བྱང་ངོས་པ་རྡོ་རྗེ་དངོས་གྲུབ།
ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་གི་གངས་ལྗོངས་ས་མཐོར་གློག་གི་སྒྲོན་མེ་སྤོར་བའི་མཛངས་མི་བྱང་ངོས་པ་ (1900-1945) སྐུ་འཁྲུངས་ནས་ལོ་ངོ་ཧྲིལ་པོ་ 118 འཁོར་བ་དང་བོད་ལྗོངས་སུ་གློག་གི་སྒྲོན་མེ་སྤར་ནས་ལོ་ངོ་ཧྲིལ་པོ་ 90 འཁོར་བར་བཀའ་དྲིན་རྗེས་དྲན་ཞུ། ངའི་ཕ་དམ་པ་རིག་འཛིན་རྡོ་རྗེ་སྐུ་གཤེགས་ནས་ད་བར་མི་ལོ་བཞི་བཅུ་ཙམ་སོང་མོད། འོན་ཀྱང་ཁོང་གིས་གཟབ་ནན་དང་། རྒྱུན་བསྲིངས་རྩོལ་བ་ཆེན་པོས་སློབ་སྦྱོང་གནང་བའི་སྙིང་སྟོབས་ནི་དུས་ད་ལྟའང་ཡིད་ཡུལ་དུ་འདས་མ་ཐག་པའི་སྣང་ཚུལ་ལྟར་འཆར་བཞིན་འདུག །ཕ་དམ་པ་བསིལ་ལྡན་གྱི་རྭ་བས་ཡོངས་སུ་བསྐོར་ཞིང་། ཡུལ་གྲུ་གཞན་ལས་རྒྱང་གིས་ཆོད་དེ་དབེན་ཞིང་གསང་བར་གནས་པ་ལྟ་བུའི་བོད་ལྗོངས་སུ་གློག་གི་སྒྲོན་མེ་དང་པོ་སྤོར་བར་མཛད།
ཕ་དམ་དེ་ནི་སྤྱི་ལོ་ 1900 ལོར་བོད་ས་གནས་སྲིད་གཞུང་གི་ཞབས་འབྲིང་ནང་རྣམ་པའི་གྲས་སྒེར་རིན་སྒང་པའི་ཁྱིམ་ཚང་དུ་སྐུ་འཁྲུངས་ཤིང་། མེས་པོ་ནི་ས་གནས་སྲིད་གཞུང་གི་རྩིས་པ་ཡིན་པ་དང་། རྨོའོ་ལགས་ནི་སྒེར་ཧོར་ཁང་པའི་བུ་མོ་རེད། ཁོང་གཉིས་ལ་བུ་དང་བུ་མོ་རྒན་གཞོན་བསྡོམས་བརྒྱད་བྱུང་བ་ལས་ངའི་པཱ་ལགས་ཨང་གསུམ་པ་ཡིན་པ་དང་། དང་ཐོག་མཚན་ལ་རིན་སྒང་རིག་འཛིན་རྡོ་རྗེ་ཟེར་ཞིང་། རྗེས་སུ་སྒེར་བྱང་ངོས་པའི་ཁྱིམ་ཚང་དུ་མག་པར་ཕེབས་རྗེས། བྱང་ངོས་པ་རིག་འཛིན་རྡོ་རྗེ་ཞེས་མཚན་བསྒྱུར།
རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ།
སྒེར་བྱང་ངོས་པའི་མི་རབས་གོང་མ་ནི་བོད་ཀྱི་གསོ་རིག་བསྟན་པའི་གསལ་འབྱེད་གཡུ་ཐོག་ཡོན་ཏན་མགོན་པོའི་རྗེས་འཇུག་སློབ་མའི་ནང་ཚན་གྲགས་ཆེན་སྨན་པའི་གྲས་ཤིག་ཡིན་པ་དང་། དེ་རྗེས་མི་ཐོག་སྔ་རྗེས་གཉིས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ (ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་དང་པོ་བཞུགས་སོ། །) ཞེས་པ་ལས་ཁ་ཤས་ཕྱུང་བ། “བྱང་ངོས་ཆོས་མཛད་བཀྲ་ཤིས་ཕུན་ཚོགས་གསུམ་དང་ལྷན་དུ་ཚེས་བཅུའི་དུས་གཏོར་སྟར་ཆགས་སུ་བཏང་ཞིང་འདུར་འདོན་ལ་བརྟེན་ནས་བསྐུར་མཁན་བྱས།”ཞེས་དང་། དེ་སྐབས་དགེ་སློང་བྱང་ངོས་ནས་གཉིས་དང་ལྷན་དུ་ཞོགས་པ་འཇིགས་བྱེད་ཀྱི་མངོན་རྟོགས་ཚར་རེ།”ཞེས་དང་། དགེ་སློང་གཉེར་པ་དང་བྱང་ངོས་ཆོས་མཛད་ཀྱིས་ནད་གཡོག་དང་ཚ་བ་དཀའ་བཅུ་པས་རིམ་གྲོར་དམིགས་ནས་ཚོགས་ཆེན་དུ་སྒེར་གྱི་མང་ཇ་ཞུས།”ཞེས་དང་། བྱང་ངོས་ནས་གཞན་ཕན་དབང་པོས་རྩ་བཤད་གཉིས་ཀྱི་རྡེལ་འགྲེམ་དང་གསུང་བཤད་མཛད།”ཞེས་དང་། དེ་སྐབས་འབྲུམ་དཀར་དང་འབྲུམ་ཡན་རེ་མང་ཞིག་འདུག་པས་གང་ཡིན་ཀྱང་འགོས་པར་བྱང་ངོས་ནས་གཅུང་པོ་སྐུ་ཡོན་ཆེའང་མྱོང་བྱང་ཆུངས་པས་འདི་ནི་འདིའོ་ཞེས་ལུང་སྟོན་རྒྱུ་མ་བྱུང་།”ཞེས་དང་། ཇའི་སང་སྡེ་པ་འོལ་དགར་བད་སྨུག་གིས་མ་བདེ་བ་དཔོན་ཚང་བྱང་ངོས་པས་སྦྱོངས་འབེབས་མ་ནུས་པའི་སྐྱོན་ལ་བརྟེན་འོད་ཟེར་གྱང་ནས་ལོད་དུ་སོང་བས་ཞག་གསུམ་ཙམ་བཅག་མལ་དང་རྗེས་གནང་བསྲུང་བ་རིམ་གྲོ་གང་ཟབ་བྱས་པས་བདེ་སྐྱིད་ཆེ་ཞིང་འཕྲོད་བསྟེན་མཇུག་སྐྱོང་ལ་དཔོན་ཚང་ནང་སོ་དར་རྒྱས་དང་བསྲུང་འཁོར་བར་བྲག་སྣ་ཆོས་རྗེ་བཅས་རིན་ཆེན་གླིང་དུ་བཞག །”ཞེས་དང་། དཔོན་ཚང་བྱང་ངོས་བསོད་ནམས་དཔལ་བཟང་གི་ཉམས་ལེན་དུ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར།”ཞེས་དང་། ཉི་ཐང་དྲུང་ཆེན་གླིང་སྟོད་ཀྱི་ཁྲིར་འཁོད་པར་བརྟེན་གསོ་རིག་འགྲོ་ཕན་གླིང་གི་སློབ་དཔོན་བྱང་ངོས་ནས་སྐུ་གཞོན་པས་མཛད་བཅའ་ཡིག་དགོས་ཚུལ་བྱུང་བའང་བྲིས།”ཞེས་དང་། བྱང་ངོས་དཔོན་ཚང་གཞན་ཕན་པས་བསྐུལ་བའི་གཡུ་ཐོག་སྙིང་གི་ཐིག་ལས་བྱང་བརྩམས།”ཞེས་དང་། ངེད་(ལྔ་པ་ཆེན་པོ་)ཀྱང་གག་རིམས་ཀྱིས་བཏབ་པར་ལྷ་རྗེ་བྱང་ངོས་པ་སྐུ་མཆེད་གཉིས་ཀྱིས་བསད་དབྱུང་གི་འཕྲོད་བསྟེན་དང་ནད་གཡོག་ཇའི་སང་སྡེ་པ་དང་བྱང་ངོས་ནས་སྐུ་གཞོན་པ་གཉིས་ཡིན་ཞིང་སྡེ་པ་ཐུགས་ཁུར་བཞེས་ནས་རིམ་གྲོ་རྒྱས་པར་བྱས་པས་ཞག་བཅུ་སྐོར་ནས་བདེ་བར་བྱུང་།”ཞེས་དང་། དཔོན་ཚང་བྱང་ངོས་པ་གཉན་ཚད་དུ་དོགས་པའི་ནད་ཀྱིས་བྲོ་འཚལ་བར་སྨན་བཅོས་རིམ་གྲོ་དང་ངོས་ཀྱིས་ཕྱིན་པའི་རྗེས་གནང་གདོན་འགྲོལ་རྒྱལ་རྫོངས་བྱས་རུང་དུས་བབས་དང་གློ་བུར་བ་ཇི་ལྟར་ཡང་ཚེས་བརྒྱད་ལ་སྔ་མའི་ཕོ་ཉས་ཟིན་པར་འཕོ་བ་བཏབ་ཅིང་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་ལེན་ཆག་མེད་དུ་འདུག་པའི་ཕན་ཡོན་གྱིས་དེ་ཉིན་ནམ་མཁའ་ལྷག་པར་དྭངས་པར་འཇའ་སྤྲིན་ཉ་གཤིབས་པ་ལྟ་བུ་དང་རྩིབས་ཤར་གྱེན་སྒྲེང་གི་ལྟས་ངོ་མཚར་བ་བྱུང་སོང་།”ཞེས་དང་། རྟག་བརྟན་དུ་གྲ་ཐང་གི་བུ་དཔེ་ཡིན་ཁུལ་ལ་བྱང་པ་རིགས་ལྡན་ཆེན་པོའི་ལུགས་དང་བསྲེས་ཏེ་དོན་དུ་ཕན་ཚུན་གཉིས་ཀར་ཐེ་བའི་སྤྲུལ་སྐུ་རང་གི་ཆོས་ལུགས་དང་མཚུངས་པ་འཚོ་བྱེད་ལྷུན་སྡིངས་པས་དོ་དམ་བྱས་ཏེ་རྗེས་སུ་བརྐོས་པ་ནོར་བཏུབ་པ་ཞིག་མི་འདུག་པར་བརྟེན་བརྐོ་བའི་འདུན་པ་ཡོད་སྟེང་དྲང་སྲོང་བྱང་ངོས་པ་ནང་སོ་དར་རྒྱས་ཀྱིས་བསྐུལ་བས་མཚམས་སྦྱར་ཏེ་ཧོར་ཟླ་གཉིས་པའི་ནང་དུ་རྒྱུད་བཞིའི་མ་དཔེ་བསྐུར་ཟིན་པའི་པར་བྱང་ཆེ་ཆུང་རྣམས་བྲིས།”ཞེས་དང་། དྲང་སྲོང་ཆེན་པོ་བྱང་ངོས་ནང་སོ་དར་རྒྱས་ལ་རྩ་ཆུ་རྣམས་གཟིགས་སུ་ཕུལ་བས་འབམ་མ་ཡིན་པའི་ཆུ་སེར་གྱི་ནད་དཀྱུས་མ་ཞིག་ཏུ་ངོས་བཟུང་བའི་ཁོང་སྨད་དང་འབྱུག་སྨན་མཛད་པ་འཕྲོད་ངོ་ཆེ་བའི་ཞག་བཅུ་སྐོར་ལ་ལམ་ཙམ་བདེ་བས་ཁྲོ་རོལ་གྱི་ཆོག་ཁྲིགས་བཀོད། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཐོན་པ་འདས་པའི་ཚབ་མ་སུ་བསྐོའི་སྐོར་ལ་མགྲོན་གཉེར་གཞོན་པ་བྱུང་བར་འོས་ཐོ་ལྟར་ད་ལྟའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་བསྐོས་ན་ལེགས་པའི་རྒྱུ་མཚན་ངེད་རང་དང་སྡེ་པ་གཉིས་ཀས་བྱས།”ཞེས་དང་། རིམ་གྲོ་ཚན་ཆེས་པ་དང་བྱང་ངོས་ནས་ཀྱིས་འཕྲོད་བསྟེན་མུ་འཐུད་མཛད་པས་ཧོར་ཟླ་བཅུ་གཅིག་པ་ཚེས་ནས་འབམ་དྲེག་གི་ནད་གཉིས་ཀ་རིམ་བདེ་བྱུང་།”ཞེས་དང་། དགོན་ཁག་རྣམས་ཀྱི་འགྱེད་ཀྱང་གསེར་དངུལ་གྱི་དངོས་པོ་སྤམས་ཆེ་བ་སྲེ་བས་ཐུགས་ཁུར་ཆེ་བཞེས་ཀྱིས་བཏང་བས་རིམ་གྲོས་ངོ་བླངས་པ་ལྟ་བུའི་བྱང་ངོས་ནས་ཀྱིས་སྨན་དཔྱད་མཛད་པ་རྣམས་ཀྱང་འཕྲོད་ལམ་ཆེ་བའི་ཟླ་མཚམས་ནས་ནད་མཇུག་ཕྲན་བུ་ཙམ་མ་གཏོགས་གཞི་མེད་དུ་སོང་།”ཞེས་དང་། སྡེ་པ་བསོད་ནམས་རབ་བརྟན་ལ་སྟག་ལུང་ཞབས་དྲུང་རིན་པོ་ཆེས་དྭགས་ཡུལ་ཆུ་ཚན་ཁྲག་དང་ཆུ་སེར་ལ་ཕན་པར་གཏེར་ཁ་ཞིག་ལུང་བསྟན་ལ་བརྟེན་པའི་ཆེ་བརྗོད་དང་ལྷ་རྗེ་བྱང་ངོས་པས་འཕྲོད་ངོ་ཡོད་ཚུལ་ལ་ཡིད་བརྟན་དུ་བཟུང་ཉེར་གཅིག་ལ་འབྲས་སྤུངས་ནས་བཏེག་པའི་ཉང་བྲན་གྱི་ལ་ཆེན་བརྒྱུད་གྲོ་སར་ཞག་གཅིག་བསྡད། “ཞེས་སོགས་ཟུར་ཙམ་མཁྱེན་རྒྱུར་ཡིག་ཚོགས་ལ་འཇིགས་ཏེ་ཆ་ཚང་མ་འདྲེན་འགོད་མ་ཞུས།)དང་བརྒྱད་པའི་བླ་སྨན་པ་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་ཕེབས་སྐབས་བླ་སྨན་པ་ནང་སོ་བྱང་ངོས་པ་དར་རྒྱས་ནི་ཆིབས་ཞབས་ཀྱི་གྲས་སུ་བཅར་འདུག །ཕ་དམ་པ་རིག་འཛིན་རྡོ་རྗེ་གཞོན་ནུའི་དུས་ནས་སློབ་སྦྱོང་ལ་སྦྱང་བརྩོན་ཆེ་བར་མ་ཟད། སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་ནས་ཀྱང་སློབ་སྦྱོང་དང་ཀུན་སྤྱོད་གང་སར་དམ་འཛིན་ཆེན་པོ་གནང་གི་ཡོད་འདུག
སློབ་སྤྱི་ལུང་ཤར་ཚེ་རྒྱལ་དང་སློབ་ཕྲུག་བཞི་པོ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བླངས་པའི་པར་རིས།
སྤྱི་ལོ་ 1913 ལོར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་ཚན་རིག་རིག་གནས་ཀྱི་བྱ་གཞག་གོང་འཕེལ་མཛད་ཆེད། སྐུ་དྲག་གི་བུ་ཕྲུག་ཁག་གཅིག་དབྱིན་ཡུལ་ (london) ལོན་ཌོན་དུ་སློབ་སྦྱོང་བྱེད་པར་གཏོང་རྒྱུ་དང་། དེ་ཡང་དང་ཐོག་སྐུ་དྲག་ཆེ་ཁག་གི་བུ་ཕྲུག་ཁོངས་ནས་གཏོང་རྩིས་མཛད་ཀྱང་། དབྱིན་ཡུལ་ས་ཐག་རིང་ཞིང་། མཚོ་ཐོག་འགྲུལ་བཞུད་ཡུན་རིང་བྱེད་དགོས་པ་སོགས་ལམ་བགྲོད་དཀའ་བས་ཕྱིར་ལོག་ཐུབ་པའང་ཨེ་ཡོང་སྙམ་པའི་དོགས་འཆར་འཇིགས་སྣང་ཅི་རིགས་ཤིག་ཡོད་པས། སྐུ་དྲག་ཆེ་ཁག་གི་བུ་ཕྲུག་འགྲོ་མི་དགོས་པའི་ཐབས་ཤེས་བཏང་འབྲེལ། མཐར་སྐུ་དྲག་ཆུང་ཁག་གི་བུ་ཕྲུག་ཁོངས་ནས་གཏོང་རྒྱུ་མཛད་པ་བཞིན། ངའི་ཕ་རིན་སྒང་རིག་འཛིན་རྡོ་རྗེ་དང་། (སེར་མོ་བ་)སྨོན་གྲོང་མཁྱེན་རབ་ཀུན་བཟང་། སྐྱིད་སྦུག་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་ཕྲུག་གུ་བཞི་པོ་དེ་སློབ་སྐྱེལ་འགོ་གཙོ་རིམ་བཞི་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་གྱི་སྣེ་ཁྲིད་འོག་དབྱིན་ཡུལ་ལོན་ཌོན་དུ་ཐོན། ཁོང་ཚོ་ (london) ལོན་ཌོན་དུ་འབྱོར་ནས་སློབ་གྲྭར་དངོས་སུ་མ་ཞུགས་གོང་ཐོག་མར་དགེ་རྒན་ཟུར་བསྟེན་གྱིས་དབྱིན་ཇིའི་སྐད་དང་ཡི་གེ་གསབ་སྦྱོང་བྱས། དེ་རྗེས་རག་པིའི་ (Rugby school) སློབ་གྲྭར་འཛུལ། རག་པིའི་ནི་དབྱིན་ཡུལ་གྱི་གྲགས་ཆེ་བའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་དང་། གྲོང་ཁྱེར་གྱི་མིང་དེ་སློབ་གྲྭར་ཐོགས་པ་ཞིག་ཡིན་འདུག །སློབ་གྲྭ་དེ་ནི་ཉིའུ་ཅིན་ (Oxford university) དང་ཅན་ཚའོ་ཞེས་པའི་སློབ་གྲྭ་ཆེན་མོ་འདྲ་བར་སློབ་ཁྲིད་སྤུས་ཚད་མཐོ་ལ་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་ཤིང་། ལོ་རིམ་མཐོ་བར་སླེབས་མཚམས་སློབ་ཕྲུག་རེར་ཉལ་ཁང་ཁེ་གཙང་རེ་ཡོད་ཐོག སྒེའུ་ཁུང་མདུན་དུ་མེ་ཏོག་ལྡུམ་ར་ཆུང་ཆུང་དང་། ཉལ་ཁང་ནང་ཨི་སི་པི་རིང་གི་ཉལ་ཁྲི་སོགས་སྒྲིག་ཆས་སྤུས་དག་གཤོམ་སྒྲིག་བྱས་ཡོད་འདུག །སློབ་ཡོན་མཐོ་བས་སློབ་གྲྭ་དེར་སློབ་སྦྱོང་བྱེད་མཁན་མང་ཆེ་བ་རྒྱལ་ཕྲན་ཁག་གི་རྒྱལ་སྲས་དང་། སྐུ་དྲག་འབྱོར་ལྡན་གྱི་བུ་ཕྲུག་ཡིན་འདུག
རག་བྷི་གཙུག་ལག་སློབ་གྲྭ།
བོད་ནས་བཏང་བའི་ཁོང་ཚོ་བཞི་པོ་དེ་དབྱིན་ཇིའི་སྐད་ཡིག་ལེགས་པར་ཤེས་རྗེས། ཆེད་ལས་སློབ་སྦྱོང་བྱེད་འགོ་ཚུགས་མཚམས། (བོད་གཞུང་གིས་དམིགས་བསལ་བསྐོ་མངགས་བསྐྱངས་པའི་སྣེ་ཁྲིད་པ་རིམ་བཞི་གཙང་རྟ་ནག་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་དབྱིན་ཇིའི་རྒྱལ་ཁབ་ཀྱི་དམངས་གཙོའི་ཆབ་སྲིད་རིག་པའི་སློབ་སྦྱོང་དང་།) ཕ་རིག་འཛིན་རྡོ་རྗེས་གློག་འཕྲུལ་གྱི་ལས་ཀ་དང་། སྨོན་གྲོང་མཁྱེན་རབ་ཀུན་བཟང་གིས་ས་གཏེར་འཚོལ་འདོན། སྐྱིད་སྦུག་དབང་འདུས་ནོར་བུས་གློག་འཕྲིན་དང་ས་ཚད་ཐིག་ལེན་གྱི་ལས་ཀ། སྒོག་མཁར་བསོད་ནམས་མགོན་པོས་དམག་དོན་བཅས་སློབ་སྦྱོང་བྱས། པཱ་ལགས་ཀྱིས་སློབ་སྦྱོང་ལོ་བཅུ་ཙམ་གནང་རིང་རང་ཡུལ་དུ་འཁོར་ཞག་ལ་ཐེངས་གཅིག་ཕེབས་པ་ཕུད། དེ་བྱིངས་དུས་ཡུན་རིང་མི་ཡུལ་ས་མཐར་ངལ་བ་ཁྱད་དུ་བསད་ཅིང་། དཀའ་བ་དྭང་དུ་ལེན་པ། བརྩོན་པ་ལྷུར་ལེན་གྱིས་དབྱིན་ཇིའི་སྐད་ཡིག་དང་། གློག་ལས་ལག་རྩལ་ཐད་སྦྱངས་འབྲས་ལེགས་སོན་གྱིས་སློབ་གྲྭ་དངོས་སུ་ཐོན་སྐབས་སློབ་ཐོན་ལག་འཁྱེར་སྤྲད་ཡོད་པ་རེད།
(London) ལོན་ཌོན་དུ་སློབ་སྦྱོང་གནང་རིང་པཱ་ལགས་ཀྱིས་རང་གི་ཆེད་ལས་ལག་རྩལ་ལ་བརྩོན་ཞིབ་ཆེན་པོ་གནང་བའི་ཐོག་ལ། ད་དུང་ལྐོག་ཏུ་རྫས་མདེལ་བཟོ་སྟངས་ཀྱང་སློབ་སྦྱོང་གནང་འདུག །དེ་ནི་པཱ་ལགས་རང་ཡུལ་དུ་འཁོར་ཞག་ལ་ཐེངས་གཅིག་ཕེབས་དུས་སྤུན་མཆེད་དང་། ཉེ་ལྟོས་འགའ་ཞིག་ནས་ཁྱེད་ཀྱིས་གློག་ལས་བསླབས་པ་དེ་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ཡིན་མོད། འོན་ཀྱང་རྫས་མདེལ་བཟོ་སྟངས་བསླབས་ན་རང་རེ་བོད་ལ་དེ་བས་ཁ་ཚ་དགོས་གཏུགས་ཆེ་ལུགས་ཤོད་མཁན་བྱུང་བ་དང་། དེས་མི་ཚད་ཁོང་ཆུང་དུས་མེས་པོ་རྒན་རབས་ཚོའི་ངག་རྒྱུན་ལས། སྤྱི་ལོ་ 1904 ལོའི་དབྱིན་འགོག་དམག་འཁྲུག་སྐབས། རང་རེར་རྫས་མདེལ་དཀོན་པའི་དཀའ་ངལ་བྱུང་བ་དང་། ཆུ་མིག་བཤོང་འགོར་ཞི་ཆིངས་གྲོས་མོལ་བྱེད་སྐབས། རང་རེ་བོད་དམག་ཚོས་འཁྱེར་བའི་མཚོན་ཆ་ནི་བོད་མདའ་ཡིན་པ་དང་། དབྱིན་དམག་ཚོས་མེ་མདའ་འཕྲུལ་མདའ་འཁྱེར་ཡོད་པ་རེད། ཞི་མོལ་དངོས་སུ་བྱ་ཉེ་བའི་མཚམས་དབྱིན་ཇི་བཙན་འཛུལ་པས་ཞི་གྲོས་ལེགས་འགྲིག་ཡོང་ཆེད་ཚང་མས་དྲག་ཆས་འབེབས་དགོས་ཚུལ་བཤད་དེ། ཁོ་པ་ཚོའི་དམག་མིས་མེ་མདའི་པོར་ཏོག་དཀྲུགས་ཏེ་མདེའུ་རེ་(ཕྱིར་)བཏོན། བོད་དམག་ཚོས་བོད་མདའི་སྦུ་ཏིའི་མེ་བསད་རྗེས། ཞི་མོལ་སྐབས་སྐད་ཆའི་ཚིག་ཁ་མཐོ་དམན་ལ་བསྙད་ནས་མེ་མདའ་དགུ་ཤོག་རྒྱག་པ་སོགས་འཁྲུག་རྐྱེན་བསླངས་ཏེ། བོད་དམག་གི་བཀོད་འདོམས་(བོད་རྒྱལཁབ་ཀྱི་དཔའ་བོ་དབུ་རུ་སྟོད་ཀྱི་སྒེར་ཕག་མོ་ལྷ་སྡིངས་པའི་སྲས་)མདའ་དཔོན་ལྷ་སྡིངས་པ་(དགྲ་ལྷ་)དང་། (གཡོན་རུའི་མོན་མཁར་དུ་བོད་ཀྱི་ཆོས་རྒྱལ་བྱ་པའི་གདུང་རྒྱུད་རྣམ་སྲས་གླིང་གི་ཉེ་རབས་རྩིས་དཔོན་རྣམ་སྲས་དཔལ་འབྱོར་འཇིགས་མེད་ཀྱི་མེས་པོ་དབྱིན་བོད་དམག་འཁྲུག་སྐབས་ཀྱི་དཔའ་བོ་མདའ་དཔོན་རྣམ་སྲས་གླིང་ཞུ་བ་དེ་ཡིན།) རྣམ་སྲས་གླིང་སོགས་དགྲར་ཤོར་ཕམ་ཉེས་བྱུང་བའི་བསླབ་བྱ་རྣམས་གསན་ཐོས་བྱུང་རྐྱེན་དྲག་ཆས་ཡར་རྒྱས་གཏོང་ཆེད་རྫས་མདེལ་བཟོ་སྟངས་སློབ་རྒྱུར་བློ་ཐག་གཅོད་པ་གནང་འདུག །སྤྱིར་དབྱིན་ཡུལ་དུ་མི་སྒེར་གྱི་རྫས་མདེལ་བཟོ་སྟངས་བསླབས་ན་ཁྲིམས་དང་འགལ་བ་ཞིག་ཡིན་རུང་། ཕ་དམ་པས་རང་གི་ཕ་ཡུལ་སྲུང་སྐྱོབ་ཀྱི་དགོས་མཁོའི་དོན་དུ་རང་ཉིད་ཁྲིམས་ཀྱི་འཇིགས་པར་ཅི་མི་སྙམ་པར་རྫས་མདེལ་བཟོ་སྟངས་སློབ་མཁན་དགེ་རྒན་ལ་གླ་རྔན་མི་ཆུང་བ་སྟེར་ནས་གསང་ཐབས་སུ་རྫས་མདེལ་བཟོ་སྟངས་སློབ་པ་གནང་འདུག །སློབ་གྲྭ་ཐོན་རྗེས་ (London) ལོན་ཌོན་གྱི་བཟོ་གྲྭ་ཞིག་ལ་དངོས་སྦྱོང་གནང་སྐབས། པཱ་ལགས་ཀྱི་གློག་ལས་ལག་རྩལ་ཡག་པོ་ཡོད་པ་མཐོང་མཚམས་བཟོ་གྲྭའི་འགོ་འཛིན་ནས་ཁྱེད་རང་ང་ཚོའི་བཟོ་གྲྭར་ལོ་ཤས་མུ་མཐུད་ལས་ཀ་བྱས་ན་ཕོགས་ཐོབ་ཆེན་པོ་སྤྲོད་རྒྱུ་ཡིན་ལུགས་བཤད་འདུག །འོན་ཀྱང་པཱ་ལགས་ཀྱིས་ང་ཚོ་རང་གི་ཕ་ཡུལ་དུ་ཇི་ཙམ་མགྱོགས་པར་ལོག་ཐུབ་ན། དེ་ཙམ་གྱིས་ཕན་ནུས་ཐོན་རྒྱུར་དགོངས་ཏེ། བཟོ་གྲྭ་དེར་མུ་མཐུད་དུ་ཕྱག་ལས་གནང་རྒྱུའི་ཁས་ལེན་མ་གནང་བར་བོད་ལྗོངས་སུ་གང་མགྱོགས་ཕྱིར་ལོག་རྒྱུར་གཏན་འཁེལ་ཐོག་ (London) ལོན་ཌོན་ནས་དངོས་སུ་མ་ཐོན་གོང་ལྷ་སར་གློག་ཁང་ཞིག་འཛུགས་རྒྱུར་འཚམ་པའི་ཆུ་ཤུགས་གློག་འདོན་འཕྲུལ་འཁོར་མ་ལག་ཆ་ཚང་གཅིག་ཐབས་ཤེས་ཀྱིས་སྒྲུབ་འདོན་མཛད།
སློབ་སྤྱི་ལུང་ཤར་ཚེ་རྒྱལ་དང་སློབ་ཕྲུག་བཞི་པོ་རྒྱལ་ས་ལོན་་ཊོན་དུ་ཕེབས་ཐོན་མཛད་པ། ཕྱི་ལོ་ ༡༩༡༣ ལོར། དབྱིན་ཇིའི་རྒྱལ་ས་ལོན་ཊོན།
ཕྱི་ལོ་ 1923 ཙམ་ལ་པཱ་ལགས་བོད་དུ་ཕྱིར་ལོག་གནང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ནི་སྔོན་ཆད་པེ་ཅིན་དང་། སོག་ཡུལ། རྒྱ་གར་སོགས་ཡུལ་གྲུ་ཁག་ལ་ཕེབས་བཞུད་གནང་ནས་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་སོགས་སྤྱན་རྒྱང་རིང་བས་བོད་ཀྱི་ལུགས་རྙིང་ལ་གསར་བཅོས་འོས་འཚམ་དང་། རང་ལྗོངས་ཀྱི་ཚན་རིག་རིག་གནས་འཕེལ་རྒྱས་གཏོང་རྒྱུའི་ཐུགས་འདུན་ཡོད་པ་བཞིན། ཁོང་ཚོ་ (སྣེ་ཁྲིད་པ་རིམ་བཞི་རྟ་ནག་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་དབྱིན་ཇིའི་མང་གཙོའི་ཆབ་སྲིད་རིག་པ་དང་།) སློབ་ཕྲུག་བཞི་པོས་རང་རང་གི་ཆེད་ལས་ལེགས་པོར་ཤེས་ནས་སློབ་ཐོན་གྱིས་ལྷ་སར་ཕྱིར་འཁོར་བྱུང་བར་དགྱེས་མཉེས་ཆེན་པོ་གནང་བ་དང་། དེ་དུས་ཁོང་ཚོ་གཞུང་ཞབས་ཞུས་མེད་པས་ཏཱ་ལའི་བླ་མའི་མཇལ་ཁ་སོགས་མཛད་སྒོ་ཁག་ལ་ཕྱི་རྒྱལ་གྱི་ཆས་གོས་ཀོར་ཀྲེ་དང་། སྦ་ཐི་ལི་གྱོན་ཞིང་། ཀྲ་ཡེ་བརྒྱབ་ནས་བཅར་ཆོག་པ་དང་། ཡང་སྒོས་ངའི་པཱ་ལགས་ནི་ཁོང་ཚོ་བཞི་པོའི་ནང་ནས་ལོ་ན་ཆུང་ཤོས་དང་། (London) ལོན་ཌོན་ལ་སློབ་སྦྱོང་གནང་ཡུན་རིང་ཤོས་ཡིན་པས། སྦྱངས་འབྲས་ལེགས་ལ་བསླབས་པའི་ཆེད་ལས་དེ་རང་ཡུལ་དུ་དངོས་སུ་བེད་སྦྱོད་ཐུབ་པ་བཅས་བྱུང་བར་བརྟེན་གཟིགས་བསྐྱངས་དེ་བས་ཆེན་པོ་གནང་འདུག་པ། དཔེར་ན། སྤྱིར་མི་སུ་འདྲ་ཞིག་ཡིན་རུང་བཀའ་ཤག་གིས་མཚོན་ལས་ཁུངས་ཁག་ལ་འགྲོ་བསྐྱོད་སྐབས་མིག་ཤེལ་རྒྱག་མི་ཆོག་པ་ཞིག་ཡིན་མོད། འོན་ཀྱང་པཱ་ལགས་ནི་ལོན་ཌོན་ལ་སློབ་སྦྱོང་གནང་སྐབས་རྒྱང་མིག་གི་ཤེད་ཤུགས་ཤོར་ནས་མིག་ཤེལ་རྒྱག་དགོས་ཀྱི་ཡོད་པ་དེ་བོད་ལ་ཕྱིར་ལོག་གི་ལམ་བར་ཕག་རིར་ཕེབས་མཚམས། ཕག་རི་བལ་ཤོ་མཁན་ཆུང་ངག་དབང་བསྟན་འཛིན་གྱིས་གནས་ཚུལ་དེ་ཤེས་ཏེ་ཏཱ་ལའི་བླ་མར་སྙན་ཞུ་ཕུལ་འབྲེལ་པཱ་ལགས་ལྷ་སར་ཕྱིར་ལོག་རྗེས། གཞུང་གི་མཛད་ཆེན་ཁག་ཕུད་དེ་མིན་བཀའ་ཤག་དང་ལས་ཁུངས་ཁག་ལ་མིག་ཤེལ་བརྒྱབ་ནས་ཕེབས་བཞུགས་ཆོག་པའི་བཀའ་འཁྲོལ་བ་དང་། དྲུང་འཁོར་ཞབས་གསར་བ་རྣམས་སྔར་སྲོལ་དྲག་རྩལ་རྒྱུགས་འབུལ་མཚོན་བྱེད་དུ་རྩལ་རྒྱུགས་རྒྱུགས་འབུལ་ཐེངས་རེ་ཞུ་དགོས་པ་བཞིན་པཱ་ལགས་ཁོང་ཚོའི་གྲས་ཞབས་གསར་བ་ཁག་གཅིག་རྩལ་རྒྱུགས་རྒྱུགས་འབུལ་ཞུ་རེས་ཁེལ་བའི་སྐབས་དེར་༸ཏཱ་ལའི་བླ་མའི་བཀའ་སམ་སྐྱེལ་མི་ཆིབས་གཡོག་ང་ཚོའི་ནང་ལ་ཡོང་དུས། པཱ་ལགས་རྩལ་རྒྱུགས་སྦྱོང་བར་ཕེབས་ནས་བཞུགས་མེད་པ་ཐེངས་ཁ་ཤས་བྱུང་གཤིས། ཏཱ་ལའི་བླ་མས་བྱང་ངོས་པ་རིག་འཛིན་རྡོ་རྗེ་ནི་ཆུང་དུས་ (དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་) རག་པིའི་སློབ་གྲྭར་སྡོད་རིང་རིག་གནས་དང་ཆེད་ལས་བསླབས་པས་མི་ཚད། ལུས་རྩལ་གྱི་རྣམ་གྲངས་ལའང་སྦྱངས་པ་བྱས་ཡོད་ན། དྲུང་འཁོར་རྩལ་རྒྱུགས་རྒྱུགས་འབུལ་ཞུ་བའི་དགོས་པ་དེ་ཙམ་ཨེ་ཡོད་ཅེས་བཀའ་ཕེབས་པ་བཞིན། རྩིས་ཁང་ལས་ཁུངས་ནས་འཆར་ཕུལ་ཕྱག་རྟགས་དགོངས་དོན་པཱ་ལགས་རྩལ་རྒྱུགས་རྒྱུགས་འབུལ་གནང་མི་དགོས་པ་བྱུང་འདུག །སྤྱིར་བཏང་ས་གནས་སྲིད་གཞུང་གི་དཔོན་རིགས་གོ་གནས་ཆེ་ཆུང་གང་ཞིག་ཡིན་རུང་སྐྱབས་རྟེན་སྐྱེལ་ནས་ཞུ་འཚང་བྱེད་དགོས་པ་ཤ་སྟག་རེད། ཡིན་ནའང་༸ཏཱ་ལའི་བླ་མའི་གཟིགས་བསྐྱངས་ཀྱིས་ཕ་དམ་པ་ཞབས་སྡོད་ཞུས་ནས་ལོ་གཉིས་གསུམ་སོང་རྗེས། ལྷ་ས་གཉེར་ཚང་བ་བསྐོ་གཞག་དང་། དེ་རྗེས་རྩེ་ཕྱག་ཀྱང་པཱ་ལགས་ནས་བྱེད་མ་དགོས་པའི་དགོངས་ཞུ་གནང་བ་མ་གཏོགས་བསྐོ་རྩིས་གནང་འདུག
༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་། འབྲས་སྤྱི་བྷེཌྷར།
ཕ་དམ་པ་རིག་འཛིན་རྡོ་རྗེ་ (London) ལོན་ཌོན་ནས་ཕྱིར་འཁོར་གྱིས་རིང་པོར་མ་སོང་བར་༸ཏཱ་ལའི་བླ་མས་ཆུ་ཤུགས་གློག་འདོན་ཁང་དེ་མགྱོགས་མྱུར་གསར་འཛུགས་དགོས་པའི་བཀའ་ཕེབས་པ་བཞིན་ལྷ་སའི་ཉེ་འདབས་ཀྱི་ས་ཆ་འགའ་ཞིག་ལ་གློག་ཁང་རྒྱག་ཡུལ་ཇི་འོས་བསྐོར་ཞིབ་གནང་བར་(བོད་ཀྱི་རྒྱལ་ས་ལྷ་སའི་)དོག་སྡེའི་ཕུ་ནི་རང་བྱུང་ཆུ་རྩྭ་བཟང་ཞིང་། ཆུ་འདྲེན་གཏོང་གི་ལས་གྲྭ་ཆེན་པོ་བྱེད་མི་དགོས་པ་སོགས་སྐབས་དེའི་ཆ་རྐྱེན་ལ་བསམ་ན། དོག་སྡེར་གློག་ཁང་རྒྱག་རྒྱུ་འོས་བབ་ཆེ་བར་གཟིགས་ནས་བཀའ་ཤག་ལ་སྙན་སེང་ཞུས་དང་། བཀའ་ཤག་ནས་ཏཱ་ལའི་བླ་མར་འཆར་གཞི་ཕུལ་བར་སྤྱི་ལོ་ 1924 ཟླ་ 2 ཚེས་ 8 ཉིན་ཕྱགས་རྟགས་སྩལ་བ་བཞིན་དོག་སྡེར་གློག་ཁང་རྒྱག་རྒྱུ་གཏན་ཁེལ་གྱིས་ལས་གྲྭ་དངོས་སུ་འགོ་ཚུགས། དེའི་རིང་ཐོག་མའི་ཇུས་འགོད་དང་། ཐིག་ལེན། འཕྲུལ་འཁོར་སྒྲིག་གཤོམ་སོགས་གང་སར་པཱ་ལགས་རང་ཉིད་སྐུ་དངོས་ངོ་ཕེབས་ཀྱིས་བཀོད་པ་གཏོང་གནང་དགོས་ཀྱི་འདུག །གང་ལགས་ཞེ་ན། དེ་དུས་པཱ་ལགས་ཀྱི་ལས་རོགས་སུ་འཆར་འགོད་བྱེད་མི་དང་། ལས་གྲྭའི་དབུ་ཆེན་ལག་རྩལ་པ་ལྟ་ཅི། ཐ་ན་གློག་ལས་ཕྲན་བུ་ཤེས་པའི་གློག་ལས་བཟོ་པ་ཙམ་ཡང་མེད་པ་རེད། ལས་གྲྭ་དེ་མགྱོགས་པོར་ལེགས་གྲུབ་ཀྱིས་གློག་འདོན་གང་སྔ་ཙམ་ཐུབ་ཆེད་པཱ་ལགས་ལས་སར་རྟག་བཞུགས་ཀྱིས་ཞིབ་ཆའི་ལས་ཀ་མང་པོ་ཞིག་ལ་བཀོད་འདོམས་གནང་དགོས་པས། གསོལ་ཆས་དུས་ཐོག་ཏུ་མེད་པ་དང་ངལ་གསོ་གནང་ཁོམ་མེད་པའང་ཡང་ཡང་བྱུང་འདུག །མཐར་ཕྱི་ལོ་1928 ལོར་དོག་སྡེར་ཆུ་ཤུགས་གློག་ཁང་ལེགས་གྲུབ་ཟིན་པ་དང་། གློག་འདོན་གྱི་ལས་ཀ་དེ་སྐྱོན་མེད་རྒྱུན་ལྡན་ཡོང་ཆེད་པཱ་ལགས་དུས་སྐབས་ཤིག་རིང་དོག་སྡེའི་གློག་ཁང་དུ་སྤོས་ནས་གཏན་བཞུགས་གནང་འདུག
སྐྱིད་སྦུག་པ།
ཆུ་ཤུགས་གློག་ཁང་ཆུང་གྲས་ཤིག་བརྒྱབས་པར་དེང་གི་ཆ་ནས་བལྟས་ན་ཧ་ལས་དགོས་པ་གང་ཡང་མེད། ཡིན་ནའང་སྐབས་དེར་རང་ལྗོངས་ཀྱི་ཚན་རིག་རིག་གནས་ཧ་ཅང་རྗེས་སུ་ལུས་ཡིན་པ་དང་། གློག་གི་ལས་ཀ་ལྟ་བཞག །གློག་མཐོང་མྱོང་བ་དང་། ཐ་ན་གློག་གི་ཐ་སྙད་ཙམ་ཡང་ཐོས་མྱོང་མེད་མཁན་ཇི་སྙེད་ཅིག་ཡོད་པ་མ་ཟད། གློག་ལས་སྤེལ་ན་(གདན་གསུམ་འཐུས་མིས་)མེ་སྐྱོན་དང་། ལྷ་ཀླུར་ཕོག་ཐུག་ཡོང་ཚུལ་ཤོད་པ་སོགས་འགོག་རྐྱེན་སྣ་ཚོགས་པ་ཞིག་ཡོད་པ་རེད། དེ་ལྟའི་གནས་བབ་ཀྱི་ཁྲོད་དུ་བོད་རིགས་རང་ཉིད་ནས་རང་གི་ཕ་ཡུལ་དུ་གློག་རྒྱུན་གྱི་སྒྲོན་མེ་དང་པོ་དེ་སྤར་བར་དོན་སྙིང་ཟབ་མོ་ལྡན་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་ངོས་ནས་བཤད་ན་ཆུ་ཤུགས་གློག་འདོན་ཁང་དང་པོ་དེ་ཡུན་ནན་དུ་བཙུགས་པ་དེ་ཡིན་པ་དང་། གཉིས་པ་ནི་བོད་ལྗོངས་ལ་བཙུགས་པ་དེ་ཡིན་ཚོད་འདུག
དེ་སྔ་བོད་ཀྱི་དངུལ་དང་ལོར་པར་འདེབས་སོགས་ལག་ཤུགས་ཀྱིས་བྱེད་དགོས་པ་དེ་དག་དོག་སྡེ་ཆུ་ཤུགས་གློག་འདོན་ཁང་ལེགས་གྲུབ་ཟིན་རྗེས། གྲྭ་བཞི་གློག་འཕྲུལ་ཁང་ (ངོ་མཚར་མཐའ་ཡས་རིག་འཕྲུལ་གཏེར་མཛོད་ཁང་ཆེན་མོ་) གསར་རྒྱག་དང་འབྲེལ་དོག་སྡེ་ནས་གྲྭ་བཞིར་གློག་བཏང་སྟེ་དངུལ་ལོར་པར་འདེབས་དང་། དེ་མིན་གྲྭ་བཞིར་གཅུས་གཟེར་སོགས་ལེ་ལག་ཙག་ཙིག་བཟོ་བ་དང་། ལྕགས་རིགས་གཏུབ་གཞོག་དང་གཅོད་བརྡར་སོགས་བྱེད་རྒྱུར་གློག་ཤུགས་སྤྱོད་ཀྱིན་ཡོད་ཅིང་། ད་དུང་པཱ་ལགས་ཀྱིས་གྲྭ་བཞིར་རྫས་མདེལ་བཟོ་བའི་ཚོད་ལྟའང་གནང་འདུག །རྫས་ནི་ཚད་ལྡན་བཟོ་གནང་ཐུབ་ཡོད་རུང་། མདེའུའི་ཀ་ཏོར་བཟོ་བའི་རྒྱུ་ཆ་དང་སྒྲིག་ཆས་ཇི་བཞིན་མེད་སྟབས། མདེའུའི་སྤུས་ཚད་ཐད་ཚད་ལོང་མ་ཐུབ་པར་སྐབས་རེ་ཡག་པོ་འབར་མ་ཐུབ་པ་དང་། འབར་རུང་ཚ་ཁ་ཟིན་པོ་མེད་པ་བྱུང་ཞིང་། དེ་རྗེས་ཕྱི་རྒྱལ་ནས་དྲངས་པའི་མདེའུའི་ཀ་ཏོ་རྙིང་པ་བེད་སྤྱད་ནས་མེ་རྫས་བླུགས་ཏེ་ཚོད་ལྟ་བྱེད་སྐབས་འབར་གས་དང་ཚ་ཁ་ཟིན་ཚད་གང་ཐད་ཕྱི་རྒྱལ་གྱི་མདེའུ་དང་ཁྱད་མེད་པ་བྱུང་འདུག
ཡང་ལོ་རབས་ཉི་ཤུ་པའི་ལོ་སྟོད་དུ་ནོར་གླིང་སྤྱན་བསལ་ཕོ་བྲང་གསར་བཞེངས་ལེགས་གྲུབ་ཀྱིས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྤྱན་བསལ་ཕོ་བྲང་ལས་ཤག་གི་ལྕགས་རིའི་ཕྱིའི་ཤར་ངོས་སུ་ཆུ་ཤུགས་གློག་འདོན་བབས་ཚུགས་ཆུང་གྲས་ཤིག་གསར་འཛུགས་དང་འབྲེལ་སྤྱན་བསལ་ཕོ་བྲང་ནང་གློག་བཞུ་འདྲེན་འཛུགས་མཛད།
གོང་སྨོས་དོག་སྡེ་གློག་ཁང་གསར་འཛུགས་ཟིན་ནས་གློག་འདོན་བྱ་མུས་ཐོག །གྲྭ་བཞིའི་གློག་འཕྲུལ་ཁང་དུ་དངུལ་ལོར་པར་འདེབས་སོགས་ལས་གྲྭ་ཁག་ལ་དོག་སྡེ་གློག་ཁང་ནས་གློག་བཏང་སྟེ་ལས་ཀ་བྱེད་པ་དང་། སྤྱན་བསལ་ཕོ་བྲང་གི་གཟིམ་ཆུང་ཁག་དང་བཅས་པར་གློག་བཞུ་འདྲེན་འཛུགས་ཟིན་པའི་རྗེས། ཕལ་ཆེར་ལྕགས་ལུག་ 1931 ཙམ་ལ་སྐབས་དེའི་གྲྭ་བཞི་གློག་འཕྲུལ་ལས་ཁུངས་ཀྱི་འགོ་འཛིན་སྐུ་བཅར་(སྤྱན་བསལ་)ཐུབ་བསྟན་ཀུན་འཕེལ་གྱིས་ཏཱ་ལའི་བླ་མའི་བཀའ་དགོངས་ཡིན་ཞེས། པཱ་ལགས་སུ་ལྷ་སའི་གྲོང་ཁྱེར་ནང་དུ་གློག་བཞུ་འཁྲིད་འཛུགས་བྱ་དགོས་ཞེས་གསུངས་པས། ཏཱ་ལའི་བླ་མ་སྐུ་མ་གཤེགས་གོང་། སྤྱི་ལོ་ 1932 ཙམ་ལ་བཀའ་ཤག་གིས་འཆར་ཕུལ་ཕྱག་རྟགས་དགོངས་དོན། པཱ་ལགས་ལྷ་སར་རྟག་བཞུགས་ཀྱི་འགྲོ་གྲོན་ཆེ་བས་ཐབ་རྟེན་དུ་སྤུ་ཧྲེང་རྫོང་སྡོད་ངོ་ཚབ་བཏང་འཐུས་སུ་ལོ་དྲུག་རིང་བསྐོ་བཞག་སྩལ།
གྲྭ་བཞི་གློག་འཕྲུལ་ལས་ཁུངས་ཀྱི་དབུ་འཛིན་ཆེན་མོ་སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་ལགས།
དེ་རྗེས་ལྷ་སའི་གྲོང་ཁྱེར་ནང་དུ་གློག་བཞུ་འདྲེན་འཛུགས་བྱེད་ཆེད་ལྷ་ས་རྗེ་འབུམ་སྒང་དུ་གློག་ཤུགས་མཁོ་འདོན་ཁང་ཐོག་སོ་ཉིས་ཐོག་ཅིག་གསར་རྒྱག་དང་། གློག་ཤུགས་མཁོ་འདོན་ཁང་དེར་བསྒྲིག་རྒྱུའི་གློག་འདོན་འཕྲུལ་འཁོར་ཆུང་བ་དང་། དེ་མིན་གློག་བཞུ་འདྲེན་འཛུགས་ལ་དགོས་པའི་གློག་སྐུད་དང་ཤེལ་ཏོག་སོགས་གློག་ཆས་ཉོ་སྒྲུབ་བྱེད་མི་རྒྱ་གར་དུ་ཆེད་གཏོང་སོགས་གྲ་སྒྲིག་གི་ལས་ཀ་རྣམས་བསྒྲུབས་ཏེ། སྤྱི་ལོ་ 1936 བོད་མེ་བྱི་ལོར་ལྷ་སའི་གྲོང་ནང་དུ་གློག་བཞུ་འདྲེན་འཛུགས་དངོས་སུ་བྱས། དེ་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་ཏེ་རྭ་སྒྲེང་རིན་པོ་ཆེ་རྒྱལ་ཚབ་གནང་བའི་དུས་ཡིན་པ་དང་། དེ་སྐབས་ང་རང་(བྱང་ངོས་པ་རིག་འཛིན་རྡོ་རྗེ་)ཡང་ལོ་བརྒྱད་ཙམ་ལ་སླེབས་ཡོད་པས་ཅུང་ཟད་དྲན་གསོས་ཀྱི་འདུག དེ་དུས་གློག་ལས་ཀྱི་བཟོ་པའང་བཅུ་ལྷག་ཙམ་འདུག་པ་ཁོང་ཚོ་ནི་དོག་སྡེའི་གློག་ཁང་གསར་འཛུགས་བྱས་ཚུན་པཱ་ལགས་རང་ཉིད་ཀྱིས་གསོ་སྐྱོང་གནང་ནས་འཚར་ལོངས་བྱུང་བ་དང་། ཁོང་ཚོའི་ནང་ནས་ལག་རྩལ་པ་དྲག་པ་རླུའུ་ཡས་ཀྱིས་ལྷ་ས་གློག་ཤུགས་མཁོན་འདོན་ཁང་དང་། བློ་བཟང་གིས་དོག་སྡེ་གློག་འདོན་ཁང་ལ་ལས་ཀ་གཙོ་བོར་བྱེད་པ་དང་། དེ་མིན་དགེ་འདུན་དང་ཁྲ་གས་སོགས་ནི་གློག་ཤིང་འཛུགས་པ་དང་། གློག་སྐུད་ཁྲིད་པ་སོགས་ཕྱིར་བསྐྱོད་བྱེད་ཀྱི་འདུག །གློག་བཞུའི་ཐོག་མ་དེ་གཙུག་ལག་ཁང་གི་ཇོ་བོ་དབུ་སྐྲ་དང་། རྭ་ཆེ་གཙུག་ལག་ཁང་གི་རྡོ་གཅལ་དུ་བཙུགས་ནས་ཇོ་ཤག་རྣམ་གཉིས་ལ་གློག་གི་སྣང་གསལ་ཕུལ་ཞིང་། དེ་རྗེས་རྒྱལ་ཚབ་རིན་པོ་ཆེའི་བཞུགས་གནས་རྭ་སྒྲེང་བླ་བྲང་དང་། སྲིད་བློན་གླང་མདུན་(ཀུན་དགའ་དབང་ཕྱུག་མཆོག་)དང་ཞབས་པད་རྣམ་པའི་གཟིམ་ཤག་ཏུ་གློག་བཞུ་འཁྲིད། དེ་ནས་རིམ་པས་སྐུ་དྲག་ཁག་དང་། བླ་བྲང་བྲང་ཁག །ཚོང་རིགས། ལག་ཤེས་བཟོ་པ་འགའ་ཞིག་བཅས་ཀྱི་སྡོད་ཁང་དུ་གློག་འཁྲིད། དེའི་ཚེ་གློག་བཞུ་སྤོར་མཁན་དུད་ཚང་མང་པོ་མེད་པས་གློག་ཤུགས་འདང་ངེས་ཡོད་གཤིས། ཚང་མས་གློག་བཞུ་ནི་ས་བཞུ་ལྟ་བུའི་སྣུམ་དང་ཕུ་ཡང་ཡང་རྫོགས་པ་སོགས་རྙོག་དྲ་མེད་པ་དང་སྦྲང་མ་རྣམས་འོད་ལ་ལྕེབས་ནས་ཤི་བ་སོགས་མི་དགོས་པའི་དགེ་མཚན་ཆེ་ལ། བཞུ་འོད་ཀྱང་ཧ་ཅང་གསལ་པོ་འདུག་ཅེས་ཟེར་བ་དང་། དེ་བཞིན་ས་དོང་བཟོ་བ་སོགས་ལག་ཤེས་བཟོ་པ་འགའ་ཞིག་གིས་གློག་བཞུའི་འོག་ཏུ་མཚན་ལས་བྱེད་ཀྱི་ཡོད་འདུག་པས། ཁོ་ཚོས་ཉིན་མོ་ལས་ཀ་བྱས་པ་ལྟར་འདུག་ཅེས་དགའ་སྤྲོའི་ངང་གློག་བཞུར་བསྔགས་བརྗོད་བྱས།
ལྷ་སའི་གྲོང་ནང་དུ་གློག་བཞུ་འཁྲིད་འཛུགས་ཀྱི་ལས་དོན་ལེགས་གྲུབ་བྱུང་རྗེས། སྤྱི་ལོ་ 1937 མེ་གླང་ལོར་བཀའ་ཤག་ནས་རྒྱལ་ཚབ་རིན་པོ་ཆེའི་འཆར་ཕུལ་ཕྱག་རྟགས་དགོངས་དོན་པཱ་ལགས་སུ་ལྷ་ས་གཉེར་ཚང་པ་རང་འཇགས་ཐོག་རིམ་བཞི་བསྐོ་བཞག་དང་། དེ་རྗེས་སྟོད་སྤུ་ཧྲེང་རྫོང་སྡོད་ངོ་ཚབ་བཏང་འཐུས་སུ་དེ་སྔོན་ལོ་དྲུག་བསྐོ་བཞག་བསྩལ་བ་ལོ་དུས་རྫོགས་མཚམས་ནས་སླར་ཡང་ལོ་གཉིས་རང་འཇགས་བསྐོ་བཞག་བསྩལ། དེ་དུས་གློག་བཞུ་འཛུགས་མཁན་དུད་ཚང་སོ་སོར་གློག་གི་ཆུ་ཚོད་བསྒར་མེད་པས་ཤེལ་ཏོག་ཆེ་ཆུང་ལ་གཞིགས་ནས་གློག་རིན་བསྡུ་བཞིན་ཡོད་ཅིང་། ཤེལ་ཏོག་ཨང་གྲངས་ཆུང་ཤོས་ཨང་15 བྱས་པར་ཉིན་རེ་གློག་རིན་སྐར་ཕྱེད་བརྒྱད་རེ་བསྡུ་བ་དང་། རྣམ་ཀུན་ཁྱིམ་ཚང་སོ་སོར་སྤོར་མི་དགོས་པའི་ཤེལ་ཏོག་ལ་དམ་ཆས་ཞུས་ནས་གློག་རིན་གཅོག་པ་དང་། དུས་ཆེན་སོགས་དགོས་མཚམས་སུ་དམ་ཆས་དཀྲོལ་ནས་གློག་བཞུ་ཉིན་ག་ཚོད་སྤར་བ་དེ་རྩིས་གློག་རིན་བསྡུ་བ་རེད།
དེ་ནས་ལོ་ཟླ་རིམ་སོང་གིས་གློག་བཞུ་སྤོར་མཁན་མང་དུ་སོང་བ་དང་། རྩ་བའི་གློག་འདོན་འཕྲུལ་འཁོར་གྱི་ཤུགས་ཚད་ཧ་ཅང་ཆུང་བས་གློག་ཤུགས་མི་འདང་བའི་རྐྱེན་གྱིས་ཁྱིམ་ཚང་སོ་སོའི་གློག་བཞུ་མི་གསལ་དུ་ཕྱིན་པ་དང་། དགུན་ཁ་ཡུར་བུར་འཁྱགས་ཐེབས་པ་དང་། དཔྱིད་ཀ་ཞིང་འདེབས་སྐབས་ཆུ་ཉུང་ངུ་ལས་མི་ཐོབ་པ་བཅས་ལ་བརྟེན་གློག་མཁོ་འདོན་ཡག་པོ་བྱེད་མ་ཐུབ་པའི་གནས་ཚུལ་དེ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་མཚམས་པཱ་ལགས་ཀྱིས་གནད་དོན་དེ་སེལ་ཆེད་བཀའ་ཤག་ཏུ་སྙན་ཞུས་བཀའ་འཁྲོལ་བཞིན་རྒྱ་གར་ནས་མེ་ཤུགས་གློག་འདོན་འཕྲུལ་འཁོར་ཆུང་གྲས་ཤིག་སྒྲུབ་འདོན་གྱིས་ལྷ་ས་གློག་ཁང་དུ་སྒྲིག་གཤོམ་དང་འབྲེལ་འཕྲུལ་འཁོར་དེ་བཏང་བས། སྐབས་ཤིག་རིང་གློག་ཤུགས་ཁ་སྣོན་བྱེད་པའི་ཕན་ནུས་ཐོན། ཡིན་ནའང་སྣུམ་མཁོ་འདོན་མུ་འཐུད་དུ་འདང་ངེས་མ་བྱུང་བ་སོགས་ཀྱི་རྐྱེན་པས། མེ་ཤུགས་གློག་འདོན་འཕྲུལ་འཁོར་དེའང་རིང་པོར་མ་ཐོགས་པར་བེད་སྤྱོད་མེད་པ་ལྟ་བུར་གྱུར་ཏེ་གློག་གི་འགྲོ་གྲོན་དང་གློག་ཤུགས་འབྱུང་རྩའི་དབར་གྱི་འགལ་བ་དེ་སྔར་བཞིན་ལུས། དེ་རྗེས་པཱ་ལགས་ནས་གློག་ལས་དེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་ཐུབ་པ་ཞིག་དགོས་ཚེ། གློག་འདོན་འཕྲུལ་འཁོར་གྱི་རྟ་ཤུགས་ཆེ་ཙམ་བྱས་པ་ཁ་ཤས་དང་། གློག་གི་ཆུ་ཚོད་སོགས་སྒྲིག་ཆས་འདང་ངེས་ཤིག་ཉོ་སྒྲུབ་དང་། ཆུ་རྩ་ལེགས་བཅོས་སོགས་མི་བྱེད་མཐུ་མེད་ཡིན་ལུགས་བཀའ་ཤག་ལ་སྙན་སེང་རིམ་པ་ཞུས་རུང་། བདག་སྤྲོད་མ་བྱས་སྟབས་གློག་གི་འོད་ཤུགས་ཇེ་ཞན་དང་ཇེ་སྡུག་ཏུ་སོང་ནས་གློག་བཞུ་དེ་སྐབས་འགར་གསལ་པོ་རྩ་བ་ནས་མེད་པ་དང་། དུས་རྒྱུན་དང་ལྷག་པར་དགུན་དཔྱིད་གཉིས་སུ་གློག་མེད་པའི་གནས་ཚུལ་ཡང་ཡང་ལྷགས་ཀྱི་ཡོད་པ་རེད། དེར་བརྟེན་མི་མི་ཉུང་བ་ཞིག་གིས་སྐབས་དེའི་གློག་ལའང་འཁང་ར་དང་བཀའ་བཀྱོན་གནང་བ་ནི་ཁག་མེད་པའི་ཕྱོགས་ཤིག་རེད། གང་ལྟར་རང་ལྗོངས་ཀྱི་གློག་འདོན་ཁང་དང་པོ་(བོད་ཀྱི་རྒྱལ་ས་ལྷ་སའི་)དོག་སྡེ་གློག་ཁང་ནི་རང་རེ་བོད་རིགས་རང་གིས་གསར་རྒྱག་དང་། གློག་འདོན་བྱས་པ་ཞིག་ཡིན་བཞིན་དུ་དེ་སྔོན་རྩོམ་ཡིག་འགའ་ཞིག་དང་། མི་ལ་ལའི་གཏམ་བཤད་ནང་བཅིངས་འགྲོལ་མ་ཐོབ་གོང་བོད་དུ་དོག་སྡེར་གློག་ཁང་ཆུང་ངུ་ཞིག་ལས་མེད་པ་དང་། དེའང་དབྱིན་ཇིའི་མིས་བརྒྱབས་པ་རེད་ཅེས་བྱུང་བརྒྱལ་དུ་སྨྲ་བ་ནི་སྐབས་དེའི་ལོ་རྒྱུས་ཀྱི་ཤེས་བྱས་ཕོངས་པ་ཞིག་ཡིན་ན་ཁག་མེད། དེ་མིན་ལས་ལ་བརྩོན་ཞིང་ཤེས་རིག་བཀྲ་བའི་བོད་རིགས་མི་དམངས་ལ་མཐོང་ཆུང་གི་སྤྱོད་ཚུལ་བཟུང་བ་ནི་ཅི་ལ་སྲིད། སྤྱིར་ཕྱིའི་རྒྱལ་ཁབ་དེ་ཚོ་ནི་རང་རེ་ལས་དར་རྒྱས་སུ་འགྲོ་སྔ་བས་ཚན་རིག་ལག་རྩལ་སོགས་མང་པོ་ཞིག་གི་ཐད་ལ་ཁོང་ཚོའི་ས་ནས་སློབ་སྦྱོང་བྱེད་དགོས་པ་མི་ཉུང་བ་ཡོད་མོད། འོན་ཀྱང་ཕྱི་རྒྱལ་བ་ཡོད་ཚད་ང་ཚོ་ལས་མཁས་པ་དང་། ཕྱི་རྒྱལ་བར་ང་ཚོས་སྐྱབས་འཇུག་ཞུ་དགོས་པ་ཁོ་ན་ལས་ཁོ་པ་ཚོས་ང་ཚོར་རེ་མི་དགོས་པ་ག་ལ་ཡིན། ངས་དཔེ་མཚོན་ཙམ་སྨོས་ན། དེ་སྔ་ལྷ་སར་དབྱིན་ཇིའི་དོན་གཅོད་མི་སྣ་སྡོད་ཡུལ་བདེ་སྐྱིད་གླིང་གར་ཁོ་ཚོའི་བཞུ་མར་དང་གློག་འཕྲིན་གཏོང་བྱེད་མེ་ཤུགས་གློག་འདོན་འཕྲུལ་འཁོར་ཆུང་གྲས་ཤིག་ཡོད་པ་དེ་དག་ཐེངས་གཅིག་སྐྱོན་ཤོར་གྱིས་ཉིན་ཤས་རིང་གློག་བཞུ་མེད་ལ་གློག་འཕྲིན་ཡང་གཏོང་མ་ཐུབ་པར་ལུས། གློག་འཕྲིན་དང་འཕྲུལ་འཁོར་གཏོང་མཁན་དབྱིན་ཇི་བ་ཕོག་སེ་ཁོ་པས་ཇི་ལྟར་བཟོས་རུང་འཕྲུལ་འཁོར་གཏོང་མ་ཐུབ་པར་ལུས་པ་དེར་དོན་གཅོད་འགོ་གཙོ་རི་ཅར་སན་ (Hugh Edward Richardson 1905-2000) གྱིས་ཁ་བརྡུང་གཟེད་དགོས་པ་སོགས་བྱུང་ནས། ཕོག་སེ་ (Reginald fox) ཁོ་པ་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་པཱ་ལགས་གདན་དྲངས་ཏེ་འཕྲུལ་འཁོར་བཟོ་བཅོས་ཡོང་བའི་སྐྱབས་འཇུག་ཞུས་དོན། མགྱོགས་མྱུར་དུ་བཟོ་བཅོས་མཛད་པ་བཅས་སྐབས་དེར་ཕོག་སེ་ (Reginald fox) འི་སར་རླུང་འཕྲིན་གཏོང་ལེན་དང་བཤིག་སྒྲིག་ལག་རྩལ་སློབ་པར་ས་གནས་སྲིད་གཞུང་ནས་བཏང་བའི་(རྡོ་རྗེ་གླིང་དང་ཀ་སྦུག་ནས་དབྱིན་ཇིའི་སློབ་གྲྭ་ནས་ཐོན་པའི་ཤེས་ཡོན་ཅན་གཞུང་ཞབས་རིམ་བཞི་)ཚ་རོང་བདུད་འདུལ་རྣམ་རྒྱལ་དང་། (རིམ་བཞི་)འཕྲེང་རིང་སྲས་རིག་འཛིན་རྣམ་རྒྱལ། (རིམ་བཞི་)ཀ་ཤོད་སྲས་ཆོས་རྒྱལ་དོན་གྲུབ། ལས་ཚན་ཐང་སྨད་པ་བདུད་འདུལ་ཚེ་རིང་བཅས་ཡོད་པ་ཁོང་ཚོས་ཀྱང་མཁྱེན་གསལ་ལྟར་རེད།
པཱ་ལགས་(London)རག་པིའི་སློབ་གྲྭར་བཞུགས་རིང་དབྱིན་ཇིའི་སྐད་ཡིག་དང་གློག་འཕྲུལ་ཆེད་ལས་གཉིས་ཀར་སྦྱངས་འབྲས་ལེགས་ཐོབ་དང་། རང་ཡུལ་དུ་ཕྱིར་ལོག་གནང་རྗེས་རང་ཉིད་ཀྱི་ཆེད་ལས་དེ་བེད་སྤྱོད་ཇི་ལྟར་གཏོང་གནང་དང་། དེར་གྲུབ་འབྲས་ཅི་བྱུང་བཅས་གོང་དུ་རགས་ཙམ་གླེང་བ་ལྟར་ཡིན་རུང་། ལག་རྩལ་གྱི་མིང་གནས་ནི་བོད་རང་ལ་གྲོས་འདེམས་བྱེད་ཐབས་མེད་པས། ལག་རྩལ་གྱི་མིང་གནས་དངོས་སུ་མེད། འོན་ཀྱང་ཕྱི་རྒྱལ་གྱི་སློབ་གྲྭ་དང་། བཟོ་གྲྭ་ཁག །མི་སྒེར་བཅས་ནས་པཱ་ལགས་སུ་ཡི་གེ་འབུལ་སྐབས། (ཉེ་རབས་བོད་རྒྱལ་ཁབ་ཀྱི་མཛངས་མི་)གློག་ལས་ལས་གྲྭའི་དབུ་ཆེན་ནམ། ཡང་ན་སྤྱི་ཁྱབ་གློག་ལས་ལས་གྲྭའི་དབུ་ཆེན་ (Chife Electrical Engineer) ཞེས་འབྲི་བཞིན་འདུག །གཞན་ཡང་པཔཱ་ལགས་ཀྱིས་ཏཱ་ལའི་བླ་མ་དང་། རྒྱལ་ཚབ། བཀའ་ཤག སྤྱི་ལོ་ 1943 ལོར་གསར་དུ་བཙུགས་པའི་ཕྱི་རྒྱལ་ལས་ཁུངས་བཅས་ཀྱི་དབྱིན་ཇིའི་སྐད་བསྒྱུར་དང་ཡིག་བསྒྱུར་གནང་གི་ཡོད་པ་དང་། དོག་སྡེ་གློག་ཁང་དུ་བཞུགས་རིང་ཏཱ་ལའི་བླ་མའི་བཀའ་འབྲེལ་ཟུར་ཁང་སྲས་ལྷ་དབང་སྟོབས་རྒྱལ་དང་། ཤོད་དྲུང་ལྕོག་བཀྲས་པ། ཤོད་དྲུང་འབྱོར་རྒྱས་པ་སོགས་དྲུང་འཁོར་ན་གཞོན་བཅུ་ཙམ་ལ་དབྱིན་ཇིའི་སྐད་ཡིག་སློབ་གནང་མཛད་འདུག
པཱ་ལགས་རང་ཉིད་སློབ་སྦྱོང་ལ་བརྩོན་ཞིབ་ཆེ་བ་མ་ཟད། ང་ཚོ་དང་ཕྲུག་གུ་ཚོའི་སློབ་སྦྱོང་ལའང་ཐུགས་ཁུར་དང་། དམ་འཛིན་ཆེན་པོ་གནང་གི་ཡོད། པཱ་ལགས་ (London) ལོན་ཌོན་ལ་མ་ཕེབས་གོང་སྒེར་བཙུགས་སློབ་གྲྭའི་ནང་བོད་ཡིག་སློབ་སྦྱོང་གནང་བ་དེ་དག་ (London) ལོན་ཌོན་དུ་བཞུགས་ཡུན་རིང་བས་ཧ་ལམ་བརྗེད་པ་གནང་ཡོད་རུང་། ལྷ་སར་ཕྱིར་ལོག་གནང་འཕྲལ་སྙིང་རུས་ཆེན་པོས་རང་སྦྱོང་གནང་མཐར་བོད་ཡིག་ནི་ས་གནས་སྲིད་གཞུང་གི་ནང་དུ་ལས་དོན་འཕེར་ངེས་ཞིག་ཆགས་པ་དང་། དབྱིན་ཡིག་དང་ཆེད་ལས་གོང་མཐོར་གཏོང་ཆེད་གློག་ལས་སྐོར་གྱི་དེབ་དང་། ལོ་རྒྱུས། སྒྲུང་གཏམ། དུས་དེབ་སོགས་ཀློག་ནས་དགོང་མོ་འཕྱི་པོ་བར་བཞུགས་པ་དང་། དེ་བཞིན་ང་རང་ལོ་དྲུག་ཙམ་ལ་སླེབས་དུས་པཱ་ལགས་ཀྱིས་ང་ལ་དབྱིན་ཇིའི་དབྱངས་གསལ་གྱི་ཡི་གེ་སློབ་འགོ་འཛུགས་གནང་དང་། དེ་ནས་རིམ་པས་སྐད་ཡིག །ལོ་བཅུ་གཅིག་ཙམ་ནས་རྩིས་རིག་བཅས་སློབ་གནང་མཛད། དེ་ཡང་སྤྱི་ལོ་ 1934 ཙམ་ནས་པཱ་ལགས་མ་གཤེགས་བར་ལོ་བཅུ་ཙམ་རིང་མཛད་གསེང་ནམ་བྱུང་དང་བསྟུན་ནས་སློབ་པ་གནང་གི་ཡོད་པས་མི་ཚད། ད་དུང་སྤྱི་ལོ་ 1939 ཙམ་ལ་ང་བདེ་སྐྱིད་གླིང་གར་བཅའ་སྡོད་དབྱིན་ཇི་(གཞུང་ཚབ་ཆེན་མོ་)བ་ (Hugh Edward Richardson 1905-2000) རི་ཅར་སན་དང་། སྤྱི་ལོ་ 1943 ཙམ་ལ་དབྱིན་ཇི་བ་མེ་ཇེར་ཤེ་རབ་ཀྱི་བཟའ་ཟླ་མི་སི་སི་ཤེ་རབ་ཀྱི་སར་སྔ་རྗེས་སུ་དབྱིན་ཇིའི་སྐད་ཡིག་སློབ་པར་གཏོང་གནང་མཛད་བྱུང་། སྤྱི་ལོ་ 1940 ཙམ་ནས་ངས་(སྒེར་པ་དྲག་བཙན་གཙང་ཐོབ་རྒྱལ་བདེ་ལེགས་རབ་བརྟན་གྱི་སྲས་)ཚ་སྤྲུལ་རིན་པོ་ཆེ་དང་། (མཚན་ཞབས་ལྷ་སའི་)རྒྱ་མཚོ་གླིང་རིན་པོ་ཆེ། (སོག་པོ་)དགེ་བཤེས་ཆོས་གྲགས་བཅས་སོ་སོའི་སར་བོད་ཀྱི་སུམ་རྟགས་དག་གསུམ་སོགས་རིག་གནས་སློབ་ཁྲིད་ཞུ་སྐབས་པཱ་ལགས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། ཞིབ་བཤེར། དམ་འཛིན་ཆེན་པོ་གནང་གི་ཡོད། སྤྱི་ལོ་ 1939 ཙམ་ནས་ང་ཚོའི་སྒོ་རའི་ནང་སྡོད་མཁན་རྒྱ་རིགས་ལེའུ་ཏེ་ཁྲེང་དང་། སྐྱིད་སྟོད་སློབ་གྲྭའི་དགེ་རྒན་བྱམས་པ་འོད་ཟེར་གྱི་ས་ནས་ངས་རྒྱའི་སྐད་ཡིག་སློབ་སྐབས་པཱ་ལགས་ནས་ཐུགས་མོས་རྒྱབ་སྐྱོར་གནང་བར་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་འཁྲུངས་ཡུལ་མཚོ་སྔོན་དུ་ཡིན་པས། སླད་རྒྱ་བོད་དབར་འབྲེལ་གཏུགས་མང་དུ་འགྲོ་རྒྱུར་རྒྱ་ཡིག་སློབ་རྒྱུར་དགོས་པ་དེ་བས་ཆེ་ལུགས་གསུངས་མྱོང་བ་བཅས་སློབ་སྦྱོང་ཐོག་དམ་འཛིན་དེ་འདྲ་གནང་བའི་ཁར། ང་ཚོ་ཆུང་དུས་ནས་དྲང་བདེན་དང་བག་ཡོད་ཚུལ་ལྡན་གྱི་སྤྱོད་ཚུལ་འཇགས་དགོས་པའི་སློབ་གསོ་དང་། དོ་དམ་ནན་པོ་གནང་གི་ཡོད།
པར་པ། Photographer Frederick Spencer Chapman པར་བཏབ་ལོ། Date of PhotoDecember 29th 1936? Named Person རིན་སྒང་པའམ་བྱང་ངོས་པ། Ringang, གཞུང་ཚབ་སྐུ་ཞབས་Major Finch
པཱ་ལགས་ཆུང་དུས་ཕྱི་རྒྱལ་གྱི་སློབ་གྲྭར་ཕེབས་པའི་ཤུགས་རྐྱེན་ལྟ་བུས་རྣམ་ཀུན་བྱ་སྒྲོའི་སྤོ་ལོ་དང་། ཝང་ཆིང་སྤོ་ལོ་རྩེད་པ་། རྟ་འགྲོས་མ་གཅོག་པ། དབྱར་ཁ་ཆུ་རྐྱལ་དང་། དགུན་ཁ་འཁྱགས་ཤུར་གློད་པ་བཅས་ལུས་རྩལ་བྱེད་སྒོར་མཉེས་པོ་ཡོད་པ་མཟད། ཆུ་རྐྱལ་ནི་ཧ་ཅང་མཁས་པོ་ཡོད་པས། དེ་དུས་དབྱར་ཁ་ཆུ་བརྒལ་བར་ཕེབས་སྐབས། མི་གཞན་ཆུས་འཁྱེར་བ་བྱུང་མཚམས་པཱ་ལགས་ཀྱིས་སྲོག་སྐྱོབ་གནང་བའང་ཁ་ཤས་བྱུང་འདུག །ཐེངས་གཅིག་དབྱར་ཁ་པཱ་ལགས་་ཨ་མ་ལགས་སོགས་བཞི་སྡེ་གླིང་ཁང་གླིང་ཁ་གཏོང་སྐབས་པཱ་ལགས་གཙང་པོར་ཆུ་བརྒལ་གྲུབ་སྟེ། ཆུ་ཁད་གྲམ་སྟེང་དུ་གསོལ་ཇ་མཆོད་བཞིན་པའི་སྐབས། སྐབས་དེར་གློ་བུར་དུ་གཙང་ཁད་ཀྱི་མི་རྣམས་ཟིང་ཆ་ལངས་ཐོག་མི་ཆུས་འཁྱེར་སོང་ཟེར་བའི་དངངས་ཚབ་ཆེ་བའི་སྐད་སྒྲ་ཞིག་ཐོས། དེ་ནི་ང་ཚོའི་ཟླ་གྲས་ཆོས་ལྡན་ཆུ་བརྒལ་སྐབས་གཟབ་གཟབ་མ་བྱས་པར་ཆུས་འཁྱེར་བ་ཡིན་འདུག གནས་ཚུལ་དེ་པཱ་ལགས་ཀྱིས་ཐོས་མ་ཐག་ཚམ་ཚོམ་མེད་པར་གཙང་པོར་མཆོངས་ནས་ཆོས་ལྡན་སྐྱོབ་པར་ཕེབས་མཚམས། ཆོས་ལྡན་གྱིས་དངངས་སྐྲག་ཆེན་པོས་ལག་པ་གཉིས་ཀས་པཱ་ལགས་ལ་འཐམ་པས་རྐྱལ་ཡང་བསྐྱོན་མི་བདེ་བ་བྱུང་སྟེ། ལམ་སང་ཆུ་ཁད་དུ་འཐེན་མ་ཐུབ་པར་ཁོང་དཔོན་གཡོག་གཉིས་པོ་གཙང་པོའི་དཀྱིལ་དུ་ཅུང་ཟད་ལུས། སྐབས་དེར་གཙང་འགྲམ་གྱི་མི་ཚོས་སུས་སུ་སྐྱོབ་ཀྱི་ཡོད་མེད་མ་ཤེས་པར་གཡོག་པོ་དྲིན་ཅན་དེ་མེད་ན་སྐུ་ངོ་སྡོད་མ་ཚུགས་པ་དེ་ཚར་སོང་ཞེས་གླེང་མཁན་ཡང་བྱུང་བ་རེད། ཆོས་ལྡན་ནི་དེང་སྐབས་ཁོ་པའི་བཟའ་ཟླ་བུ་ཕྲུག་དང་མཉམ་དུ་གཞིས་རྩེ་བཀྲ་ཤིས་སྐྱིད་ཚལ་དུ་བསྡད་ཡོད།
གཞན་ཡང་པཱ་ལགས་ནི་སློབ་སྦྱོང་ལ་བརྩོན་ཞིབ་ཆེ་བ་དང་། དྲང་ཤུགས་ཆེ་ཞིང་། གྱ་གྱུ་མེད་པ། སྤྲེལ་ལད་ལ་མི་མཉེས་པ་དང་། རང་གིས་ཀྱང་འཁྲབ་མི་ཤེས་མཁན་ཞིག་ཡིན་ཅིང་། རྣམ་ཀུན་འཚོ་བའི་ཐད་སྔོན་ཆད་དབྱིན་ཇི་རུ་ལོ་མང་བཞུགས་རུང་། ང་ཚོའི་ཁྱིམ་ནང་ལ་བོད་ཀྱི་སྐུ་དྲག་སྤྱིར་བཏང་བའི་སྒྲིག་གཤོམ་ཙམ་ལས། དམིགས་གསལ་ཕྱི་ལུགས་ཀྱི་ཁྱད་ཆོས་མཚོན་པ་གང་ཡང་མེད། རྣམ་ཀུན་གསོལ་ཆས་དང་ན་བཟའ་སྐོར་བཅས་ནི་ཨ་མ་ལགས་ནས་གང་ཕུལ་བ་དེས་འགྲིག་པ་མཛད་དེ་རྒྱས་སྤྲོས་དང་དང་དོད་རྩ་བ་ནས་ཡོད་པ་མ་རེད། སློབ་སྦྱོང་དང་། རང་གི་ལས་ཀར་ཧུར་ཐག་དྲང་པོ་དྲང་བཞག་བྱས་ནས་རང་ཡུལ་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུ་དང་། རང་གི་ཕ་ཡུལ་ལ་གཅེས་པ། རང་གི་མི་རིགས་ལ་དགའ་ཞེན་བཅས་བྱེད་རྒྱུ་གལ་ཆེན་ཡིན་པ་དེ་པཱ་ལགས་ཀྱི་དགོངས་པ་བཞེས་ཕྱོགས་གཙོ་བོ་ཡིན་པ་དང་། ཆབ་སྲིད་ཐད་ཕྱོགས་གཏོགས་ཁག་ཏུ་ཞུགས་པ་སོགས་ཡ་ཡུད་ཆེ་བའི་བྱ་བ་མི་མཛད་པར་བརྟན་ཆ་ཆེ་ཙམ་གནང་མཁན་ཞིག་རེད། འོན་ཀྱང་འགག་རྩའི་སྐབས་འཛེམས་ཟོལ་ཡང་གནང་གི་མ་རེད། པཱ་ལགས་ཀྱིས་ལྷ་ས་གཉེར་ཚང་པའི་ཕྱག་ལས་ནི་ཧ་ལམ་ལོ་ཉི་ཤུ་མིན་ཙམ་གནང་འདུག ལས་ཁུངས་དེའི་ལས་ཀ་གཙོ་བོ་ནི་པང་ལེབ་དང་རྫ་ཀོ་སོགས་ཡོང་འབབ་ཙག་ཙིག་ཚུར་བསྡུ་བ་དང་། ཕར་གཏོང་བ། ལྷ་ས་གཙུག་ལག་ཁང་གི་བདག་གཉེར། གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་བཅས་བྱེད་དགོས་པའི་ཐོག ལྷ་སར་གཏན་སྡོད་ལ་དྭགས་ཁ་ཆེ་བ་རྣམས་ཁྲལ་རྒྱུགས་ཁྲིམས་འཁུར་བྱེད་དུ་འཇུག་རྒྱུའི་མགོ་འདོམས་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད། པཱ་ལགས་ཀྱིས་ལྷ་ས་གཉེར་ཚང་པའི་ཕྱག་ལས་གནང་རིང་ཐེངས་ཤིག་[ཕལ་ཆེར་1940] ལ་དྭགས་ཁ་ཆེ་དེ་ཚོའི་ཁོངས་ནས་ཚེམ་བུའི་འཁོར་ལོ་རྒྱག་མཁན་ཁག་གཅིག་ཡོད་པ་དེའི་ནང་ནས་ཉུང་ཤས་ཤིག་གིས་ཁོ་ཚོ་ལ་དྭགས་ཁ་ཆེ་ནི་དབྱིན་ཇིའི་ཁོངས་ཡིན་ལུགས་བཤད་ནས་ས་གནས་སྲིད་གཞུང་གི་ལག་ཁྲལ་རྒྱུགས་སར་མ་ཡོང་བ་རེད། གཉེར་ཚང་ལས་ཁུངས་ནས་སླར་ཡང་གད་པ་བཏང་ནས་སྔར་སྲོལ་ཁྲལ་རྒྱུགས་ཁྲིམས་འཁུར་ཞུ་དགོས་བཤད་རུང་ཉན་ཤེས་མེད་པའི་ཐོག །བདེ་སྐྱིད་གླིང་གར་(ལྷ་སྡོད་)དབྱིན་(ཇིའི་)གཞུང་(ཚབ་)མི་སྣ་རི་ཅར་སན་སར་སྐྱབས་བཅོལ་ཞུ་བར་ཕྱིན་པ་རེད། དེ་ནི་རང་རེ་བོད་(རྒྱལ་ཁབ་)ཀྱི་བདག་དབང་ལ་རྩིས་མེད་བྱེད་པའི་འགལ་འཛོལ་ཚབས་ཆེན་ཞིག་ཡིན་པས། པཱ་ལགས་དགོངས་པ་ལྷག་པར་དུ་ཚོམ་ནས་སྐབས་དེའི་བྱེད་གཏེ་འཇུ་བཟུང་དང་འབྲེལ་ལུས་སྟེང་དུ་ཉེས་ཆད་གཅོད་པ་གནང་འདུག །དེའི་སྐོར་རི་ཅར་སན་ནས་ཤེས་ཏེ་འཚིག་ཟ་ཆེན་པོ་བྱས་རུང་བྱེད་རྒྱུ་གང་ཡང་མ་བྱུང་བར་ཁྲིམས་འཁུར་མི་ཞུ་མཁན་རྣམས་ནི་ཕྱིན་ཆད་ཚུལ་མཐུན་བཀའ་བརྩི་ཞུ་དགོས་པ་བྱུང་འདུག
ཕ་དམ་པ་ལྷ་གཉེར་རིམ་བཞི་རིག་འཛིན་རྡོ་རྗེ་དེ་ཉིད་ཤིང་བྱ་བོད་ཟླ་ 2 པའི་ཚེས་ 10 ཉིན་ [1945 ལོའི་ཟླ་ 3 པའི་ནང་] ཉིན་ཚད་རིམས་བསྙུན་མནར་གྱིས་སྐུ་གཤེགས་པ་དང་། སྐབས་དེར་དགུང་ལོ་བཞི་བཅུ་ཞེ་ལྔར་སླེབས་ཡོད།
དེང་བོད་ལྗོངས་ས་མཐོར་གློག་རྒྱུན་གྱི་སྣང་བས་ཡོངས་སུ་ཁྱབ་ཅིང་། འཕྲུལ་འཁོར་གྱི་ལྡིར་སྒྲ་ཡུལ་གྲུ་ཀུན་ཏུ་སྒྲོག་བཞིན་པའི་སྐབས་འདིར་ཕ་དམ་པ་དེ་ཉིད་ད་ལྟ་འཚོ་བཞུགས་ཀྱིས་དེང་གི་འགྱུར་བ་རྣམས་དངོས་སུ་གཟིགས་ཐུབ་པ་ཞིག་བྱུང་ཡོད་ན་ཅི་མ་རུང་སྙམ་པ་ཡང་ཡང་ཡིད་ལ་འཁོར་བཞིན་དུ་མཆིས།
ཕ་དམ་པ་དེ་ཉིད་ཀྱིས་བོད་ལྗོངས་ས་མཐོར་གློག་རྒྱུན་གྱི་སྒྲོན་མེ་དང་པོ་དེ་སྤོར་བ་མཛད་པའི་སྐོར་དེ་ཡི་གེའི་ལམ་དུ་འབྲི་དགོས་ཞེས་སྐུལ་མ་གནང་རུང་དང་ཐོག་ངའི་བསམ་པར་དེ་ནི་རང་གི་ཕ་ལ་རང་གིས་ངོ་བསྟོད་བྱས་པ་ལྟ་བུ་ཞིག་ཏུ་གྱུར་མི་ཡོང་ངམ་སྙམ་སྟེ་འབྲི་འདོད་ཆེར་མ་བྱུང་། རྗེས་སུ་གསལ་བཤད་གནང་མཚམས་དེ་ནི་མི་སྒེར་ཞིག་གི་གནད་དོན་རྐྱང་པ་མ་ཡིན་པར་རང་ལྗོངས་སུ་བོད་རིགས་རང་ཉིད་ཀྱིས་གློག་རྒྱུན་སྒྲོན་མེའི་སྣང་བ་གསལ་བར་བྱས་པའི་བོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ཞིག་ལྡན་ཡོད་སྟབས་དྲན་གསོའི་ལོ་རྒྱུས་འབྲི་དགོས་ངེས་ཡིན་པ་དང་། དེ་ཡང་ཅུང་རྒྱས་ཙམ་དང་དེ་བས་ཞིབ་ཆ་ཆེ་ཙམ་ཞིག་འབྲི་བའི་འདུན་པ་ཆེ་ཡང་སྔོན་ཆད་ཕ་དམ་པ་དང་སྤུན་མཆེད་བགྲེས་པ་རྣམས་འཚོ་བཞུགས་སྐབས་དེ་སྐོར་བཀའ་འདྲི་ཞུ་བ་སོགས་དོ་སྣང་བྱེད་རྒྱུ་མ་བྱུང་བས། ད་ཆ་འདི་སྐོར་རྩད་གཅོད་བྱེད་བསམ་ཡང་། འདྲི་ཡུལ་དུ་མེད་པ་ལྟ་བུར་གྱར་སྟབས་རང་ཉིད་ནས་གང་ཤེས་གང་ངེས་རྣམས་བཅོས་མིན་སྲོང་པོའི་ཚུལ་དུ་གླེང་བར་བྱ་བ་ནི་འདི་ཙམ་མོ། །
བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས་བརྒྱད་པ་ལས་ཕྱུང་།
བཙན་པོ་དྲྭ་བ་ཞེས་པ་དེའི་ནང་དུ་གོང་གསལ་བྱང་ངོས་པའི་ལོ་རྒྱུས་འགོད་སྤེལ་བགྱིས་ཀྱང་ཚིག་དོན་ཁ་ཤས་རང་སོར་མ་བཞག་པར་བཟོ་བཅོས་བགྱིས་པ་དང་སྐྱིད་སྦུག་པའི་པར་དེ་བྱང་ངོས་པ་རེད་ཅེས་ནོར་འཁྲུལ་འདུག་ན། སྔ་དུས་གཙང་ལྗོངས་མཚར་ནས་རྫོང་དཔོན་དྲག་ཤུལ་ཅན་མཚར་ཆེན་མོ་ཞེས་པ་དེའི་རིགས་ལས་མཆེད་པ་དེས་སླར་གློག་འཇུག་དང་( )ཤད་གུག་ནང་དུ་བྲིས་པ་རྣམས་ཁ་སྣོན་དང་པར་རྣམས་མཁོ་འདོན་ཞུས་པའོ།།
The King (George V) received Tibetans. The King received the distinguished Tibetans at present in the country this morning at Buckingham Palace. Our Picture shows the visitors in the grounds of Buckingham Palace after being presented.
Date 28 June 1913
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཕྱི་ ལོ་ 1913 ལོར་གཙང་རྟ་ནག་ལུང་ཤར་རྡོ་རྗེ་ ཚེ་རྒྱལ་ལ་རིམ་བཞིའི་གོ་མིང་དང་ འབྲེལ་བོད་རིགས་གཞོན་སྐྱེས་བཞི འི་སྣེ་འཁྲིད་དུ་དབྱིན་ཇིའི་རྒྱ ལ་ས་ལོན་ཌོན་london གྱི་Rugby school མཐོ་སློབ་ཏུ་དེང་དུས་ཀྱི་ཤེས་ཡོ ན་ལས་རིགས་འདྲ་མིན་སློབ་སྦྱོང་ བྱེད་དུ་མངགས།
པར་དང་པོ། སྣེ་ཁྲིད་པ་གཙང་རྟ་ནག་(རྗེས་སུ ་རྩིས་དཔོན་དང་། སྐྱིད་ཕྱོགས་ཀུན་མཐུན་ཞེས་པ་བཙུ གས་ནས་བོད་དུ་མང་གཙོའི་ལམ་ལུགས་ ཀྱི་སྒྱུར་བཅོས་ཀྱི་བསམ་བློ་ཡོ ད་པའི་མང་གཙོ་སྣེ་ཁྲིད་པའི་ མཛངས་མི་)ལུང་ཤར་རྡོ་རྗེ་ཚེ་རྒྱ ལ་དང་།
གཉིས་པ། སྒོག་མཁར་བ་བསོད་ནམས་མགོན་པོ། Sonam Gompo Gokharwa(1898-1919)
གསུམ་པ། སྨོན་གྲོང་མཁྱེན་རབ་ཀུན་བཟང་། Khenrab Kunzang Mondong(1897-?)
བཞི་པ། རིན་སྒང་པའམ་བྱང་ངོས་པ་རིག་འཛི ན་རྡོ་རྗེ། Rinzin Dorje Ringang(1901-1945) བཅས་ཡིན།
ལྔ་པ། སྐྱིད་སྦུག་དབང་འདུས་ནོར་བུ། Wangdu Norbu Kyibu(1897 – ?)
ལྔ་པ། ཟུར་གྱི་ཕྲུག་གུ་དེ་གོང་གསལ་རྣ མ་པ་ལྔའི་སྐད་སྒྱུར་འབྲས་ལྗོངས་ པ་ལེགས་ལྡན་གྱི་ཕྲུག་གུ་ཡིན་ནམ་ སྙམ།
Four Tibetan boys joined the school. They were sent by the 13th Dalai Lama, who paid for their education with gold dust. Pictured behind the Head Master are; Kyipup, Ringang, Ghongkar, and Mondro. England 1913 ( known as Four Rugby Boys ) ས་གནས། དབྱིན་ཇིའི་རྒྱལ་ས་lo ndon ལོན་ཌོན་རག་པི་ Rugby schoo མཐོ་སློབ་ཁང་དུ་སློབ་ མ་རྣམ་དང་མཉམ་པར། 1914 ༸རྒྱལ་དབང་སྐུ་ཕྲེང་བ ཅུ་གསུམ་པ་ཐུབ་བསྟན་རྒྱ ་མཚོ་མཆོག་གིས་ཕྱི་ལོ ་ 1913 ལོར་གཙང་རྟ་ནག་ལུང་ཤར ་རྡོ་རྗེ་ཚེ་རྒྱལ་ལ་རི མ་བཞིའི་གོ་མིང་དང་འབྲེ ལ་བོད་རིགས་གཞོན་སྐྱེ ས་བཞིའི་སྣེ་འཁྲིད་གཏོང་སྐབས།
ས་གནས། དབྱིན་ཇིའི་རྒྱལ་ས་london ལོན་ཌོན་རག་པི་ Rugby schoo མཐོ་སློབ་ཁང་དུ་སློབ་མ་རྣམ་དང་ མཉམ་པར། 1914
གཤམ་གསལ་གྱི་པར་ལས་རྒྱབ་གྲལ་གསུ མ་པ། སྨོན་གྲོང་མཁྱེན་རབ་ཀུན་བཟང་། Khenrab Kunzang Mondong(1897-?)
དཀྱིལ་གྲལ་གཉིས་པ། སྒོག་མཁར་བ་བསོད་ནམས་མགོན་པོ། Sonam Gompo Gokharwa(1898-1919)
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཕྱི་ ལོ་ 1913 ལོར་གཙང་རྟ་ནག་ལུང་ཤར་རྡོ་རྗེ་ ཚེ་རྒྱལ་ལ་རིམ་བཞིའི་གོ་མིང་དང་ འབྲེལ་བོད་རིགས་གཞོན་སྐྱེས་བཞི འི་སྣེ་འཁྲིད་དུ་དབྱིན་ཇིའི་རྒྱ ལ་ས་ལོན་ཌོན་london གྱི་Rugby school མཐོ་སློབ་ཏུ་དེང་དུས་ཀྱི་ཤེས་ཡོ ན་ལས་རིགས་འདྲ་མིན་སློབ་སྦྱོང་ དུ་མངགས་ནས་སློབ་མཐར་ཕྱིན་རྗེས་ བོད་དུ་ཕྱིར་ལོག་ཕེབས་རྗེས་ཀྱི་ པར་གཤམ་གསལ། ས་གནས། ལྷ་ས། ཕྱི་ལོ། 1936
སྨོན་གྲོང་མཁྱེན་རབ་ཀུན་བཟང་། Khenrab Kunzang Mondong(1897-?)
རིན་སྒང་པའམ་བྱང་ངོས་པ་རིག་འཛི ན་རྡོ་རྗེ། Rinzin Dorje Ringang(1901-1945)
སྐྱིད་སྦུག་དབང་འདུས་ནོར་བུ། Wangdu Norbu Kyibu(1897 – ?)
རིན་ཐང་ཅན་རེད་འདུག
ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། མུ་མཐུད་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ།
བཀའ་དྲིན་ཆེ།