ངོར་ཆེན་ཀུན་དགའ་བཟང་པོའི་མཛད་རྣམ་མདོར་བསྡུས།

ངོར་ཆེན་ཀུན་དགའ་བཟང་པོའི་མཛད་རྣམ་མདོར་བསྡུས།

ངོར་ཆེན་ཀུན་དགའ་བཟང་པོ་ནི། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་མདོ་སྡེ་པདྨ་དཀར་པོ་ལས། ངས་ནི་དགེ་སློང་དགེ་འདུན་མོས་པར་བྱས། །ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་སྐྱེས་བུ་ཞིག་སྟེ། དེ་ཉིད་གང་དུ་སྐུ་འཁྲུངས་པའི་གནས་ཁྱད་པར་ཅན་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཡབ་བདག་ཆེན་བཞི་ཐོག་པ་ཏ་དབོན་ཀུན་དགའ་རིན་ཆེན་དང་། ཡུམ་རྗེ་བཙུན་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་བསོད་ནམས་དཔལ་འདྲེན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་དྲུག་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ་ ༡༣༨༢ ལོར་ངོ་མཚར་བསམ་གྱིས་མི་ཁྱབ་པའི་ལྟས་དང་བཅས་སྐུ་འཁྲུངས། ཕྱི་ལྟར་གྱི་ཡབ་ནི་དཔོན་ཚང་གྲུབ་པ་ཡོན་ཏན་ཡིན། དམ་པ་འདི་ཉིད་ལྷུམས་སུ་བཞུགས་སྐབས་རྡོ་རྗེ་རྣམ་འཇོམས་ཀྱི་གྲུབ་ཆེན་དགེ་སློང་ཚུལ་འབྲས་ཀྱིས་ཡུམ་ལ་ཁྱེད་ལ་སྐྱེས་བུ་དམ་པ་ཞིག་བྱོན་པར་འདུག་པས་བར་ཆད་ཀྱིས་དབང་དུ་མ་སོང་བ་མཛོད་ཅིག་ཅེས་ལུང་བསྟན་མཛད། དམ་པ་འདི་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་མདོ་ལས་གསུངས་པ་མ་ཟད་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་བྱིན་གྱིས་རློབས་པའི་སྐྱེས་བུ་ཞིག་ཀྱང་ཡིན།

སྐུ་ཆུང་དུས་ནས་འཇིན་རྟེན་གྱི་བྱ་བར་ཐུགས་མི་དགྱེས་པའི་ཚུལ་གྱི་རྣམ་འགྱུར་སྣ་ཚོགས་སྟོན། ཡབ་བདག་ཆེན་བཞི་ཐོག་པས་ཤར་ཆེན་ཡེ་ཤེས་རྒྱལ་མཚན་ཡོངས་འཛིན་དུ་སྐོས་ནས་གསོ་སྐྱོང་ལེགས་པར་མཛད་དུ་བཅུག །ཤར་ཆེན་ཡེ་ཤེས་རྒྱལ་མཚན་ལས་དགེ་ཚུལ་སློང་དང་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་བཅས་རིམ་བཞིན་བཞེས་ནས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་མཛད། ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང་། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་དང་། གྲུབ་ཆེན་བུདྷ་ཤྲི་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་ལ་སློབ་གཉེར་རྒྱ་ཆེར་མཛད། སྒོ་རུམ་དཔེ་ཁང་དུ་བཞུགས་པའི་མདོ་རྒྱུད་བསྟན་བཅོས་པོད་སྟོང་ཕྲག་ལྷག་ལ་གཟིགས་རྟོག་མཛད་པ་བཅས་ཀྱིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུར་གྱུར། དགུང་ལོ་ཉེར་དགུ་པར་ཤངས་ཆོས་འཁོར་སྒང་དུ་བྱོན་ནས་ལོ་ཙཱ་བ་སྐྱབས་མཆོག་དཔལ་ལས་ཆོས་གསན་ནས་བཞུགས་སྐབས་སུ་གྲུབ་ཆེན་བུདྷ་ཤྲི་ལས་གདམས་ངག་ཟབ་མོ་ཐོབ་རྒྱུའི་ལུང་བསྟན་བྱུང་བ་བཞིན་ཞེ་དགོན་དུ་བྱོན་ནས་གྲུབ་ཆེན་བུདྡྷ་ཤྲཱི་ལས་ཕ་ཆོས་གསུང་ངག་ལམ་འབྲས་ཀྱི་གདམས་པ་མཐའ་དག་གསན་ཞིང་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དགུང་གྲངས་ ༤༧ བར་དཔལ་ལྡན་ས་སྐྱ་སོགས་སུ་བཞུགས་ནས་བསྟན་འགྲོའི་དོན་མཛད། དེ་ནས་དཔལ་ལྡན་ལྷ་མོ་རྣམ་རྒྱལ་མ་དང་ཆོས་སྐྱོང་གུར་གྱི་མགོན་པོས་ངོར་ཨེ་ཝཾ་ཆོས་ལྡན་གྱི་གནས་འདི་ཉིད་འོད་གསལ་དག་པའི་སྣང་ངོར་ལུང་བསྟན་བྱུང་། དེ་ནས་བོད་རབ་བྱུང་བདུན་པའི་ས་མོ་བྱ་ཡི་ལོ་སྟེ་སྤྱི་ལོ་༡༤༢༩ལོར་ངོར་ཨེ་ཝཾ་ཆོས་ལྡན་གྱི་དགོན་པ་གསར་དུ་ཕྱག་འདེབས་མཛད།

གདན་ས་འདི་ཉིད་དུ་སྐུ་ཚེ་གང་པོར་བཤད་སྒྲུབ་གཉིས་ཀྱིས་དུས་འདའ་བར་མཛད། སྟོད་མངའ་རིས་དང་ལ་དགས་སོགས་སུ་ཡང་དགོན་པ་མང་པོ་ཕྱག་བཏབ་ནས་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ། ངོར་དགོན་ཨེ་ཝཾ་ཆོས་ལྡན་དུ་མདོ་སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞིའི་འཆད་ཉན་རྒྱ་ཆེར་སྤེལ་བ་མ་ཟད་ངོར་ཆེན་རྡོ་རྗེ་འཆང་གི་སྐུ་ཚེ་གང་པོར་གསུང་ལམ་འབྲས་ཚར་བརྒྱད་ཅུ་གྱ་གསུམ་ཙམ་གསུངས། མདོར་ན་སྐུ་ཚེ་གང་པོར་བསྟན་པ་དང་གཞན་སེམས་ཅན་གྱི་དོན་འབའ་ཞིག་གིས་དུས་འདའ་བར་མཛད་ནས་མཐར་དགུང་གྲངས་དོན་ལྔ་པ་བོད་རབ་བྱུང་བརྒྱད་པའི་མེ་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་ ༡༤༥༦ ལོར་སྐུ་མྱ་ངན་ལས་འདས། ཁོང་གི་སློབ་མ་གྲགས་ཆེ་བ་ནི། ས་སྐྱའི་གདུང་བརྒྱུད་བཞི་ཐོག་པ་ཀུན་དགའ་དབང་ཕྱུག་དང་། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག །ངོར་དགོན་གྱི་གདན་རབས་གཉིས་པ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཀུན་མཁྱེན་གོ་རམ་པ། གཞོན་ནུ་རྒྱལ་མཚན། དབང་ཕྱུག་གྲགས་བཟང་སོགས་ཡིན། ཁོང་གི་གསུང་རྩོམ་པོད་བཞི་ལྷག་བཞུགས།། །།

སྙིགས་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ས་བཟང་པ་ཀུན་དགའ་བཟང་པོ་ལ་གསོལ་བ་གདབ་པ།

 

རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ་དང་པོ། སྭ་སྟི། རབ་དཀར་དགེ་བའི་མཚོ་ལས་ལེགས་འཁྲུངས་ཤིང་། །ལེགས་པར་སྦྱངས་པའི་བློ་གྲོས་ཆ་ཤས་རྫོགས། །ཕྲིན་ལས་འོད་དཀར་ཕྱོགས་བཅུར་འགྱེད་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ལེགས་བཤད་སྙིང་པོའི་དོན། །རབ་དགའི་ཏིང་འཛིན་སྟོབས་ཀྱིས་ཡོངས་སུ་རྟོགས། །ཕྲིན་ལས་བཟང་པོས་འགྲོ་བ་རྗེས་འཛིན་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོའི་ཏིང་འཛིན་བརྟན་པ་ཐོབ། །དབང་བཞིའི་ཆུ་བོས་མཐའ་ཡས་གདུལ་བྱ་ཡི། །ལུས་ངག་ཡིད་ཀྱི་དྲི་མ་སྦྱོང་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་པ་ཉེར་བསྟེན་ལེགས་བཤད་བདུད་རྩི་ཡིས། ཟབ་མོའི་དོན་ལ་མི་འཇིགས་སྤོབས་པ་ཐོབ། །ནང་རིག་སྡེ་སྣོད་རྟོགས་པ་ཕུལ་དུ་བྱུང་། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །པདྨོའི་མཚོ་ལ་འོད་སྟོང་བདག་པོ་བཞིན། །གདུལ་བྱའི་བློ་གྲོས་ཀུན་ནས་རྒྱས་པར་མཛད། །མི་ཤེས་མུན་པ་རིང་དུ་སྤོང་བ་པོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བརྩེ་བའི་ཁུར་ལྡན་མཐའ་ཡས་འགྲོ་བའི་དོན། །གཡེལ་བ་མེད་པར་ཡོངས་སུ་སྒྲུབ་པར་མཛད། །སྤྱན་རས་གཟིགས་དབང་མངོན་སུམ་སྣང་བ་བཞིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་ཚུལ་ཁྲིམས་བརྟན་པ་ཡངས་པའི་ཁྱོན། །བྱང་ཆུབ་སེམས་ཀྱི་ལྗོན་པ་རབ་རྒྱས་ཏེ། །སྙིང་རྗེའི་མེ་ཏོག་དཀར་པོ་ཡོངས་སུ་འཛིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐུ་ཡི་ཆུ་འཛིན་དཀར་པོ་ལྷུན་སྟུག་ཅིང་། །རྨད་བྱུང་སྤོབས་པའི་གློག་ཕྲེང་རྣམ་པར་གཡོ། །མི་ཤེས་གདུང་བ་ཡོངས་སུ་སྐྱོབ་པར་མཛད། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲེགས་ལྡན་གཞན་གྱིས་རྟོགས་པར་དཀའ་བའི་དོན། །རབ་ཏུ་ཞིབ་པའི་བློ་ཡིས་ལེགས་རྟོགས་ནས། །ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་པོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་ཡོན་ཏན་ཆུ་གཏེར་ལས། །ཆ་ཤས་ཙམ་ཞིག་བླངས་ནས་རབ་བརྗོད་པའི། །དགེ་ཚོགས་གྲུབ་པ་གང་དེས་འགྲོ་བ་ཀུན། །དཔལ་ལྡན་བླ་མས་རྗེས་སུ་འཛིན་གྱུར་ཅིག །ཅེས་སྙིགས་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ས་བཟང་པ་ཀུན་དགའ་བཟང་པོ་ལ་གསོལ་བ་གདབ་པ་འདི་ནི་དགེ་བཤེས་པདྨ་གྲགས་ཀྱིས་བསྐུལ་བའི་ངོར་རོང་སྟོན་ཤེས་བྱ་ཀུན་རིག་གིས་ས་ཕོ་རྟའི་ལོ་ཟླ་བ་བཅུ་པའི་ཉ་གང་བའི་ཉིན་ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེནྡྲར་སྦྱར་བའི་ཡི་གེ་པ་ནི་རྒྱལ་བ་སེང་གེས་བགྱིས་སོ།། །།

 

 

༄༅། །རྡོ་རྗེ་འཆང་ལ་བསྟོད་པ་གཉིས་པ།

 

༈ ཤེས་བྱ་རྗེ་རྡོ་རྗེ་འཆང་ལ་བསྟོད་པ་ཤློ་ཀ་འདི་རྗེ་འདི་ཉིད་ཀྱི་རྣམ་ཐར་མུས་ཆེན་གྱིས་མཛད་པའི་མཆོད་བརྗོད་ལས་འབྱུང་ཀུན་ལ་ལེགས་སྦྱངས་མཐར་ཕྱིན་པས། །མཁས་རྣམས་དགའ་བའི་འཆད་རྩོད་རྩོམ་པ་ཅན། །བསྟན་པའི་ཁུར་ཆེན་རིང་དུ་ཁྱེར་བ་པོ། །ཕྱོགས་ལས་རྣམ་རྒྱལ་བཟང་པོའི་ཞབས་ལ་འདུད།། ༈ སྡེ་སྣོད་གསུམ་གྱི་ཆུ་ཀླུང་ཀུན་འདུའི་མཚོ། །རྒྱུད་སྡེ་བཞི་ཡི་འདབ་རྒྱས་དགའ་བའི་ཚལ། །ལུང་རྟོགས་བཅུད་གཏམས་བུམ་པ་བཟང་པོ་སྟེ། །དགོས་འདོད་ཀུན་འབྱུང་ནོར་བུ་དེ་ལ་འདུད། །རྣམ་དཀར་ཚོགས་གཉིས་རིན་ཆེན་ལས་གྲུབ་ཅིང་། །རྣམ་དག་དཔག་ཡས་ཡོན་ཏན་ཆུ་བོས་བསྐོར། །རྣམ་མང་བཤེས་གཉེན་གསེར་རིའི་དབུས་ན་བརྗིད། །རྣམ་མཁྱེན་སྐུ་བཞིའི་ལྷུན་པོ་དེ་ལ་འདུད། །ལེགས་བཤད་འོད་ཀྱིས་གསུང་རབ་པད་ཚལ་འབྱེད། །ལེགས་སྨྲའི་ཚ་ཟེར་ཕས་རྒོལ་ཀུནྡའི་དགྲ། །ལེགས་བཀོད་དཀྱིལ་འཁོར་གདུལ་བྱའི་མཁའ་ལ་འཆར། །ལེགས་གསུང་བསྟན་པའི་ཉི་མ་དེ་ལ་འདུད། །རབ་འབྱམས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། །རབ་ཏུ་བརྩེ་བའི་འོད་ཟེར་འབུམ་ཕྲག་ཅན། །རབ་གཏུམ་བདུད་སྡེའི་མུན་པ་འཇོམས་མཛད་པ། །རབ་དཀར་ཐུགས་རྗེའི་ཟླ་བ་དེ་ལ་འདུད། །ཇི་བཞིན་སྨྲ་ལ་གཞན་དྲིང་མི་འཇོག་ཅིང་། །ཇི་སྙེད་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་། །ཇི་ཙམ་གནོད་ལ་ལན་དུ་ཕན་འདོགས་པ། །ཇི་ལྟར་འདོད་པའི་དོན་བསྒྲུབ་དེ་ལ་འདུད། །གང་ཡང་ཕ་མཐའ་མེད་པའི་འགྲོ་བ་ལ། །གང་དང་འཚམས་པའི་ཟབ་རྒྱས་དམ་པའི་ཆོས། །གང་ཞིག་འཁོར་བའི་རྒྱ་མཚོ་གནས་ཀྱི་བར། །གང་གིས་ལྷུན་གྲུབ་སྟོན་པ་དེ་ལ་འདུད། །སྒོ་གསུམ་དང་བས་ཀུན་ནས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་ཀྱི་ཀུན་བཟང་མཆོད་པས་མཆོད། །རང་བཞིན་བཅས་པའི་ཉེས་ཀུན་སོ་སོར་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང་། །རིགས་གསུམ་འགྲོ་བས་བྱང་ཆུབ་ཐོབ་བྱའི་ཕྱིར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །སྲིད་གསུམ་སེམས་ཅན་མགོན་དུ་རྟག་བཞུགས་འཚལ། །དུས་གསུམ་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཉོན་མོངས་འཕེལ་བའི་གནས་དང་གྲོགས་སྤངས་ནས། །དབེན་ཞིང་ཉམས་དགའ་རྒྱལ་བས་བསྔགས་པའི་གནས། །མེ་ཏོག་འབྲས་བུས་བརྒྱན་པའི་སྨན་ལྗོངས་སུ། །དམ་ཆོས་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །ལན་ཅིག་ཙམ་ཡང་རྙེད་དཀའི་དལ་འབྱོར་འདི། །སྐད་ཅིག་མི་རྟག་འཆི་བ་དྲན་བྱས་ནས། །ཐང་ཅིག་ཡུད་ཙམ་དལ་བར་མི་འདུག་པར། །རྩེ་གཅིག་དགེ་ལ་བརྩོན་པར་བྱིན་གྱིས་རློབས། །ལས་འབྲས་སོ་སོར་ངེས་པར་ཤེས་བྱས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པ་དང་། །སྡུག་བསྔལ་རང་བཞིན་སྲིད་པའི་ཕུན་ཚོགས་ལ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་རུ། །བཟོད་མེད་སྡུག་བསྔལ་ཆུ་སྲིན་གྱིས་གཟིར་བའི། །མགོན་མེད་སྙིགས་མའི་འགྲོ་བ་འདི་རྣམས་ལ། །ཚད་མེད་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །ཐོག་མེད་དུས་ཀྱི་དྲིན་ཆེན་མ་རྣམས་ཀྱི། །དཔག་མེད་ལས་ཉོན་སྡུག་བསྔལ་བདག་སྨིན་ཅིང་། །ལྟོས་མེད་བདག་ལུས་བདེ་དགེ་ཀུན་གཏོང་བའི། །བླ་མེད་ལྷག་བསམ་འབྱོངས་བར་བྱིན་གྱིས་རློབས། །དྲི་མེད་ཡིད་ཆེས་ལུང་དང་རིགས་པ་ཡི། །གྲངས་མེད་གཞུང་ལ་ཐོས་པས་མི་ངོམས་ཤིང་། །ཐོགས་མེད་བསམ་པས་སྒྲོ་འདོགས་ལེགས་ཆོད་ནས། །གཡོ་མེད་གནས་ལུགས་བསྒོམ་པར་བྱིན་གྱིས་རློབས། །དམ་ཚིག་སྟོབས་རྒྱས་ལྟ་བའི་མིག་ཡངས་ཤིང་། །རིམ་གཉིས་གཤོག་ཡངས་དཀར་པོ་རྒྱས་གྱུར་ཏེ། །ཤེས་བྱའི་མཁའ་ལ་ཐོགས་མེད་འགྲོ་བ་ཡི། །ཀུན་མཁྱེན་མཁའ་འགྲོའི་དབང་པོར་བྱིན་གྱིས་རློབས། །ཞེས་པ་འདི་ནི་སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཨཱ་ནནྡ་བྷ་དྲ་ལ་ཕྱོགས་ཀྱི་བྱ་བྲལ་བ་དཀོན་མཆོག་རྒྱལ་མཚན་གྱིས་གུས་པའི་སྒོ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་པའོ།། །།

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།