ཆུ་བཟང་དགོན་དང་། འཇང་དགོན། མཁའ་ལུང་རི་ཁྲོད། ལྷོ་ཁ་རྫིང་ཕྱི་དགོན་པའི་གནས་བཤད།

ཆུ་བཟང་དགོན་དང་། འཇང་དགོན། མཁའ་ལུང་རི་ཁྲོད། ལྷོ་ཁ་རྫིང་ཕྱི་དགོན་པའི་གནས་བཤད།

ཆུ་བཟང་དགོན།

ཆུ་བཟང་དགོན། མཚན་རྒྱས་པར་སྟོད་ལུང་ཆུ་བཟང་དགོན་ཐུབ་བསྟན་དར་རྒྱས་གླིང་ཞེས་ཞུ། སྔོན་གྱི་བདེ་ཆེན་རྫོང་ཤུལ་ལམ་ད་ལྟའི་བདེ་ཆེན་ཤང་ནས་བྱང་ངོས་སུ་སྤྱི་ལེ་གསུམ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཆུ་བཟང་གྲོང་གི་རྒྱབ་རིའི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པར་རྗེ་ཤེར་འབྱུང་བློ་གྲོས་ཞུ་བས་ཕྱག་བཏབ་གནང་བ་ལ། ལྕང་སྐྱ་རོལ་བའི་རྡོ་རྗེའི་རྭ་སྒྲེང་རིན་པོ་ཆེར་ཕུལ་རྗེས་རྭ་སྒྲེང་གྱི་དགོན་ལག་ཏུ་འགྱུར། ཚ་བ་ཁང་ཚན་དང། སྤྲེའུ་ཁང་ཚན། དངུལ་གུར་ཁང་ཚན་བཅས་ཁང་ཚན་གསུམ་དང་གྲྭ་ཚང་གཅིག་ལ་དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་རྒྱུད་སྨད་གྲྭ་ཚང་དང་ཕྱག་བཞེད་མཚུངས་པ་གནང། ལོ་ལྟར་དགུ་གཏོར་ལ་འཇིགས་བྱེད་ཀྱི་སྒོ་ནས་སྐུ་འཆམ་ཀྱང་གནང་སྲོལ་ཡོད།

སྔོན་འདུ་ཁང་ཀ་བ་ཉེར་བཞིའི་ནང་རྗེ་ཡབ་སྲས་གསུམ་དང། རྗེ་ཤེར་འབྱུང་བློ་གྲོས། རྒྱལ་བ་དགེ་འདུན་གྲུབ་པ་བཅས་ཀྱི་འཇིམ་སྐུ་མི་ཚད་དང་བཀའ་འགྱུར་དང་བསྟན་འགྱུར་པར་མ་དང། གནས་བརྟན་བཅུ་དྲུག་མི་ཚད་མ། སྨན་བླའི་བློས་བླངས་དཀྱིལ་འཁོར། གཙང་ཁང་སྦུག་མར་གཙོ་བོ་ཐུབ་དབང་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བའི་འཇིམ་སྐུ་དང། ཐོག་ཁར་འཇིགས་བྱེད་ལྷ་ཁང་ནང་འཇིགས་བྱེད་བླ་རྒྱུད་དང། རྩེ་ཐོག་རྭ་སྒྲེང་གཟིམ་ཆུང་ནང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང། རྒྱབ་ཏུ་རྒྱལ་མཆོག་ལྔ་པའི་ཕྱག་རྗེས་གསལ་བ། འདུ་ཁང་ལྟག་གི་བྱམས་ཁང་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་གཞན་ཡང་ཁང་ཚན་སོ་སོ་ལའང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད། ད་ལྟ་སྔོན་གྱི་འདུ་ཁང་གི་གྱང་རོའི་སྟེང་གསར་བཞེངས་གནང་བའི་འདུ་ཁང་ཀ་བརྒྱད་ནང་འཇིམ་གྱི་རྗེ་ཡབ་སྲས་གསུམ་དང། བྱམས་ཁང་ཉམས་གསོ་གནང་བའི་ནང་འཇིམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་དང། དེའི་གཡས་སུ་མར་མེ་མཛད་དང། གཡོན་དུ་ཐུབ་དབང་གི་སྐུ་བརྙན་གསར་བཞེངས་གནང་བ། སྐོར་ལམ་རི་ཟུར་གྱི་སྟེང་དུ་རྗེ་ཤེར་འབྱུང་བློ་གྲོས་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

 

འཇང་དགོན།  མཚན་གཞན་ལ་འཇམ་དགོན་ཡང་ཞུ། གནམ་མདའ་ནས་སྤྱི་ལི་བཞི་ལྔ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་འཇང་སྨད་དང་། དེ་ནས་སྤྱི་ལེ་གཉིས་གསུམ་ཙམ་ནུབ་བྱང་གི་རི་འདབས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་འཇང་ཕུ་ཞེས་པའི་དགོན་དེར་སླེབས་ཀྱི་རེད། འཇང་ཞེས་པ་ནི། འཇང་ས་དམ་གྱི་ཡུལ་ཡིན་ཟེར། དགོན་དེ་ནི་ཐོག་མར་འཇང་སྔོན་མཁྱེན་པ་ཞུ་བའི་ཕྱག་བཏབ་གནང་མཛད་པ་དང་། སྙེ་ཐག་ར་སྟོད་ཀྱིས་གནས་དེར་དགུན་ཆོས་འཚོགས་གནང་བས་སློབ་གཉེར་ཤིན་ཏུ་འཕེལ། དེ་རྗེས་གདན་ས་གསུམ་དང་མངའ་རིས་དྭགས་པོ་གྲྭ་ཚང་བཅས་ལོ་ལྟར་བོད་ཟླ་11ཚེས1ནས་བོད་ཟླ་12ཚེས་15བར་ཟླ་བ་ཕྱེད་དང་གཉིས་རིང་དགེ་འདུན་ལྔ་སྟོང་ཙམ་གནས་དེར་འཛོམ་གནང་ནས་གཞུང་ཆེན་ཀ་པོད་ལྔ་ལས་རྣམ་འགྲེལ་གཙོ་བོ་འཆད་རྩོད་གནང་སྟེ་རྩོད་པའི་བརྡར་ཤ་ཕལ་ཆེར་གནས་དེ་ནས་ཆོད་པ་བྱེད། གནས་དེར་གཙོ་བོ་ཚོགས་ཆེན་གཅིག་དང། གདན་ས་སོསོའི་ཚོགས་ཆེན། གྲྭ་ཚང། ཁང་ཚན་དང་བཅས་པའི་ཁང་པ་སོ་སོར་ཡོད། གཞན་ཡང་གནས་དེར་རྟེན་ཁྱད་པར་ཅན་ཇོ་བོ་མཐོང་བ་དོན་ལྡན་དང། གྲོགས་ཁྱད་པར་ཅན་དགེ་འདུན་འདུས་པ་རྒྱ་མཚོ། ཁྲོ་ཁྱད་པར་ཅན་ཚོགས་ཁྲོ་སངས་རྒྱས་བེམ་པོ་ཞེས་སོགས་དང། ལྷག་པར་དུ་གནས་དེར་འཇང་རྡོ་བཅལ་སྔོན་མོ་ཞེས་ཚོགས་ཆེན་རྡོ་བཅལ་ཀྱི་འོག་ཏུ་རལ་གྲི་རྒྱུ་བ་དུས་མཚུངས་ན་ཤེས་རབ་འཕེལ་ཞེས་ཉིན་ལྟར་དགེ་འདུན་རྣམས་ཚོགས་གྲོལ་མ་ཐག་རྡོ་བཅལ་སྟེང་དུ་ཕར་སྤོས་བྱས་ནས་ཕྱག་འཚལ་བ་ཡིན། དེའི་རིང་གི་ཆོས་ཐེབས་ནི་སྡེ་པ་གཞུང་ནས་གནང་བ་དང། འདུ་བཀོད་ར་སྟོད་ནས་གནང་བ། རྒྱུན་གཏན་ཚོགས་ཆེན་གྱི་སྐུ་གཉེར་ཡང་ར་སྟོད་ནས་གཏོང་གནང་དགོས། དགུན་ཆོས་ཀྱི་ཚོགས་ཤིང་གཙོ་བོ་ར་སྟོད་ནས་འཕུལ་དགོས་ཀྱང་སྔོན་རྗེ་ཙོང་ཁ་པའི་སྲོལ་ཡིན་ཞེས་བོད་ཟླ་11ཚེས་30ཉིན་འཇང་ཕུ་ནས་ལ་བསྐྱོན་ཏེ་གེ་ར་ལྷ་དཀར་ཏེ་ཆོས་རྒྱལ་ནོར་བཟང་གི་ཕོ་བྲང་ཞེས་པར་ཞག་ཅིང་བཞུགས་པ་དང། དེར་ཕེབས་པའི་ལམ་བར་ནང་ཤིང་ཕྲན་བུ་རེ་བསྣམས་ཕེབས་པ་དང། གེར་རར་ཞག་བཞུགས་གནང་དགོས། སྤྲུལ་སྐུ་རྣམས་ལས་གྲྭ་དམངས་ནི་ཟན་ཁང་སོགས་གང་རུང་དུ་གཟིམ་པ། ཕྱི་ཡིན་མར་ཕེབས་སྐབས་ཆུ་པགས་བཞེས་པ་ཞེས་པར་རྗེ་ཚོང་ཁ་པའི་སྲོལ་ལྟར་བཞེས་ཁུ་ཆུ་བྱས་ནས་གསོལ་བ་མཆོད་ཀྱི་རེད། དེ་ནས་འཇང་སྨད་དུ་གསོལ་འཇར་གནང་སྟེ་འཇང་དགོན་དུ་ཕྱིར་ཕེབས་ནས་ཚོགས་ཤིང་རྣམས་རུང་ཁང་དུ་ཕུལ་སྲོལ་ཡོད་པ་དེ་ལ་ཤིང་སློང་ཞེས་ཟེར།

ད་ལྟ་སྔོན་གྱི་ཚོགས་ཆེན་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་འཇིམ་སྐུ་གསར་བཞེངས་གནང་བ་དང། གདན་ས་ཁག་གི་འདུ་ཁང་ཡང་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 

མཁའ་ལུང་རི་ཁྲོད།

 

མཁའ་ལུང་རི་ཁྲོད།  མཁའ་ལུང་རི་ཁྲོད་ནི། བདེ་ཆེན་ཤང་ནས་སྤྱི་ལེ་བཞི་ལྔ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་འང་དཀར་ཞེས་པའི་ཐད་དུ་མཁའ་ལུང་མདའ་ཞེས་པ་འབྱོར་ཞིང་། དེ་ནས་རྐང་ཐང་མར་ཆུ་ཚོད་སྐར་40ཙམ་སོང་ན་གཡངས་གཟར་ཅན་བྲག་འོག་ཏུ་རི་ཁྲོད་དེ་མཇལ་རྒྱུ་ཡོད། ཐོག་མར་རི་ཁྲོད་དེ་ཡངས་ཅན་དགོན་གྱི་ཁོངས་ཡིན་པ་ལ། སྔོན་ཇུན་གར་བའི་དགོན་དེར་མེ་བརྒྱབས་ཀྱང་ནང་དུ་ཆུ་མིག་ཡོད་སྟབས་ཆུ་བཤོས་པས་མ་འཚིག་ཙམ་ཞིག་བྱུང། དེ་རྗེས་ཡངས་ཅན་དགོན་འགྲམ་གྱི་རྒྱུད་སྨད་ཀྱི་དམ་ཅན་ལྷ་ཁང་ཞེས་པ་ཞིག་ཡོད་པ་དེ་དང་བརྗེ་འགྲུལ་གནང་བ་ནས་བཟུང་དེར་ལོ་ལྟར་བླ་མ་རྒྱུད་པ་གཉིས་རེ་ཕེབས་སྲོལ་ཡོད།  སྔོན་རི་ཁྲོད་དེའི་འདུ་ཁང་ཀུ་བཞིའི་ནང་མགོན་པོ་ཕྱག་དྲུག་དང་།  ཞྭ་དམར་རིན་པོ་ཆེ་སྐུ་བརྙན་སོགས་མཇལ་རྒྱུ་ཡོད་།

ད་ལྟ་གསར་བཞེངས་འདུ་ཁང་ཀ་གཉིས་ནང་འཇིགས་བྱེད་དཔའ་གཅིག་དང་།  དམ་ཅན་ཆོས་རྒྱལ་།  རྗེ་ཡབ་སྲས་གསུམ་སོགས་བཞེངས་གནང་བ་མཇལ་རྒྱུ་ཡོད་།།

༄༄།།མི་རིགས་བོད་ཀྱི་ལ་ཀླུང་ཕུ་མདའ་རུ།

མི་རྒན་ཨ་ཀྲད་ཟད་ཟད་སོང་ནས་ནི།

མི་ལ་སྐད་ཆ་བྲིས་པའི་གནས་བཤད་འདི།

མི་ལ་ཅུང་ཟད་ཕན་ན་བསམས་ཏེ་བྲིས།

ཞེས་པ་ནི་ལྷ་སའི་གནས་ཕྱེད་འཁོར་བས་བར་སྐབས་ཀྱི་ཚིགས་སུ་བཅད་པའི་ཚུལ་ལོ།།

 

 

ལྷོ་ཁ་རྫིང་ཕྱི་དགོན་པའི་གནས་བཤད།

 

མཚན་ཆ་ཚང་ལ་རྫིང་ཕྱི་དགའ་ལྡན་བྱམས་པ་གླིང་ཞེས་ཞུ་བ་དང་། རྫིང་ཕྱི་ཤང་མངའ་ཁོངས་སུ་ཆགས་ཡོད་ཅིང་། རྩེད་ཐང་ནས་སྤྱི་ལེ་བརྒྱད་བཅུ་ཙམ་གྱི་སར་ཡོད། རྫིང་ཕྱི་ཞེས་པ“རྫིང་གི་ཕྱི་ལ”ཞེས་པའི་དོན་ཡིན་པ་དང་། དགོན་དེ་རྫིང་ཞིག་གི་ཕྱིར་བཞེངས་ཡོད་པས་མིང་དེ་ཐོགས་པ་དང་། དགོན་མིང་ཡུལ་དུ་ཐོགས་པས་དགོན་དེའི་མཐའ་འཁོར་གྱི་གྲོང་ལ་རྫིང་ཕྱི་གྲོང་ཚོ་ཞེས་པ་བྱུང་།

རྫིང་ཕྱི་དགོན་པ་ནི་སྤྱི་ལོའི་དུས་རབས་བཅུ་བའི་དུས་སྐབས་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་གར་མི་ཡོན་ཏན་གཡུང་དྲུང་གིས་ཕྱག་བཏབ་ཅིང་ད་བར་ལོ1000ལྷག་གི་ལོ་རྒྱུས་ཡོད། ཐོག་མ་བཀའ་གདམས་པའི་དགོན་པ་ཡིན་པ་ཞིང་གྲྭ་གྲངས་ལྔ་བརྒྱ་ཙམ་ལ་འཕེལ་ཞིང་ཧ་ཅང་དར་རྒྱས་ཆེན་པོ་ཡོད། ཕྱིས་སུ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་རྐྱེན་པས་ཉམས་དམས་སུ་འགྱུར། 1393ལོའི་ཡས་མས་སུ་རྗེ་ཙོང་ཁ་པ་ཆེན་པོ་ལྷོ་རྒྱུད་ལ་གནས་གཟིགས་སུ་བྱོན་སྐབས་རྫིང་ཕྱི་དགོན་གྱི་ཉམས་ཞན་པའི་གནས་འབབ་གཟིགས་པས་ཧ་ལས་དགོས་པའི་ཐུགས་སྣང་ཤར་བ་དང་ཡིད་སྐྱོ་བའི་སྤྱན་ཆབ་ཀྱང་བསིལ།

འོལ་ཁ་སྟག་རྩེ་རྫོང་རྫོང་དཔོན་བཀྲ་ཤིས་རྒྱལ་མཚན་གྱིས་རོགས་རམ་འོག་རྗེ་ཙོང་ཁ་པ་ཆེན་པོའི་ཡིད་ལ་དགོན་པ་ཉམས་བཟོ་གནང་རྒྱུའི་ཐུགས་དགོངས་འཆར་བར་རྫིང་ཕྱི་དགོན་ཉམས་བཟོ་ལེགས་འགྲུབ་བྱུང་། འོལ་ཁ་རྫིང་ཕྱིའི་གཙུག་ལག་ཁང་ཉམས་བཟོ་མཛད་པ་ནི་རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྗེས་ཆེན་པོ་བཞིའི་ཡ་གྱལ་གཅིག་ཡིན། དེ་ནས་བཟུང་རྫིང་ཕྱི་དགོན་དེ་ཉིད་དགེ་ལུགས་ཁོངས་སུ་འགྱུར། དེ་དུས་སུ་གྲྭ་གྲངས1300ལྷག་ཙམ་བྱུང་།

དགོན་པའི་རྟེན་གཙོ་བོ་ནི་དབུས་སུ་རྗེ་བཙུན་བྱམས་པའི་སྐུ་རང་བྱོན་གསུམ་ལྡན་དང་གཡས་སུ་རྡོ་རྗེ་སེམས་དཔའ་དང་གཡོན་དུ་ཁ་སར་བ་ནི་དང་རྗེ་ཙོང་ཁ་པ་ཆེན་པོ་སོགས་ཀྱི་སྐུ་བརྙན་བཞུགས། གཞན་ད་དུང་རྗེ་ཙོང་ཁ་པ་ཆེན་པོས་རྫིང་ཕྱིའི་གཙུག་ལག་ཁང་ཉམས་བཟོ་གནང་སྐབས་བཀོད་པའི་ལྟུང་བཤགས་ལྷ་སོ་ལྔའི་ལྡེབས་རིས་ད་ལྟའང་ཉར་ཚགས་གང་ཙམ་ཐུབ་ཡོད།

དེ་ནས་རིག་གསར་སྐབས་དགོན་པ་འདི་ཉིད་གཏོར་གཤིག་ཚབས་ཆེན་བྱུང་མོད། གཙུག་ལག་ཁང་གཙོ་བོ་དེ་འབྲུ་ཁང་བྱས་པས་ཉར་ཚགས་ལེགས་ཙམ་བྱུང་ཡོད་པ་དང་། གཞན་རིག་དངོས་མང་ཆེ་བ་རྩ་གཏོར་ཕྱིན་ཡོད། 1983ལོར་རྒྱལ་ཁབ་ཀྱི་རོགས་སྐྱོར་འོག་ཡུལ་འདིའི་གྲོང་མི་ཚོས་རང་མོས་ངང་དགོན་པ་དེར་ཉམས་གསོ་གནང་བས་ད་ལྟའི་བཀོད་པ་འདིར་གྲུབ་ཡོད།

སྤྱི་ལོ2009ལོར་དགོན་འདི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་མཛད། ད་ལྟ་དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་གསུམ་ཡོད་པ་ལས་ལོ་ན་ཅུང་བགྲེས་པ་ལྔ་ཡིས་ཉེ་འཁོར་མང་ཚོགས་ཀྱི་མཆོད་དད་དགོས་མཁོ་བསྐོང་བ་དང་། དེ་འཕྲོས་དགེ་འདུན་ལོ་ན་ཕྲ་བ་རྣམས་བཤེས་གཉེན་མཁས་དབང་དྲུང་དུ་གཞུང་ཆེན་ལྔ་སོགས་ཐུན་མིན་རིག་གནས་དང་སུམ་རྟགས་དག་གསུམ་སོགས་ཐུན་མོང་བའི་རིག་གནས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ་སློབ་སྦྱོང་བྱེེད་བཞིན་མཆིས།

དགོན་འདིར་རང་སྐྱོང་ལྗོངས་རིམ་པ་དང་ལྷོ་ཁ་གྲོང་ཁྱེར་དེ་བཞིན་ཟངས་རི་རྫོང་བཅས་ཀྱི་མཐུན་དཔེ་བཟང་དགོན་སྡེའི་མཚན་སྙན་ཀྱང་ཐེངས་མང་ཐོབ་ཡོད་པ་དང་། དགེ་འདུན་རྣམས་ཀྱང་དེ་དང་འདྲ་བའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་པའི་མཚན་སྙན་ཡང་མི་ཉུང་བ་ཐོབ་ཡོད།

 

 

 

 

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།