལྡོག་ཆེན་མཉྫུ་ཤི།  འཇམ་དབྱངས་གྲགས་དཔལ།  ས་སྐྱ་པ་ཀུན་དགའ་རྒྱལ་མཚན།  ལྡོག་མགར་རོད་ཨ་ཏི་བཟང་པོ།  སྤེ་སྐྱ་བ་སེང་གེ་དཔལ་རིན།  དེ་ནས་༡༤༣༤ལོར་བྱང་བདག་ཀུན་ཅོག་བཟང་པོས་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དད་གུས་ཆེན་པོས་སྤྱན་དྲངས།  སྤྲུལ་པའི་བཟོ་བོ་འཁོར་བཅས་བལ་ཡུལ་ནས་བསུས།  དགོན་པ་རྒྱ་སྐྱེད་དུ་བཏང་སྟེ་གཙུག་ལག་ཁང་ཀ་བ་བརྒྱད་བཅུའི་ས་དང་གསེར་ཟངས་ལས་གྲུབ་པའི་བྱམས་པ་སྐུ་ཁྲུ་དོན་ལྔ་ཡོད་པ་ཞིག།  དེ་བཞིན་དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་དཀྱིལ་འཁོར་བཞེངས།   དུས་འཁོར་བཀའ་འགྱུར་བྱང་བརྩེགས་མ་སོགས་སྐུ་བརྙན་མང་དུ་བཞེངས་ཡོད།  སེམས་དཔའ་ཆེན་པོས་མཁན་པོ་མཛད།  བྱང་བདག་པོ་ཀུན་ཅོག་བཟང་པོ་དང་བྱང་པ་རྣམ་རྒྱལ་གྲགས་བཟང་སྐུ་མཆེད་རྒན་གཞོན་གཉིས་ཀྱིས་ཆོས་སྡེ་དགོན་གྱི་རྒྱ་སྐྱེད་དང་འཕེལ་རྒྱལ་ཐོག་མཛད་རྗེས་ཆེན་པོ་བཞག་ཡོད།  འོན་ཀྱང་བྱང་པ་རྣམ་རྒྱལ་གྲགས་བཟང་ནི་བོད་ཀྱི་ལོ་རྒྱུས་ཐོག་མཛད་པ་ཤིན་ཏུ་ཆེ་བས་ཆོས་འབྱུང་མང་ཆེ་བའི་ནང་ཁོང་གི་མཛད་རྗེས་འཁོད་ཡོད།
     བྱམས་ཆེན་དེ་ནི་གཙང་གི་བྱམས་པ་སྤུན་གསུམ་ནང་གི་ཡ་གྱལ་གཅིག་ཡིན།  དེ་ཡང་གཙུགས་ལག་ཁང་དེའི་རྟེན་གཙོར་གྱུར་།  སྐུ་དེ་ལ་ཟངས་ཁལ་བརྒྱད་བརྒྱ་བཅོ་བརྒྱད།  མཆུ་གང་ལྷག་པས་ཉག་བཅུ་བཞི།  གསེར་ཞོ་ཉིས་སྟོང་དགུ་བརྒྱ་དང་དྲུག་ཅུ་རྩ་གཉིས་སོ་བརྒྱད་བཏང་ཡོད།   དེ་ལྟར་བཞེངས་པའི་རྒྱུ་མཚན་ནི་ངམ་གྲོག་རིང་མོའི་ནང་སྲིན་མོ་གདུག་པ་ཅན་ཞིག་ཡོད་པར་བརྟེན་སྔོན་གྱི་ལྷ་ཁང་ངམ་གྲོག་རིང་མོའི་ནུབ་རིའི་རྩེར་ཡོད་པ་རང་འཇགས་ཐོག་སྐབས་འདིར་ངམ་གྲོག་རིང་མོར་ཐོག་ཕུབ་སྟེ་སྔར་བས་རྒྱ་ཆེ་བའི་གཙུག་ལག་ཁང་གསར་བཞེངས་དང་།  རྗེ་བཙུན་བྱམས་པའི་སྐུ་འདི་སྲིན་མོའི་སྙིང་ཁར་བཞུགས་བཀོད་མཛད་པ་ནི་བསྟན་འགྲོའི་དོན་དུ་ཡིན།  དེ་མིན་བློས་བསླངས་དཀྱིལ་འཁོར་དེའི་ཁོར་ཡུག་ལ་འདོམ་བདུན་དང་ཁྲུ་དོ་ཐོ་གསུམ་སོར་དགུ་ཡོད་པར་སྤྱི་ཁྲེ་༡༨ཙམ་གྱི་རིང་ཚད་ཡོད་པའི་དབུས་སུ་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་ཕྱག་མཚན་དང་། དེའི་འགྲམ་དུ་ཐབས་ཀྱི་ལྷ་བཅུ་དྲུག  ཤེས་རབ་ཀྱི་ལྷ་བཅུ་གཉིས།  གཤེགས་པ་གཤེགས་མ་བརྒྱད་རེ།  སེམས་དཔའ་སེམས་མ་བཅུ་གཉིས།  སྒོ་བཞི་ཡུམ།  འདོད་ཡོན་ལྷ་མོ།  སྐུ་གསུང་ཐུགས་ཀྱི་ཚེ་ལྷ།   སྒོ་བཞི་སྟེང་འོག་གི་སྲུང་མ།  སྒོ་བཞི་གཡས་གཡོན་དུ་ཀླུ  ཁོར་ཡུག་ཏུ་དུར་ཁྲོད་བརྒྱད།  ཕྱོགས་སྐྱོང་བཅུ།  རྒྱུ་སྐར་ཉི་ཤུ་རྩ་བརྒྱད།  གཟའ་བཅུ་གཉིས།  ཚེས་སུམ་ཅུ།  ཁྱིམ་བཅུ་གཉིས།  གྲུབ་པ།  ཕོ་ཉ།  ཞིང་སྐྱོང་།  འཕྲོག་མ་སོགས་ཡོད་པས་བསྡོམས་ན་དཀྱིལ་འཁོར་འདིར་ལྷ་ཚོགས་བདུན་བརྒྱ་སུམ་བཅུ་སོ་བཞིས་བསྐོར་ཡོད།
      དེ་ནས་དོན་བཟང་རྒྱལ་མཚན།  བློ་བཟང་གྲགས་པ།  རོལ་པ་བསོད་ནམས་སེང་གེ།  ཀུན་དགའ་གྲུབ་པ། སངས་རྒྱས་སེང་གེ འཇིགས་མེད་གྲགས་པ།  རིན་ཆེན་རྡོ་རྗེ།  དཔལ་ལྡན་བློ་གྲོས།  སྨན་ལུང་བྱངས་སེམས་པ།  ཤེས་རབ་དཔལ།  དགེ་ལེགས་བཀྲ་ཤིས།  བསོད་ནམས་བཟང་པོ།  སངས་རྒྱས་རྒྱ་མཚོ།  བྱམས་པ་བསོད་ནམས།  བཟང་པོ་བཀྲ་ཤིས།  བློ་གྲོས་རྣམ་རྒྱལ།  སངས་རྒྱས་རྒྱལ་མཚན།  ངག་དབང་བཀྲ་ཤིས།  ཀླུ་སྒྲུབ་རྒྱ་མཚོ།  ཀུན་དགའ་རྒྱལ་མཚན།  ཆོས་དཔལ་བཀྲ་ཤིས།  བྱམས་པ་བཟང་པོ།  བྱམས་ཆོས་རྒྱལ་མཚན།  ཚུལ་ཁྲིམས་རྒྱལ་པོ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན།  ར་ས་སླེ་ཕུབ་ཀླུ་སྒྲུབ་ཆོས་ཀྱི་དར་རྒྱས།  མང་ཡུལ་ལོ་ཙཱ་བ་ཚེ་བརྟན་རྒྱལ་མཚན།  བྱམས་གླིང་ངག་དབང་འོད་ཟེར་སྐབས་ཆོས་སྡེ་ཆེན་པོ་འདིར་དབྱར་ཆོས་དང་དགུན་ཆོས་ལ་ས་ལུགས་དང་དགེ་ལུགས་གྲྭ་ཚང་ཉི་ཤུ་རྩ་ལྔ་པར་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ཙམ་འབྱུང་།  རྩ་བ་བཞིར་སྐྱོན་ཡོད་མེད་དགེ་བསྐོས་ཀྱིས་མནའ་ལེན་པའི་སྲོལ་དར་ཞིང་།  གཞུང་ལུགས་རབ་འབྱམས་སྨྲ་བ་སོགས་དབུས་གཙང་མཐའ་དག་ནས་མཁས་མང་རྒྱ་མཚོ་ཆེན་པོ་འདུ་བར་ངམ་རིང་གྲྭ་སྐོར་ཞེས་རླུང་ལྟར་གྲགས།  དུས་རྒྱུན་སོ་སོའི་ཆོས་དེར་བཞུགས་པར་ངམ་རིང་དགོན་གྱི་དབྱར་ཆོས་དང་དགུན་ཆོས་ནི་མཚན་སྙན་ཤིན་ཏུ་ཆེ་བ་ཡོད།  དེ་ཡང་བོད་ཟླ་༦ཚེས་༡༥ནས་༣༠བར་དབྱར་ཆོས་དང་བོད་ཟླ་༡༢ཚེས་༡ནས་༡༥བར་དགུན་ཆོས་ཡིན།  དེའི་རིང་དགེ་འདུན་རྣམས་དགོན་པ་ནས་ཁ་བྲལ་མི་ཆོག་ལ་སྡིག་པའི་ལས་རྩ་བ་ནས་བྱས་མི་ཆོག  འདུ་འཛོམས་དེའི་རིང་དགེ་འདུན་རྣམས་ལ་བསྙེན་བསྐུར་གཏོང་སྒོ་ངམ་རིང་རྫོང་གིས་གཏོང་དགོས་ཤིང་།  བཞུགས་གྲལ་དུ་དཀར་སྤྲོ་དང་འབྲུ་ཕོགས་སོགས་ཡོད།  འདུ་ཚོགས་རིང་ཉིན་ལྟར་ཚོགས་ཐུན་གསུམ་རེ་ཚོགས་པ་དང་།  སྔ་དགོང་རིག་ལུང་ཆད་མེད་མཛད་དགོས།  ལོ་ལྟར་དུས་ཚོད་ངེས་གཏན་བཞིན་འདུ་འཛོམས་ཐོག་དགོན་ལག་བྱིངས་རྣམས་དུས་ཐོག་འདུ་འཛོམས་མ་ཐུབ་ཚེ།  ངམ་རིང་ཆོས་སྡེའི་མཁན་པོར་དགོངས་རྟེན་ཞེས་དངུལ་ཊམ་ཀ་རེ་དང་དར་རེ་ཕུལ་ནས་དགོངས་ཞུ་བྱེད་སྲོལ་ཡོད་པ་བཅས་ལོ་རྒྱུས་ཐོག་ངམ་རིང་དབྱར་ཆོས་ལ་འགྲོ་དགོས་ན་བསམ་བློ་དགུན་ཆོས་ནས་གཏོང་དགོས་ཞེས་པའི་དཔེ་རྒྱུན་ཡང་དར་ཡོད།
     ༡༦༡༣ལོར་བྱང་བདག་དང་སྡེ་པ་གཙང་པ་གཉིས་དམག་འཁྲུག་བྱུང་།  དེ་གཉིས་པོའི་སྲིད་སྐྱོང་དབང་འཛིན་གྱི་ཞི་དྲག་སྟོབས་འབྱོར་འདྲ་མཉམ་ཡིན་ཡང་བྱང་བདག་ཕོ་བྲང་གནས་ཡུལ་མཐོ་བཙན་ཡོད་ཅིང་།  གཙང་དམག་ཐབས་མཁས་ལས་ངམ་རིང་རྫོང་བྱང་ཕྱོགས་གླང་ཆེན་རི་ཟེར་བའི་མཐོ་རི་དེ་འཛིན་ཐུབ་པ་མ་ཟད།  བྱང་པའི་འཐུང་ཆུ་རྫོང་གི་ལྕགས་རིའི་ཕྱི་ནས་ལེན་དགོས་ཀྱི་ཆ་རྐྱེན་ཞན་སྟབས་འཐུང་ཆུ་ལེན་པར་འགོག་ཐབས་དང་བཅས་མཐར་བྱང་བདག་ཕམ།  བྱང་པ་བདག་པོ་ཕམ་པ་དེས་ཕྱིས་སུ་ངམ་རིང་ཆོས་སྡེའི་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་བྱུང་མ་ཟད་རིམ་བཞིན་ཉམས་གུད་དུ་ཡང་སོང་ཡོད་ལ་ལོ་མང་རིང་མིང་ཙམ་ལས་མེད་པར་གྱུར།
    དུས་རབས་བཅུ་དྲུག་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ནས་ངམ་རིང་དགོན་པར་དཔལ་ངམ་རིང་ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་བྱམས་པ་གླིང་ཞེས་མཚན་གསོལ།  རྟེན་དྲུང་མཆོད་དང་དགེ་འདུན་གྱི་གཏོང་སྒོར་ཆོས་གཞིས་དང་།  མངའ་ཁོངས་ནས་མཆོད་བོགས་བསྡུ་འབབ་ཐད་གཞུང་མཁར་གདོང་པ་རྫ་ལའི་བསྡུ་དེབ་ཅེས་པ་གཏན་འབེབས་གནང་།  དེ་བཞིན་བཅའ་ཁྲིམས་ཀྱི་རིམ་པའང་རྒྱལ་མཆོག་ལྔ་པ་ཆེན་པོས་གནང་ཡོད།  ཆོས་སྡེ་འདིར་སྐྱེས་ཆེན་དམ་པ་རིམ་བྱོན་གྱི་ཐུགས་སྨོན་མཚམས་འབྲས་དང་མདོ་ཕྱོགས་ཀྱི་སློབ་གཉེར་བཀྲ་ཤིས་ལྷུན་པོར་རྒྱུན་མཐུད་ཕེབས་པ་དང་བཅས་དགེ་འདུན་རྣམས་ཀྱང་འདུལ་ཁྲིམས་གཙང་ལ།
     མདོ་སྔགས་བཤད་སྒྲུབ་ཀྱི་ཉམས་བཞེས་མཚན་དོན་མཚུངས་པར་བརྟེན་ལྷོ་བྱང་ཁུལ་དུ་ངམ་རིང་ཆོས་སྡེའི་ཆོས་ལ་ཡ་མི་དོ།  ཤེལ་དཀར་ཆོས་སྡེའི་རྒྱུ་ལ་ཡ་མི་དོ་ཟེར་བའི་དཔེ་རྒྱུན་ཡང་དར་ཁྱབ་བྱུང་ཡོད།  དེ་འབྲེལ་ཆོས་གཞིས་སོགས་ཀྱི་བདག་སྐྱོང་བྱེད་སྒོའི་ཐད་གཙོ་བོ་ལྔ་པ་ཆེན་པོའི་བཅའ་ཡིག་དགོངས་དོན་ལག་བསྟར་བྱེད་དགོས།  དབུས་གཙང་ཁམས་གསུམ་ནས་གྲྭ་སྐོར་ལ་ཕེབས་སྐབས་དུས་ཚོད་དང་གྲྭ་གྲངས་ངེས་གཏན་མེད་ཅིང་།  དུས་ཚོད་ངེས་གཏན་དང་གྲངས་འབོར་ཆེ་ཙམ་ཡོད་པ་ནི་བཀྲ་ཤིས་ལྷུན་པོ་ནས་བོད་ཟླ༦པར་དྲུང་རམས་པའི་མིང་བཏགས་བཞེས་པར་ཕེབས་དགོས་པ་དང་།  ལྷ་རྩེ་ཆོས་སྡེ་ནས་དགེ་བསྐོས་ཀྱི་ལས་ཁྲིར་མ་ཕེབས་གོང་ངམ་རིང་གྲྭ་སྐོར་དང་དབྱར་ཆོས་དང་དགུན་ཆོས་ལ་ཕེབས་པ་རྣམས་ཀྱང་སྔ་དགོང་རིག་ལུང་དང་དམ་བཅའ་ཚུགས་ཡུལ་ནི་ངམ་རིང་ཆོས་སྡེའི་ཆོས་ར་ཆེ་མོ་འདི་ཡིན།
      དེ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱི་ལོ་༡༦༨༠ལོའི་ཡས་མས་ནང་བློས་བསླངས་འདི་ལྷ་ས་རྩེ་ཕོ་བྲང་དུ་གདན་དྲངས་ཏེ་གཞུང་ལུགས་དང་མཐུན་པའི་བཟོ་བཅོས་རྒྱས་པར་སྣང་།  དེ་མིན་ཆོས་སྡེ་དགོན་དེ་རྒྱུན་རིང་ཉམས་བཟོ་བྱུང་མེད།  དེ་ནས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་སྐབས་སྨན་རི་བློ་བཟང་རྣམ་རྒྱལ་མཆོག་ངམ་རིང་བརྒྱུད་གྲོ་ཤོད་ཁུལ་དེར་ཞིབ་གཅོད་ལ་ཕེབས་ནས་མཚན་སྙན་ལྡན་པའི་ངམ་རིང་ཆོས་སྡེ་མིང་ཙམ་ལས་མེད་པར་ཐུགས་ཤིན་ཏུ་ཕམ་བཞིན་པའི་ངང་ཕྱིར་ཕེབས་འཕྲལ་པཎ་ ཆེན་བསྟན་པའི་དབང་ཕྱུག་མཆོག་ལ་གནས་ལུགས་ཞིབ་ཕྲ་སྙན་དུ་བསྒྲོན། དེ་མ་ཐག་པཎ་ཆེན་བསྟན་པའི་དབང་ཕྱུག་ནས་བློ་བཟང་རྣམ་རྒྱལ་ཁོང་རང་ཉིད་ཐོག་ངམ་རིང་ཆོས་སྡེ་ཉམས་པ་སོར་ཆུད་མཛད་པར་བཀས་བསྐོས་ལྟར་ཐུགས་འགན་བཞེས་ཏེ་ངམ་རིང་ས་གནས་སུ་ཕེབས་ནས་ཆོས་སྡེ་ཉམས་བཟོ་རིམ་པར་མཛད་པའི་མཐར་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་གི་ཡོངས་འཛིན་མཛེས་པ་གྲུབ་དབང་ཡེ་ཤེས་ཆོས་འཕེལ་མཆོག་རབ་བྱུང་མཁན་པོར་གདན་ཞུས་ཀྱིས་ངམ་རིང་མངའ་ཁོངས་ནས་བུ་སློབ་དང་བཅས་དགེ་འདུན་གྱི་སྡེ་གསར་དུ་བཙུགས། རྟེན་དྲུང་མཆོད་སྤྲིན་དང་ལོ་ཟླའི་དུས་འཆམ་ཞུ་སྒོ་རྣམས་ཉམས་པ་སོར་ཆུད་བྱུང་།  རྟེན་དང་བརྟེན་པར་དུས་ཀྱི་འགྱུར་བ་ཉམས་ཆག་ཆེན་པོ་བྱུང་བ་རྣམས་ཉམས་གསོ་བྱས།  དེ་ནས་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མའི་སྐབས་ངམ་ཆོས་སྔགས་ཁང་བདེ་ཆེན་ལྷུན་གྲུབ་རབ་བརྟན་གླིང་གསར་འཛུགས་མཛད།  དེ་བཞིན་རྒྱུད་སྡེ་བཞི་དང་ཆོས་སྐྱོང་ཡོངས་རྫོགས་ཁར་རྡོ་རྗེ་ཁྱུང་ལུང་མ་བཅས་ཀྱི་ཆོ་ག་ཕྱག་ལེན་དར་སྤེལ་རིམ་བཞིན་མཛད་དེ་འཇིགས་བྱེད་སྒྲུབ་མཆོད་དང་།  དུས་འཁོར་སྒྲུབ་མཆོད།  གསང་འདུས་སྒྲུབ་མཆོད་བཅས་ཀྱང་ཚུགས་ཐུབ་ཅིང་།  དུས་འཁོར་གཉིས་ཀྱི་སྒྲུབ་མཆོད་སྐབས་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་བཞེངས་པ་དང་།  གར་ཐིག་དབྱངས་སོགས་ཉམས་བཞེས་རབ་ཏུ་དར་པ་མ་ཟད།  པཎ་ཆེན་སྐུ་ཉིད་ཀྱི་བཅའ་ཁྲིམས་ཡིག་ཆ་ཡང་གནང་།  ཁྲིམས་ཀྱི་ནང་དོན་ཆ་ཚང་ངམ་རིང་ཆོས་སྡེའི་ལོ་རྒྱུས་ཞེས་པའི་ནང་གསལ་བས་དེར་མ་བྲིས།
    དེ་ནས་ཡང་རབ་བྱུང་བཅོ་ལྔའི་ས་ལུག་ལོར་པཎ་ཆེན་ཆོས་ཀྱི་ཉི་མ་ངམ་རིང་ཆོས་སྡེར་ཕེབས་པ་དང་ཆོས་སྡེ་བརྟན་བཞུགས་གསོལ་འདེབས་ཞུ་བའི་མཎྜལ་རྟེན་གསུམ་འབུལ་བཞེས་ཐོག་དགེ་འདུན་རྣམས་ལ་བསླབ་གསུམ་བླང་དོར་ཞུ་སྒོ་དང་།  མདོ་སྔགས་བཤད་སྒྲུབ་ཉམས་ལེན་ཚུལ་བཞིན་དགོས་པའི་བཀའ་སློབ་ཟབ་མོ་ཡིད་དུ་འོང་བ་བསྩལ།  དེ་ནས་བཟུང་ངམ་རིང་ཆོས་སྡེའི་ཆོས་ཀྱི་བྱེད་སྒོ་རྣམ་ཀུན་བཞིན་བྱུང་བ་མ་ཟད་འཕེལ་རྒྱས་ཡང་ཆེན་པོ་བྱུང་ཡོད།  དགོན་པའི་མཁན་པོ་ཡང་ལོ་བཞི་ཐོག་བཀྲ་ཤིས་ལྷུན་པོས་བཏང་གི་ཡོད།  འོན་ཀྱང་རང་བྱུང་གནོད་འཚེ་བྱུང་བ་ནི་དུས་རབས་བཅུ་དགུའི་ནང་ངམ་རིང་ཁུལ་དུ་ས་ཡོམ་བྱུང་སྟེ་ངམ་རིང་ཆོས་སྡེར་གོནད་འཚེ་ཕོག་ཡོད།  དམངས་གཙོའི་བཅོས་སྒྱུར་སྔོན་ལ་ཆོས་སྡེ་དགོན་ལ་དགེ་འདུན་སུམ་བརྒྱ་ལྷག་ཙམ་ཡོད།  ༡༩༥༩ལོའི་རྗེས་སུ་ལོ་ན་རྒས་པའི་དགེ་འདུན་བརྒྱད་ཅུ་ལྷག་ཙམ་ལས་གཞན་རྣམས་རང་གི་ཕ་ཡུལ་ལ་ལོག་པ་དང་ཡང་ན་རང་འགུལ་གྱིས་གྲྭ་ལོག་ཏུ་གྱུར་ཡོད།  ༡༩༦༠ལོར་ཆོས་སྡེ་དགོན་ལ་གྲྭ་པ་སུམ་བཅུ་ལྷག་ཙམ་ལས་ལུས་མེད།  ༡༩༦༥ལོར་རིག་གནས་གསར་བརྗེ་ཚུགས་ཏེ་ཆོས་སྡེ་དགོན་ཡོངས་སུ་རྩ་གཏོར་ཕྱིན་ནས་ཤུལ་ལྷག་མེད་པར་གྱུར་པ་མ་ཟད་དགེ་འདུན་རྣམས་ལ་ཡང་གནོད་འཚེ་ཆེན་པོ་ཕོག་ཡོད།  དེ་ནས་ལོ་ཉི་ཤུ་ཙམ་ངམ་རིང་ཆོས་སྡེ་ཞེས་པ་མཐོང་རྒྱུ་མེད་པར་གྱུར།  དེ་ནས་༡༩༨༥ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ངམ་རིང་དུ་ཕེབས་སྐབས་ངམ་རིང་ཆོས་སྡེ་ཆེན་པོ་སྐྱར་བཟོ་བྱེད་དགོས་པའི་བཀའ་སློབ་གནང་ཡོད།  ༡༩༨༦ལོར་དགོན་པ་དངོས་སུ་ཉམས་བཟོ་འགོ་ཚུགས་ཤིང་༡༩༨༨ལོར་མཇུག་སྒྲིལ།  འོན་ཀྱང་མ་དངུལ་སོགས་མ་འདང་པའི་རྐྱེན་གྱིས་སྔོན་མའི་དགོན་པའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཙམ་ལས་ཉམས་བཟོ་ཐུབ་མེད།  ད་ལྟའི་དགོན་པའི་བདག་སྐྱོང་བྱེད་མཁན་ནི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ཡིན་པ་དང་དེའི་ཁོངས་མི་ལྔ་ཡོད་པ་དང་ཀྲུའུ་རིན་ནི་དར་ལགས་དང་ཀྲུའུ་རིན་གཞོན་པ་སྟོབས་ལགས་དེ་མིན་ཨུ་ཡོན་གསུམ་བཅས་ཡིན།  ༡༩༩༧ལོར་ས་གནས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ནང་ཚུད་ཡོད།  ད་ལྟའི་དགོན་པའི་རྒྱ་ཁྱོན་ནི་སྤྱི་ཁྲེ་གྲུ་བཞི་མ་༤༧༣༢ཡོད།
    དེའི་ནང་འདུ་ཁང་ཀ་བ་ཉི་ཤུ་རྩ་བཞིའི་ས་ཡོད་པ་དང་རུ་ཁང་ཀ་བ་བཞི།  སྟེང་ལ་མཆོད་ཁང་སོགས་ཡོད།  ཉམས་གསོའི་འགྲོ་གྲོན་རྣམས་རྒྱལ་ཁབ་ནས་མ་དངུལ་ཏོག་ཙམ་དང་དེ་མིན་ཚང་མ་མང་ཚོགས་ཀྱི་ཞལ་འདེབས་འབུལ་བ་ཡིན།  ད་ལྟའི་གྲྭ་གྲངས་ནི་རྒྱལ་ཁབ་ནས་མཆོག་མཆན་གནང་བའི་ལྔ་བཅུ་དེ་ཡིན།
   ༢༠༠༦ལོར་ངམ་རིང་ཆོས་སྡེའི་བཤད་གྲྭ་ཆེན་པོ་དེ་ཉམས་པ་སོར་ཆུད་བྱུང་ཡོད།  དེར་དགོན་པ་ནས་འགྲོ་གྲོན་མི་དམངས་ཤོག་སྒོར་ཁྲི་སུམ་ཅུ་ལྷག་ཙམ་བཏང་ཡོད་ལ་ད་ལྟ་དགོན་པར་བཀྲ་ཤིས་ལྷུན་པོ་ནས་མཁན་པོ་གདན་དྲངས་ཡོད་ལ་སྔོན་མའི་མཚན་ཉིད་སློབ་སྦྱོང་ཡང་སླར་གསོ་བྱུང་ཡོད།  དགོན་པའི་དཔལ་འབྱོར་གྱི་ཡོང་བབས་ནི་དགོན་པའི་མགྲོན་ཁང་དང་ཟ་ཁང་།  མང་ཚོགས་ཀྱི་སྐུ་འགྱེད་འབུལ་བའི་མཆོད་ཁང་ཡོང་བབ་དང་འབྲོག་ར་སོགས་ཀྱི་ཡོང་བབས་ཡིན།  ད་ལྟ་ཏང་གི་ཆོས་ལུགས་སྲིད་ཇུས་ཡང་དག་པའི་དབུ་ཁྲིད་འོག་ཆོས་དད་རང་མོས་ཐོག་དགོན་པའི་རྣམ་ཀུན་ཀྱི་བྱེད་སྒོ་རྣམས་སྤེལ་དང་སྤེལ་བཞིན་པས་ངམ་རིང་ཆོས་སྡེ་ཆེན་པོ་དེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།
རྩོམ་བསྒྲིགས་པ། གད་ཆོས་བསྟན་འཛིན།

བརྒྱུད་སྐུལ།

མཆན་སྤེལ།